-->

Feb 24, 2011

ཡོ་རོབ་གླིང་གི་བརྩམས་ཆོས་གྲགས་ཅན་བཞི།

ཡོ་རོབ་གླིང་གི་བརྩམས་ཆོས་གྲགས་ཅན་བཞི། <<ཧམ་ལེ་ཋ>> Hamlet
<<ཧམ་ལེ་ཋ>>་ནི་སྙན་པའི་གྲགས་པ་ཕྱོགས་བཞིར་གཡོ་བའི་སྙན་ངག་པ་དང་འཁྲབ་གཞུང་རྩོམ་མཁན་(William Shakespeare)ཝི་ལིམ་ཤེག་སི་ཕི་ཨར་ལགས་ཀྱི་སྐྱོ་གར་ཆེན་མོ་བཞིའི་གྲས་ཀྱི་གཅིག་ཡིན་པ་སྟེ། སྐྱོ་གར་ཆེན་མོ་བཞི་ནི་འཁྲབ་གཞུང་འདི་དང་<<མེ་ཁ་པེ>>། <<རྒྱལ་པོ་ལི་ཨར>>། <<ཨོ་སི་ལོ>> བཅས་ཡིན་ཞིང་། <<ཧམ་ལེ་ཋ>>་རུ་རྒྱལ་སྲས་ཧམ་ལེ་ཋས་ཇི་ལྟར་ཁོང་གི་ཨ་ཁུར་ཤ་འཁོན་བརྩད་པའི་སྐབས་ཀྱི་དགའ་སྐྱོ་ཆགས་སྡང་སོགས་ཀྱི་ཚོར་འདུ་སྣ་མང་བསྡེབས་ནས་ཡོད་ཅིང་། ཀློག་པ་པོས་འཁྲབ་གཞུང་འདི་བཀླགས་པ་བརྒྱུད་རྩོམ་པ་པོར་ཕྱག་མི་ཐོགས་པའི་འབྲི་རྩལ་དང་སྔོན་མེད་ཀྱི་བྱུང་རིམ་བཀོད་སྒྲིག་བྱེད་སྟངས་སོགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ག་འདྲ་ཞིག་ཡོད་མེད་གསལ་གྱི་ལེར་རྟོགས་ངེས་ཡིན། ཧམ་ལེ་ཋ་ཞེས་པ་འཁྲབ་གཞུང་འདིའི་འདྲེན་པ་ཌན་མེག་གི་རྒྱལ་སྲས་ཀྱི་མཚན་ཡང་ཡིན་ཞིང་། འཁྲབ་གཞུང་འདི་ཡོངས་གྲགས་སུ་ཝི་ལིམ་ཤེག་སི་ཕི་ཨར་ལགས་ཀྱིས་སྤྱི་ལོ་༡༥༩༩་ནས་༡༦༠༡་ལོའི་བར་སྐབས་སུ་བརྩམས་གནང་བར་བཞེད། འཁྲབ་གཞུང་འདིའི་ས་གནས་ནི་ཌན་མེག་གི་རྒྱལ་ཁང་ཡིན་པ་དང་། དེར་རྒྱས་སྲས་ཧམ་ལེ་ཋས་ཁོའི་(Claudius)ཨ་ཁུ་ཁ་ལོ་ཌི་ཨ་སིས་ཁོང་གི་ཡབ་ཆེན་ལྐོག་གསོད་བྱས་ནས་རྒྱལ་བོའི་གོ་ས་ཧམ་བཟུང་བྱས་པར་མ་ཟད། (Gertrude)གྷིར་ཋི་རུ་ཌ་སྟེ་རྒྱལ་སྲས་ཧམ་ལེ་ཋའི་ཡུམ་ཆེན་ལགས་ཁོང་རང་ཉིད་ཀྱི་ཁབ་ཏུ་བཞེས་པའི་མཛད་སྤྱོད་ལ་དགྲ་ཤ་དང་འཁོན་ལན་བསློགས་པའི་ཚུལ་འབྲི་བཞེངས་བྱས་ཡོད་ལ། འདིར་ཆེད་དང་དམིགས་ཀྱིས་སྨྱོ་རྫུ་དང་དོན་གྱིས་སྨྱོས་པ། མྱ་ངན་གྱིས་སིམས་པ་ནས་ཁོང་ཁྲོས་རབ་ཏུ་འཁྲུག་པ་སོགས་ཀྱི་ཉམས་འགྱུར་དག་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་ཀློག་པ་པོ་དང་ལྟ་མཁན་རྣམས་ལ་གསལ་བོར་བསྟན་ཡོད་ཅིང་། དུས་སྐབས་དེའི་མི་དང་མིའི་བར་གྱི་གཡོ་སྦྱོར་དང་འཁོན་ལན། ཁྱིམ་མི་ནང་གཡེམ་ལ་སོགས་པའི་ཀུན་སྤྱོད་རུལ་སུངས་སུ་གྱུར་ཚུལ་གྱི་སྐོར་ནས་མྱུལ་ཞིབ་བྱས་འདུག་པས་དེ་ནི་རྩོམ་པ་པོའི་གྲགས་སྙན་ཕྱོགས་བཅུར་སྐྱེལ་མཁན་གྱི་བརྩམས་ཆོས་བླ་ན་མེད་པ་ཞིག་ཏུ་གྱུར་ལ། མི་གཞན་དང་གཞན་མི་ཉུང་བ་ཞིག་གིས་འཁྲབ་གཞུང་འདི་གཞི་ལ་བཞག་སྟེ་གློག་བརྙན་བཟོ་སྐྲུན་སོགས་ལའང་བེད་སྤྱོད་རབ་དང་རིམ་པ་བྱས་དང་བྱེད་མུས་སུ་ཡོད་པ་ད་ལྟ་ང་ཚོའི་མཐོང་ཐོས་མྱོང་གསུམ་དུ་ཡོད་པ་ལྟར་རེད།

<<ཧྥའོ་སི་ཋ>> Faust

གྷོ་ཋ་ལགས་ཀྱིས་བརྩམས་གནང་བའི་བརྩམས་ཆོས་གྲགས་ཅན་(Faust)་<<ཧྥའོ་སི་ཋ>>ནི་འཇར་མན་གྱི་གསར་འགྱུར་རྩི་བ་ཞིག་གིས་གདོན་འདྲེ་ཞིག་ལ་རྣམ་ཤེས་གཡོ་ཚོང་བྱས་ཏེ་དེ་ཉིད་ཤེས་ཡོན་དང་ལང་ཚོར་བརྗེས་པའི་གཏམ་རྒྱུད་རྙིང་བ་ཅིག་ལ་གཞི་བཞག་སྟེ་བརྩམས་གནང་བ་ཞིག་རེད་ལ། དེའི་བརྗོད་བྱའི་སྐོར་ནས་བརྗོད་ན། དེས་མཐའ་ཡས་ཤིང་་གཏིང་ཟབ་ལ་རླབས་ཆེ་བའི་མི་ཚེའི་འཕེལ་རིམ་གསལ་བོར་བསྟན་ཡོད་ཅིང་། དེས་མིའི་རིགས་ཀྱི་འབད་བརྩོན་ལྷོད་མེད་ཀྱིས་མདུན་སྐྱོད་བྱེད་ཕོད་པའི་སྙིང་སྟོབས་ལ་ད་ལྟའང་ད་དུང་གྲག་གིན་པའི་རྒྱལ་ཁའི་གླུ་དབྱངས་ཤིག་བླངས་ཡོད་ཅིང་། དེའི་བམ་པོ་དང་བོའི་གཞུང་དངོས་ཀྱི་དབུ་རུ་རྩ་འཛིན་གནད་བསྡུས་ཀྱི་“དག་ཞིང་གི་སྔོན་འགྲོའི་རོལ་དབྱངས”་ཚན་པ་ཞིག་ཡོད་པ་དེས་གཞུང་ཡོངས་ཀྱི་བརྗོད་གཞིའི་བསམ་བློར་རྨང་གཞིའི་དབྱངས་རྟ་ཞིག་གི་རྨང་རྡོ་བཏིངས་ནས་ཡོད་པ་རེད། <<ཧྥའོ་སི་ཋ>>་ཞེས་པའི་བརྩམས་ཆོས་འདི་ནི་ཐེངས་གཅིག་གཉིས་ཤིག་བཀླགས་རྗེས་ཡོངས་སུ་རྟོགས་ཐུབ་པ་དེ་འདྲ་ཞིག་གཏན་ནས་མིན་ལ། དེའི་བརྗོད་བྱ་རྒྱ་ཆེ་བའི་ཁར་གཏིང་ཟབ་ལ། མཚན་ཉིད་རིག་པ་དང་། ལྷའི་རིག་པ། ལྷ་སྒྲུང་། རྩོམ་རིག་དང་རོལ་མོ་སོགས་ཀྱི་ཐད་ནས་ཀྱང་ཤེས་པར་བྱ་བ་གང་མང་ཡོད་པར་མ་ཟད། རྣམ་པའི་སྟེང་ནས་བརྗོད་ནའང་སྣེ་མང་རྙོག་འཛིང་ཆེ་ཞིང་། དུང་བ་བརྗོད་པ་དང་། ཡུལ་ལྗོངས་ཞིབ་འབྲི། དོན་རྐྱེན་ཞིབ་བརྗོད། རྒྱུ་མཚན་འདྲེན་པ་སོགས་གྲུབ་ཆ་མི་འདྲ་བ་སྣ་མང་ཡོད་ཅིང་། རེ་བ་ཡོད་ཡོད་འདྲ་བའི་སྐྱོ་གར། དུས་རབས་བར་མའི་ལྐོག་གྱུར་རིང་ལུགས་ཀྱི་ཟློས་གར། པ་ལོ་ཁའི་བསྡུས་བརྗོད་རང་བཞིན་གྱི་ཟློས་གར། རིག་རྩལ་བསྐྱར་དར་དུས་སྐབས་སུ་རྒྱུགས་ཆེ་བའི་ཞལ་རྫུ་ཟློས་གར། ཨི་ཋ་ལིའི་ལས་ཚོགས་རིང་ལུགས་ཀྱི་ཟློས་གར་དང་དབྱིན་ཇིའི་སྡིངས་ཆའི་ལག་རྩལ་གསར་བ་དང་དེང་རབས་ཀྱི་དྲིལ་བསྒྲགས་ཟློས་གར་ལ་སོགས་པའི་རྩོམ་སྟངས་རྣམ་པ་སྣ་ཚོགས་པར་དུས་སྐབས་དེར་ཕལ་མོ་ཆེར་ཡོངས་གྲགས་སུ་ཡོད་པའི་ནུབ་ཕྱོགས་ཀྱི་སྡེབ་སྦྱོར་རིགས་མ་འདྲ་བ་ཚང་མ་བེད་སྤྱད་ནས་བརྩམས་གནང་ཡོད་པ་ཞིག་རེད།

<<ཧོ་མའི་ལོ་རྒྱུས་སྙན་དངགས་རིང་མོ>>

<<ཧོ་མའི་ལོ་རྒྱུས་སྙན་དངགས་རིང་མོ>>་ནི་གནའ་བོའི་ཞི་ལ་རྒྱལ་ཁབ་ཀྱི་སྤྱན་ལོང་ཡིན་པའི་སྙན་ངག་པ་ཆེན་པོ་ཧོ་མ་ལགས་ཀྱི་ལོ་རྒྱུས་སྙན་རྩོམ་རིང་གྲས་<<ཨི་ལི་ཨ་ཐ>>་དང་<<ཨོ་ཌེ་སེ>>་གཉིས་ཀྱི་སྤྱི་མིང་ཡིན་ལ། ལོ་རྒྱུས་སྙན་རྩོམ་དེ་གཉིས་ཀར་ཚན་པ་ཉེར་བཞི་རེ་ཡོད་ཅིང་། དེ་གཉིས་ཐོག་དང་བོར་ཕལ་ཆེར་གནའ་རབས་ཀྱི་གཏམ་རྒྱུད་དང་ངག་རྒྱུན་རྩོམ་རིག་ཙམ་ལ་གཞི་རྟེན་བྱས་ནས་གྲུབ་པ་ཞིག་ཡིན་སྲིད་པ་དང་། རོལ་མོ་མཁན་གྱི་བློར་བཟུང་བ་ལ་བརྟེན་ནས་བརྒྱུད་སྤེལ་བྱེད་ཅིང་འོངས་པ་འདྲ། <<ཧོ་མའི་ལོ་རྒྱུས་སྙན་དངགས་རིང་མོ>>འདི་ལོ་རྒྱུས་ཀྱི་ཡིག་ཆར་སོང་བའི་ཆ་ནས། དེས་སྤྱི་ལོ་སྔོན་གྱི་དུས་རབས་བཅུ་གཅིག་ནས་སྤྱི་ལོ་སྔོན་གྱི་དུས་རབས་དགུ་བ་བར་གྱི་གནས་ཚུལ་གང་མང་ཚུར་སྣང་བྱས་ཡོད་པ་ཙམ་དུ་མ་ཟད། ཝན་སི་ནིའི་རིག་གནས་ཀྱང་ཚུར་སྣང་བྱས་ཡོད་ཅིང་། གཞན་ཡང་གནའ་བོའི་ཞི་ལ་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བསྐྱར་མཚོན་བྱས་ཡོད་སྟབས། དེ་ནི་གནའ་རབས་སྤྱི་ཚོགས་ལ་ཞིབ་འཇུག་བྱེད་པར་ཆེས་གལ་ཆེ་བའི་ལོ་རྒྱུས་ཡིག་ཆར་གྱུར་ནས་ཡོད་པ་རེད། <<ཧོ་མོའི་ལོ་རྒྱུས་སྙན་དངགས་རིང་མོ>>ར་རྩོམ་རིག་སྒྱུ་རྩལ་གྱི་རིན་ཐང་གལ་ཆེན་པོ་ཡོད་པ་ཙམ་དུ་མ་ཟད། དེ་ལ་ལོ་རྒྱུས་དང་། ས་རྒྱུས། གནའ་རྫས་བརྟག་ཞིབ་རིག་པ་དང་དམངས་སྲོལ་རིག་པ་སོགས་ཀྱི་ཐད་ནས་ཀྱང་རྗེས་རབས་པར་དཔྱད་རིན་ཡོད་པའི་དངོས་པོ་འབོར་ཆེན་ཞིག་མཁོ་སྒྲུབ་བྱས་ནས་ཡོད་པ་རེད།

ལྷའི་རོལ་དབྱངས། <<ལྷའི་རོལ་དབྱངས>> The Divine Comedy རྩོམ་པ་པོ། ཨེ་ལི་གྷི་ཨེ་རི། ཌན་ཋེ།

Alighieri, Dante <<ལྷའི་རོལ་དབྱངས>>་(神曲)ཞེས་པ་འདིའི་ཨི་ཋ་ལའི་སྐད་ཀྱི་དོན་ནི་<<བླ་མེད་ཀྱི་སྤྲོ་གར>>་ཞེས་པ་འདི་ཡིན་ཞིང་། ཌན་ཋེ་(Dante, 但丁)ཡིས་མ་གཞིར་ཁོང་རང་ཉིད་ཀྱི་བརྩམས་ཆོས་ལ་<<སྤྲོ་གར>>་ཞེས་པའི་མཚན་བཏགས་ཀྱང་། རྗེས་སུ་མི་རྣམས་ཀྱིས་བརྩམས་ཆོས་དེར་བཅངས་པའི་བླ་མེད་ཀྱི་གུས་བཀུར་མཚོན་ཆེད་དུ་“བླ་མེད”་ཞེས་པའི་ཡིག་འབྲུ་འདི་བསྣན་པ་རེད། འདིའི་མཚན་ལ་སྤྲོ་གར་འདོགས་དོན་ནི་བརྩམས་ཆོས་འདི་སྐྱོ་ཤས་ཀྱིས་ཁེངས་པའི་དམྱལ་བ་ནས་དབུ་བརྩམས་ཤིང་། འོད་སྟོང་འབར་བའི་ལྷ་ཡུལ་ནས་མཇུག་བསྡུས་ཡོད་པ་དང་། དེའི་སྐབས་ཀྱི་མི་རྣམས་ནི་དོན་བརྗོད་སྙན་ངག་ལ་‘སྤྲོ་གར’་དང་‘སྐྱོ་གར’་དུ་འབོད་རྒྱུར་གོམས་ཡོད་པའི་རྒྱུ་མཚན་གྱིས་རེད། དེར་མ་ཟད་གཏམ་རྒྱུད་འདི་ལ་མཇུག་འབྲས་གཞན་ལས་ཕུན་སུམ་ཚོགས་པ་ཞིག་ཡོད་པས་“སྤྲོ་གར”་ཞེས་བཏགས་པ་རེད། རྒྱ་ཡིག་ཏུ་<<ལྷའི་རོལ་དབྱངས>>་ཞེས་བསྒྱུར་ཡོད་པ་རེད། སྤྱི་ལོ་༡༣༠༢་ལོར། ཤོག་ཁག་ནག་པོ་ལ་གནམ་བདག་ཆོས་ལུགས་ཀྱི་ཆོས་དཔོན་ལགས་ཀྱི་རྒྱབ་སྐྱོར་ཐོབ་པར་བརྟེན། ཌན་ཋེ་ཁོ་རང་གཏོགས་པའི་ཤོག་ཁག་དཀར་པོ་དེ་ཕམ་རྗེས། ཌན་ཋེ་ཁོང་ལ་ནག་མེད་ཉེས་འགེལ་གྱིས་ས་གནས་ནས་ཡུལ་གཞན་ལ་སྤྱུགས་པས། ལོ་ངོ་ཉི་ཤུ་ལྷག་གི་ཡུལ་གྱར་བའི་འཚོ་བ་རོལ་མགོ་བརྩམས། ཕལ་ཆེར་སྤྱི་ལོ་༡༣༧༠ལོ་སྟེ། ཡུལ་གྱར་བའི་ཆེས་དཀའ་སྡུག་གི་འཚོ་བ་རོལ་དུས། ཁོང་གིས་<<ལྷའི་རོལ་དབྱངས>>་གསར་རྩོམ་གནང་མགོ་བརྩམས་ཤིང་། འདི་ནི་རྒྱུན་རིང་གི་ཉེར་བསྡོགས་དང་བློས་བསླངས་ལ་བརྟེན་ནས་གྲུབ་པའི་བརྩམས་ཆོས་རླབས་པོ་ཆེ་ཞིག་ཡིན་ལ། ཁོང་གིས་<<ལྷའི་རོལ་དབྱངས>>་འབྲི་དགོས་པའི་དམིགས་ཡུལ་ནི་“འཇིག་རྟེན་འདིའི་སྟེང་གི་སྐྱེ་བོ་ཐམས་ཅད་ཡིད་སྐྱོ་ཞིང་ཡ་ང་བའི་གནས་ཚུལ་ལས་ཐར་དུ་བཅུག་ནས་ཁོང་ཚོ་བདེ་སྐྱིད་ཀྱི་ཞིང་ཁམས་ལ་འདྲེན་རྒྱུ།”དེ་ཡིན་པར་གསུངས། ཌན་ཋེ་ཁོང་རང་གིས་ཨི་ཋ་ལིའི་མི་རིགས་ཀྱི་མ་འོངས་ལམ་སྣ་འཚོལ་བ་དང་། མེས་རྒྱལ་ཞི་བདེ་དང་གཅིག་གྱུར་ཡོང་བའི་སྨོན་པ། དམངས་ལ་ཁྱིམ་གཞི་བརྟན་པོ་རེ་ཆགས་ཤིང་ལས་ཀ་འདོད་བློ་དང་འཚམས་པོ་རེ་ཡོང་བ་སོགས་བརྩམས་ཆོས་སུ་ཁོང་རང་ཉིད་ཀྱི་ཕུགས་བསམ་དང་སྨོན་འདུན་གྱིས་བརྟས་ཡོད། <<ལྷའི་རོལ་དབྱངས>>་ཀྱི་རིང་ཚད་ལ་ཡིག་ཕྲེང་༡༤༠༠༠ཡོད་པ་དང་། དམྱལ་བ།(Inferno) བཙོ་སྦྱང་ཡུལ།(Purgatorio) ༼ཡང་ན་དག་ཞིང་།༽ ལྷ་ཡུལ་(Paradiso)བཅས་ཚན་པ་ཁག་གསུམ་དུ་དབྱེ་ཡོད། ཚན་ཁག་རེ་རེར་གླུ་༣༣རེ་དང་། སྔོན་འགྲོའི་རོལ་མོ་བསྡོམས་པས་ཁྱོན་བསྡོམས་གླུ་༡༠༠ཡོད་པ་རེད། དྲ་ཐོག་ནས་སྒྲིག་སྒྱུར་བྱས།

ཁྱོད་ལ་བསྒོ་བ།




བདེ་སྐྱིད་སབ་བེ་སོབ་བེ་དེའི་སྣང་བ་འགོག་དོགས་ཀྱིས
སྡིག་སྡུག་གི་ཐལ་རྡུལ་མ་གཙུབས་དང
འདས་སོང་གི་རལ་གྲི་ཁ་རྡུགས་མ་དེ་བཟུང་ནས
མིའི་གཉོམ་དུང་དུང་གི་སེམས་ངོར་མ་གཅིལ་ཀྱེ

འབྲི་ཞོ་བཞིན་ཁད་ཀྱིས་འཆགས་པའི་སེམས་ཀྱི་ཞིང་ཁམས་ལ
ཧམ་པ་ཞིག་དང་འགྲོགས་པའི་ཁྱོད་ཀྱི་ལག་རིང་དེ་བསྲིངས་ནས་མ་ཡོང་དང
ཞི་འཇམ་དང་ལྷོད་བག་གི་དྲི་མ་ཙམ་ཡང་མི་ཁ་བའི་ལག་པ་དེས་ང་ལ་མ་ཐུག་ཝེ

བདག་ལ་བདོག་པ་ནི
བྲུལ་ལ་ཁད་དང་འཆག་ལ་ཁད་ཀྱི་སེམས་པ་རྨས་མ་ཞིག་སྟེ
སེམས་པ་དེ་ལག་པས་ཐུག་ན་འབུ་ཨ་རུ་རའི་རྭ་ཅོ་ལྟར་ཀུམ་ཆོག་ཆོག་ཅིག་དང
ཕྱི་ལ་བླངས་ན་ཐབ་ཀྱི་ཅུང་རྡོག་བཞིན་རླངས་པ་ཐོལ་ལེ་བ་ཞིག་ཡིན་ངེས

ད་དུང་སུས་ཀྱང་བདག་གིར་བཟུང་མེད་པའི་བརྩེ་བ་རྗེན་པ་ཞིག
དབེན་འཇགས་ཀྱི་བྲང་ཁོག་ཏུ་སྙིང་ཤ་སྙི་མོ་ཞིག་གི་ཁུད་ལ་གཅུད་ནས་ཡོད་ཅིང
དྲི་མ་དང་དྲེག་པས་མ་གོས་པའི་དུང་སེམས་ཀྱི་ཁྱེའུ་བློར་འབབ་ཅིག
བརྩེ་དུང་གི་འོ་སྤྲི་རྟག་ཏུ་འཇོ་སའི་སྙིང་ཁ་ན་དལ་གྱིས་རྩེན་ནས་ཡོད

བདེ་སིམ་གྱི་ཚོར་རླབས་རིམ་གྱིས་ཇི་ལྟར་འཕྱུར་ནའང
ངས་ནམ་ཡང་རྣམ་དག་གིས་བསྲུངས་པའི་སེམས་པ་འདི
ཁྱོའི་མ་འོངས་པའི་ཕུགས་བསམ་འདེབས་འདོད་ཀྱི་ཐོང་གཤོལ་འཛུགས་ས་དེ་མ་རེད་ཝེ
ཁྱོའི་སླན་ཆད་ཀྱི་རེ་དམིགས་འབྲི་འདོད་ཀྱི་སྨྱུག་ཁ་སྐོར་ས་དེ་ཡང
ངས་ཡུན་རིང་དཀའ་སྡུག་གིས་ཉར་བའི་བདག་སེམས་ཀྱི་ཤོག་ངོས་འདི་ག་ལ་ཡིན

རྣམ་རྟོག་དང་ཚམ་ཚོམ་གྱིས་བློ་སེམས་ལ་ཚར་མདུད་བརྒྱབས་ན
ཁྱོད་ལ་གཡག་རྒན་གྱི་ཀོ་གྱོང་མཉེ་བ་ལྟ་བུའི་ངང་རྒྱུད་ཅིག་ཡོད་དམ
ལས་དབང་དང་བསྐོས་ཐང་གིས་ལམ་སྣ་སྡུག་ལ་གཏད་ན
ཁྱོད་ལ་དཀའ་སྡུག་གི་ལ་མོ་ཐོལ་གྱིས་བརྒལ་བའི་སྤོབས་པ་དང་གདེང་ཚོད་ག་ཙམ་ཡོད

༢༠༡༡།༡།༣༠ལ།

Jan 20, 2011

༄༅། ། ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ།

སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད། རྒྱ་གར་སྐད་དུ། ནཱི་ཏི་ཤཱསྟྲ་པྲ་ཛྙཱ་དཎྜ་ནཱ་མ། नीतिशास्त्रप्रज्ञादण्डनाम བོད་སྐད་དུ་ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། ༈ མི་བསྲུན་གྱི་སྐྱེ་བོ་གདུལ་བར་བྱ། །ཡོན་ཏན་ཅན་ནི་བཀུར་བར་བྱ། ། དྲང་པོའི་སྤྱོད་པས་དཀོར་མཛོད་དགང་། །རང་གི་ཡུལ་འཁོར་བསྐྱང་བར་བྱ། ། ༈ བདག་གི་གསང་དང་གཞན་གྱི་གསང་། །རང་གི་བུ་གཅེས་བཞིན་བསྲུངས་ནས། ། ས་རྣམས་ལ་ནི་སྙོམས་གྱུར་པའི། །མི་ནི་གཅེས་པར་རབ་གཅེས་འགྱུར། ། ༈ ཆུང་མ་ངན་དང་མཛའ་བོ་ངན། །རྒྱལ་པོ་ངན་དང་ཉེ་དུ་ངན། ། ཁྱིམ་མཚེས་ངན་དང་ཡུལ་ངན་རྣམས། །ཐག་རིང་དུ་ནི་སྤང་བར་བྱ། ། ༈ གྲོགས་པོ་ནོར་དད་ཆེ་བ་སྤང་། །ཆུང་མ་ལོག་གཡེམ་དད་ཆེ་སྤང་། ། བཀུར་དཀའ་སོ་མི་མཁས་པ་ཡི། །དེ་ལྟ་བུ་ཡི་སྨན་པ་སྤང་། ༈ བྱེ་བྲག་ཕྱེད་པའི་བློ་ལྡན་ཡང་། །བྱ་བ་གྲོས་ཀྱིས་བསྒྲུབ་བར་བྱ། ། འགྲུབ་འགྱུར་ཁོ་ནར་མ་ཟད་ཀྱི། །མ་གྲུབ་ན་ཡང་མཛེས་པ་ཡིན། ༈ བརྟན་ཞིང་འཇམ་ལ་ཚིག་ཉུང་གང་ཡིན་པ། །དེ་ལ་ཤིན་ཏུ་ཤིན་ཏུ་བག་བྱ་སྟེ། ། ཉི་མ་སྤྲིན་བྲལ་ནང་ནས་བྱུང་བ་ཡི། །འོད་ཟེར་ཤིན་ཏུ་ཚ་བར་གྱུར་པ་བཞིན། ༈ བརྟན་རྣམས་སྡུག་བསྔལ་མྱོང་གྱུར་ཀྱང་། །ཡིད་ནི་གདུང་བར་མི་བྱེད་དེ། ། ཟླ་བ་སྒྲ་གཅན་ཁར་ཞུགས་ནས། །འཆར་བར་ཅི་ག་མི་བྱེད་དམ། ཀུན་དགའ་ར་བའི་ཕྲེང་རྒྱུད་ལྟར། །མེ་ཏོག་རྒྱས་པ་བཏུ་བྱ་ཡི། ། ཇི་ལྟར་སོལ་བ་མཁན་བཞིན་དུ། །རྩ་ནས་གཅད་པར་མི་བྱའོ། ། ༈ གསུག་དང་རྒྱལ་པོའི་བཀའ་དྲིན་དང་། །སྨད་འཚོང་གླ་དང་ལེགས་བརྗོད་དང་། ། གྲུ་ཡི་གླ་དང་གནས་ཀྱི་སྐལ། །འདི་ཉིད་དུ་ནི་བླང་བྱ་སྟེ། །དྲུག་པོ་ཡུན་རིང་ཐོབ་མི་འགྱུར། ། ༈ རིག་སྔགས་ལོག་པར་ཤེས་པ་དུག །ནད་ལ་བཏང་སྙོམས་བྱས་པ་དུག ། རྒན་པོས་གཞོན་ནུ་བསྟེན་པ་དུག །དབུལ་པོ་ཉིན་པར་ཉལ་པ་དུག ། ༈ དམ་པ་མང་པོ་ཁས་འཆེས་མི་བྱེད་ལ། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། ། རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། ། ༈ དུས་སུ་དགྲ་དང་འདུམ་པར་བྱ། །དུས་སུ་བཤེས་དང་འཐབ་པར་བྱ། ། བྱ་དང་མི་བྱའི་ཚོད་ཤེས་པས། །མཁས་པས་དུས་ནི་འདའ་བར་བྱ། ། ༈ ཁ་ཡི་ཉེས་པས་ཕུང་འགྱུར་ཏེ། །ནེ་ཙོ་རི་སྐེགས་ཏི་ཏི་ར། ། མི་སྨྲ་ཆུ་སྐྱར་མིས་མི་འཛིན། །ཐམས་ཅད་འགྲུབ་བྱེད་མི་སྨྲ་ཡིན། ། ༈ ཆས་བཞག་བསྟར་བས་དགྲ་བོ་གདུལ། །གོས་ངན་གྱིས་ནི་ཆུང་མ་གདུལ། ། སྨྱུང་བ་བྱས་པས་ནད་རྣམས་གདུལ། །གོམས་པ་ཡིས་ནི་མ་རིག་གདུལ། ། ༈ རང་གི་སྤྱོད་པ་སྦ་བར་བྱ། །འདམ་གྱི་ནང་དུ་ལུས་བཅུག་པའི། ། གལ་ཏེ་མྱུ་གུས་མ་བོས་ན། །པད་མའི་རྩ་བ་སུ་ཡིས་རྙེད། ། ༈ གལ་ཏེ་མངོན་སུམ་གྱུར་ཀྱང་ནི། །མི་སྲིད་དངོས་པོ་སྨྲ་མི་བྱ། ། རི་མོ་ལ་གནས་རྨ་བྱ་ཡིས། །ཇི་ལྟར་ནོར་བུ་ཟ་བར་བྱེད། ། ༈ གང་ཞིག་ཡིད་ལ་གནོད་བྱེད་འདོད། །དེ་ལ་རྟག་ཏུ་སྙན་ཚིག་བརྗོད། ། རྔོན་པ་རི་དྭགས་གསོད་མཐོང་ཚེ། །ཡིད་འོང་སྒྲ་སྙན་ལེན་པ་བཞིན། ། ༈ བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། ། དེ་ནས་དེ་ཡི་དབང་དུ་གྱུར། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། ། ༈ གཞན་གྱི་ཁུ་ཚུར་འཚོ་བ་བླ། །ནགས་ན་ཤིན་ཤུན་གྱོན་པ་བླ། ། མི་རྣམས་ཤི་བར་འགྱུར་ཡང་བླ། །ཉིན་རེ་བཞིན་དུ་བརྙས་ཐབས་མིན། ། ༈ མ་བརྙས་མི་ཡི་རྩ་བ་ཡིན། །བརྙས་པའི་ནོར་གྱིས་ཅི་ཞིག་བྱ། ། ང་རྒྱལ་དྲེགས་པས་རབ་བཅོམ་པའི། །ནོར་དང་སྲོག་གིས་ཅི་ཞིག་བྱ། ། ༈ བྱ་བ་མི་ལྕོགས་རྩོམ་པར་བྱེད་པ་དང་། །ཚོགས་དང་འཁོན་ཞིང་སྟོབས་ལྡན་དག་ལ་རྒོལ། ། བུད་མེད་ལ་ནི་ཡིད་བརྟན་བྱེད་པ་སྟེ། །འཆི་བདག་བཞི་པོ་སྒོ་ཡི་དྲུང་ན་སྡོད། ། ༈ རྒྱལ་པོ་ངན་པ་ཡོད་མ་མཐོང་། །མཛའ་བོ་གཡོན་ཅན་ཡོད་མ་མཐོང་། ། འདོད་ལྡན་ཆུང་མ་ཡོད་མ་མཐོང་། །སྐྱེ་པོ་སྡིག་ཅན་ཡོད་མ་མཐོང་། ། ༈ གང་ཞིག་ཀུན་ཏུ་བགྲོད་བྱ་ཡོད་པ་དེ། །རང་ཡུལ་ཆགས་པས་བརླག་པར་ཅི་ཕྱིར་བྱེད། ། སྐྱེ་པོ་ངན་པ་བདག་གི་ཁྲོན་པ་ནི། །འདི་ཡིན་ཟེར་ཞིང་བ་ཚྭ་ཅན་ཆུ་འཐུང་། ། ༈ སྐྱེ་བོ་བློ་དཔངས་མཐོ་བ་ལ། །འདི་ན་བདེ་སྐྱིད་གཉིས་ཡོད་དེ། ། འདུ་འཛི་ཐམས་ཅད་སྤངས་པའམ། །འབྱོར་པ་ཤིན་ཏུ་རྒྱ་ཆེ་བའོ། ། ༈ དཔལ་ནི་རྒྱབ་ཀྱིས་ཕྱོགས་གྱུར་ཅིང་། །རྩོལ་བ་དོན་མེད་ཉིད་གྱུར་པའི། ། དམ་པ་དབུལ་པོར་གྱུར་པ་ལས། །ནགས་ལས་གཞན་དུ་བདེ་བ་མེད། ། དམ་པའི་འགྲོ་བ་གཉིས་ཡིན་ཏེ། །མེ་ཏོག་དག་གི་མགོ་ལྕོགས་བཞིན། ། འཇིག་རྟེན་ཀུན་གྱིས་སྤྱིར་བཀུར་བའམ། །ནགས་ཉིད་དུ་ནི་དེངས་པར་བྱ། ། ༈ ངང་གིས་སྐད་ཅིག་འཇིག་པ་ཡི། །ཚེ་ཡི་སྙིང་པོ་འདི་ཡིན་ཏེ། ། མཛའ་དང་མཁས་དང་ཤན་མ་བྱེད། །ལྷན་ཅིག་བག་ཡངས་གནས་པའོ། ། ༈ བསགས་ན་གྲོག་མཁར་འཕེལ་འགྱུར་ལ། །སྤྱད་ན་མིག་སྨན་ཟད་འགྱུར་ལྟར། ། དུས་ལས་འགོད་པ་ཆུང་འགྱུར་བ། །དེ་ཉིད་ཁོ་ན་མཁས་པ་ཡིན། ། ༈ གྲོག་མཁར་དང་ནི་སྦྲང་རྩི་དང་། །ཟླ་བ་ཚེས་པ་ཡར་གྱི་ངོ་། ། རྒྱལ་པོའི་ནོར་དང་སྤྲང་པོའི་ནོར། །ཅུང་ཟད་ཅུང་ཟད་བསགས་པས་འཕེལ། ། ༈ ཧ་ཅང་སྲེད་པར་མི་བྱ་སྟེ། །སྲེད་པ་ཆེ་ལ་ཉེས་པ་འབྱུང་། ། ཧ་ཅང་སྲེད་པས་རྨོངས་བྱས་ན། །ཅེ་སྤྱང་གཞུ་མཆོག་གཙུག་ཏོར་བཞིན། ། ༈ བྱ་བའི་དོན་དུ་རྗེས་སུ་འབྲང་། །བྱས་ཟིན་པ་ལ་བརྟེན་མི་བྱེད། ། བློ་ངན་ཞོ་ཡི་རྣ་བ་ཅན། །བསྲུང་བར་བྱ་བ་ཁྱོད་ཀྱིས་བཅོམ། ། ༈ རབ་ཏུ་གྲགས་པ་འགྲོ་མི་བྱ། །བདག་ཉིད་ཀྱིས་ནི་མངོན་སུམ་བྱ། ། བིལ་བ་ཆུ་ནང་ལྷུང་བ་ཡིས། །ནགས་ཚལ་སྟོང་པར་གྱུར་ལ་ལྟོས། ། ༈ གནད་དུ་འཕོག་པའི་ཚིག་མི་བརྗོད། །ཤིན་ཏུ་གནོད་པའང་བརྗོད་མི་བྱ། ། སྐྱེ་བུ་དང་ནི་མཚོན་ཆ་ཡི། །ཕ་རོལ་དག་ནི་ཤེས་པར་བྱ། ། ༈ དགྲ་བོའི་བུ་ནི་སྙན་པར་སྨྲ་ན་ཡང་། །མཁས་པ་ཡིས་ནི་བཏང་སྙོམས་མི་བྱ་སྟེ། ། དུག་ལོ་ཤིན་ཏུ་མི་བཟད་ཡིན་པས་ན། །དེ་ཉིད་དུས་གཞན་དག་ཏུ་གནོད་པ་སྐྱེད། ། ༈ གང་ཞིག་དགྲ་བོ་དག་ལ་ཡང་། །གཡོ་མེད་སེམས་ཀྱིས་ཕན་བྱེད་པ། ། དེ་ལ་དགྲ་བོ་ཐམས་ཅད་ཀྱང་། །ཐལ་མོ་སྦྱོར་བ་ཉིད་དུ་བྱེད། ། ༈ དགྲ་བོ་ཟིལ་གནོན་འདོད་པ་ཡིས། །བདག་ཉིད་ཡོན་ཏན་གྱིས་བསྟོད་ཀྱི། ། གནོད་སེམས་ངན་པས་ཅི་ཞིག་བྱ། །དེས་ནི་བདག་གནོད་དགྲ་ལ་མིན། ། ༈ མི་སྲུན་སྐྱེ་བོ་ཞི་བས་མིན། །དེ་དང་འཚམ་པའི་རྩུབ་པས་བསྟེན། ། བུ་ནི་མི་བསྒྲུབ་པ་དག་ལ། །ཕན་འདོད་ཕ་ཡིས་མི་བསྡིག་གམ། ། ༈ ཇི་སྲིད་ལམ་ནི་མཐོང་བ་དང་། །ཇི་སྲིད་རྐང་པ་བརྟན་པ་དང་། ། ཇི་སྲིད་ཤེས་རབ་མ་ཉམས་པ། །དེ་སྲིད་རང་གི་ཕན་པ་གྱིས། ། ༈ རྣམ་པ་ཀུན་དུ་རང་ཕན་སྤྱད་བྱ་ཡི། །འགྲོ་མང་ནང་དུ་གནས་པས་ཅི་ཞིག་བྱ། ། སྐྱེ་པོ་ཐམས་ཅད་ཡོངས་སུ་མགུ་འགྱུར་བ། །དེ་འདྲའི་ཐབས་ནི་གང་ཡང་ཡོད་མ་ཡིན། ། ༈ གཞན་ལས་ཚོལ་ཞིང་ཟས་ཞིམ་འདོད། །སློང་མོས་འཚོ་ཞིང་ཁེངས་པ་ཆེ། ། བསྟན་བཅོས་ཤེས་མེད་རྩོད་པར་འདོད། །ཁྱོད་ཀྱི་དེ་གསུམ་་བཞད་གད་རྒྱུ། ། ༈ ནགས་བསྲེགས་པ་ཡི་མེ་ལ་ནི། །རླུང་གིས་གྲོགས་སུ་འགྱུར་བ་ཡིན། ། དེ་ཉིད་མར་མེ་འཇིག་བྱེད་པས། །ཉམ་ཆུང་པ་ལ་བཤེས་ཡོད་མིན། ། ༈ གཞན་ལ་གནོད་པ་མ་བྱས་དང་། །དམན་ལ་འདུད་པ་མ་བྱས་ཤིང་། ། དམ་པའི་ལམ་ནི་མ་སྤངས་གང་། །ཉུང་བ་དེ་ནི་མང་པོ་ཡིན། ། ༈ ནད་ཀྱི་འཇིགས་པ་མ་བྱུང་ཞིང་། །དམ་པ་དག་དང་འགྲོགས་པར་བརྩོན། ། དམན་པའི་ཚིག་ནི་མ་སྨྲས་པའི། །ཉིན་གཅིག་ལོ་བརྒྱ་བས་མཆོག་ཡིན། ། ༈ དམན་པས་གང་ཚེ་ནོར་ནི་ཅུང་ཟད་རྙེད། །འགྲོ་བ་ཐམས་ཅད་བརྙས་བའི་ང་རྒྱལ་ལྡན། ། དམ་པ་ནོར་གྱི་འབྱོར་པ་ཐོབ་གྱུར་ཀྱང་། །སཱ་ལུ་སྨིན་པ་ལྟ་བུར་ཤིན་ཏུ་འདུད། ། ༈ རིགས་རུས་དམའ་བའི་སེམས་ཅན་དག །ནོར་རམ་རིག་པ་རྙེད་གྱུར་ན། ། འགྲོ་བ་ཀུན་ལ་རྩྭ་སྙམ་སེམས། །པགས་པ་སྔོན་པོའི་ཝ་བཞིན་ནོ། ། ༈ ནོར་རམ་རིག་པར་ལྡན་གྱུར་ན། །དམན་པ་རྣམས་ནི་དྲེགས་པར་འགྱུར། ། གོ་འཕང་གཉིས་པོ་དེ་དག་གིས། །མཁས་པ་ཤིན་དུ་དུལ་བར་འགྱུར། ། ༈ བོགས་མེད་ཚོང་དང་འཁོར་ལྡན་དག་ལ་འཚེ། །སློང་ཞིང་འགྱིང་ལ་ནོར་མེད་འདོད་ལ་དགའ། ། བུད་མེད་གཞོན་ལ་ཚིག་རྩུབ་སྨྲ་བ་སྟེ། །སྐྱེས་བུ་ལོག་པར་སྤྱོད་པ་དེ་ལྔའོ། ། ༈ རྨ་བྱ་སོ་གའི་ཚ་བས་གདུངས་གྱུར་ཀྱང་། །མཁའ་དཀྱིལ་ཆར་གྱི་རྒྱུན་ལ་རེ་བླ་ཡི། ། རྫིང་བུ་རྙོག་པ་ཅན་གྱི་ཆུ་ངན་ལ། །དྲེགས་པས་བསྟོད་པའི་མགྲིན་པ་མ་གདུད་ཅིག ། ༈ ཏི་ཏི་ར་ནི་ཟིལ་པ་ཡི། །ཐིགས་པས་སྲོག་ནི་འཛིན་བྱེད་ཀྱང་། ། བསླང་ན་གཏུགས་པའི་འཇིགས་པ་ཡིས། །བརྒྱ་བྱིན་ལ་ཡང་མི་སློང་ངོ་། ། ༈ དེ་ཉིད་ཤེས་ན་སློབ་དཔོན་ཅི། །ནད་སོས་སྨན་པ་ག་ལ་དགོས། ། ཆུ་བོ་བརྒལ་ན་གྲུ་པས་ཅི། །ཆགས་བྲལ་བྱད་མས་ཅི་ཞིག་བྱ། ། ༈ ངན་པ་ཇི་སྲིད་ཉམ་ཆུང་བ། །དེ་སྲིད་བར་དུ་རང་བཞིན་བཟང་། ། སྟོན་ཀ་ཡི་ནི་ཆུ་བོའི་ཆུ། །སྐྱེ་བོ་ཀུན་གྱིས་བགྲོད་པ་བླ། ། ༈ གང་དུ་བྱུ་བས་མཛོད་པ་བྱེད། །བྱི་ལས་མར་ནི་བསྲུང་བ་དང་། ། ཁྭ་ཡིས་ཕྱག་ཚང་བྱེད་པ་ཡི། །དངོས་དེ་ལ་ནི་སྨོས་ཅི་དགོས། ། ༈ གང་ན་ཞལ་ཏ་བྱེད་པ་མང་། །ཐམས་ཅད་མཁས་པར་ང་རྒྱལ་ཆེ། ། ཀུན་ཀྱང་གཙོ་བོ་བྱེད་འདོད་པ། །དེ་ཡི་ཚོགས་རྣམས་འཇིགས་པར་འགྱུར། ། ༈ ཉིན་པར་འཁྲིག་དང་ཉིན་ཉལ་དང་། །ཆང་གསར་ཞོ་ནི་གཞོན་ནུ་འཐུང་། ། ཤ་སྐམ་བུད་མེད་རྒན་ཉལ་ཏེ། །འདི་དྲུག་ལུས་ཀྱི་སྟོབས་འཕྲོག་པའོ། ། ༈ གང་ཞིག་ཁྲོ་ནའང་འཇིགས་མེད་ལ། །དགའ་ནའང་ཕན་འདོགས་མི་ནུས་པ། ། ཚར་གཅོད་བསྡུ་བ་མེད་འགྱུར་བའི། །དེ་ཁྲོས་པས་ནི་ཅི་བྱར་ཡོད། ། ༈ ནད་དང་ཕངས་དུས་བྱུང་བ་དང་། །མུ་གེའི་ཚེ་དང་དགྲས་འཇིགས་དང་། ། རྒྱལ་པོའི་སྒོ་དང་གཤིན་རྗེའི་གནས། །དེ་རྣམས་ཀུན་གྱི་གཉེན་པོར་འགྱུར། ། ༈ དགོས་པའི་དོན་དུ་འཇིག་རྟེན་སྒྲུབ། །དམ་པའི་དོན་དུ་དེ་དག་མིན། ། བེའུས་འོ་མ་ཟད་མཐོང་ནས། །བ་ནི་རིང་དུ་སྤང་བ་བཞིན། ། ༈ སྡུག་པ་དང་བྲལ་རང་མེས་བརྙས་པ་དང་། །བུ་ལོན་མང་ཞིང་ངན་པ་དག་ལ་བརྟེན། ། དབུལ་པོར་མཐོང་ནས་མཛའ་བོས་སྤང་པ་སྟེ། །མེ་མ་ཡིན་པས་ལུས་སྲེག་དེ་ལྔའོ། ། ༈ མི་མཐུན་ཆུང་ངུ་འཕེལ་བ་ལ། །མི་གང་ཞི་བར་མི་བྱེད་པ། ། སྦྲང་རྩིའི་ཐིགས་པ་འཛག་པ་དང་། །ཡུལ་འཁོར་འཇིག་པར་འགྱུར་བ་བཞིན། ། ༈ གང་ཞིག་རིགས་ལྡན་དེ་བཞིན་བརྟེན་པ་དང་། །དམ་པ་ཕངས་ཀྱང་ཡོན་ཏན་གཏོང་མི་བྱེད། ། ཉི་མའི་རང་བཞིན་ཚ་བས་གདུངས་ཀྱང་ནི། །ཁ་བ་གྲང་པའི་རང་བཞིན་གཏོང་མི་བྱེད། ། ༈ སྡིག་པ་ཟད་འདོད་བདེ་བར་གཤེགས་ལ་དད། །སྐལ་བ་ཟད་འདོད་སྐྱེ་བོ་ངན་དང་བསྟེན། ། རིགས་རྒྱུད་ཟད་འདོད་གླེན་ཞིང་ལྐུགས་པ་སྐྱེ། །འབྲུ་རྣམས་ཟད་འདོད་ཕོ་བའི་མེ་དྲོད་སྐྱེ། ། ༈ འདོད་པས་ལོང་བས་སྡིག་མི་མཐོང་། །དམུས་ལོང་གིས་ནི་གཟུགས་མི་མཐོང་། ། དྲེགས་པ་ཡིས་ནི་སྐྱོན་མི་མཐོང་། །བདག་ལྟས་དེ་ཉིད་མི་མཐོང་ངོ་། ། ༈ རྒྱལ་པོ་ཡུར་ཆུ་འཕྲི་ཤིང་དང་། །བུད་མེད་དམུས་ལོང་ལྔ་པོ་ནི། ། གཡོན་ཅན་བློ་ཡིས་ཇི་ལྟར་ཁྲིད། །ཁྲིད་རྣམས་གཞན་གྱི་དབང་དུ་གྱུར། ། ༈ བདེ་བའི་རྗེས་ལ་སྡུག་བསྔལ་ཏེ། །སྡུག་བསྔལ་རྗེས་ལ་བདེ་བ་ཡིན། ། མི་རྣམས་ཀྱི་ནི་བདེ་སྡུག་དག །འཁོར་ལོ་བཞིན་དུ་འཁོར་བར་བྱེད། ། ༈ མ་མཐོང་བ་དག་མདུན་དུ་ལྷགས། །སླར་ཡང་མ་མཐོང་བ་རུ་སོང་། ། ཁྱོད་ཀྱི་དེ་ཅི་ཁྱོད་ཀྱང་ཅི། །དེ་ལ་མྱ་ངན་སུ་ཞིག་བྱེད། ། ༈ ཇི་ལྟ་ཇི་ལྟར་ཤིང་དག་ནི། །རྒྱ་མཚོ་ཆེ་ལ་མཉམ་འགྲོ་བ། ། དབའ་རླབས་ཀྱིས་ནི་སོ་སོར་ཕྱེ། །དེ་ལ་མྱ་ངན་སུ་ཞིག་བྱེད། ། ༈ བློ་གྲོས་ཆེ་ལྡན་ཁྲོ་བས་ཤུགས་ལས་རྒྱལ། །སྐྱེ་བོ་ངན་པ་ཁྲོ་བས་མོད་ལ་ཕམ། ། ཕམ་པས་ཕམ་པར་བྱས་པའི་བློ་ངན་དག །བློ་ལྡན་དག་དང་ལྷན་ཅིག་ཅི་ཕྱིར་འགྲན། ། ༈ ཕ་བོང་འབད་པ་ཆེན་པོ་ཡིས། །རི་ཡི་རྩེ་མོར་འདེགས་པར་ནུས། ། ཅུང་ཟད་ཙམ་གྱིས་དེ་སྐུར་བ། །རང་གི་སྐྱོན་ཡོན་དེ་དང་མཚུངས། ། ༈ མི་གང་བྱ་བ་མ་ཡིན་པའི། །བྱ་བ་ལ་ནི་སྦྱོར་བྱེད་པ། ། དེས་ནི་ངེས་པར་ཕུང་འགྱུར་ཏེ། །ཁྱིའུ་འབྱིན་པའི་སྤྲེའུ་བཞིན། ། ༈ རང་གི་ཕྱོགས་ནི་ཡོངས་སྤངས་ནས། །གཞན་གྱི་ཕྱོགས་ལ་དགའ་བ་གང་། ། དེ་ནི་ངེས་པར་བརླག་འགྱུར་ཏེ། །རྒྱལ་པོ་རབ་དམར་ཇི་བཞིན་ནོ། ། ༈ མཁའ་ལ་སྐར་མཁན་དག་གིས་རྩིས་བྱས་ན། །ཟླ་བ་དང་ནི་སྐར་མའི་ལམ་རྣམས་ཤེས། ། ཁྱིམ་ན་མི་དང་ཁྱིམ་ཐབ་ལོག་པ་དག །སྣ་ཚོགས་སྤྱོད་པ་དེ་ནི་མཐོང་མ་གྱུར། ། ༈ རྙོག་མེད་ཆུ་ནང་ཟླ་ཚེས་སྣང་གྱུར་པ། །པདྨའི་རྩ་བ་ལེན་པར་ཁྱོད་བྱེད་གྱུར། ། ངང་པ་ཆུ་དང་འོ་མ་འབྱེད་ཤེས་པའི། །ཁྱོད་ཀྱི་བློ་གྲོས་དེ་རིང་གང་དུ་སོང་། ། ༈ མི་གང་བྱ་བ་ཆེན་པོ་གང་། །ཅུང་ཟད་བྱེད་པར་འདོད་ན་ཡང་། ། དེ་ནི་བསྒྲིམས་ནས་རབ་བྱ་སྟེ། །སེང་གེའི་ལས་གཅིག་ཡིན་པར་བཤད། ། ༈ ཇི་ལྟར་རྒྱལ་སྲིད་བསྐྱང་བ་དང་། །བསྡོ་བའི་དགྲ་རྣམས་འདུལ་བ་དག ། འབངས་ལ་རེ་བ་མི་འཇོག་པར། །ཞལ་བཞུགས་ཚེ་ན་སྨྱུར་ཏེ་མཛོད། ། ༈ སྙིང་དུ་སྡུག་པའམ་གཞན་གང་ཞེས། །སེམས་ཡང་པ་དག་རྩེ་བར་བྱེད། ། སྤྱོད་པ་རྒྱ་ཆེན་ལྡན་པ་དག །ས་ཡི་དཀྱིལ་འཁོར་ཐམས་ཅད་གཉེར། ། ༈ རྟག་ཏུ་སྙན་ཚིག་སྨྲ་བ་ཡི། །རྒྱལ་པོས་སྐྱེ་དགུ་བྲིད་པར་སླ། ། ཕན་ཚིག་སྨན་དང་འདྲ་བ་དེ། །ཉན་པ་བས་ཀྱང་སྨྲ་བ་དཀོན། ། ༈ གལ་ཏེ་ཆོས་དོན་རྟོགས་པ་ཡིས། །ཞལ་ཆེ་ལམ་སྲང་སྐྱོན་ན་ནི། ། འགྲོ་བ་བློ་ལྡན་གཅིག་གྱུར་ཀྱང་། །དེ་ལས་བདག་ནི་རྣམ་པར་རྒྱལ། ། ༈ ནོར་མཉམ་ནུས་པ་མཉམ་པ་དང་། །གནད་ཤེས་འབད་རྩོལ་ཆེ་བ་ཡི། ། འཁོར་གྱིས་ངེས་པར་གནོད་འགྱུར་གྱི། །གང་དགྲས་མི་ཕུང་དེ་ཡིས་ཕུང་། ། ༈ ཆུ་ཡི་ནང་ནས་མེ་འབར་ན། །མེ་དེ་གང་གིས་ཞི་བར་བྱེད། ། སྐྱོབ་པ་ལས་ནི་འཇིགས་པ་བྱུང་། །འཇིགས་པ་དེ་ལས་སུ་ཡིས་སྲུང་། ། ༈ མ་བསྐུལ་མི་སྙན་དགྲ་སྟོན་ལ། །བསྐུལ་ནས་སྙན་པ་མི་སྒྲོགས་ལ། ། འཇིག་རྟེན་རྔ་ཟླུམ་དང་འདྲ་ལ། །དེ་ལྟར་བསྐུལ་ཞིང་སྒྲ་སྙན་སྒྲོགས། ། ༈ ས་བདག་འདོད་ལ་ཆགས་པས་ཕན་དང་གནོད་པ་ཤེས་མི་འགྱུར། ། ཇི་ལྟར་རང་དགར་རང་སྤྱོད་མྱོས་པའི་གླང་ཆེན་བཞིན་དུ་སྤྱོད། ། དེ་འོག་འགྱོད་པས་རབ་གདུངས་ཉམ་ངའི་མྱ་ངན་གཡང་སར་ལྷུང་། ། དེ་ཡིས་འཁོར་ལ་ཉེས་པ་བགོད་བྱེད་རང་གི་སྐྱོན་མ་རིག ། ༈ རྩོད་དུས་རྒྱལ་པོ་ནོར་ཚོགས་ཐོབ་པ་ལས། །སྲོག་ནི་སྲུང་གི་ནོར་ནི་གཏང་བར་བྱ། ། ཇི་ལྟར་ཤན་པས་ལུག་གི་བལ་བྲེགས་ནས། །སྲོག་ཐར་བྱས་པ་རྙེད་པ་ཆེ་བ་བཞིན། ། ༈ རྩ་བ་བྲང་འགྲོ་རྩེ་མོ་མཁའ་ལྡིང་དང་། །ཡལ་ག་སྤྲེ་འཛེགས་མེ་ཏོག་བུང་བས་བསྐོར། ། གང་ཞིག་གདུག་པའི་སེམས་ཅན་གནས་བཅས་པ། །ཙན་དན་ཤིང་དེ་ལ་ནི་བསྙེན་དུ་མེད། ། ༈ གང་གིས་ཐབས་ཀྱིས་ཕ་རོལ་གནོན། །ནུས་པས་མ་ཡིན་ཐབས་ཀྱིས་དེ། ། བྱ་རོག་གིས་ནི་གསེར་ཕྲེང་གི །སྦྲུལ་དག་གསད་པར་གྱུར་ལ་ལྟོས། ། ༈ གང་ལ་བློ་ཡོད་དེ་སྟོབས་ལྡན། །བློ་མེད་སྟོབས་ཀྱིས་ཅི་ཞིག་བྱ། ། ཅི་ཞིག་སེང་གེ་སྟོབས་དང་ལྡན། །རི་བོང་གིས་ནི་སྲོག་དང་བྲལ། ། ༈ བྱ་བའི་ཐབས་ཀྱིས་གྲོགས་བྱེད་ན། །བློ་ལྡན་དག་ལ་དྲི་བར་བྱ། ། ཕུན་སུམ་ཚོགས་པས་སྨོས་ཅི་དགོས། །ཕུང་གྱུར་ན་ཡང་མཛེས་པ་ཡིན། ། ༈ ཡོན་ཏན་ཚུལ་སྤྱོད་རང་བཞིན་གསལ་བ་ཡིས། །སྐྱེ་བོ་ངན་པ་བཅོས་སུ་ག་ལ་རུང་། ། ཚ་ཞིང་དྲོད་ཆེ་རྩུབ་པས་བསྒྲུབས་པ་ཡི། །བད་ཀན་ནད་བཞིན་ཤིན་ཏུ་འཕེལ་བར་འགྱུར། ། ༈ སྙིང་ལ་ཁོན་དུ་གཟུང་བྱ་ཡི། །དེ་ལ་ཚིག་གིས་མི་བསྐུལ་བར། ། དགྲ་བོའི་རྐང་པ་ནས་བཟུང་ཞིང་། །ཚིག་གི་མཚོན་ཆས་བསྣུན་པར་བྱ། ། ༈ ཇི་སྲིད་འཇིགས་པ་མ་བྱུང་བ། །དེ་སྲིད་འཇིགས་ལ་འཇིགས་པར་བྱ། ། འཇིགས་པ་མངོན་དུ་བྱུང་བའི་ཚེ། །འཇིགས་མེད་ལྟ་བུར་གཞོམ་པར་བྱ། ། ༈ བདེན་པ་ཞུགས་པར་གྱུར་པ་ལ། །སླུ་བྱེད་མཁས་པ་ཡིན་ནམ་ཅི། ། པང་པར་བརྟེན་ཏེ་ཉལ་བ་ལ། །གསོད་པ་དེ་ཅི་དཔའ་བོའམ། ། ༈ གཞོན་ཡང་རྒན་པའི་ཉེ་བར་ཞི་ལ་དགའ། །མཁས་པར་གྱུར་ཀྱང་ཤེས་པའི་ང་རྒྱལ་མེད། ། གཟི་བརྗིད་ཆེ་ཡང་བཟོད་ཅིང་དེས་པའི་ངང་། །ཇེ་མཐོར་ཕྱིན་ཡང་ང་རྒྱལ་དྲེགས་པ་མེད། ། ༈ རྟག་ཏུ་སེམས་ཅན་ཕན་དགའ་རྣམས། །རིན་ཆེན་སྒྲོན་ལྟར་མཆོག་ཡིན་ཏེ། ། སྣུམ་ལ་ལྟོས་པར་མི་བྱེད་ཅིང་། །སྣོད་དང་སྡོང་བུ་ལ་ལྟོས་མིན། ། ༈ སྨན་པ་ཟས་ནི་མ་ཞུ་དང་། །རྒྱལ་པོ་བརྫུན་དུ་སྨྲ་བ་དང་། ། རིགས་ལྡན་སྡིག་པ་སྤྱོད་པ་སྟེ། །འདི་གསུམ་ཤིན་དུ་མི་རིགས་པའོ། ། ༈ མཐུ་ཆེ་བ་དང་འགྲོགས་གྱུར་ན། །མཐོན་པོ་ཉིད་དུ་སུ་མི་འགྱུར། ། མེ་ཏོག་ཕྲེང་བར་འབྲེལ་པ་ཡི། །སྐུད་པ་མགོ་ལ་འདོགས་པར་བྱེད། ། ༈ དུས་ལ་བབ་པར་སྟོན་པ་དང་། །གནས་སྐབས་བཅས་པར་སྨྲ་བ་དང་། ། ཤི་དུ་ངོ་མཚར་གྱུར་ལ་འགོད། །འཇིག་རྟེན་ཆེན་པོ་ཉིད་ཐོབ་འགྱུར། ། ༈ བརྩོན་འགྲུས་བརྟུལ་ཕོད་བརྟན་པ་དང་། །སྟོབས་དང་བློ་གྲོས་ཕ་རོལ་གནོན། ། འབད་རྩོལ་ཡོན་ཏན་དྲུག་ལྡན་པ། །དེ་ལ་ལྷ་ཡང་འཇིགས་པ་སྐྱེ། ། ༈ སྐྱོན་ཆད་དགྲ་བོ་ཕམ་པར་བྱས་པ་དག །མཛའ་བོར་འདོད་འོངས་པ་ལ་ཡིད་མ་བརྟན། ། བྲག་ཕུག་འུག་པའི་ཚོགས་ཀྱིས་གང་བ་ལ། །བྱ་རོག་གིས་ནི་མེ་བཏང་བསྲེགས་ལ་ལྟོས། ། ༈ ཟ་དང་གཉིད་ལོག་འཇིགས་དང་འཁྲིག་པ་སྤྱོད། །མི་དང་ཕྱུགས་རྣམས་དེ་དག་མཉམ་པ་ཡིན། ། ཆོས་སྤྱོད་པ་ཡི་མི་རྣམས་ཁྱད་པར་འཕགས། །ཆོས་མི་ཤེས་ན་ཕྱུགས་དང་ཅི་མི་མཉམ། ། ༈ གང་ཞིག་ཆོས་ལ་སྨོད་པ་རྣམས། །ཉི་མར་འགྲོ་དང་འོང་ན་ཡང་། ། དེ་ནི་མགར་བའི་སྦུད་པ་ཡིན། །དབུགས་འབྱིན་ཀྱང་ནི་གསོན་མ་ཡིན། ། ༈ སངས་རྒྱས་མགོན་པོ་ཡོངས་སྤངས་ཏེ། །ལྷ་གཞན་ལ་ནི་ཕྱག་བྱེད་པ། ། བློ་ངན་གང་གཱའི་འགྲམ་དུ་ནི། །སྐོམ་ནས་ཁྲོན་པ་བྱེད་དང་མཚུངས། ། ༈ ཡུལ་ནི་ཤིན་ཏུ་ཡུན་རིང་གནས་ཀྱང་ངེས་པ་ཁོ་ནར་འགྲོ་བར་འགྱུར། ། འབྲལ་ལ་ཁྱད་པར་ཅི་ཞིག་ཡོད་ལ་འགྲོ་བ་རང་ཉིད་སྡོད་མི་བྱེད། ། དབང་མེད་འབྲལ་བས་ཡིད་ལ་ཡོངས་སུ་གདུང་བ་མཐའ་ཡས་སྐྱེད་པར་བྱེད། ། འདི་དག་རང་གིས་སྤོང་ན་ཞི་བའི་བདེ་བ་མཐའ་ཡས་འཐོབ་པར་འགྱུར། ། ༈ འདོད་པ་ཡིད་འོང་ཡིན་པ་བདེ། །འབྱོར་པ་མཉམ་དགའ་ཡིན་མོད་ཀྱི། ། འོན་ཀྱང་འཚོ་བའི་འཇིག་རྟེན་འདི། །ནད་མེད་ཆང་འཐུང་ཁུར་པར་མཚུངས། ། ༈ འགྲོ་བའི་དྲི་མ་ཆགས་པ་འདྲ་བ་མེད། །གཞན་ལ་གནོད་པ་ཕྲག་དོག་འདྲ་བ་མེད། ། མཛའ་བོ་སློང་མོ་པ་འདྲ་ཡོད་མིན་ཏེ། །གཏོང་དང་མཉམ་པའི་གཉེན་བཤེས་གང་ཡང་མེད། ། ༈ ཤེས་རབ་དང་མཉམ་མིག་མེད་དེ། །རྨོངས་པ་དང་མཉམ་མུན་པ་མེད། ། ནད་དང་འདྲ་བའི་དགྲ་མེད་དེ། །འཆི་བ་དང་མཉམ་འཇིགས་པ་མེད། ། ༈ དེ་བས་ཤིན་དུ་མི་བཟད་པའི། །འཆི་བ་ངེས་པར་འབྱུང་འགྱུར་བས། ། འདོད་པ་རྣམས་ལ་སེམས་བཟློག་ལ། །དམ་པའི་ཆོས་ལ་དགའ་བར་གྱིས། ། ༈ གྲོགས་པོ་འདི་ན་ནོར་དེ་ཡོད་ལེགས་པས། །ཡིད་བཞིན་ནོར་ཁྱེད་རྡོར་འགྱུར་ནོར་མ་བྱེད། ། སྦུར་ལོང་རྒྱན་གྱི་དམ་པར་བྱེད་འགྱུར་བ། །དེར་ནི་འདི་འདྲའི་ནོར་བུ་འཇིག་རྟེན་ཕུང་། ། ༈ གང་ཞིག་ས་སྟེང་འབྲུ་རྣམས་དང་། །གསེར་དང་ཕྱུགས་དང་ནད་མེད་རྣམས། ། དེ་དག་ཀུན་གྱིས་གཅིག་མི་ངོམས། །དེ་ལྟར་ཤེས་ནས་ཞི་བར་གྱིས། ། ༈ འབད་པས་བསགས་པའི་ནོར་ལ་ནི། །ཡང་དང་ཡང་དུ་ཉུགས་པར་བྱེད། ། བཀྲེན་པས་བྱི་བ་ཇི་བཞིན་དུ། །ནོར་རྣམས་སྡུག་བསྔལ་ཁོ་ནར་ཟད། ། ༈ འཇིག་རྟེན་འཚོ་བ་བརྟན་མ་ཡིན། །ནོར་དང་ལོངས་སྤྱོད་བརྟན་མ་ཡིན། ། བུ་དང་ཆུང་མ་བརྟན་མིན་གྱི། །ཆོས་དང་གྲགས་པ་སྙན་པ་བརྟན། ། ༈ རྒྱལ་པོ་ནོར་སོགས་ངོམས་པ་མེད། །མཁས་པ་ལེགས་བཤད་ཀྱིས་མི་ངོམས། ། རྒྱ་མཚོ་ཆུ་ཡིས་ངོམས་པ་མེད། །འཇིག་རྟེན་སྡུག་ལ་བལྟས་མི་ངོམས། ། ༈ མེ་ལ་ཤིང་གིས་ངོམས་པ་མེད། །བྱིས་པ་འདོད་པས་ངོམས་པ་མེད། ། ཚུལ་ཁྲིམས་དག་དང་དུལ་བ་དང་། །སེམས་ནི་དུལ་པར་གྱུར་པ་དང་། ། ༈ གང་ཞིག་དྲང་པོར་ཞུགས་པ་དག །དེ་ལ་གནས་ན་ཅི་ཞིག་དགོས། ། ཆོག་ཤེས་དབང་ཕྱུག་ལ་གནས་ན། །སྐྱེ་བོ་ངན་པའི་ས་དང་རིང་། ། ༈ ལོངས་སྤྱོད་འདོད་པའི་སྲེད་པས་བཅིང་། །གོམ་རེ་བརྙས་པ་ཐོབ་པར་འགྱུར། ། ལུས་ཞེས་བྱ་བ་སྐྱོན་ལྡན་འདི། །ཡོན་ཏན་ཆེན་པོ་གཅིག་ཡིན་ཏེ། ། གནས་སྐབས་གང་དང་གང་འཕྲད་པ། །དེ་དང་དེར་འགྲོ་གོ་ར་བ། ། ༈ ནགས་ཀྱི་གླང་པོ་རྩྭ་ལོ་ཟ་ཡང་སྟོབས་དང་ལྡན། །སྦྲུལ་ནི་ཟས་སུ་རླུང་ཟར་གྱུར་ཀྱང་སྦེགས་པ་མེད། ། དྲང་སྲོང་རྩ་བ་འབྲས་བུ་ཙམ་གྱིས་དུས་འདས་བྱེད། །དེ་བས་ཁྲེལ་འཛེམ་ཆོག་ཤེས་ཁོ་ན་འབྱོར་པའི་མཆོག ༈ ཚོད་མ་དག་དང་རྡུལ་མེད་པའི། །ཆུ་ཡི་དགོན་པ་ག་ནའང་ཡོད། ། ཟླ་བ་ཐུན་མོང་མར་མེ་ཡིན། །འབྱོར་པ་དག་གིས་ཅི་ཞིག་བྱ། ། ༈ ཆོག་ཤེས་ངེས་པའི་བདག་ཉིད་ཅན། །འཚོ་བ་གང་ནའང་བཙལ་མི་དཀའ། ། རྩྭ་དང་ལོ་མ་ཆུ་ཡི་གནས། །གང་ནའང་མེད་པ་མ་ཡིན་ནོ། ། ༈ ནགས་མཆོག་སྟག་དང་གླང་པོའི་གཙོས་བསྟེན་པར། ། རྩ་ཡི་སྟན་བྱས་ཤིང་ཤུན་གོས་སུ་གྱོན། །ཤིང་གི་འབྲས་བུ་ལ་སོགས་ཟས་ཟ་བའི། ། ནོར་མེད་ཉེ་དུའི་ཚོགས་ནང་གསོན་པ་མིན། ། ༈ བཟང་པོའམ་ནི་ངན་པ་ཡི། །སྦྱོར་བ་གང་ཡང་རུང་བ་ཡིས། ། ལུས་ནི་ཤིན་ཏུ་བསྲུང་བྱ་ཡི། །ནོར་ལ་ཆགས་པས་ཅི་ཞིག་བྱ། ། ༈ བསོད་ནམས་ཆེན་པོའི་རིན་གྱིས་ནི། །ཁྱོད་ཀྱིས་ལུས་ཀྱི་གྲུ་ཉོས་པ། ། ཇི་སྲིད་ཆག་པར་མ་གྱུར་པར། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་སོང་། ། ༈ ཇི་སྲིད་སྡུག་པའི་དུས་ཀྱི་ཟླ་རྒྱས་པ། །འཆི་བདག་གཟའ་ཆེན་འདི་ཡིས་མ་རྙེད་པ། ། དེ་སྲིད་བག་ཡོད་པར་ནི་གནས་བྱ་སྟེ། །རང་གི་བྱ་བ་དག་ནི་བྱ་བའི་རིགས། ། ༈ གང་ཚེ་འདུ་ཤེས་བྲལ་ཞིང་མིག་མི་གཡོ། །སྐྱིགས་བུ་རྒྱུན་འབྱུང་དབུགས་མཐར་ཐུག་པས་སླེབས། ། མུན་པར་གཡང་ས་ཆེ་ཁྲིད་ལྟར་གྱུར་ན། །དེ་ཚེ་བུ་དང་ཆུང་མ་གཉེན་ཅིར་འོང་། ༈ སྙིང་རྗེས་གདུངས་པའི་ཡིད་དང་དབང་པོ་དུལ་ཞིང་སེམས་ནི་ཆོག་ཤེས་དག་ལ་དགའ་བ་དང་། ། ཆགས་བྲལ་མངོན་དགའི་སེམས་དང་ཤིང་དྲུང་དག་ན་ལྷུང་པའི་འབྲས་བུ་བཟའ་བའི་བྱ་བ་བྱེད། ། ལུས་རིང་ཤིང་ཤུན་གྱོན་ཞིང་རྒྱལ་བ་ཞེས་ནི་སྙན་པ་ལྟ་བུར་སྒྲ་སྒྲོགས་ལ། ། བཱ་རཱ་ཎཱ་སཱིར་གཤིན་རྗེའི་དབང་གྱུར་བཅོམ་པའི་ལུས་ཚིག་འདི་ནི་ནམ་ཞིག་སྤོང་བར་འགྱུར། ། ༈ བསྟན་བཅོས་འཛིན་པས་ཐར་པ་ཡིན། །ལུས་དུབ་པས་ཀྱང་མ་ཡིན་ཏེ། ། ཤེས་རབ་ཀྱིས་ནི་སེམས་བཏུལ་ན། །ཐར་པ་ཐག་ཉེ་འདི་ན་ཡོད། ། ༈ ཉེས་པའི་སྐྱོན་ནི་བྲེག་པར་གྱུས། །མགོ་བོ་བྲེག་པས་ཅི་ཞིག་བྱ། ། གང་ཞིག་ཡིད་ཀྱི་གོས་མེད་ན། །རས་ཀྱི་ཆོས་གོས་ཅི་ལ་ཕན། ། ༈ སེམས་ཅན་རྣམས་ལ་གང་གི་ཚེམས། །སྙིང་རྗེས་བརླན་པར་གྱུར་བ་དག ། ཐར་དང་ཡེ་ཤེས་དེ་ཡིན་གྱི། །ཐལ་བ་རལ་པ་ཆོས་གོས་མིན། ། ༈ གང་ཞིག་ལང་ཚོ་ལ་ཞི་བ། །དེ་ནི་ཞི་བར་བདག་གིས་ཤེས། ། ཁམས་རྣམས་ཡོངས་སུ་ཟད་པ་ན། །ཅི་ཡི་ཕྱིར་ན་ཞི་མི་འགྱུར། ། ༈ མཛའ་བཤེས་ཉེ་དུ་དུར་ཁྲོད་དུ། །དུ་བ་འཐུལ་ནས་ལྡོག་པར་བྱེད། ། གང་ཞིག་རང་དང་ལྷན་ཅིག་འགྲོགས། །ལས་ཏེ་དེས་ན་དགེ་བ་སྤྱད། ། ༈ གང་ཞིག་རབ་ཏུ་ཉོན་མོངས་དང་། །ཆོས་དང་འགལ་བར་བྱེད་པ་དང་། ། དགྲ་ལ་འདུད་པའི་ནོར་རྣམས་ནི། །གང་གི་ནོར་དུ་རུང་མ་ཡིན། ། ༈ དམ་པ་ལེགས་སྤྱོད་ལ་སྲེད་ཤིན་ཏུ་བསྡམས་གྱུར་ཏེ། །ཀུན་དུའང་སྐྱེ་བོས་སྨོད་འཇིགས་རྟག་ཏུ་སྡུག་བསྔལ་གནས། ། གང་ཞིག་འཛེམ་མེད་ལོངས་སྤྱོད་དག་གུ་རྩ་རྩོལ་བ། །རིགས་དང་མི་རིགས་དཔྱོད་མེད་ཐ་མལ་སྐྱེ་བོ་སྐྱིད། ། ༈ རིགས་དང་མི་རིགས་དཔྱོད་པའི་བློ་མེད་ཅིང་། །ཐོས་དང་སྡོམ་པ་མང་པོ་རྣམ་སྤངས་ནས། ། ལྟོ་བ་འགེངས་པ་ཙམ་ཞིག་འབའ་ཞིག་འདོད། །སྐྱེས་བུ་ཕྱུགས་དང་ཕྱུགས་ལ་ཁྱད་ཅི་ཡོད། ། ༈ མཐོང་དང་མ་མཐོང་ཡོན་ཏན་གྱི། །འབྱུང་གནས་ཆེན་པོ་རིགས་པ་ཡིན། ། དེས་ན་དེ་བས་དོན་གཉེར་བས། །ཤེས་རབ་ཡོངས་སུ་གཟུང་བར་བྱ། ། ༈ བརྒྱ་ཡི་ནང་ནས་དཔའ་བོ་སྐྱེ། །སྟོང་གི་ནང་ནས་མཁས་པ་འབྱུང་། ། བརྒྱ་སྟོང་ལས་ནི་མཛངས་པ་སྟེ། །སྟོང་པ་སྐྱེའམ་མི་སྐྱེའམ་སྲིད། ། ༈ མཁས་པས་རིག་པ་རྣམ་ཀུན་དུ། །ན་ཚོད་ཡོལ་ཡང་བསླབ་པར་བྱ། ། གལ་ཏེ་འདིར་འབྲས་མི་སྟེར་ཡང་། །སྐྱེ་བ་གཞན་དུ་རྙེད་པ་སླ། ། ༈ སྐྲ་དཀར་གཉེར་མ་ལྷགས་དུས་སུའང་། །ཐོས་པ་བསགས་པ་བྱ་བ་སྟེ། ། གང་དུ་ཐོས་མང་འགྲོ་འགྱུར་བ། །དེར་ནི་ཕུང་པོ་འགྲོ་མི་འགྱུར། ། ༈ རྒྱལ་པོ་དང་ནི་ཡོན་ཏན་ལྡན། །དེ་གཉིས་འདྲ་བ་མ་ཡིན་ཏེ། ། རྒྱལ་པོ་རང་གི་ཡུལ་ན་བཀུར། །ཡོན་ཏན་ལྡན་པ་ཀུན་དུ་བཀུར། ། ༈ ཡོན་ཏན་ལྡན་པ་སྐྱོན་ཡོད་ཀྱང་། །ཡོན་ཏན་དགའ་རྣམས་སྐྱོ་མི་བྱེད། ། ཟླ་བ་རྙོག་པ་ཡོད་གྱུར་ཀྱང་། །བརྟན་རྣམས་དགའ་བས་ལྟ་བར་བྱེད། ། ༈ ཡོན་ཏན་དང་འདྲ་ལུས་ཀྱི་རྒྱན་གཞན་མེད། །སེམས་ལས་དང་འདྲ་ལུས་ཀྱི་སྡུག་བསྔལ་མེད། ། བཟོད་པ་དང་འདྲ་ལུས་ཀྱི་སྲུང་མ་མེད། །གཏོང་བ་དང་མཉམ་གཉེན་ནི་གང་ན་མེད། ། ༈ དམ་པ་རིང་ན་གནས་གྱུར་ཀྱང་། །ཡོན་ཏན་ཕོ་ཉ་ཉིད་བྱེད་དེ། ། ཀེ་ཏ་ཀ་ཡི་དྲི་བསྣམས་ནས། །བུང་བ་རང་ཉིད་འོང་བར་འགྱུར། ། ༈ ཡོན་ཏན་དག་ལ་འབད་བྱ་ཡི། །འགྱིང་ཚུལ་དགོས་པ་ཅི་ཞིག་ཡོད། ། བ་ནི་འོ་མ་མེད་པ་ལ། །དྲིལ་བུ་བཏགས་ཀྱང་ཉོ་མི་འགྱུར། ། ༈ དུས་ནི་ཡུན་ཐུང་རིག་པའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། ། ངང་པས་ཆུ་ནང་ནས་ནི་འོ་མ་བཞིན། །གང་ཞིག་གཅེས་པ་དེ་ནི་བསྟེན་པར་བྱ། ། ༈ སྐར་མ་ཆེན་པོ་མང་དུ་ཤར་གྱུར་ཅིང་། །ས་ཡི་རྒྱན་གྱུར་ཟླ་བ་ཤར་ན་ཡང་། ། གང་དུ་ཉི་མ་ནུབ་ན་མཚན་མོར་འགྱུར། །ཉི་མ་མ་གཏོགས་ཤར་ནུབ་མིང་མི་འདོགས། ། ༈ གང་ཞིག་ཤར་བར་གྱུར་ན་ནི། །མུན་པ་མེད་ཅིང་གཟི་ཅན་བྱེད། ། ཉི་མ་ཤར་བ་མཆོག་ཡིན་གྱི། །གཞན་རྣམས་ཤར་བས་ཅི་ཞིག་བྱ། ། ༈ སྐྱེས་བུ་བྱ་བ་གང་ཡིན་གཅིག་བྱས་མཐར་ཕྱིན་པས། །སེམས་འཕགས་འགྱུར་ཏེ་མང་པོ་ཅི་ལ་དགོས། ། ཟླ་བ་རྒྱས་པས་ས་སྟེངས་གསལ་བ་བཞིན། །སྐར་མ་མང་པོའི་ཚོགས་ཀྱིས་ནུས་མ་ཡིན། ། ༈ ཡོན་ཏན་སྐྱེས་པ་རང་ཁར་ལས། །རྫས་ནི་བསོད་ནམས་ཁར་ལས་པས། ། སྐྱེས་བུ་ལ་ནི་ཅི་ཕྱིར་སྨྲེ། །ཡོན་ཏན་འབད་པས་བསྒྲུབ་བྱ་ཡིན། ། ༈ འབད་པའང་བདག་ཉིད་ལ་གནས་ན། །གཞན་དག་ཡོན་ཏན་ལྡན་ཞེས་ཏེ། ། དེ་ལྟར་གསོན་པ་སུ་ཡིས་བཟོད། ། ༈ བསྟན་བཅོས་དོན་ནི་ཤེས་པའི་མི། །འདི་ན་ཞ་བོ་རྣམས་ལའང་མང་། ། རལ་གྲིའི་རྩེ་མོ་རྣོན་པོ་ཡིས། །དགྲ་ལས་རྒྱལ་བྱེད་དེ་རྙེད་དཀའ། ། ༈ ཕྱུག་པོ་ཀླ་ཀློ་རྣམས་ལའང་ཡོད། །དཔའ་བོ་དུད་འགྲོ་རྣམས་ལའང་མང་། ། སྣ་ཚོགས་དོན་གྱི་གཏམ་སྨྲ་བའི། །དམ་པ་དག་ནི་ཀུན་དུ་དཀོན། ། ༈ རི་བོ་ཀུན་ལ་ཙན་དན་མེད། །གླང་པོ་ཀུན་ལ་མུ་ཏིག་མེད། ། ཡང་དག་དོན་གྱི་གཏམ་སྨྲ་བའི། །མཁས་པའང་ཀུན་ན་ཡོད་མ་ཡིན། ། ༈ ཡོན་ཏན་ཤེས་ལ་དེ་ཉིད་ཡོན་ཏན་འགྱུར། །ཡོན་ཏན་མེད་ན་དེ་ཉིད་སྐྱོན་དུ་འགྱུར། ། ཆུ་བོའི་ཆུ་ནི་ཤིན་ཏུ་སྐྱོན་མེད་པའང་། །རྒྱ་མཚོར་ཕྱིན་ན་བཏུང་དུ་མི་རུང་འགྱུར། ། ༈ ཡོན་ཏན་ལྡན་པ་ཡོན་ཏན་ལ་དགའ་ཡི། །ཡོན་ཏན་མེད་པ་ཡོན་ཏན་གྱིས་མི་མགུ། ། བུང་བ་ནགས་ནས་པདྨར་འོང་འགྱུར་གྱི། །སྦལ་བ་ལྷན་ཅིག་གནས་ཀྱང་དེ་ལྟ་མིན། ། ༈ མཁས་པ་རྣམས་ཀྱི་གྲགས་པ་ནི། །མཁས་པ་ཉིད་ཀྱི་ནང་དུ་འཁེལ། ། རིན་ཆེན་ཤེལ་ལ་རིན་ཆེན་དང་། །གཡུལ་ངོ་དག་ཏུ་དཔའ་བོ་བཞིན། ། ༈ ངང་པ་ཁཱ་ཡི་ཚོགས་ནང་མཛེས་མ་ཡིན། །ཅང་ཤེས་བོང་བུའི་ཚོགས་ནང་མཛེས་མ་ཡིན། ། སེང་གེ་ཝ་ཡི་ཚོགས་ནང་མཛེས་མ་ཡིན། །མཁས་པ་བླུན་པོའི་ཚོགས་ནང་མཛེས་མ་ཡིན། ། ༈ གང་ཞིག་ཆེན་པོས་སྤྱི་བོ་བཀུར། །དེ་ཉིད་དམན་པས་རྩྭ་སྙམ་སེམས། ། མཁས་པས་ཕྱག་བྱས་མཆོད་རྟེན་ནི། །ཁྭ་དག་སྟན་དུ་བྱེད་པ་ཡིན། ། ༈ བདག་ལ་གྲངས་མེད་ཡོད་གྱུར་ཀྱང་། །གཞན་ལ་ཉུང་ཟད་ཡོད་པ་ཡི། ། ཡོན་ཏན་མེད་ལ་དམ་པ་དགའ། །སྤྱོད་པ་འདི་ནི་ངོ་མཚར་ཆེ། ། ༈ ཐམས་ཅད་མཁྱེན་པའི་ཡོན་ཏན་ནི། །ཐམས་ཅད་མཁྱེན་པ་ཉིད་ཀྱིས་མཁྱེན། ། ས་གཞི་ཡི་ནི་ལྕི་བའི་ཚད། །མཐའ་ཡས་ཉིད་ཀྱིས་ཤེས་པ་ཡིན། ། ༈ གཞན་གྱིས་གཞན་དག་བསྒྲགས་ན་ནི། །མེད་པའང་ཡོན་ཏན་ཅན་དུ་འགྱུར། ། ཡོན་ཏན་རང་ཉིད་སྒྲོགས་པ་ནི། །བརྒྱ་བྱིན་ཡིན་ཡང་མི་བཙུན་འགྱུར། ། ༈ གང་དུ་ཡོན་ཏན་ལྡན་མི་མཆོད། །མཁས་པ་དེ་རུ་ཅི་ཕྱིར་འགྲོ། ། གོས་མེད་གཅེར་བུའི་གྲོང་ཁྱེར་དུ། །ཁྲུས་མཁན་གྱིས་ནི་ཅི་ཞིག་བྱ། ། ༈ ཀྱེ་མ་འཇིག་རྟེན་གླེན་པ་འདི། །རང་རྒྱུད་གྲུབ་པ་ཡོད་མིན་ཏེ། ། གཞན་གྱིས་བྱས་པའི་རྗེས་འབྲང་བས། །ཟངས་མའི་སྣོད་ནི་སྟོར་ནས་མེད། ། ༈ བཞད་གད་མཁན་དང་མཁས་པ་གཉིས། །བླུན་ལ་བཞད་གད་བྱེད་པ་མཆོག ། བཞད་གད་མཁན་གྱིས་ནོར་རྙེད་ཀྱིས། །མཁས་ལ་ནོར་མེད་སྟོང་པར་འགྲོ། ། ༈ སྣ་ཚོགས་དོན་ལྡན་གཏམ་རྒྱུད་ཀྱིས། །མཁས་པ་དུས་ནི་འདའ་བར་བྱེད། ། དབུལ་པོ་ཆོས་ཀྱིས་ཕོངས་གྱུར་པས། །གཉིད་ལོག་ན་ཡང་འཐབ་པར་བྱེད། ། ༈ གང་ཞིག་མང་པོ་ཚོགས་པར་གྱུར་པ་ལས། །སྐྱེ་བོ་དམ་པའི་ཡོན་ཏན་སྟེན་མི་བྱེད། ། དེ་ནི་རང་གི་མ་ཡི་སྡུག་བསྔལ་གྱིས། །བསྐྱེད་དེ་སྐྱེས་པར་གྱུར་ཀྱང་ཅི་ཞིག་ཕན། ། ༈ མཁས་པའི་ཚུལ་ནི་རིགས་པ་ཡིན། །ཁུ་བྱུག་ཚུལ་ནི་སྒྲ་སྙན་ཡིན། ། དཀའ་ཐུབ་ཚུལ་ནི་བཟོད་པ་ཡིན། །བུད་མེད་ཚུལ་ནི་ཉོན་མོངས་ཡིན། ། ༈ སྐར་རྩིས་དེ་བཞིན་གྲུབ་མཐའ་དང་། །མཁའ་ལྡིང་སྔགས་དང་སྔགས་སྨྲ་བ། ། དོན་གྱི་དེ་ཉིད་གཟུང་བྱ་ཡི། །སྒྲ་ལ་དཔྱད་པར་མི་བྱའོ། ། ༈ གླེགས་བམ་ལ་བཞག་རིག་པ་དང་། །གཞན་ལ་ཚོལ་བའི་ནོར་དག་ནི། ། དགོས་པའི་དུས་ལ་བབ་པ་ན། །དེ་ནི་ནོར་མིན་རིག་པ་མིན། ། ༈ བཟོ་སློབ་པ་ཡི་ཡོན་ཏན་ཀུན། །ཡོན་ཏན་འཚོ་བའི་རྒྱུ་ཙམ་ཡིན། ། འཁོར་བ་གཅོད་པའི་བློ་གྲོས་གང་། །ཅི་ཡི་ཕྱིར་ན་དེ་མིན་བྱིན། ། ༈ མི་ནི་སུ་ལའང་མ་བརྟགས་པར། །གདམས་ངག་སྦྱིན་པར་མི་བྱ་སྟེ། ། སྤྲེའུ་ཙམ་གྱི་གནས་བཅས་དང་། །གནས་མེད་པར་ནི་བྱས་ལ་ལྟོས། ། ༈ ཁ་ཅིག་སྨྲ་བ་ལྷུར་ལེན་ཏེ། །ཁ་ཅིག་མི་སྨྲ་དོན་ཡང་བསྒྲུབ། ། འདམ་བུ་མེ་ཏོག་འབྲས་བུ་མེད། །སྟར་ཀ་འབྲས་བུ་མེ་ཏོག་ལྡན། ། ༈ ཀེ་ཏ་ཀ་ཡི་འབྲས་བུ་ནི། །ཆུ་རྣམས་དྭངས་བར་བྱེད་མོད་ཀྱི། ། དེ་ཡི་མིང་ཙམ་སྨོས་པ་ཡིས། །ཆུ་རྡུལ་དང་བར་མི་བྱེད་དོ། ། ༈ གཞུང་ལུགས་དག་ལ་བྱང་བྱས་ཀྱང་། །ཉམས་སུ་ལེན་པར་མི་བྱེད་ན། ། ལག་ན་སྒྲོན་མ་ཡོད་ཀྱང་ནི། །ལོང་བས་ལམ་ནི་མཐོང་མི་འགྱུར། ། ༈ ཟླ་བ་ཡར་ངོ་མར་ངོ་ལྟར། །དམ་པ་དམ་མིན་བརྟེན་པ་ལས། ། ཡོན་ཏན་ཆུང་ངུའང་རྒྱས་འགྱུར་ཞིང་། །རྒྱ་ཆེན་པོ་ཡང་འགྲིབ་པར་འགྱུར། ། ༈ མཁས་པས་དགྲ་བོར་གྱུར་པའང་བླའི། །མི་མཁས་པ་དང་མཛའ་བ་མིན། ། རྐུན་པོས་བྲམ་ཟེ་བསྲུངས་པ་དང་། །སྤྲེའུས་རྒྱལ་པོའི་མིག་བཅར་བཞིན། ། ༈ མཁས་པ་དང་ནི་དུལ་བ་དང་། །ཆོག་ཤེས་བདེན་པར་སྨྲ་བ་དང་། ། འཆི་བ་ན་ཡང་འདུག་བླ་ཡི། །སྐྱེ་བོ་ངན་དང་རྒྱལ་སྲིད་མིན། ། ༈ སྦྲུལ་གདུག་སྐྱེ་བོ་ངན་པ་དུག །སྦྲུལ་ལས་ལྷག་པར་སྐྱེ་ངན་དུག ། སྦྲུལ་གདུག་སྨན་དང་སྔགས་ཀྱིས་ཐུབ། །སྐྱེ་ངན་གདུག་པ་གང་གིས་ཞི། ། ༈ སྐྱེ་བོ་ངན་པ་ཡོན་ཏན་བརྒྱ་ཡིས་ཕན་བཏགས་ཏེ། །དགའ་བར་གྱུར་ཀྱང་དེ་ནི་ཚིག་རྩུབ་སྨྲ་བར་བྱེད། ། གང་ཞིག་རིགས་ལྡན་དེ་བཞིན་བརྟན་པ་དང་། །བསྔགས་འོས་ཕོངས་ཀྱང་ཡོན་ཏན་གཏོང་མི་བྱེད། ། ༈ རང་བཞིན་ངན་པའི་མི་དག་དང་། །སྲང་གི་མཚན་ཉིད་དག་དང་མཚུངས། ། ཅུང་ཟད་ཙམ་གྱིས་མཐོ་འགྱུར་ཞིང་། །ཅུང་ཟད་ཙམ་གྱིས་དམའ་བར་འགྱུར། ། ༈ ཙན་དན་གླ་རྩི་ག་བུར་གྱིས་བྱུགས་ཀྱང་། །སྒོག་སྐྱའི་རང་བཞིན་དྲི་ང་མི་འདོར་ལྟར། ། རིགས་པའི་གཞུང་ལུགང་མང་པོ་རབ་བསླབས་ཀྱང་། །རང་བཞིན་ངན་པའི་མཚན་ཉིད་འདོར་མི་སྲིད། ། ༈ དམ་པའི་བུ་ལ་གདོང་ན་པདྨ་མེད། །སྨད་འཚོང་བུ་ལ་ཀླད་ནས་རྭ་མ་སྐྱེས། ། ཇི་ལྟ་ཇི་ལྟར་ལོག་པར་བྱེད་གྱུར་པ། །དེ་ལྟ་དེ་ལྟར་ནལ་བུའི་མཚན་ཉིད་ཡིན། ། ༈ ཁ་ནས་སྨྲས་པའི་ཚིག་གཞན་ལ། །ཡིད་ལ་སེམས་པའི་བསམ་པ་གཞན། ། ཀྱེ་མ་ཡོན་པོའི་བློ་གྲོས་ཅན། །འདི་ཡི་རང་བཞིན་སུ་ཡིས་སྤྲུལ། ། ༈ འབད་པས་སྐྱོན་ནི་ལེན་པར་བྱེད། །ཡོན་ཏན་རྟག་ཏུ་སྤོང་བར་བྱེད། ། སྐྱོན་ལེན་ཡོན་ཏན་སྤོང་བ་ཡི། །སྐྱེ་བོ་ངན་པ་ཆུ་ཚགས་འདྲ། ། ༈ སྐྱེ་བོ་ངན་པ་སུན་ཕྱུང་ན། །དམ་པ་ལ་ཡང་ཡིད་མི་རྟོན། ། བྱིས་པ་འོ་མས་ཁ་ཚིག་ན། །ཞོ་ལའང་ཕུ་ཡིས་འདེབས་ཤིང་འཐུང་། ། ༈ མཚན་མོ་མཚོ་ནང་སྐར་མའི་གཟུགས་བརྙན་སྣང་བ་ལ། ། ངང་པ་པདྨའི་རྩ་བར་འཁྲུལ་པས་སུན་ཕྱུང་བ། ། ཉིན་མོ་པད་རྩ་མངོན་སུམ་མཐོང་ཡང་ཟ་མི་བྱེད། ། བརྫུན་སྨྲས་སུན་ཕྱུང་བདེན་པ་ལ་ཡང་དོགས་པ་སྐྱེ། ། ༈ བུད་མེད་ཟས་ནི་ཉིས་འགྱུར་ཏེ། །དེ་ཡི་གཡོ་སྒྱུ་བཞི་འགྱུར་རོ། ། ངོ་ཚ་དག་ནི་དྲུག་འགྱུར་རོ། །འདོད་ཆགས་བརྒྱད་འགྱུར་ཞེས་བརྗོད་དོ། ། ༈ སྦྱིན་པས་མ་ཡིན་རིམ་གྲོས་མིན། །མཆོད་པས་མ་ཡིན་བསྙེན་བཀུར་མིན། ། བརྟན་པས་མ་ཡིན་བརྩོན་པས་མིན། །ཀུན་ཏུ་མི་བཟད་བུད་མེད་ཡིན། ། ༈ མཁའ་ལྡིང་དབང་པོས་ཁྱེར་བའི་ཚེ། །པད་དཀར་ཀླུ་ཡིས་སྨྲས་པ་ནི། ། གསང་ཚིག་བུད་མེད་ལ་སྨྲ་བ། །དེ་ཡི་སྲོག་ནི་དེ་ཟད་འགྱུར། ། ༈ དོན་དང་ཆོས་ནི་རྣམ་པར་ཉམས་བྱེད་ཅིང་། །མཐོ་རིས་དག་དང་ཐར་པའི་གེགས་བྱེད་ལ། ། གནོད་པ་ཀུན་གྱི་རྩ་བ་ཉིད་གྱུར་པས། །དེ་བས་གཞན་གྱི་བུད་མེད་རྟག་ཏུ་སྤང་། ། ༈ གང་གི་ཚིགས་བཅད་གཅིག་ཙམ་ཞིག །བླ་མས་སློས་མ་ལ་བྱིན་ན། ། གང་ཞིག་བཏང་ནས་ཤོག་བཏང་འགྱུར། །རྫས་དེ་ས་སྟེང་ཡོད་མ་ཡིན། ། ༈ འདུ་འཛི་ཀུན་དུ་སྤང་བར་གྱིས། །གལ་ཏེ་དེ་སྤོང་མ་ནུས་ན། ། དམ་པ་དག་དང་འདྲེ་བར་གྱིས། །དེ་ཉིད་དེ་ཡི་སྨན་ཡིན་ནོ། ། ༈ འདོད་པ་ཀུན་དུ་སྤང་བར་གྱིས། །གལ་ཏེ་སྤོང་བར་མ་ནུས་ན། ། ཐར་པ་དག་ལ་འདོད་པར་གྱིས། །དེ་ཉིད་དེ་ཡི་སྨན་ཡིན་ནོ། ། ༈ ཕན་མེད་གཉེན་ཡང་གཞན་ཡིན་ཏེ། །ཕ་རོལ་ཡིན་ཡང་གང་ཕན་གཉེན། ། ལྷན་ཅིག་འབྱུང་བའི་ལུས་སོགས་ནད། །ཕན་བྱེད་དགོན་པའི་སྨན་བཞིན་ནོ། ། ༈ འབད་པ་ཡིས་ནི་བཟུང་བ་ཡི། །བུམ་པ་ཡི་ནི་ཆུ་བྱེད་བཞིན། ། སྤྱི་བོ་ལ་ནི་བཀུར་བྱས་ན། །སྐྱེ་བོ་ངན་པ་ཁྲོ་བར་བྱེད།། ༈ གང་ཞིག་ཡིད་དང་རྗེས་མཐུན་པ། །རིང་ན་གནས་ཀྱང་ཉེ་བ་ཡིན། ། གང་ཞིག་ཡིད་ལ་བརྟན་མི་གནས། །དྲུང་ན་གནས་ཀྱང་རིང་བ་ཡིན། ། ༈ དམ་པ་མིན་དང་ལྷན་ཅིག་གནས་གྱུར་ཀྱང་། །ཆུ་དང་པད་མོ་བཞིན་དུ་འདྲེས་མི་འགྱུར། ། དམ་པ་ཐག་རིང་དག་ཏུ་གནས་གྱུར་ཀྱང་། །ཟླ་བ་ཀུ་མུ་ད་ལྟར་དགའ་བར་བྱེད། ། ༈ གལ་ཏེ་རྟག་ཏུ་མཛའ་འདོད་ན། །གསུམ་པོ་འདི་དག་མི་བྱ་སྟེ། ། རྒྱན་པོ་འགྱེད་དང་ནོར་འབྲེལ་དང་། །ལྐོག་ཏུ་ཆུང་མ་དང་སྨྲ་བའོ། ། ༈ ཇི་ལྟར་རྭ་ལས་འོ་མ་འབྱུང་། །འདམ་བུ་མེ་ཏོག་སྦྲང་རྩི་འཛག ། གལ་ཏེ་བུད་མེད་བདེན་གྱུར་ན། །སྐམ་ས་ལས་ཀྱང་པདྨ་སྐྱེས། ། ༈ བསོད་ནམས་ཡོངས་སུ་དམན་པའི་མིས། །ལོངས་སྤྱོད་ཐོབ་ཀྱང་སྤྱོད་མི་ཤེས། ། གངས་ཆེན་མཚོ་ལ་ཁྱི་བཞིན་དུ། །སྐོམ་ནའང་ལྕེ་ཡི་ལྡག་པར་བྱེད། ། ༈ འཇིག་རྟེན་འདི་ན་ལས་བྱེད་པ། །གླ་མེད་ལམ་བརྒྱགས་ཁྱེར་མི་བཏུབ། ། སློང་བ་དམན་པ་མི་མངོན་པར། །ཕྱི་མའི་དུས་ན་བརྒྱ་འགྱུར་ཁྱེར། ། ༈ རང་ནོར་སྤངས་ནས་འགྲོ་འགྱུར་བས། །སྐྱེས་བུ་སྦྱིན་པ་གཏོང་བར་བྱེད། ། ཤི་ནའང་ནོར་ནི་མི་འདོར་བས། །སྦྱིན་བྱེད་སེར་སྣ་ཅན་འདྲར་ཤེས། ། ༈ སྦྱིན་ན་དབུལ་གྱུར་དོགས་པ་ཡིས། །བཀྲེན་པ་སྦྱིན་པ་གཏོང་མི་བྱེད། ། ངེས་པར་འཇིག་པ་དེ་ཉིད་ཀྱིས། །མཁས་པས་ནོར་ནི་གཏོང་བར་བྱེད། ། ༈ ཟས་ལས་ཟན་གྱི་ཕྱེད་ཙམ་ཡང་། །སློང་བ་རྣམས་ལ་ཅིས་མི་སྟེར། ། འདོད་དང་རྗེས་མཐུན་འབྱོར་པ་ཡང་། །གང་གི་ཚེ་ན་འབྱུང་བ་འགྱུར། ། ༈ ལས་ཀྱིས་འབྱོར་པ་མེད་ཀྱང་གདུང་བ་མི་སྐྱེད་ཀྱི། ། འོན་ཀྱང་ཅི་འབྱོར་པ་ལ་སྦྱིན་པ་གཏང་བྱ་སྟེ། ། ལོ་མ་མེ་ཏོག་འབྲས་བུ་ཆུ་དང་སྨན་རྣམས་ནི། ། ཐམས་ཅད་མཐའ་ཡས་བསྔོ་བའི་སྟོབས་ཀྱིས་མཐའ་ཡས་འགྱུར། ། ༈ སྦྱིན་དང་སྤྱོད་པས་སྟོང་བ་ཡི། །ནོར་དེས་ནོར་བདག་ཡིན་ན་གོ། ། ནོར་དེ་ཉིད་ཀྱིས་བདག་ཀྱང་ནི། །ནོར་གྱི་བདག་པོ་ཅིས་མ་ཡིན། ། ༈ ཡབ་གཅིག་འདི་ནི་ལས་ཀྱི་ས། །འདི་ནས་ཕ་རོལ་འབྲས་བུའི་ས། ། འདི་ནི་གང་ཞིག་བྱས་གྱུར་པ། །དེ་ཉིད་གཞན་དུ་ངེས་པར་སྤྱོད། ། ༈ གཞན་འབྱོར་རིགས་དང་གཟུགས་དང་ནད་མེད་ཉིད། ། མཐོང་ནས་འདིར་ནི་ཅི་ཕྱིར་གདུང་བ་བྱེད། ། གལ་ཏེ་འདི་ཀུན་ཁྱོད་འདོད་བསོད་ནམས་ཀྱི། ། ས་བོན་ལས་ནི་འབྲས་འབྱུང་མ་ཐོས་སམ། ། ༈ འབྱོར་པ་ཡོད་ཀྱང་གཏོང་མེད་ན། །ཉེ་བར་འཚོ་བས་ཅི་བྱར་ཡོད། ། ཀིམ་པ་ཀ་ཡི་འབྲས་བུ་ནི། །ཆག་ཀྱང་ལྟོགས་ལ་ཅི་བྱར་ཡོད། ། ༈ གང་ཞིག་གཞན་ལ་གནོད་པ་མེད་པར་སྦྱིན་གཏོང་བ། ། འདི་ཡི་ལོངས་སྤྱོད་སྣ་ཚོགས་ཆུ་ཡིས་མི་འཁྱེར་ཞིང་། ། མེ་ཡིས་མི་ཚུགས་རྐུན་པོ་རྣམས་ཀྱིས་འཕྲོག་མི་ནུས། ། དེ་ཡི་འབྱོར་པ་ནམ་ཡང་རབ་ཉམས་མི་འགྱུར་རོ། ། ༈ གང་ཞིག་དམྱལ་བའི་ནད་ལ་ནི། །གསོ་བ་དང་ནི་མི་བྱེད་པ། ། སྨན་མིད་གནས་སུ་སོང་ནས་ནི། །ནད་དང་བཅས་པས་ཅི་བྱར་ཡོད། ། ༈ མི་སྲུན་སྐྱེ་བོ་ས་ཁུང་ལས་བྱུང་བས། །ཚིག་ནི་སྦྲུལ་གྱིས་སྐྱེ་བོ་དམ་པ་ཟིན། ། དུག་དེ་ཞི་བར་བྱེད་པའི་གཉེན་པོར་ཡང་། །ཤེས་རབ་བཟོད་པའི་སྨན་དག་བཏུང་བར་བྱ། ། ༈ ཇི་སྲིད་འཚོ་བར་བསད་ཀྱང་ནི། །དགྲ་བོ་ཟད་པ་མི་འགྱུར་གྱི། ། དེ་ནི་དགྲ་བོ་ཉིད་གསོད་ཡིན། ། ༈ མཐུ་ཆེན་བཅོས་སུ་མི་རུང་ལ། །བཟོད་པ་བྱར་ཡང་ཅི་ཞིག་ཡོད། ། དུལ་བ་ཞི་བའི་སྤྱོད་པ་ལ། །བཟོད་པར་བྱ་ཡང་ཅི་ཞིག་དགོས། ། ༈ གནོད་བྱེད་འོས་པས་ཁྲོ་ཞེ་ན། །ཆོས་དོན་འདོད་དང་ཐར་པ་དག ། མངོན་སུམ་དུ་ནི་འཇིག་བྱེད་པའི། །ཁྲོ་ལ་ཁྱོད་ནི་ཅིས་མི་ཁྲོ། ། ༈ གཞན་གྱི་འབྱོར་པ་དམ་པ་མཐོང་ནས་ནི། །གང་ཞིག་སེམས་འཁྲུག་པ་ནི་སྐྱེ་འགྱུར་བས། ། དོན་དེ་ཅུང་ཟད་རྙེད་པར་མི་འགྱུར་གྱི། །འགྲོ་དེ་རང་གི་བསོད་ནམས་འཇོམས་པར་བྱེད། ། ༈ ཐམས་ཅད་ཆོས་ནི་མཉན་པར་བྱ། །ཐོས་ནས་རབ་ཏུ་གཟུང་བྱ་སྟེ། ། གང་ཞིག་བདག་ཉིད་མི་འདོད་པ། །དེ་དག་གཞན་ལ་མི་བྱའོ། ། ༈ འཇིག་རྟེན་ཕ་རོལ་འགྲོ་བ་དག །ཤེས་པར་སྨྲ་ལ་སུ་ཞིག་མཁས། ། དེ་ནི་ཉམས་སུ་ལེན་པ་ན། །དྲང་སྲོང་རྣམས་ཀྱང་མཁས་པ་ཡིན། ། ༈ འབྱོར་པ་གཡོ་ཞིང་ལང་ཚོ་ཡུད་ཀྱིས་འཇིག །སྲོག་ནི་གཤིན་རྗེའི་སོ་གཅིག་གནས་དང་མཚུངས། འོན་ཀྱང་འཇིག་རྟེན་ཕ་རོལ་སྒྲུབ་ལ་ལྷོད། །ཀྱེ་མ་མི་ཡི་སྤྱོད་པ་ངོ་མཚར་ཆེ། ། ༈ བློ་གྲོས་བཟང་ཡང་ལེ་ལོ་ཡིས། །སྐྱེ་བ་མཐོན་པོར་མི་འགྱུར་ཏེ། ། ལག་རྩིས་ས་ལ་འབྲི་བ་ཡི། །ཕོ་ལོང་གཤེར་བ་དག་དང་མཚུངས། ། ༈ གལ་ཏེ་འགྲོ་བ་འདི་ཀུན་གྱིས། །འཆི་བདག་སྤྱི་བོར་གནས་མཐོང་ན། ། ཟས་ཀྱང་ཡི་གར་མི་འོང་ན། །བྱ་བ་གཞན་ལྟ་སྨོས་ཅི་དགོས། ། ༈ འདུས་བྱས་ཟིན་ཏམ་མ་ཟིན་ཅེས། །འཆི་བདག་སྡོད་བར་མི་འགྱུར་བས། ། སང་གི་བྱ་བ་དེ་རིང་བྱ། །ཕྱི་དྲོའི་བྱ་བ་སྔ་དྲོ་བྱ། ། ༈ ཇི་སྲིད་ནད་མེད་ལོ་ཏོག་སྐྱེས་གྱུར་པ། །ནད་ཀྱི་སེར་བ་ཆེན་པོས་མ་བརླགས་ཤིང་། ། ཇི་སྲིད་བློ་ནི་བྱ་བའི་རྗེས་འཇུག་པ། །འདི་ནི་དམ་ཆོས་མཉན་པའི་དུས་ཡིན་ནོ། ། ༈ བོང་བུ་ཕྱུགས་ལ་མེ་ཏོག་ཕྲེང་བ་ཅི། །དུད་འགྲོ་ཕག་ལ་ཁ་ཟས་ཞིམ་པོ་ཅི། ། ལོང་ལ་སྣང་དང་འོན་པ་དག་ལ་གླུ། །གླེན་པ་རྣམས་ལ་ཆོས་ཀྱིས་ཅི་ཞིག་བྱ། ། ༈ ཇི་སྲིད་འདོད་ཆེན་མ་གྱུར་པར། །དེ་སྲིད་ཡོན་ཏན་ཆེ་ཉིད་ཡིན། ། འདོད་ཆེན་ཉིད་ལ་ཞུགས་གྱུར་ན། །ཡོན་ཏན་བཙུན་པར་ག་ལ་འགྱུར། ། ༈ ཇི་སྲིད་སུ་ལའང་མི་སློང་པ། །དེ་སྲིད་དཀའ་ཐུབ་གཟི་བརྗིད་ཅན། ། དཔའ་ཞིང་ཤེས་ལྡན་རིགས་མཐོ་དག །སྐྱེས་བུ་ཞེས་ཀྱང་དེ་སྲིད་བརྗོད། ། ༈ དང་པོའི་རྩོམ་པ་གང་ཡིན་པ། །འདི་ལྟར་ངོ་མཚར་ཆེ་བ་ཡིན། ། ཟོ་ཆུན་བཟོ་སྦྱར་གྱུར་པ་ནི། །བུད་མེད་ཀྱི་ཡང་དབང་དུ་འགྱུར། ། ༈ དྲང་སྲོང་བུ་ནི་མྱུར་དུ་ཤི་ཡང་རུང་། །རྒྱལ་པོའི་བུ་ནི་ཡུན་རིང་གསོན་ཡང་རུང་། ། རྔོན་པའི་བུ་ནི་ཤིའམ་གསོན་མི་རུང་། །དམ་པའི་བུ་ནི་ཤིའམ་གསོན་ཡང་རུང་། ། ༈ དེ་ནས་འབྱུང་བ་ལ་གནས་པའི། །མི་ཡི་བློ་ནི་འཕེལ་བྱའི་ཕྱིར། ། གང་གིས་བསྟན་བཅོས་ཤེས་གྱུར་པའི། །ལེགས་པར་བཤད་པ་བཤད་པར་བྱ། ། ༈ ལེགས་པར་བཤད་པའི་རང་བཞིན་ཚིག །གང་ཡང་རུང་བ་བསག་པར་བྱ། ། ཚིག་གི་གནས་སྐབས་མཆོད་སྦྱིན་ལ། །ནོར་མེད་ཅི་ཞིག་སྟེར་བར་བྱེད། ། ༈ རིག་པ་བསླབ་དང་དཔའ་བོ་དང་། །གང་ཡང་གཟུགས་བཟང་ལྡན་བུད་མེད། ། གང་དང་གང་དུ་འགྲོ་གྱུར་པ། །དེ་དང་དེར་ནི་དཔལ་ཆེན་ཐོབ། ། ༈ རིག་པར་ལྡན་དང་རྒྱལ་པོ་ཡི། །གང་དུའང་མཉམ་པ་མ་ཡིན་ཏེ། ། རྒྱལ་པོ་རང་གི་ཡུལ་ན་བཀུར། །རིགས་ལྡན་ཀུན་དུ་བཀུར་བར་འགྱུར། ། ༈ གཟུགས་དང་ལང་ཚོས་ཕུན་ཚོགས་ཤིང་། །རིགས་མཐོ་རྣམས་ལས་སྐྱེས་གྱུར་ཀྱང་། ། རྒྱ་སྐྱེགས་ཤིང་གི་མེ་ཏོག་ལྟར། །རིག་དང་བྲལ་ན་མཛེས་མ་ཡིན། ། ༈ ལུས་ཅན་རིག་དང་བྲལ་གྱུར་པ། །རིགས་ལྡན་ཡིན་ཡང་ཅི་ཞིག་དགོས། ། འཇིག་རྟེན་དུ་ནི་རིག་པས་མཆོག །རིག་པ་མེད་པས་རླག་པར་བྱེད། ། ༈ བདེ་བ་འདོད་ན་རིག་པ་དོར། །རིག་པ་འདོད་ན་བདེ་བ་དོར། ། བདེ་ལྡན་རིག་པ་ག་ལ་འགྲུབ། །རིག་པ་དོན་གཉེར་ག་ལ་བདེ། ། ༈ རིགས་དང་མཛའ་ཤེས་མེད་གྱུར་པའི། །མི་ནི་རྟག་ཏུ་སྡུག་བསྔལ་འགྱུར། ། རིགས་དང་མཛའ་ཤེས་ལྡན་གྱུར་པའི། །མིས་ནི་རྟག་ཏུ་དགའ་བ་འཐོབ། ། ༈ རིགས་དང་ལྡན་པ་གཞན་ཡུལ་གང་། །སྙན་པར་སྨྲ་ལ་ཕ་རོལ་སུ། ། གནས་དང་ལྡན་པ་ཁུར་ལྕི་གང་། །བརྩོན་དང་ལྡན་ལ་ཐག་རིང་ཅི། ། ༈ རྩོལ་བ་ཡི་ནི་གྲོགས་ཡོད་ལ། །རི་རྒྱལ་རྩེ་མོའང་མཐོ་བ་མིན། ། ས་ཡི་འོག་ཀྱང་དམའ་བ་མིན། །རྒྱ་མཚོས་ཆོད་པའང་ཕ་རོལ་མིན། ། ༈ རིག་པ་གླེགས་བམ་ལ་བསླབས་ཀྱི། །བླ་མའི་ཐད་རྣམས་མ་བསླབས་པ། ། འཕྱོན་མའི་བུད་མེད་སྦྲུམ་མ་བཞིན། །ཚོགས་པའི་ནང་དུ་མི་མཛེས་སོ། ། ༈ བླ་མ་གང་ཞིག་ཡི་གེ་གཅིག །སྟེར་བ་ལ་ནི་བརྙས་བྱེད་པ། ། ཁྱི་ཡི་སྐྱེ་གནས་བརྒྱར་བརྒྱུད་ནས། །རིགས་ངན་དུ་ཡང་སྐྱེ་བར་འགྱུར། ། ༈ གང་ཞིག་ལ་ནི་ཡི་གེ་གཅིག །བླ་མས་སློབ་མ་ལ་བྱིན་ན། ། གང་ཞིག་བཏང་ནས་ཤོག་གཏོང་བའི། །ནོར་ནི་ས་སྟེང་ཡོད་མ་ཡིན། ། ༈ སྐྱེད་པར་བྱེད་དང་ལེགས་སློབ་དང་། །གང་ཞིག་རིག་པ་སྟེར་བ་དང་། ། ཟས་སྟེར་བ་དང་མི་འཇིགས་སྦྱིན། །ལྔ་པོ་འདི་དག་ཕ་རུ་བཤད། ། ༈ རྒྱལ་པོ་བློན་པོའི་ཆུང་མ་དང་། །དེ་བཞིན་མཛའ་བོའི་ཆུང་མ་དང་། ། སྤུན་ཟླའི་ཆུང་མ་མ་ཉིད་དེ། །ལྔ་པོ་འདི་དག་མ་རུ་བཤད། ། ༈ བླུན་པོ་རྣམས་ལ་གདམས་པ་ནི། །འཁྲུག་པར་འགྱུར་གྱི་ཞི་མི་འགྱུར། ། སྦྲུལ་ལ་འོ་མ་བླུད་པ་ནི། །དུག་འཕེལ་འགྱུར་བ་ཁོ་ནར་ཟད། ། ༈ མངོན་སུམ་པ་ཡི་རྐང་གཉིས་ཕྱུགས། །བླུན་པོ་ཡོངས་སུ་སྤང་བར་བྱ། ། མ་མཐོང་ཚེར་མ་ཇི་ལྟ་བར། །ཚིག་གི་ཟུག་རྔུས་གནོད་པར་བྱེད། ། ༈ བླུན་པོས་བླུན་པོ་མཐོང་གྱུར་ན། །ཙན་དན་བས་ཀྱང་བསིལ་བར་བྱེད། ། གལ་ཏེ་མཁས་པ་མཐོང་གྱུར་ན། །ཕ་གསོད་པ་ནི་ལྟ་བུར་སེམས། ། ༈ སྐྱེ་བོ་ངན་ལ་ཕན་པ་དག །བྱས་ཀྱང་གང་ལའང་བྱས་མི་གཟོ། ། དམ་པ་ཅུང་ཟད་བཀུར་ན་ཡང་། །ཇི་སྲིད་འཚོ་བར་རང་དབང་འགྱུར། ། ༈ བླུན་པོ་ཆུ་ཡི་རི་མོ་ལྟར། །གང་ཞིག་བྱས་པ་དེ་མྱུར་འཇིག ། དམ་པ་རྡོ་ཡི་རི་མོ་ལྟར། །ཤིན་ཏུ་ཆུང་ངུའང་བརྟན་པར་གནས། ། ༈ སྐྱེ་བོ་ངན་པ་སྙན་སྨྲ་ཡང་། །འདི་ལ་ཡིད་བརྟན་རུང་མ་ཡིན། ། རྨ་བྱ་སྒྲ་སྙན་སྒྲོགས་ན་ཡང་། །ཟས་སུ་དུག་ཆེན་ཟ་བ་ཡིན། ། ༈ ཨེ་མ་སྐྱེ་བོ་ངན་པ་དང་། །བད་ཀན་དག་གི་རང་བཞིན་མཚུངས། ། འཇམ་པོ་ཡིས་ནི་འཁྲུག་འགྱུར་ལ། །རྩུབ་པོ་ཡིས་ནི་ཞི་བར་འགྱུར། ། ༈ སྐྱེ་བོ་ངན་དང་གསེར་དང་རྔ། །མི་སྲུན་རྟ་དང་བུད་མེད་དྲེགས། ། བརྡུངས་ནས་དུལ་བ་ཉིད་འགྱུར་གྱི། །དེ་དག་ལེགས་བྱས་སྣོད་མ་ཡིན། ། ༈ སྐྱེ་བོ་ངན་དང་ལྷན་ཅིག་ཏུ། །དགྲར་གྱུར་མཛའ་བའང་མཛེས་མ་ཡིན། ། ཁྱིམ་ནི་རྩེ་བར་བྱེད་པའམ། །ལྷག་པའང་མཛེས་པར་འགྱུར་མ་ཡིན། ། ༈ སྦྲུལ་བས་ཀྱང་ནི་མི་སྲུན་གདུག །སྦྲུལ་གདུག་སྨན་དང་སྔགས་ཀྱིས་ཞི། ། མི་སྲུན་ཅིས་ཀྱང་ཞི་མི་བྱེད། །མི་སྲུན་པ་ཡི་ཉེས་པ་ནི། ། ངོ་བོ་ཉིད་ཀྱིས་རྗེས་འཇུག་ལ། །གང་ཞིག་མི་སྲུན་དང་འདྲེས་དེ། ། མི་སྲུན་ལས་ཀྱང་མི་སྲུན་འགྱུར། ། ༈ ཕ་ཡི་སྤྱོད་པ་མ་མཐོང་ཡང་། །བུ་ནི་རྗེས་སུ་འཇུག་བྱེད་དེ། ། ཀེ་ཏ་ཀ་ཡི་ཤིང་ལས་ནི། །སྐྱུ་རུ་ར་འབྲས་འབྱུང་མི་འགྱུར། ། ༈ ཕ་དང་མ་དང་དེ་བཞིན་སྤུན། །ཆུང་མ་རྗེས་མཐུན་འཇུག་པ་རྣམས། ། དེ་ཡི་སྡིག་པ་བྱས་པ་གང་། །དེ་ནི་མི་དེས་བྱས་དང་མཚུངས། ། ༈ ས་འདི་རྒྱ་མཚོ་ཆེན་པོ་དང་། །རི་བོར་བཅས་པ་ཁུར་མིན་གྱི། ། གང་ཞིག་བྱས་པ་མི་བཟོ་བ། །དེ་ནི་ཤིན་ཏུ་ཁུར་ལྕི་ཡིན། ། ༈ ཚུལ་ཁྲིམས་ལྡན་དང་ལྷན་ཅིག་གནས། །འབྱུང་པོ་ཀུན་ལ་ཕན་པར་དགའ། ། གཤིན་རྗེ་འཇིགས་བྱེད་གང་ཡིན་པ། །དེ་ནི་མཁས་པས་རབ་ཏུ་བསྔགས། ། ༈ མཁས་པ་དང་ནི་དུལ་བ་དང་། །ཆོག་ཤེས་བདེན་སྨྲ་ལྷན་ཅིག་ཏུ། ། བཙོན་རར་གནས་པའང་གནས་བླ་ཡི། །མི་སྲུན་ནང་གི་རྒྱལ་སྲིད་མིན། ། ༈ དམ་པ་དག་དང་ལྷན་ཅིག་འདྲིས། །མཁས་དང་ལྷན་ཅིག་སྨྲ་བ་དང་། ། བརྐམ་མེད་ལྷན་ཅིག་མཛའ་བ་ཉིད། །བྱེད་པ་སྐྱོང་བར་མི་འགྱུར་རོ། ། ༈ ཤིན་ཏུ་ཡུན་རིང་དུས་སུ་ཡང་། །གང་གི་འཇིག་རྟེན་འདི་དང་ནི། ། གཞན་དུ་སྡུག་བསྔལ་མི་ཐོབ་པའི། །བློ་ནི་ཆོས་མཐུན་ཉིད་དུ་བྱ། ། ༈ སེམས་ནི་དགའ་བར་བྱེད་ན་ཡང་། །རྣམ་སྨིན་གནོད་བྱེད་ཅི་རུ་རུང་། ། གང་གི་ཁམས་ནི་འཁྲུག་བྱེད་པའི། །ཁ་ཟས་ཞིམ་པོའང་ཅི་རུ་རུང་། ། ༈ གནོད་ཀྱང་ཕན་པར་འགྱུར་བ་ནི། །མཁས་པས་སྨིན་བཞིན་བཏུང་བྱ་སྟེ། ། འདི་ཡི་འབྲས་བུ་རྗེས་ཐོབ་པ། །མཚུངས་པ་མིད་པ་ཉིད་དུ་འགྱུར། ། ༈ དོན་འདིར་རིགས་དང་ལྡན་པ་ཡིན། །རྒྱལ་པོས་བསྡུ་བ་བྱས་ན་ནི། ། ཐོག་མ་དབུས་དང་ཐ་མ་རུ། །དེ་ནི་གཞན་དུ་མི་འགྱུར་རོ། ། ༈ རྒྱ་མཚོ་འཇིག་པའི་དུས་སུ་ནི། །གཞུང་ལས་རྒལ་བར་འགྱུར་ཞེས་གྲགས། ། དམ་པ་འཆི་ནའང་གཞུང་ལུགས་ལས། །ནམ་ཡང་འདའ་བར་མི་བྱེད་དོ། ། ༈ ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ཞེས་བྱ་བ། སློབ་དཔོན་ཀླུ་སྒྲུབ་ ཀྱིས་མཛད་པ་ལས་ལེའུ་གཉིས་པ་ལོགས་ཤིག་ཏུ་བསྒྱུར་པ་རྫོགས་སོ། ། ༈ ལོ་ཙཱ་བ་ཤཱི་ལེན་དྲ་བོ་དྷི་དང་། བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

Dec 18, 2010

ཁྱོད་དྲན་སྟངས་ཤིག



ཟླ་བ་གཞོན་ནུ།


ཤ་དྲོད་ཀྱིས་བྲང་ཁོག་བསྲེགས་སྲིད་པའི་ནུ་མ་རྡོག་དེ་གཉིས
ང་ནམ་ཡང་རྩིབ་ལ་ཤོག་ཅེས ཡང་ཡང་འབོད་པའི་གཡབ་མོ་ཞིག་ཡིན་ནམ།
ཡང་ན་ཁྱོད་ལུགས་ཀྱི་བརྡ་རྟགས་རིགས་ཤིག་ཡིན

བསུབ་མི་ཐུབ་པའི་ཁྱེད་ཀྱི་བརྩེ་འདང་གི་ཚོན་རྩི
གཅོད་མི་ཐུབ་པའི་ཁྱེད་ཀྱི་ཕྱི་ཐག་གི་གསེར་སྐུད
གཞལ་མི་ནུས་པའི་ཁྱེད་ཀྱི་དུངས་པའི་ཟབ་ཚད
དེ་དག་དང་དེ་དག་གི་བཙན་འཛུལ
ང་རང་ནམ་ཡང་ཁེར་རྐྱང་གི་སྡོང་བུ་ལ་ཁེན་ཏེ
སྡོང་ལོའི་མཆི་མ་ཟག་པར་ཅེར་བའི་རྒྱུ་རྐྱེན་དུ་གྲུབ་སྲིད་དམ

འཆར་ཡན་གྱི་ས་རྡུལ་ཐེངས་འགར་སྤྲུགས་ཤུལ་ན
ང་ཡང་བརྩེ་དུང་གི་རྒྱལ་སྲས་ལ་ལག་པ་འཇུས་འཇུས་ཏེ
གཉོམ་དུང་དུང་གི་ཞགས་པ་སྐེག་ལ་བཏགས་ཡོད་མཁན་ཞིག་ཡིན་ངེས

ལྷགས་པ་གྲང་མོ་ཞིག་དལ་གྱིས་གཡུག་བྱུང
ཤུགས་རིང་ནར་མོ་འགའ་རྒྱང་ལ་འཁྱེར་སོང
སྐྱ་སེང་སེང་གི་ཟླ་བ་སྤྲིན་རུམ་དུ་འཛུལ་ཚུལ་དེས
ང་ལ་ཉན་རན་འདུག་ཟེར་གྱིན་པ་འདྲ
སྐྱོ་གདུང་གི་མཁའ་དབུགས་ནང་ལ་འཁྱིལ་ཡོང་དུས
ལོ་མ་ཆུང་ཆུང་ཞིག ཡང་ན་བྱིས་པ་ཆུང་ཆུང་ཞིག་གི་སྟབས་ཀྱིས
ངས་སྐྱོ་ངལ་གྱི་རླབས་རིས་གསེང་ནས་འགྲེ་ལོག་བརྒྱབས

འདས་ཟིན་གྱི་དགའ་སྐྱོ་སྔོག་ཐེངས་ཤིག་གིས
གཉིད་དུ་འབོད་པ་ཞིག་ང་ལས་རྒྱང་དུ་གྱར་བཞིན་འདུག
དེ་དང་འགྲོགས་ཏེ་རྨི་ལམ་ཟེར་བ་ཞིག་ཀྱང་བོར་གྱིན་འདུག

༢༠༡༠།༡༢།༡༥རང་གི་སྐྱེས་སྐར་ཉིན་བྲིས།

Dec 6, 2010

དར་ལྕོག

ནང་པའི་སྒོམ་སྒྲུབ་པ་བཞི་ལྷ་ཁང་ཞིག་ཏུ་བཞུགས་ཏེ་བསམ་གཏན་ལ་གནས་བཞིན་ཡོད་པ་ལ། གློ་བུར་དུ་ལྷ་ཁང་གི་རྩེར་བཙུགས་ཡོད་པའི་དར་ལྕོག་དེ་ལྷབ་ལྷུབ་ཏུ་གཡོ་མགོ་བརྩམས།སྒོམ་སྒྲུབ་པ་ཆུང་ཤོས་དེའི་བསམ་གཏན་དཀྲོགས་པས། ཁོང་ན་རེ། དར་ལྕོག་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག་ཅེས་པར།ཁོང་ལས་ཅུང་གོམས་པ་ཆེ་བའི་སྒོམ་སྒྲུབ་པ་ན་རེ། རླུང་གཡོ་བཞིན་ཡོད་པ་རེད་ཅེས་བརྗོད།སྒོམ་སྒྲུབ་པ་གསུམ་པ་དེ་ལྷ་ཁང་འདིར་ལོ་ཉི་ཤུའི་གོང་ནས་ཡོད་ཅིང་། ཁོང་ན་རེ། སེམས་གཡོ་བཞིན་ཡོད་པ་རེད་ཅེས་པར།ཁོང་ཚོའི་ཁྲོད་ནས་མཆོག་ཏུ་གྱུར་བ་སྒོམ་སྒྲུབ་པ་བཞི་བ་དེ་སད་ནས་ན་རེ། ཁ་གཡོ་བཞིན་འདུག་ཅེས་བརྗོད།

༢༠༡༠།༡༡།༢༧་ལ་ཧིནྡཱི་ལས་བསྒྱུར།

Nov 22, 2010

མཛེས་སྡུག ཁྱོད་ད་རུང་ཤི་མི་ཉན།


མཛེས་སྡུག ཁྱོད་ད་རུང་ཤི་མི་ཉན།
ཅེན་ནི། 简昵 



མདང་དགོང་གཟིམ་སྦུག་ཏུ་གྲོགས་མཆེད་དག་དང་མཉམ་འཛོམས་ཀྱིས་ཟ་མ་ཟོས་པ་ཡིན། བུད་མེད་ཀྱི་འཇིག་རྟེན་གྱི་བརྗོད་གཞི་ནི་མེད་ས་མི་འགྲོ་བ་ཞིག་རེད། ཅི་ཡིན་གང་ཡིན་མེད་པར། ང་ཚོའི་ཁ་བརྡ་བུད་མེད་ཀྱི་སྐྲ་ལོའི་སྒང་ལ་ཕྱོགས་སོང་། སྐྲ་ལོ་ནས་མགོ་བཙུགས་ཏེ་སྐྲ་ཚོས་བསྒྱུར་བའི་སྐོར་དང་། དེ་ནས་ཡང་ཚོས་སྒྱུར་གྱི་རྫས་ནས་རྒྱུན་དུ་སྐྲ་ཁ་སྒྱུར་བར་ནད་རིགས་འབྱུང་བའི་སྲིད་པ་ཡོད་ཚུལ་སོགས་གླེང་། 
གྲོགས་པོ་ཞིག་གིས་སྐྲ་སྒྱུར་ཚོས་གཞན་ཞིག་བེད་སྤྱོད་བཏང་མ་ཐག ཁམ་སྐྱ་ལ་དཀར་སྐྱ་འདྲེས་ཤིང་རྒྱས་སྤྲོས་ལས་སྤྱང་གྲུང་མངོན་འོང་བས། མི་གང་མང་གི་གཅིག་མཐུན་གྱི་གདེང་འཇོག་ཡག་པོ་འཐོབ་ཀྱང་། མོས་སྨིན་མ་བསྡུ་ཞོར་དུ་སྡུག་བསྔལ་བགྲང་སོང་། མོར་སྐྲ་སྒྱུར་ཚོས་འདི་རིགས་མི་འཕྲོད་པར་མངོན་ཞིང་། མིད་ཐག་ལ་ཟ་འཕྲུག་ལངས་པར་མ་ཟད། ད་དུང་རྟག་ཏུ་མགོ་ན་བར་སྣང་རྐྱེན། དེ་ནས་མི་མང་ཁ་མང་གིས་སྐྲ་སྒྱུར་ཚོས་འདི་རིགས་གང་མགྱོགས་སྤྱོད་མཚམས་འཇོག་དགོས་པའི་ཞལ་ཏ་གནང་། མཛེས་སྡུག་གི་ཆེད་དུ་དེ་ལྟ་བུའི་ཉེན་མཆོངས་བྱེད་མི་རི་བར་བཤད།
"ང་མཛེས་སྡུག་གི་ཆེད་དུ་ཤི་ཡང་འདོད་"ཅེས་ཡུན་རིང་ཁ་མ་གྲགས་པའི་སཱང་རེས་གློ་རྡེག་ལ་བར་དུ་འཚང་བྱུང་། 
 "ང་ཉིན་གཅིག་ལ་འཚོ་དགོས་ནའང་ཉིན་དེ་ལ་མཛེས་དགོས"་ཞེས་ཁ་གསབ་བརྒྱབས་སོང་། ནམ་རྒྱུན་གཟའ་པ་སངས་ཀྱི་ཞོགས་པར། བུད་མེད་ལོ་ལོན་ཞིག་གླ་འཁོར་ལས་དལ་གྱིས་ཐོན་ནས་འཁར་བར་བརྟེན་ཞོར་མཛེས་བཟོ་ཁང་དེ་ལ་འཛུལ་འགྲོ དུས་ཚོད་གཅིག་གི་རྗེས་སུ་མོ་ག་ལེར་ག་ལེར་ཕྱིར་ཐོན་ཡོང་དུས། ཅུང་ཙམ་འཁྱིལ་ཞིང་དངུལ་མདོག་གི་དབུ་སྐྲ་ཐུང་ཐུང་དེ་ཉིད་ཉི་འོད་འོག་འོད་ཀྲིག་ཀྲིག་བྱེད། ཁོང་མོའི་ཆུ་ཚོད་ལྟར་གྱི་མངོན་སྟངས་དེས་ཁྱོད་ལ་ཡང་གཟའ་མཇུག་ཅིག་ཡིན་པའི་དྲན་པ་གསོ་ངེས་ཡིན། མཛེས་བཟོ་བས་བཤད་རྒྱུར། ཁོ་མོ་གཞོན་ནུ་མའི་དུས་སྐབས་ནས་བཟུང་སྟེ་གཟའ་འཁོར་རེར་སྐྲ་ཐེངས་རེ་བཟོ་ལ་དེ་ཕལ་ཆེར་རྒྱུན་ལྡན་རེད། འདི་ལྟ་བུའི་འཚོ་སྟངས་འདི་ད་ཐུག་ཏུ་འགྱུར་བ་ཐེབས་མ་སོང་ཟེར།ཁོང་མོ་ལོ་ན་རྒས་ཤིང་སྐུ་ཟླ་ཡང་ཆས་ཟིན། ཁོང་གཉིས་ཀྱི་ལས་འཁྱུར་ངལ་གསོའི་རྗེས་ཀྱི་བསགས་དངུལ་ལས་འགྲོ་སོང་ངེས་པར་གཏོང་དགོས་པ་གཅིག་ཡོད་པའང་ཁོང་མོའི་སྐྲ་བཟོའི་རིན་དོད་དེ་ཡིན་ལ། དེ་ནམ་ཡང་མཚམས་བཞག་མ་མྱོང་། 
ཌོ་ལོ་ལྔ་ནས་ཌོ་ལོ་བཅུ་དེ་ནས་ད་དུང་ཌོ་ལོ་བཅོ་ལྔ་་་་་་་་་་་་དེ་ནས་ད་བར་གྱི་ཌོ་ལོ་ཞེ་ལྔའི་བར་དུ་འཕར། དངུལ་ལོར་འགྲེམ་ཐལ་ཤོར་བས་ཁོང་མོའི་དངུལ་ཁུག་ཇེ་སྟོང་ནས་ཇེ་སྟོང་དུ་གྱུར་ལ། དཔལ་འབྱོར་གྱི་ཉམས་ཉེན་གྱིས་ཁོང་མོར་གདུག་རྩུབ་ཀྱི་གདོང་པ་སྟོན་མོད་ཀྱང་། འདི་ཚང་མས་ཁོང་མོའི་མཛེས་བཟོ་ཁང་ལ་བསྒྱུར་བའི་གོམ་ཁ་འགོག་མ་ཐུབ།ལོ་དགུ་བཅུར་སླེབས་ལ་ཉེ་བའི་རྒན་མོ་ཞིག མཚམས་ལན་རེར་མོ་དང་ལོ་ལོན་པའི་མི་དང་མཉམ་དུ་ཁ་བརྡ་རེ་བྱེད་པ་དང་། ཇ་རེ་འཐུང་བ་ལས། སྤྱི་ཚོགས་ཀྱི་བྱ་འགུལ་མེད་ཅིང་ཕལ་ཆེ་བར་ཁྱིམ་གྱི་ཕྱི་ལོག་ལ་ཕེབས་མི་དགོས་མོད། དེ་ལས་ལྡོག་སྟེ། ཁོ་མོའི་དབུ་སྐྲ་ན་རྐང་གཅིག་ཀྱང་མ་འཛིངས་པར་ཡོད་ཅིང་། གྱོན་ཆས་གྱོན་སྟངས་ལ་ཧ་རི་ཧུ་རི་ཁྱོན་ནས་མི་བྱེད། མོས་མཛེས་སྡུག་གི་རྒྱུན་སྐྱོང་བར་བྱེད་ལ། འདི་ཡང་གཅིག་བཤད་ན་མོར་རྒྱུན་སྐྱོང་རྒྱུ་ལྷགས་ཡོད་པ་གཅིག་པུ་སྟེ། འཇིག་རྟེན་འདིར་གནས་པའི་རྩིས་ཐང་ཡིན་སྲིད། སྐུ་ཞབས་མོ་སཱི་ནི་མིང་གྲགས་ཡོད་པའི་ཁང་པའི་ནང་ལོགས་ཀྱི་བཟོ་འགོད་པ་ཞིག་ཡིན་ལ། ན་ནིང་རང་ལས་འཁྱུར་བྱས་མ་ཐག་པ་ཡིན། དགུང་ལོ་གྱ་དྲུག་ཡིན་པའི་ཁོང་ངའི་ལྡེབས་རིས་ཅན་གྱི་བར་ཁྱམས་སུ་མངོན་དུས། སྔར་བཞིན་སྲོལ་རྙིང་བའི་མི་དྲག་གི་ཤོམ་ངོམས་འདུག་ལ། སྔར་བཞིན་ཕྱིའི་རྣམ་པར་དང་དོད་ཚ། མགོ་སྐྲ་སྲབ་བུ་དེ་ཕྱི་ལྟག་ཏུ་ཤད་ནས་འདུག་ལ། ཀླད་པའི་སྒང་ནས་ནེམ་སྣུམ་གྱི་མགོ་པགས་མངོན་འོང་། རས་ཁཱ་ཆིའི་ཚོས་མདོག་ནག་པོའི་དོར་མ་དང་ཁོག་སྟོད་དུ་རས་ཡཱ་མ་དཀར་པོའི་ཕྱི་ལུགས་གྱོན་ཆས་ཤིག་མནབས་འདུག་ལ། ཁུག་མ་ལས་སེར་སྨུག་གི་ལག་ཕྱིས་ཀྱི་ཟུར་ཙམ་འཇུར་ནས་འདུག་པ་དེ་ནི་ཚོན་མདོག་སྡེབ་སྟངས་དངོས་གནས་ཉེན་ཁ་ཅན་ཞིག་རེད། ཁོང་གིས་ཕྱོགས་གཅིག་ནས་ནག་སྨུག་གི་གནམ་གཤིས་ལ་འཁང་ར་བྱེད་ཞོར། ཕྱོགས་གཅིག་ནས་གང་ཐུབ་ཀྱིས་སྒལ་བ་ཇེ་དྲང་དུ་གཏོང་།  
"གནའ་རབས་ཀྱི་ཁྱད་ཆོས་ལྡན་པའི་དར་གོས་དེ་དག་གང་དུ་ཡོད་"ཅེས་ང་ལ་དྲི་བ་དྲིས་བྱུང་། ཁོང་གིས་ད་དུང་ཧྲང་ཧེའི་དར་གོས་རྙིང་ལེབ་དེ་དྲན་སོས་ཀྱི་ཡོད་པ་རེད། ངས་སྔོན་མ་ཞིག་ལ་དེར་ཤེལ་སྒྲོམ་ཞིག་གིས་གཡོགས་ནས་གྱང་ངོས་སུ་བཀལ་རྗེས། ཞིབ་ཚགས་ཤིང་འཐུས་ཚང་བ་དང་། འདྲ་ཆགས་ཤིང་ཚད་མཐོ་བའི་ཀྲུང་གོའི་རིག་གནས་ལ་སེམས་གཏིང་ནས་འདོད་ཚིམས་བྱུང་། ཁོས་ཁོང་རྒྱུ་སྤུས་ཤིན་ཏུ་ལེགས་པའི་ཅ་ལག་ལ་ཚོར་འདུ་མ་འདྲ་ཞིག་སྐྱེས་བར་བཤད་པ་དེ་ཏག་ཏག་ཕུལ་བྱུང་བཟོ་འགོད་པའི་ཐུན་མིན་གྱི་ནུས་པ་དེ་རེད། ཁོས་ཚེ་གང་ལ་བརྩམས་ཆོས་གྲངས་མེད་ཅིག་ལ་བཟོ་འགོད་བྱས་མྱོང་། ཆེས་མཐའ་མ་དེས་ཁོང་ལ་ཤུགས་རྐྱེན་གཏིང་ཟབ་པ་ཞིག་བཞག ཁོའི་ཚོང་གི་འགྲུལ་བ་ཞིག་གིས་བཟོ་འགོད་ཀྱི་ཆ་རྐྱེན་གཅིག་རང་གཅིག་བཏོན་པ་ནི། ཁོ་མོར་དགོས་པ་ནི་ཁང་པའི་ནང་ལོགས་གང་དུའང་བཀྲག་ཅིང་སོས་པའི་སེར་མདོག་མཐོང་ཐུབ་རྒྱུ་དེ་རེད། མཐའ་མར་ཁོས་བསྒྲུབས་ཐུབ་སོང་། ཁོས་ནམ་རྒྱུན་བཟོ་འགོད་བྱེད་དུས་ལག་ཐོགས་སའི་ཁ་མདོག་དེ་སྤྱད་ནས་ལྷ་ཡི་བ་གམ་ལྟ་བུ་ཞིག་འཁྱོངས་ཐུབ་སོང་བ་རེད། སྐྱེས་སྨན་དེ་རང་ཉིད་ཆེས་ཡིད་ཚིམས་པའི་ཁང་མིག་དེ་ལ་ཟླ་དྲུག་ལ་བསྡད་རྗེས་འཇིག་རྟེན་འདི་དང་ཁ་བྲལ་སོང་། མི་ཁ་ཤས་ཤིག་གིས་དེ་ཡིད་ཕངས་པ་ཞིག་ཡིན་པར་བཤད་མོད། འོན་ཀྱང་། ངས་མོས་ཟླ་དྲུག་ལ་མཛེས་སྡུག་གི་དུས་ཚོད་ཅིག་ལ་རོལ་བ་རེད། དེས་འགྲིག་འདུག་ཅེས་བཤད་པ་ཡིན། སྐུ་ཞབས་མོ་སཱི་ལགས་ཀྱིས་ཁོ་མོའི་ལོ་རྒྱུས་བཤད་ཀྱིན་ཡོད་དམ་ཡང་ན་ཁོ་རང་ཉིད་ཀྱི་མི་ཚེའི་མྱོང་གྲུབ་ལ་སྤྱི་སྡོམ་རྒྱག་གིན་ཡོད་ཅེས་ཐེ་ཚོམ་གྱི་འཁྱོགས་ལ་འཆིང་བར་བྱེད། 
འཇིག་རྟེན་འདིའི་ནང་དུ། མི་ཚང་མར་རང་ཉིད་ཀྱི་འཚོ་སྟངས་རེ་ཡོད་པ་རེད། འཚོ་བ་ནི་འདི་ལྟར་སྣ་འཛོམས་དང་འདི་ལྟར་མཛེས་སྡུག་ལྡན་པ་ལ། མི་ཆེ་གེ་མོ་ཞིག་གིས་དུས་ཞིག་ལ་འདི་ལྟར་བརྗོད་ཡོད་པ་བཀའ་དྲིན་ཆེ་བ་སྟེ། 
"ཚེ་སྲོག་ནི་མཛེས་སྡུག་གི་བྱ་དངོས་སྟེང་འཕྲོ་བརླག་གཏོང་འོས།"ཟེར། གལ་སྲིད་ཁྱེད་ཀྱིས་སྒྲུབ་ཐུབ་པ་ཡིན་ན། 
"ང་སྔོན་ནས་རྒས་ཟིན། ད་དེ་ལས་རྒས་རྒྱུར་ཡང་མི་ཞེད།"ཅེས་རྟག་ཏུ་སྒམ་ཚུགས་འཛིན་མཁན་གྱི་མི་དེས་ང་ལ་དེ་སྐད་ཟེར། དེ་དང་མཉམ་དུ་ཁོང་གིས་"ང་ཚོ་ནམ་ཡང་སྔོན་གྱི་སྤུས་དག་གི་དུས་སྐབས་དེར་ཕྱིར་ལོག་མི་བཏུབ་པ་རེད་"ཅེས་ཤུགས་རིང་ནར་ནར་འབྱིན། མི་རབས་གང་ཞིག་གིས་ཡིད་མྱོས་བྱེད་སའི་གནའ་དཔེའི་མཛེས་སྡུག་དེ་དར་སྲོལ་གྱི་འཕེལ་རླབས་ལས་རྗེས་ལུས་སུ་འགྱུར་སྲིད། 
 འོན་ཀྱང་། གལ་ཏེ་ང་རང་གཟའ་པ་སངས་ཀྱི་ཞོགས་ཀར། མཛེས་བཟོ་ཁང་ལ་འགྲོ་བའི་བུད་མེད་རྒན་མོ་དེ་མ་མཐོང་བ་ཡིན་ནའང་། ང་ད་དུང་འདི་ལྟར་བཤད་འདོད་པ་སྟེ། "མཛེས་སྡུག ཁྱོད་ད་དུང་ཤི་མི་ཉན།" 

༡༠།༠༩།༠༧ལ་རྒྱའི་ཀློག་པ་བོའི་དྲ་ཚིགས་ནས་བསྒྱུར།

Oct 28, 2010

ལོ་ཙཱའི་ཁྲོད་དུ་བསྒྱུར་ནུས་ཤིང་མི་ནུས་པའི་ཁྱད་པར་སྐོར་གླེང་བ།



ལོ་ཙཱའི་ཁྲོད་དུ་བསྒྱུར་ནུས་ཤིང་མི་ནུས་པའི་ཁྱད་པར་སྐོར་གླེང་བ།

རྩོམ་པ་བོ། འབྲུག་མོ།



འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་སོ་སོའི་རྩོམ་མཁན་གྲགས་ཅན་ཚོའི་པུར་རྩེ་ལས་ཐོན་པའི་བརྩམས་ཆོས་ཕུལ་དུ་བྱུང་བ་མང་པོ་མཆིས་པ་དེ་རྣམས་འགྲོ་བ་མིའི་རིགས་ཀྱི་ཐུན་མོང་གི་བསམ་པའི་ལོངས་སྤྱོད་རེད་ལ། དེ་དག་གི་མཚར་སྡུག་ལང་ཚོ་ཉམས་སུ་མྱོང་བ་ལ་མ་བུ་སྐྱིད་ངོ་སྤྲོད་པའི་ལོ་ཙཱའི་སྨྱན་གྱི་འདུ་བྱེད་དེ་མེད་ཐབས་མེད། ཡིན་ནའང་ལོ་ཙཱ་ནི་བྱ་དཀའ་བའི་ལས་ཤིག་སྟེ། རང་གཞན་ཕྱི་ནང་གི་མཁས་པ་མང་པོས་ཀྱང་། གསར་རྩོམ་ལ་འཚོ་བ་དངོས་ཀྱི་མྱོང་བ་དགོས་ལ། ལོ་ཙཱ་བས་གཞན་གྱིས་མྱངས་ཚར་བའི་འཚོ་བ་དངོས་ཀྱི་མྱོང་བ་སླར་ཡང་ཉམས་སུ་མྱོང་དགོས་པས་ལོ་ཙཱ་ནི་སྐབས་ལ་ལར་གསར་རྩོམ་ལས་ཀྱང་དཀའ་བར་གསུངས་པ་བཞིན། ཚད་ལྡན་གྱི་ལོ་ཙཱ་བ་ཞིག་འཁྱོངས་དགོས་ན། མི་རིགས་རང་གི་ཕ་སྐད་ལ་མཁས་དགོས་པར་མ་ཟད། གཞན་སྐད་ཀྱི་ཆུ་ཚད་ཀྱང་མཐོན་པོ་ཞིག་དགོས་པས་སོ།། 

འདིར་གླེང་བར་བྱ་བ་ནི་ལོ་ཙཱ་བ་ལ་སྐད་ཆ་དང་མྱོང་བའི་རྨང་གཞི་ལེགས་པོ་འཛོམས་ཀྱང་མ་ཡིག་ཇི་ལྟ་བ་བཞིན་བསྐྱར་དུ་མཚོན་རྒྱུ་དཀའ་གནས་སུ་གྱུར་བའི་རྒྱུ་རྐྱེན་ཏེ། སྐད་རིགས་སོ་སོའི་གཞི་དང་ཡུལ་གང་དེའི་རིག་གནས་དཔེ་ལུགས་གོམས་སྲོལ་སོགས་ཀྱི་ཁྱད་པར་ལས་འབྱུང་བའི་བསྒྱུར་ནུས་མིན་གྱི་ཆའོ། དེ་ཡང་ས་སྒང་རིལ་མོའི་མི་རྣམས་གནམ་འོག་གཅིག་ཏུ་འཚོ་བའི་རྐྱེན་གྱིས་ཉི་མ་འཆར་ནུབ་དང་། ཟླ་བའི་འཕེལ་འགྲིབ། ཐོག་ལྡིར་ཞིང་གློག་འཁྱུག་པ། ཁ་ཆར་བུ་གཡུག་སོགས་རང་བྱུང་གི་སྣང་ཚུལ་དང་། ས་ཆུ་མེ་རླུང་། ལྗོན་ཤིང་རྩི་ཏོག ངལ་རྩོལ་ལག་ཆ་སོགས་ཕྱི་རོལ་ཡུལ་གྱི་དངོས་པོ།ཟ་འཐུང་ཉལ་འདུག་གི་ཉེར་མཁོ་དང་དགའ་སྐྱོ་ཆགས་སྡང་གི་སེམས་ཁམས་སོགས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ན་ཐུན་མོང་གི་མཐོང་ཐོས་མྱོང་གསུམ་གྱི་ཆ་མང་ཞིང་། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རིམ་ཡང་ཆེ་ཕྱོགས་ནས་འདྲ་བ་ན་མི་རིགས་ཕན་ཚུན་བར་གྱི་ལོ་ཙཱའི་བྱ་བར་བསྒྱུར་ནུས་ཀྱི་ཆ་རྐྱེན་ཡོངས་སུ་ཚང་། ཡིན་ནའང་། སྐད་ཆ་ནི་ལོ་ཙཱ་དང་བསམ་བློ་བརྗེ་རེས་ཀྱི་ཉེར་སྤྱད་དུ་གྱུར་ཡོད་ལ། མི་རིགས་གང་ཞིག་གི་སྐད་ཆ་ནི་མི་རིགས་དེའི་རིག་གནས་ཀྱི་རྟེན་གཞིའོ། །གནས་ཡུལ་མི་འདྲ་བ་དང་སྐྱེ་ཁམས་ཁོར་ཡུག་མི་འདྲ་བ། ཡུལ་སྲོལ་གོམས་གཤིས་མི་འདྲ་བའི་སྟབས་ཀྱིས། མི་རིགས་སོ་སོར་ཐུན་མོང་མ་ཡིན་པའི་སྐད་ཆའི་སྒྲིག་གཞི་དང་རིག་གནས་ཀྱི་བྱུང་བ་ཡོད་པ་འདིས་ལོ་ཙཱའི་བྱ་བར་བསྒྱུར་ནུས་ཤིང་མི་ནུས་པའི་ཁྱད་པར་དེ་བསྐྱེད་ཡོད། 

གཅིག བརྡ་སྤྲོད་ཐད་བསྒྱུར་ནུས་ཤིང་མི་ནུས་པའི་ཁྱད་པར། 

སྐད་རིགས་གང་ཡིན་ཀྱང་འཕེལ་འགྱུར་གྱི་གོ་རིམ་ཁྲོད་སྒྲ་གདངས་དང་། བརྡ་དང་ཐ་སྙད་སྦྱོར་ཚུལ། མིང་དང་ཚིག་གི་གྲུབ་ལུགས། རྒྱན་གྱི་སྦྱོར་སྟངས་སོགས་མི་རིགས་རང་མཚན་པའི་ངོ་བོར་འཕེལ་བས་སྐད་རིགས་གཞན་ལ་མེད་པའི་ཐུན་མིན་གྱི་ཁྱད་པར་དེ་བྱུང་། སྐད་ཆའི་ཐུན་མིན་གྱི་ཁྱད་པར་དག་སྐབས་ལ་ལར་ཐ་སྙད་ཀྱི་དོན་ཇི་ལྟ་བ་བཞིན་མཚོན་དགོས་པའི་གནས་སྐབས་མཆིས་ཀྱང་། ལོ་ཙཱ་སློག་སྐབས་སྣང་ཚུལ་འདི་ལྟ་བུར་ཐུག་ཚེ་འགྱུར་ཡིག་ཏུ་ཇི་མ་ཇི་བཞིན་མཚོན་དཀའ་བ་དཔེར་ན། རྒྱ་ཡིག་གི“你别拾起棒追当针(真)”ལྟ་བུར་མཚོན་ན། རྒྱ་སྐད་དུ“针”(ཁབ)དང་“真”(བདེན་པ)གཉིས་ཀའི་སྒྲ་གདངས་འདྲ་བའི་ཁྱད་ཆོས་ལ་བརྟེན་ནས་རྩོམ་ཉམས་མངོན་པར་མཚོན་ཡོད་ལ། ཀློག་པ་པོས་བལྟས་པ་ཙམ་གྱིས་བདེ་བླག་ཏུ་གོ་ནུས། བོད་ཡིག་ཏུ“ཁབ”དང་“བདེན་པ”གཉིས་ལ་སྒྲ་གཟུགས་གང་གི་ཆ་ནས་ཀྱང་འབྲེལ་བ་མེད་པས་ན་མ་ཡིག་གི་དོན་ནམ་ཚིག་ཉམས་ཇི་ལྟ་བ་བཞིན་ཚུར་བསྒྱུར་ཐབས་མེད། ཡང་དཔེར་ན། 人曾为僧,人可以成佛,女卑为婢,女又何妨成奴。ཞེས་པ་ལྟ་བུར་མཚོན་ན།རྩོམ་པ་པོར་རྒྱ་ཡིག་གི་ཐུན་མོང་མ་ཡིན་པའི་ཡི་གེ་གྲུབ་སྟངས་“人”དང་“曾”མཉམ་དུ་བསྡེབས་པ་ལས། “僧”གྲུབ་པ་དང་།“女”དང་“卑”བསྡེབས་པ་ལས“婢”གྲུབ་པའི་ཐབས་སྤྱད་ནས་ཚིག་གི་མཛེས་ཉམས་དོད་ཡོད་པ་འགྱུར་ཡིག་ཏུ་ཐབས་ཅི་ཞིག་སྤྱད་ཀྱང་ཇི་བཞིན་མཚོན་ཐབས་ཡོད་པ་མ་ཡིན་ནོ།།ཚིག་རྒྱན་སྦྱོར་སྟངས་ཀྱི་ཆ་ནས་བཤད་ན། འགྱུར་ཡིག་གིས་མ་ཡིག་གི་ཚིག་ཉམས་དང་རྒྱན་གྱི་སྦྱོར་སྟངས་ཇི་བཞིན་མཚོན་མ་ཐུབ་ཚེ། དེའི་བརྗོད་སྙིང་དང་བསམ་བློ། རྩོམ་གཤིས་སོགས་ཀྱང་ཇི་བཞིན་དུ་བསྐྱར་དུ་མཚོན་པ་ལ་གནོད་དེ། དོན་གྱི་གོ་ཁྱད་ཇི་བཞིན་དུ་སྟོན་ཐུབ་ནའང་། འགྱུར་ཡིག་གི་སྐད་ཆའི་ཉམས་དང་ཚིག་གི་ནུས་པ་རང་བཞིན་གྱིས་ཇེ་ཞན་དུ་འགྲོ་ངེས་སོ། དཔེར་ན། ཐུང་ཧོའི་ཀྲོའུ་ཡིས་བསྒྲིགས་པའི《གནམ་བདེ་སྒོ་མོའི་སྙན་ཚིག་འདྲ་བཤུས》སུ 周天风云浪翻飞,恩光冲空电波随。来自五洲悲痛语,同汇四海波涛泪。志壮气烈西安急,名清高贵红岩威。千年俊杰化英灵,古今中外汗青碑。ཞེས་སྙན་ངག་གི་ཚིག་རྐང་བརྒྱད་པོའི་ཐོག་མར་周恩同志名千古ཞེས་པའི་ཡིག་འབྲུ་བརྒྱད་པོ་སྦྱར་བའི་རྩོམ་རྩལ་གྱི་ལམ་ནས་ཀྲོའུ་ཙུང་ལི་མཆོག་ལ་མྱ་ངན་ཞུ་བ་དང་སེམས་ཁོང་གི་དགའ་ཞེན་མཚོན་ཡོད་པ་ལྟ་བུ་དང་། བོད་སྐད་ལ་མཚོན་ནའང་སྒྲ་རྒྱན་ལྟ་བུའི་སྙན་ངག་གི་ཚིག་དོན་གཉིས་ཀ་གཞན་སྐད་ཀྱི་ལམ་ནས་ཇི་བཞིན་མཚོན་རྒྱུ་དཀའ་བའི་གནས་ཏེ། རྗེ་ཙོང་ཁ་བ་མཆོག་ལ་བསྟོད་པའི་སྙན་ཚིག“མིང་གི་ཐོག་མ་བློ་ཞེས་བྱ།། །བཟང་པོས་སྤྱོད་པས་བསྟན་པ་སྐྱོང་། །གྲགས་པ་ཀུན་ཁྱབ་སྐྱེ་པ་ནི། འཇམ་དཔལ་ཞིང་གི་བཀོད་པར་འགྲོ། །”ལྟ་བུ་གང་ཟག་གི་མིང་གི་དོན་ལ་འགྲེལ་བརྒྱབ་ནས་བསྟོད་པ་བྱས་ཡོད་པ་འདི་དོན་བསྒྱུར་བྱེད་པ་ལས་འོས་མེད་ལ། དེ་ལྟར་བསྒྱུར་ཚེ་མ་ཡིག་གི་ཚིག་ཉམས་རྩ་བ་ནས་མེད་འགྲོ མིང་གཅིག་གིས་དོན་མང་སྟོན་པའང་ཧ་ཅང་བསྒྱུར་དཀའ་བའི་གནས་ཤིག་སྟེ། དབྱིན་ཡིག་གི་མིང་གཅིག་དོན་མང་ལ་འཇུག་ཚུལ་གྱི་ཁྱད་པར་ལས་དགོད་བྲོ་བའི་ཁ་མཚར་བྱུང་མྱོང་བ་དཔེར་ན།Professor of physics:What is matter? Student:Never mind Professor:Then what is mind? Student: li doesn t matter ཁ་མཚར་ཐུང་ཐུང་འདིའི་ནང་གི་matterཞེས་པ་དོན་གཉིས་ལ་འཇུག་སྟེ། What is matter?ཞེས་པའི་ཚིག་རྐང་འདི་ཅི་ཞིག་ལ་དངོས་པོ་ཟེར་ཞེས་པ་དང་།ཅི་བྱས་སོང་ཞེས་པའི་དོན་གཉིས་ལ་འཇུག“mind”དང་“Never”གཉིས་མཉམ་དུ་སྦྱར་ན་སྐྱོན་མེད་ཅེས་པའི་དོན་ཡིན། ཡིན་ཡང་What is mind?ཞེས་པའི་སྐབས་སུ“mind”ལ་བསམ་བློ་དང་ལྟ་བའི་དོན་ལྡན། དེའི་སྟབས་ཀྱིས་དགེ་རྒན་གྱི་དྲི་བ་དང་སློབ་མའི་དྲིས་ལན་གཉིས་རྒྱབ་འགལ་དུ་སོང་ཡོད་པ་ལྟར་ཚིག་འདིའི་རིགས་ལ་ཐོལ་གྱིས་བལྟས་ན་སླར་བར་སྣང་ཡང་། སྐད་ཡིག་གཞན་ཞིག་ལ་བསྒྱུར་སྐབས་མ་ཡིག་གི་དགོད་ཁ་སློང་ནུས་པའི་སྒྱུ་རྩལ་གྱི་བྲོ་ཉམས་ཅི་ཡང་ཐོན་ཐབས་མེད་པ་ལྟ་བུ་རེད། སྣང་ཚུལ་འདི་དང་འདི་ལྟ་བུ་སྐད་ཡིག་གཞན་པའི་ལམ་ནས་བསྐྱར་དུ་མཚོན་སྐབས་ཟུར་མཆན་འདེབས་པ་ལྟ་བུའི་ཐབས་ལ་བརྟེན་པ་ལས་ཐབས་གཞན་མེད་ལ། དེ་ལྟར་བྱས་ཚེ་རྐང་རྡུམ་འཁར་བར་བརྟེན་པའི་དཔེར་སོང་བས་ན་བསྐྱར་མཚོན་གྱི་ནུས་པ་ལ་རང་ཤུགས་ཀྱིས་ཚད་བཀག་ངེས་ཅན་ཐེབས་ངེས་རེད། 

གཉིས། རིག་གནས་ཀྱི་བསྒྱུར་ནུས་ཤིང་མི་ནུས་པའི་ཁྱད་པར། 

མི་རིགས་སོ་སོར་ཐུན་མིན་གྱི་ལོ་རྒྱུས་བྱུང་རབས་དང་སྤྱི་ཚོགས་ལམ་ལུགས། སྐྱེ་ཁམས་ཁོར་ཡུག ཆོས་ལུགས་དང་མོས། ཡུལ་སྲོལ་གོམས་གཤིས་སོགས་ཀྱི་རིག་གནས་ཁྱད་པར་བ་རེ་མཆིས་པ་དག་མིང་དང་ཚིག བརྡ་དང་ཐ་སྙད། དཔེ་ཆོས་དང་གཏམ་རྒྱུད་ངེས་ཅན་དག་གིས་མངོན་པར་མཚོན་ལ། དེ་དག་དེར་བསྟུན་གྱི་ཚིག་དོན་མ་འཁྲུལ་བ། ལྷུ་འགྲིག་པ། བབ་མཚུངས་པའི་སྒོ་ནས་གཞན་སྐད་དུ་བསྒྱུར་པ་ལ་རིག་གནས་གང་དེའི་ལོ་རྒྱུས་རྒྱབ་ལྗོངས་དང་ཁོར་ཡུག་ལ་ངེས་ཆ་གསལ་བོ་ཞིག་དགོས་ཏེ། དེ་མེད་ཚེ་མ་ཡིག་གི་དོན་ཟུར་མ་ཉམས་པའི་སྒོ་ནས་མཚོན་རྒྱུ་ཧ་ཅང་དཀའ་བའི་གནས་སུ་གྱུར་པས། འདིའི་རིགས་སྒྲ་སྒྱུར་ལ་ཟུར་མཆན་བཏབ་ནས་མཚོན་པ་ལས་ཐབས་གཞན་མི་འདུག དེ་ལྟར་བསྒྱུར་བའི་འགྱུར་དེས་བརྩམས་ཆོས་ཀྱི་སྐད་ཆའི་ཉམས་འགྱུར་དང་ཚིག་གི་མཚོན་ཐབས་སོགས་སྒྱུ་རྩལ་གྱི་ཁྱད་ཆོས་ལ་ཉམས་ཉེས་ངེས་ཅན་བཟོ་བཞིན་ཡོད། གནས་ཚུལ་འདིའི་རིགས་རྩོམ་རིག་ལོ་ཙཱ་ན་ལྷག་ཏུ་མང་། དེ་ལྟར་ཐུན་མོང་མ་ཡིན་པའི་རིག་གནས་ཀྱིས་ཡོངས་སུ་གཏམས་པའི་གཏམ་དཔེ་དང་དཔེ་ཆོས་ཕན་ཚུན་བསྒྱུར་དུས་རེ་གཉིས་ཙམ་མ་གཏོགས་ཕལ་མོ་ཆེའི་དོན་ཉམས་གཉིས་ཀ་ཐོན་དཀའ་སྟེ། “ལོ་ཙཱ་ལས་བསྒྱུར་དཀའ་བ་དཔེ་ཆོས་ཡིན། དཀའ་ས་ནང་དོན་མིན་གྱི་རྣམ་པ་ཡིན། དཔེ་ཆོས་དཔེ་ཆོས་སུ་མ་བསྒྱུར་ན་ཚིག་ཉམས་དང་དོན་ཉམས་གཉིས་ཀ་ཤོར་འགྲོ”(དཔའ་རིས་སངས་རྒྱས་ཚང་གི《དཔེ་ཆོས་ཚིག་མཛོད》)པ་ལྟར། རྒྱ་བོད་དཔེ་ཆོས་ཀྱི་ལོ་ཙཱའི་ཁྲོད་ཚིག་དོན་གཉིས་ཀྱི་ཉམས་སྟོན་ཐུབ་པ无法无天(ཁྲིམས་མེད་ལུགས་མེད)(积滴成海)(ཐིགས་པ་བསགས་ན་རྒྱ་མཚོ)ནམ་མཁའི་མེ་ཏོག(空中楼阁)ལྟ་བུ་ཉུང་ངུ་ལས་མང་པོ་མེད་ལ། དཔེ་ཆོས་འབོར་ཆེན་ཞིག་དོན་གསལ་བོར་སྟོན་པར་གཞོལ་ཆེ་ན་ཚིག་སྦྱོར་རྡོ་ཆག་བཙན་སྒྲིག་ཏུ་འགྲོ་ཉེན་ཡོད་པས་ཚིག་ཉམས་དང་དོན་ཉམས་གཉིས་ལས་གཅིག་བཟུང་ན་གཅིག་ཤོར་བ་ལས་འོས་མེད་དེ། དཔེར་ན།忽一日,天色将晚,王进挑着担儿,跟在娘的马后,口里与母亲说道;“天可怜见,惭愧了,我子母两个,脱了这天罗地网之百发百中厄。……”①ཞེས་པ། ཉིན་ཞིག་ས་རུབ་གྲབས་ཡོད་སྐབས་ཝང་ཅིན་གྱིས་ཕྲག་རྒྱུུག་བརྒྱབ་ཏེ་མ་རྒན་གྱི་རྟ་རྗེས་སུ་འབྲངས་བཞིན་མ་རྒན་ལ“དཀོན་མཆོག་བཀའ་དྲིན་གྱིས་མ་བུ་ང་གཉིས་གནམ་རྒྱ་ས་རྙི་ལས་ཐར་སོང་”……②ཞེས་བསྒྱུར་ཡོད་པ་ལས་འགྱུར་ཡིག་ཏུ་དཔེ་ཆོས天罗地网ཞེས་པ་གནམ་རྒྱ་ས་རྙི་ཞེས་པར་ཐད་སྒྱུར་བྱས་ཡོད་པ་ལ། བོད་སྐད་ཀྱི་ཚིག་ཉམས་ཇི་བཞིན་ཐོན་མེད་པས་སྨག་ནང་གི་སྲིན་བུའི་འཕོང་མེ་བཞིན་ཀློག་མཁན་ཚོར་དོན་གོ་ལ་མ་གོ་བའི་སྣང་བ་སྟེར་བ་ལས། མ་ཡིག་ལྟར་ཉེས་ཅན་སོགས་གནམ་ལ་འཕུར་ས་དང་ས་འཛུལ་ས་མེད་པའི་དོན་དེ་དཔེའི་སྒོ་ནས་གོ་མི་ནུས་སོ།།ཡང་།宋江道:不妨,这事容易,‘瓮中捉鳖,手到拿来’。……③ཞེས་པ། སུང་ཅང་གིས་ཐུགས་ཁྲལ་གནང་མི་དགོས། དོན་འདི‘རྫ་མའི་ནང་གི་རུས་སྦལ་དེ་བསྙབས་པ་ཙམ་དུ་བཟུང་ཐུབ་ཟེར་བ་ལྟར་ལས་སླ་པོ་རེད།’……④ཅེས་བསྒྱུར་ཡོད་པ་ལས་དཔེ་ཆོས་ཀྱི་ཚིག་ཉམས་དོན་སྒྱུར་བྱས་ཡོད་པ་མ་གཞིའི་དོན་རྩ་གོ་ཐུབ་ནའང་སྒྱུ་རྩལ་གྱི་རོ་བཅུད་ཅི་ཡང་མྱོང་མི་ཐུབ། འགྱུར་ཡིག་གི་ཚིག་སྦྱོར་གནད་བསྡུས་ལ་འབྲེལ་ཆགས་པ། གོ་བདེ་བ་ཡོང་ཆེད་དཔེ་ཆོས་ཀྱི་དཔེའི་ཚིག་ཉམས་དོར་ཏེ་དོན་ལ་བསྟུན་ཡོད་པ་ཧ་ཅང་མང་པ་དཔེར་ན།⑤ཞེས་པ། ལིན་ཁྲུང་གིས་སྟབས་ཡག་ནས་ད་རེས་རི་མཁར་དུ་དཔའ་བོ་དམ་པ་མང་པོ་འདི་འདྲ་ཕེབས་པས་ཕན་ཚུན་རོགས་སྐྱོར་བྱས་ན་ཡ་ཐོག་ཡག་རྩེག་དང་ཐན་གདུངས་ལྗང་པར་ཆར་ཆུ་ཕྲད་པ་ལྟ་བུ་ཡོང་རྒྱུ་རེད།……⑥ཅེས་བསྒྱུར་ཡོད་པ་ལྟ་བུའོ།། དེ་བཞིན་དུ《ས་སྐྱ་ལེགས་བཤད》ལས། བླུན་པོ་བྱ་བ་ལ་སྦྱར་ན། དོན་ཉམས་དེ་ཡང་ཉམས་པར་འགྱུར། ཝ་སྐྱེས་རྒྱལ་པོར་བསྐོས་པ་ཡིས། འཁོར་སྡུག་རང་ཡང་བསད་ཅེས་གྲགས། ཞེས་པ།如果叫愚人干点事情,既毁了事情又毁了个人,据说狐狸被拥立为王,众兽受苦自己也送了命。⑦ཞེས་བསྒྱུར་ཡོད་པ་དེའི་དཔེ་ནི་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་གཡོ་ཅན་ཝ་མོ་ཞིག་གིས་གཡོ་ལ་བརྟེན་ནས་རི་དྭགས་ཀྱི་རྒྱལ་པོར་བསྡད་ཅིང་འཁོར་ལ་སྡུག་རྩུབ་སྤྱད་པ་ལ་མཐའ་མར་རང་སྲོག་ཤོར་བ་དེ་ལ་སྦྱར་ཡོད་ཀྱང་། འགྱུར་ཡིག་ཏུ་དཔེ་དེ་ཇི་བཞིན་དོན་སྒྱུར་བྱས་ཡོད་པ་ཡིན་ནའང་། ཀློག་མཁན་ཚོས་གཏམ་རྒྱུད་དེ་འདྲ་ཞིག་ཡོད་ཅེས་པ་ཙམ་ལས་མ་ཡིག་གི་ཀློག་པ་པོ་ལྟར་གཏམ་རྒྱུད་ཀྱི་གོ་རིམ་ཆ་ཚང་ཤེས་དཀའ་བས་ན། སྒྱུར་པ་བོས་ཟུར་དུ་མཆན་བཏབ་ཡོད་པ་ལྟ་བུའོ། རིག་གནས་ཀྱི་ཁྱབ་ཁོངས་ཤིན་ཏུ་རྒྱ་ཆེ་བས་ན། ལོ་ཙཱའི་ཁྲོད་དུ་བསྒྱུར་ནུས་ཤིང་མི་ནུས་པའི་ཁྱད་པར་ཡང་དེ་བཞིན་རྣམ་པ་མང་ཞིང་འཛིང་སྒོ་ཤིན་ཏུ་ཆེ། ཡིན་ཡང་མི་རིགས་ཕན་ཚུན་བར་གྱི་འབྲེལ་འདྲིས་ལྡབ་འགྱུར་གྱིས་ཇེ་མང་དུ་འགྲོ་བཞིན་པའི་དེང་གི་དུས་འདིར། དེ་སྔོན་རིག་གནས་ཀྱི་ཁྱད་པར་གྱི་རྐྱེན་གྱིས་གོ་དཀའ་བའི་བརྡ་ཆད་དང་དཔེ་དོན་སྦྱོར་ཚུལ་གང་མང་ཞིག་ཐད་ཀར་བསྒྱུར་ན་གོ་ཐུབ་པ་དཔེར་ན། བོད་རྒྱ་མི་རིགས་གཉིས་ཀྱི་གོམས་སྲོལ་དང་མཛེས་རྟོག་སོགས་རིག་གནས་ཀྱི་ཁྱད་པར་ལས་བྱུང་བའི་ཁ་དོག་དཀར་དམར་ལྟ་བུའི་སྐྱེས་བུའི་ཀུན་རྟོག་གི་འགྱུ་བ་མི་འདྲ་བ་ཕལ་ཆེར་རྟོགས་བློར་མངོན་དུ་བྱས་ཟིན་པ་དང་། དཔེ་དོན་སྦྱོར་ཚུལ་ལས་བོད་ཀྱིས་དཔའ་བོའི་དཔེ་ལ་སེང་གེ་དང་སྡར་མའི་དཔེ་ལ་ཝ་སྐྱེས་དང་ཅེ་སྤྱང་སོགས་འགོད་ཀྱང་མི་རིགས་གཞན་ལ་དེ་ལྟར་མ་ཡིན་པ་དང་། རྒྱ་མི་རིགས་ཀྱི་ཞིང་ལས་གཙོ་བོར་གཉེར་བས་བ་ལང་བརྩོན་འགྲུས་ཀྱི་དཔེར་བཀོད་ནས་བསྟོད་ལ། བོད་ཀྱིས་བླུན་པོའི་དཔེ་ལ་བ་ལང་འགོད་པ་སོགས་སྤྱི་ཚོགས་འཚོ་བའི་ཁྲོད་ན་ཐུན་མོང་ལ་མིག་མཐོང་ལག་ཟིན་དུ་སྣང་བཞིན་པས་བསྒྱུར་ནུས་ཤིང་མི་ནུས་པའི་ཚད་ཇེ་ཆུང་དུ་འགྲོ་བཞིན་ཡོད་པ་འདི་ངོ་བོ་དང་རྣམ་པ་གང་གི་ཐད་ནས་མ་ཡིག་གི་རིག་གནས་ཁྱད་ཆོས་དང་བརྗོད་དོན་ཇི་བཞིན་མཚོན་པར་ཤིན་ཏུ་ཕན་ནོ།། 

མཇུག་བསྡུ། 

ལོ་ཙཱ་ལ་ཚད་བཀག་འདི་འདྲ་འབྱུང་བ་ནི་སྒྱུར་མཁན་གྱི་རྩོམ་རྩལ་ཞན་པས་འགྱུར་ཡིག་ཁྲོད་ནས་འོས་མཐུན་དང་བབ་མཚུངས་ཀྱི་སྟོན་ཐབས་མ་རྙེད་པ་ལ་རག་ལས་པ་ལས་གཞན། སྐད་ཆ་དང་རིག་གནས་གཉིས་ཀྱི་བཀག་རྒྱ་ཐེབས་པའང་བསྙོན་དུ་མེད་དེ། ཕེ་ཐིར་ཉིའུ་མཱ་ཁེར(彼得纽马克)གྱིས། སྐྱོན་ཀུན་བྲལ་གྱི་ལོ་ཙཱ་ཞིག་གཏན་ནས་མེད། (8)ཅེས་པ་དང་། ཨ་རིའི་ལོ་ཙཱའི་གཞུང་ལུགས་པ་ཡིའུ་ཅེ।ནེ་ཏ་(Eugene A Nida)ལགས་ཀྱིས་ཀྱང་། གལ་ཏེ་འགྱུར་ཡིག་གི་ཀློག་པ་པོ་དང་མ་ཡིག་ཀློག་པ་པོ་གཉིས་ཀའི་མྱོང་བ་ཕལ་ཆེར་འདྲ་ན་འགྱུར་ཡིག་དེ་འགྱུར་ལེགས་ཤོས་སུ་བརྩིས་ཆོག⑨ཅེས་བཤད་ཡོད་ལ། མའེ་ནཱ་ཏུ।མཱ་ཁི(Maynard Mark)ཡིས། ང་ཚོས་དབྱིན་ཡིག་གི་འགྱུར་ཕུལ་དུ་བྱུང་བ་ཞིག་ལ་བརྟེན་ནས་སཱེ་བར་ཐེའི་སིས(赛万提斯)དང་མཱོན་ཐན་(montaigne蒙田)མཱ་ཆི་ཡ་ཝེ་ལི(Machiavclli马基雅维利)ཐོལ་སི་ཏོའེ(Tolstoy托尔斯泰)སོགས་ཀྱི་བརྩམས་ཆོས་གང་རུང་ཞིག་ཀློག་ཚེ། ང་ཚོར་སི་པན་དང་ཧྥ་རན་སི། དབྱི་ཐ་ལི། ཨུ་རུ་སུ་བཅས་ཀྱི་ཀློག་པ་པོ་དང་ཆེ་ཕྱོགས་ནས་མཐུན་པའི་མྱོང་བ་ཙམ་ལས་ཐོབ་མི་སྲིད་དེ། ཆེ་ཕྱོགས་ནས་མཐུན་པ་ཞེས་པའི་ཚིག་འདི་བཀོལ་ན་འོས་ཤིང་འཚམ་མོ།།(10)ཞེས་བཤད་ཡོད་པ་ལྟར་རོ། འདིར་ཡིའུ་ཅེ।ནེ་ཏ་དང་མའེ་ནཱ་ཏུ।མཱ་ཁི་རྣམ་གཉིས་ཀྱིས་སྨྲ་བའི“ཕལ་ཆེར་འདྲ་བ”དང་“ཆེ་ཕྱོགས་ནས་མཐུན་པ”ཞེས་པ་ལས་འཛམ་གླིང་མི་རིགས་ཡོངས་ཀྱི་ལོ་ཙཱའི་བྱ་གཞག་ཁྲོད་ན་བསྒྱུར་མི་ཐུབ་པའི་གནད་དོན་མང་པོ་མཆིས་པ་དང་དེ་དག་ཐག་གཅོད་དཀའ་བ་ཤེས་ཐུབ། དེའི་སྟབས་ཀྱིས་ང་ཚོས་ཐོག་མར་སྐད་རིགས་གཉིས་ཀའི་སྒྲིག་གཞི་དང་དོན་སྟོན་ཐབས་ཀྱི་ཁྱད་པར་བསྡུར་ནས་འབྱོར་ཞིང་འཚམ་པའི་མིང་དང་ཉམས་འགྱུར་གྱིས་ཕྱུག་པའི་ཚིག་གིས་མ་ཡིག་གི་དོན་ཉམས་དང་ཚིག་ཉམས་ཇི་བཞིན་སྟོན་པར་འབད་དགོས་ཤིང་། གནད་དོན་གྱི་འབྱུང་རྐྱེན་ལ་བརྟག་ཅིང་དཔྱད་དེ་དཀའ་གནད་དགྲོལ་བའི་ལས་ལ་འབད་ན། འགྱུར་སྤུས་ཇེ་ལེགས་སུ་འགྲོ་བར་ཕན་པར་མ་ཟད། རིག་གནས་ཕན་ཚུན་བརྗེ་རེས་ལའང་ཕན་ཐོགས་པ་སོགས་གཞུང་ལུགས་དང་ལག་ལེན་གང་གི་ཐད་ནས་བཤད་ཀྱང་དོན་སྙིང་ཆེན་པོ་ལྡན་ནོ། །

*བོད་ལྗོངས་དྲ་ཚིགས་ལས་དྲངས།

སྤྲིན་གྱི་ཕོ་ཉའི་ནང་དོན་དང་རྩོམ་གྱི་ཁྱད་ཆོས་རགས་ཙམ་བརྗོད་པ།

                                                                                                                                    ཨ་ལགས་དོར་ཞི།


སྤྲིན་གྱི་ཕོ་ཉ་སྐད་བཞི་ཤན་སྦྱར་མ།



སྙན་ངག་སྤྲིན་གྱི་ཕོ་ཉའི་ནང་དོན་དང་རྩོམ་གྱི་ཁྱད་ཆོས་གལ་ཆེན་རགས་ཙམ་མཚམས་སྦྱོར་བྱེད་པ་ལ། རྩོམ་འདིའི་ནང་དོན་ནི། གནོད་སྦྱིན་གྱི་རྒྱལ་པོ་ཀུ་བེ་རའི་མཛོད་གཉེར་ཞིག་རྗེ་བོའི་ཐུགས་དང་འགལ་ནས་ཡུལ་སྤྱུགས་བྱས་ཏེ། རཱ་མའི་རི་བོར་ཆད་པ་ཁུར་ནས་སྡོད་པའི་ཚེ། རི་རྩེ་དེར་ཆར་སྤྲིན་ལང་ལོང་དུ་འཁྲིགས་ཤིང་། ཆར་སྤྲིན་དུམ་བུ་ཞིག་རླུང་གིས་བདས་ཏེ་བྱང་ཕྱོགས་གནོད་སྦྱིན་གྱི་ཕྱོགས་སུ་བགྲོད་པ་མཐོང་ནས། རང་གི་ཡུལ་དང་ཡུལ་གྱི་མཛའ་མོ་དྲན་པའི་གདུང་ཤུགས་དྲག་པོ་སྐྱེས་ནས་མིག་ཆུ་ཡུན་རིང་བོར་བབས་ཤིང་། ཅི་བྱ་གཏོལ་མེད་དུ་གྱུར་ནས་སྙིང་གཏམ་བཤད་ས་གཞན་མ་རྙེད་པར། གནམ་ངོའི་སྤྲིན་ལ་ལྟོས་ནས་དྲན་གདུང་གི་མཛའ་འཕྲིན་ཞིག་ཁྱིམ་གྱི་དགའ་མར་བསྐུར་བའོ།། 

སྤྱིར་སྤྲིན་ནི་སེམས་མེད་ཀྱི་དངོས་པོ་ཞིག་ཡིན་པས། གོ་བརྡ་འཕྲོད་ཅིང་ལོན་འཁྱེར་ཐུབ་པ་ཞིག་མིན་ཡང་། འདོད་པའི་དོན་དུ་མཁས་དང་མི་མཁས་རྣམས་དང་སེམས་ལྡན་སེམས་མེད་རྣམས་ལ་ཞུ་བར་བྱེད། །ཅེས་པ་ལྟར། འདོད་གདུང་ཤུགས་དྲག་མཚོན་ཕྱིར་སྤྲིན་ཡང་གོ་བརྡ་འཕྲོད་པའི་སེམས་ལྡན་གྱི་འཕྲིན་སྐྱེལ་ཕོ་ཉ་ཞིག་ཏུ་བསམས་ནས་སེམས་གཏམ་ལྷུག་པར་སྨྲས་པའོ།། 

དེ་ཡང་རྟོག་པ་ལ་དོན་སྤྱི་འཛིན་པའི་རྟོག་པ་དང་། སྣང་བརྙན་འཛིན་པའི་རྟོག་པ་སྟེ། རྟོག་པ་རིགས་གཉིས་ཡོད་ལ། ཚད་མ་དང་མཚན་ཉིད་རིག་པ་སོགས་དོན་སྤྱི་འཛིན་པའི་རྟོག་པ་གཙོ་བོ་ཡིན་ལ། སྙན་ངག་སོགས་སྒྱུ་རྩལ་རྩོམ་རིག་གང་ཡང་སྣང་བརྙན་འཛིན་པའི་རྟོག་པ་གཙོ་བོ་ཡིན་པས། སྙན་ངག་ཡིན་མིན་ཡང་རྩོམ་གྱི་ནང་དུ་ཡིད་ཀྱི་སྣང་བརྙན་གྱི་བཟོ་བཀོད་ཡོད་མེད་དང་། སྣང་བརྙན་གྱི་སྟེང་ནས་བརྗོད་དོན་མཚོན་པའི་ནུས་པ་ཐོན་ཡོད་མེད་ཀྱི་སྟེང་ནས་ཕྱེ་བ་ཡིན། དཔེར་ན། ཁོ་བོ་མཛའ་ན་མོ་དྲན་པའི་འདོད་གདུང་དྲག་པོས་གཟིར་བས་ལུས་ཀྱི་ཤ་ཡང་སྐམ་པར་གྱུར་ཞེས་པར་བརྗོད་པ་དོན་སྤྱིའི་རྟོག་པ་མཚོན་པ་དང་། འདོད་གདུང་གིས་གཟིར་བའི་དོན་དེ་སྣང་བརྙན་གྱིས་མཚོན་པ་དཔེར་ན། འདོད་ལྡན་དེ་ནི་མཛེས་མ་སྤངས་ཤིང་ཟླ་བ་འགའ་ཡི་རི་བོ་དེར་ནི་ཕྱིན་བྱས་པས།། ལག་པ་ཕྲ་བར་གྱུར་ནས་གསེར་གྱི་གདུ་བུ་དག་ནི་དཔུང་བའི་བར་དུ་རྒྱུ་བར་བྱེད།། ཞེས་པ་ལྟ་བུའོ།། གོང་གི་བཤད་ཚུལ་གཉིས་ཀྱི་བརྗོད་དོན་ཁྱད་པར་མེད་ཀྱང་། བཀླགས་ཚེ་ཡིད་ངོར་སྣང་བརྙན་འཆར་རྒྱུ་ཡོད་མེད་མི་འདྲའོ།། ཡང་དཔེར་ན། བདག་ནི་ཁྱིམ་དང་བྲལ་རྗེས་ཁྱིམ་གྱི་དགའ་མས་ཁོ་བོ་དྲན་ནས། སོང་ནས་ཉིན་ཞག་ཅི་ཙམ་འགོར། ཉིན་ཞག་ག་འདྲ་ཞིག་གིས་འོང་ཐུབ་སོགས་ཀྱི་ཞག་གྲངས་བརྩི་བཞིན་འདུག་སྙམ་མོ་ཞེས་པ་དོན་སྤྱི་རྟོག་པས་བརྗོད་ཚུལ་དང་། བདག་ནི་འོངས་པའི་ཉིན་ནས་བརྩམས་ཏེ་ཉིན་ཞག་དང་ནི་ཟླ་བ་སོང་བའི་ལྷག་མ་རྣམས། ། ས་ལ་རྣམ་པར་བཀོད་ཅིང་སྒོ་ཡི་ནང་དུ་གངས་ཀྱི་མེ་ཏོག་རྣམས་ནི་སྐྱུར་བར་བྱེད།། ཅེས་ཁྱིམ་གྱི་དགའ་མས། ས་ལ་གངས་ཀྱི་མེ་ཏོག་བཀོད་ནས་ཉིན་ཞག་གི་གྲངས་ཀ་ལེན་པའི་སྣང་བརྙན་བཀོད་པ་དེ་ལས་ནང་སེམས་ཀྱི་དྲན་གདུང་མཚོན་པ་དེ་ནི་སྣང་བརྙན་གྱི་རྟོག་པའི་མཚོན་སྟངས་ཡིན་ལ། སྤྲིན་གྱི་ཕོ་ཉར་བརྗོད་བྱ་ཚང་མ་མུ་འབྲེལ་དུ་བཀོད་པའི་རི་མོ་ལྟར། ངོ་མཚར་རྨད་དུ་བྱུང་བའི་སྣང་བརྙན་གྱི་སྟེང་ནས་ནང་སེམས་ཀྱི་འདོད་གདུང་ཆགས་ཞེན་གྱི་ཉམས་འགྱུར་མཚོན་པ་ནི་སྙན་ངག་འདིའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་གོ། 

སྙན་ངག་འདིའི་ཁྱད་ཆོས་གཉིས་པ་ནི། ཡུལ་ལྗོངས་འབྲི་སྟངས་ཁྱད་པར་འཕགས་པ་སྟེ། ཟླ་བ་འགའ་ཡི་༼ལམ་གྱི་༽རི་བོ་དེར་ནི་ཕྱིན་བྱས་ནས། ཞེས་པའི་ཚིག་ལ་ལྟོས་ན། ཡུལ་སྤྱུགས་བཏང་བའི་གནས་རྒྱ་གར་ལྷོ་ཕྱོགས་ཀྱི་རཱ་མའི་རི་དང་བྱང་ཕྱོགས་གངས་ཏེ་སེའི་ལྟག་རྒྱབ་ཀྱི་གནོད་སྦྱིན་ཀུ་བེ་རའི་གནས་ཀྱི་བར་ན་ཟླ་བ་འགའི་ལམ་ཐག་ཡོད་པར་སྣང་ལ། དེའི་ལམ་བར་ན་ལྗོངས་དང་། གྲོང་ཁྱེར་དང་། རི་བོ་དང་། ཆུ་བོ། མཚེའུ་སྣ་ཚོགས་དང་། ནགས་ཚལ་དང་མཛེས་སྡུག་གི་ཡུལ་ལྗོངས། རི་དྭགས་དང་། འདབ་ཆགས་སྣ་ཚོགས། མི་རྣམས་ཀྱི་འཚོ་བའི་གནས་སྟངས། བུ་མོ་མཛེས་མ་རྣམས་ཀྱི་མཛེས་པའི་ཉམས་འགྱུར་སོགས་མངོན་སུམ་མིག་ལ་སྣང་བ་ལྟ་བུའི་ཡུལ་ལྗོངས་སྣང་བརྙན་རི་མོར་བྲིས་པའི་ཚུལ་དུ་བཀོད་པ་ཉམས་ངོ་མཚར་རྨད་བྱུང་ཐོན་འདུག་སྟེ། དེ་ལས་ཚིག་སྦྱོར་སྐོར་ཅིག་དཔེར་བླངས་ན། ལམ་གྱི་མཛེས་མའི་ཉམས་འགྱུར་སྟོན་པ། ཁྱོད་ནི་དྲི་ཡི་བཞོན་པ་དང་ལྡན་མཁའ་ལམ་གཤེགས་པའི་དབང་གིས་ལམ་བགྲོད་མཛེས་པ་རྣམས།། བསམ་པ་དགའ་བར་གྱུར་ཏེ་ལན་བུའི་རྩེ་མོ་རྒྱབ་ཏུ་བྱས་ནས་ལྟ་ཞིང་གུས་པར་བྱེད།། ཅེས་དང་། ཉི་ཤར་གྱི་ཉམས་སྟོན་པ། མཚན་མོ་བདག་པོ་སོང་བའི་བུད་མེད་མིག་གི་མཆི་མ་སེལ་ལ་བདག་པོ་འོངས་པ་བཞིན།། པདྨོའི་ཡུམ་གྱི་ཆུ་སྐྱེས་གདོང་གི་མིག་ཆུ་དེ་ཡང་རབ་ཏུ་སེལ་བ་བྱེད་པར་འགྱུར།། ཞེས་པ་དང་། ཆུ་བོའི་ཉམས་སྟོན་པ། དེ་རྒལ་སིན་དྷུའི་ཆུ་ནི་ལན་བུ་བཞིན་དུ་ལུས་ནི་ཕྲ་བར་གྱུར་པ་ཅན།། ངོགས་སུ་སྐྱེས་པའི་ཤིང་ནི་རྙིང་བས་འདབ་མ་ལྷུང་བ་རྣམས་ཀྱིས་ཁྱབ་པར་བསྒྲིབས་པར་དཀར།། ཞེས་དང་། ནགས་ཚལ་གྱི་ཉམས་སྟོན་པ། ཁྱོད་ནི་དེ་བའི་རི་ལས་ཉེ་བར་འགྲོ་ཚེ་དལ་བུ་དལ་བུས་རླུང་ནི་ལྡང་འགྱུར་ཞིང་།། བསིལ་བའི་རླུང་གིས་བསྒོས་པའི་ཨུ་དུམ་བ་རའི་ནགས་ཀྱིས་འབྲས་བུ་འཆང་ཞིང་རོལ་རྩེད་བྱེད།། ཅེས་དང་། ལྷ་ཁང་གི་ཉམས་སྟོན་པ། དྲི་ཞིམ་རྣམས་ཀྱིས་ཁེངས་པར་གྱུར་པའི་ཁང་བ་ནང་ནས་སྙན་པའི་ཡིད་འོང་སྒྲ་འབྱུང་ཞིང་།། མིའམ་ཅི་མི་རྣམས་ཀྱིས་གྲོང་ཁྱེར་གསུམ་རྒྱལ་གྱུར་ལས་ཡང་དག་དགའ་བའི་གླུ་དབྱངས་སྒྲོགས།། ཞེས་དང་། གངས་རིའི་ཉམས་སྟོན་པ། མགྲིན་བཅུའི་ལག་པས་བསྐྱོད་བྱ་རི་ངོས་སྤུངས་པ་དང་ལྡན་ཤེལ་གྱི་ཀེེ་ལ་ཤ་ཡི་རི།། གང་གི་རྩེ་མོ་ཤིན་ཏུ་མཐོ་བ་ཀུ་མུ་ཏ་ལྟར་མཁའ་ལ་ཁྱབ་པར་གནས་པ་ནི།། མིག་གསུམ་པ་ཡི་རབ་ཏུ་བགད་པ་ཕྱོགས་བཅུ་དག་ནས་གཅིག་ཏུ་སྤུངས་པར་གྱུར་པ་བཞིན།། ཞེས་དང་། གྲོང་ཁྱེར་གྱི་ཉམས་སྟོན་པ། དེ་ན་ནོར་གྱི་བདག་པོའི་ཁང་བཟང་ལས་ནི་བྱང་གི་ཕྱོགས་ན་བདག་གི་གྲོང་ཁྱེར་ནི།། མཐོ་རིས་བདག་པོའི་གཞུ་དང་འདྲ་བའི་རྟ་བབས་མཛེས་པས་རིང་ནས་མཚོན་པར་བྱེད་པ་སྟེ།། ཞེས་དང་། སྐྱེད་ཚལ་གྱི་ཉམས་སྟོན་པ། གང་གི་སྐྱེད་ཚལ་པནྡ་ར་དང་ལྗོན་ཤིང་གཞོན་ནུ་བདག་གི་མཛེས་མས་བུ་ལྟར་ནི།། བསྐྱངས་པའི་མཐུ་ལས་འཕེལ་བའི་མེ་ཏོག་ཆུན་འཕྱང་ཐུར་དུ་འཕྱང་བ་ལག་པས་ཐོབ་བྱ་ཡོད།། ཅེས་དང་། མཚོ་དང་རི་བོའི་ཉམས་སྟོན་པ། མཚོ་དེ་ངོགས་ནས་མཛེས་པར་བྱས་པར་གསེར་གྱི་ལྗོན་པ་རྣམས་ཀྱིས་བསྐོར་བ་ཁྱོད་ཀྱིས་བལྟ་བར་བྱ།། ཞེས་པ་ལྟ་བུ་མང་དུ་ཡོད་པ་ལ་འདིར་ཕྱོགས་མཚོན་ཙམ་མོ།། 

གསུམ་པ་མཛེས་མའི་མཛེས་སྡུག་གི་ཉམས་སྟོན་པའི་ཁྱད་ཆོས། དཔེར་ན། དེ་ན་བདག་གི་དགའ་མ་ལུས་ཕྲ་མདོག་མཛེས་གཉིས་སྐྱེས་བཀྲ་བའི་ཕྲ་ལམ་མཆུ་དང་ནི།། བིལ་བ་སྨིན་པ་སྐེད་པ་ཕྲ་ཞིང་འདྲེན་བྱེད་གཡོ་བའི་རི་དྭགས་མིག་ཅན་ལྟ་བ་དམའ།། རོ་སྨད་སྦོམ་ཞིང་དལ་གྱིས་འགྲོ་མཁས་འོ་མ་འཛིན་པ་དག་གི་བར་དག་མཆོག་ཏུ་མཛེས།། ན་ཆུང་དག་གི་ཡུལ་ལ་བྱེད་པོ་ཚངས་པས་དང་བོར་ཉིད་དུ་སྤྲོས་པ་ཉིད་དུ་གྱུར།། ཞེས་དང་། འཁྲི་ཤིང་འགའ་ལ་ཡན་ལག་མཛེས་པ་འཇིགས་བཅས་རི་དྭགས་མོ་ལ་མིག་མཛེས་གཡོ་བ་མཐོང་།། འགྲམ་པའི་མཛེས་འོད་རི་བོང་ཅན་ལ་སྐྲ་རྣམས་གཙུག་ཕུད་ཅན་གྱི་མཇུག་སྒྲོའི་ཚོགས་ལ་མཐོང་།། སྨིན་མའི་རོལ་སྒེག་མཛེས་པ་རྣམས་ནི་ཆུ་ཀླུང་རླབས་ཕྲེང་ཕྲ་མོ་རྣམས་ལ་མཐོང་།། ཨེ་མ་གཅིག་ཏུ་ཚོགས་པ་དང་ལྡན་གཡོན་མིག་ཁྱོད་དང་མཚུངས་པ་འགའ་ཡང་ཡོད་མ་ཡིན།། ལྟ་བུའོ།། 

བཞི་བ་ནང་སེམས་ཀྱི་ཉམས་འགྱུར་ཕྲ་མོ་ཕྱི་ཡི་སྤྱོད་པ་སྟེང་ནས་མཚོན་པ། དཔེར་ན། ཁྱོད་ནི་རྡོ་ལེབ་གཞི་ལ་ཁམས་ཀྱི་ཚོན་རྣམས་ཀྱིས་ནི་དདགའ་དང་ཁྲོ་བས་ལེགས་བྲིས་ཏེ།། དེ་ཉིད་རྫོགས་ནས་འདོད་པ་བྱ་བའི་ཆེད་དུ་ཁྱོད་ཀྱི་ཞབས་དྲུང་ལྷུང་བར་གྱུར་པ་ན།། ཚིག་ལན་མ་བྱུང་བདག་ལ་མཆི་མ་མང་བོ་བྱུང་བས་བྲུགས་པས་མིག་ལ་ཁྲོ།། དེར་ཡང་བདག་ཅག་གཉིས་ནི་ལྷན་ཅིག་འགྲོགས་པའི་སྐལ་བ་མེད་པ་ཉིད་དུ་གྱུར་པ་ཉིད།། ཁྱོད་ནི་བདག་གི་རྨི་ལམ་དག་ཏུ་འོངས་ཤིང་ཐོབ་པ་ཅི་ཡང་མཐོང་བར་གྱུར་པ་ན།། ཁོ་བོས་དམ་དུ་འཁྱུད་པར་བྱ་བའི་ཆེད་དུ་ནམ་མཁའ་དག་ལ་ལག་གཡུགས་བྱས་པ་ནི།། ས་ལ་གནས་པའི་ནགས་ཀྱི་ལྷ་རྣམས་ཀྱིས་ཀྱང་ངེས་པར་མ་མཐོང་མ་ཡིན་མང་བོ་རུ།། མུ་ཏིག་བརྒྱུས་པ་བཞིན་དུ་ཤིང་གི་ཡལ་ག་རྣམས་ལ་མཆི་མའི་དུམ་བུ་ལྷུང་བར་གྱུར།། ཞེས་པ་ལྟ་བུ་མང་ངོ་།། 

སྤྲིན་གྱི་ཕོ་ཉའི་ནང་དོན་ནི། ནག་མོ་ཁོལ་རང་གི་ལོ་རྒྱུས་གཞིར་བྱས་ནས་བྲིས་པ་ཨེ་ཡིན་སྙམ་པའི་དོགས་པ་ཆེ་སྟེ། གཏམ་རྒྱུད་དུ་ཡང་རྒྱལ་པོའི་ཐུགས་དང་འགལ་ནས་རྒྱང་འཕུད་དུ་བཏང་བའི་ཚུལ་གྲགས་ཤིང་། དེ་ནི། རྗེ་བོ་ཁྲོས་པའི་ཤིན་ཏུ་ལྕི་བའི་བཀའ་ལུང་དག་གིས། ཞེས་པ་དང་། རཱ་མའི་རི་བོར་སོང་ལ་སྤྱོད་པས་གནས་པར་གྱིས། ཞེས་རཱ་མའི་རི་བོར་སྤྱུགས་པའི་གནས་ཚུལ་དང་ཡང་ཤིན་ཏུ་མཐུན་པར་འདུག །དཔྱིད་ལྡན་མའི་ཡབ་རྒྱལ་པོ་ཤུ་ཀ་ལ་ནི་ཝཱ་རཱ་ཎ་སཱིའི་རྒྱལ་བོ་ཡིན་པས། གནོད་སྦྱིན་གྱི་རྗེ་བོ་ཡིན་དོན་མེད་ཀྱང་། གནོད་སྦྱིན་ཞེས་པ་གདུག་རྩུབ་ཆེ་བའི་བྱང་ཕྱོགས་ཀྱི་མི་རིགས་ཤིག་ཡིན་པར་སྣང་བས་མ་ཉེས་ཁག་གཡོགས་ཀྱིས་ཁོ་རང་ཐག་རིང་དུ་བསྐྲད་པའི་རྒྱལ་པོ་གདུག་རྩུབ་ཅན་ལ་གནོད་སྦྱིན་གྱི་རྒྱལ་པོ་ཞེས་བཏགས་པའམ། ཡང་ན་གནོད་སྦྱིན་གྱི་ཡུལ་ནི་གནའ་དུས་ནོར་ལོངས་སྤྱོད་རྒྱས་པའི་ཡུལ་ལྗོངས་ཤིག་གི་མིང་ཡིན་ལ། རྒྱང་འཕུད་དུ་བཏང་བའི་གནོད་སྦྱིན་དེའི་ཁྱིམ་གྱི་མཐོ་རིས་བདག་པོའི་གཞུ་དང་འདྲ་བའི་རྟ་བབས་ཞེས་པ་དང་། ཁྱིམ་གྱི་སྐྱེད་ཚལ་གྱི་ལམ་ལ། མརྒད་ཀྱི་རྡོ་ཕྲེང་བསྒྲིགས་པ་ཞེས་པ། རོལ་མཚོ་ནང་དུ་རི་བོ་བརྩིགས་པའི་རྩེ་མོ་ཨིན་དྲ་ནཱི་ལས་བརྒྱན་པ་ཞེས་པ་སོགས་ཀྱི་རྟགས་ལས་སྟོབས་འབྱོར་ཆེ་བར་རྟོགས་ཐུབ་ཅིང་། དེས་ན་རྩོམ་པ་བོ་ཁོ་རང་གི་ཡུལ་རྒྱལ་པོའི་ཕོ་བྲང་དེ་ཤིན་ཏུ་ལོངས་སྤྱོད་ཆེ་བས་གནོད་སྦྱིན་གྱི་ཡུལ་དང་གནོད་སྦྱིན་གྱི་རྗེ་བོ་ཞེས་བཏགས་པའམ། ཡང་ན་ནག་མོ་ཁོལ་གྱི་སྐྱེས་ཡུལ་བྱང་ཕྱོགས་གནོད་སྦྱིན་གྱི་ཡུལ་ཡིན་པ་དང་། ཁོ་རང་ཡང་གནོད་སྦྱིན་གྱི་རིགས་ཡིན་པས། གནས་ཚུལ་ངོ་མ་བྲིས་པ་ཡིན་ཡང་སྲིད། གང་ལྟར་ཡང་ནག་མོ་ཁོལ་ཁོ་རང་གི་གནས་ཚུལ་གཞིར་བྱས་ནས་བྲིས་པ་ཡིན་ན། སྤྲིན་གྱི་ཕོ་ཉ་ནི་ནག་མོ་ཁོལ་རང་གི་མཛའ་མོ་དཔྱིད་ལྡན་མ་ལ་བཏང་བའི་འཕྲིན་དུ་འདུག །ནག་མོ་ཁོལ་གྱི་དུས་རབས་ནི་ཀླུ་སྒྲུབ་དང་དུས་མཉམ་ཡིན་ན། རྒྱ་ནག་དང་འཇར་པན་གྱི་ཞིབ་འཇུག་པ་རྣམས་ཀྱིས་ཀླུ་སྒྲུབ་ཀྱི་འཁྲུངས་ལོ་སྤྱི་ལོ་མ་ཚུགས་གོང་གི་ལོ་ཉིས་བརྒྱ་ཉི་ཤུ་ཡར་མར་ལ་ངོས་འཛིན་བྱས་འདུག་པས་དུས་དེར་ལོ་ལམ་ཟླ་ལམ་ལ་འཕྲིན་གཏོང་བའི་ཆ་རྐྱེན་མེད་པ་དང་། གནོད་སྦྱིན་ཀུ་བེ་རའི་ཡུལ་ནི་རྒྱ་ནག་གི་སངས་རྒྱས་ཆོས་ལུགས་ཡིག་ཚང་དུ་དེང་སང་ཞིན་ཅང་༼ལི་ཡུལ༽་གི་ས་ཆ་ལ་ངོས་བཟུང་བྱས་ཤིང་། རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་ཞིང་ཁམས་དེ་ཡིན་ཟེར། སྤྲིན་གྱི་ཕོ་ཉ་ནང་དུ་ཡང་གནོད་སྦྱིན་གྱི་ཡུལ་ནི་གངས་ཏེ་སེའི་ལྟག་རྒྱབ་ཞིག་ན་ཡོད་པར་བྱས་འདུག་པས། ཨ་ཧྥུ་ཧན་དང་། ཞིན་ཅང་གི་ཕྱོགས་དེར་ཁེལ་འདུག །ཕྱོགས་དེའི་མི་རིགས་གཏུམ་དྲག་དང་གདུག་རྩུབ་ཆེ་བ་དང་། གླུ་དབྱངས་རོལ་མོ་ལ་དགའ་བའི་གོམས་གཤིས་དང་། གནོད་སྦྱིན་གྱི་ཡུལ་དུ་མིའམ་ཅི་མོ་གླུ་གར་ལ་མཁས་པ་དང་། སྤྲིན་གྱི་ཕོ་ཉར་དཔྱིད་ལྡན་མས་རང་གིས་གླུ་དབྱངས་བརྩམས་ཏེ་པི་ཝང་བརྡུངས་ནས་ལེན་པའི་ཚུལ་དང་། ཤིན་ཅང་གི་མི་རིགས་ཏམ་པུ་ར་རྡུང་ལེན་བྱེད་པ་སོགས་སྒོ་ཀུན་ནས་དཔྱད་ན་གནོད་སྦྱིན་ཡུལ་གྱི་ངོས་འཛིན་དེ་བདེན་ཤས་ཆེ་སྙམ་མོ།། དེ་ཡིན་ན་ཞིན་ཅང་ནས། ཨ་ཧྥུ་ཧན་དང་། པ་ཀེ་སི་ཐན་དང་། རྒྱ་གར་ཡུལ་དབུས་བརྒྱུད་ནས་རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་གྱི་རཱ་མའི་བར་དུ་ས་ཐག་ཤིན་ཏུ་རིང་ཞིང་། དེའི་སྟེང་དུ་འཕྲིན་གཏོང་བ་བོ་རྒྱང་འཕུད་དང་ཡིག་འཕྲིན་གང་ཡང་བསྐུར་ས་མེད་པ་ནི་སྨོས་མ་དགོས། གནས་སྐབས་དེ་འདྲ་ལ་ཐུག་པས། རང་དབང་དང་བྲལ་བའི་སྡུག་བསྔལ་དང་། ཡུལ་ཁྱིམ་དང་དགའ་མ་དྲན་པའི་དྲན་གདུང་། རང་ཕྱོགས་ཀྱི་མཛེས་སྡུག་ཡུལ་ལྗོངས་ལ་དགའ་བའི་དགའ་ཞེན་ཚང་མ་མགྲིན་པའི་ལམ་ནས་ཆུ་ཀླུང་བརྡོལ་བ་བཞིན་དུ་སྙན་ཚིག་ཏུ་སྤྲོས་པར་བྱས་པར་སྣང་ངོ་།། གནའ་དུས་དང་དེང་དུས་སྙན་ངག་བྲིས་པ་མང་ཡང་སྙན་ངག་འདིའི་དོ་ཟླར་འོང་བ་ཤིན་ཏུ་དཀོན་ཞེས་ཁོ་བོས་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲ་བར་སྤོབས།  ཞེས་སྤྱི་ལོ་ཉིས་སྟོང་དང་ཉག་མ་གཉིས་ཀྱི་ལོའི་སྤྱི་ཟླ་ལྔ་བའི་ཚེས་བཅུ་ལ།དོར་ཞི་གདོང་དྲུག་སྙེམས་བློས་བྲིས། 

༢༢།༢༡།༢༠༡༠ལ་ཟླ་བ་གཞོན་ནུས་གཏགས།

ལྡུམ་ར་བ། (ཚན་པ་དང་བོ།)


ལྡུམ་ར་བ། (ཚན་པ་དང་བོ།)

ལྡུམ་ར་བ།
ཟླ་བ་གཞོན་ནུས་དབྱིན་ཡིག་ལས་བསྒྱུར།




གཡོག་པོས། ཀྱེ་རྒྱལ་མོ་ལགས། ཁྱེད་ཀྱི་གཡོག་པོར་སྙིང་རྗེ་ཡོད་དམ།
རྒྱལ་མོས། ཚོགས་འདུ་གྲོལ་སོང་ལ། ངའི་གཡོག་པོ་ཚང་མ་ཆས་ཟིན། ཁྱོད་རང་ཅིའི་ཕྱིར་ འདི་འདྲའི་འཕྱི་བོར་ཡོང་བ་ཡིན།
གཡོག་པོས། ནམ་ཁྱེད་ཀྱིས་གཞན་དང་མཉམ་དུ་བསྒྲུབ་རྒྱུ་ཚར་ན། དེ་ནི་ངའི་དུས་སྐབས་ཡིན། ང་རང་ཁྱེད་ཀྱི་ཆེས་མཐའ་མའི་གཡོག་པོར་ལས་རྒྱུ་ཅི་ཞིག་ལྷགས་ཡོད་མེད་འདྲི་ རུ་ཡོང་བ་ཡིན།
རྒྱལ་མོས། འཕྱི་དྲགས་དུས་ཁྱོད་ཀྱིས་ཅི་ཞིག་ལ་རེ་ལྟོས་བྱེད་ཆོག
གཡོག་པོས། ང་རང་ཁྱེད་ཀྱི་མེ་ཏོག་ལྡུམ་རའི་ལྡུམ་ར་བ་བཟོ་རོགས།
རྒྱལ་མོས། འདི་ཅི་འདྲའི་གླེན་རྟགས་ཤིག་རེད།
གཡོག་པོས། ང ས་ཕྲན་གྱི་ལས་ཀ་གཞན་དག་གཡུག་རྒྱུ་ཡིན་ལ། ངས་རང་གི་རལ་གྲི་དང་ མདུང་རིང་ཐལ་བར་གཡུག་རྒྱུ་ཡིན། ང་རང་ཐག་རིང་གི་ཕོ་བྲང་ལ་མ་བསྐྱལ་ དང༌། ང་རང་ལ་རྒྱལ་ཁ་གསར་བ་དག་ལྷུར་ལེན་པར་མ་འདོམས་རོགས། དེ་ལས། ང་རང་ཁྱེད་ཀྱི་མེ་ཏོག་ལྡུམ་རའི་ལྡུམ་ར་བ་བཟོ་རོགས།རྒྱལ་མོས། ཁྱོད་ཀྱི་ལས་འགན་ཅི་ཞིག་ཡིན་རྒྱུ་རེད་དམ།གཡོག་པོས། ཁྱེད་ཀྱི་ཁོམ་སྐབས་ཀྱི་ཉིན་མོ་དག་གི་སྲི་ཞུ་བསྒྲུབ་རྒྱུ། ཁྱེད་ཀྱི་ཞབས་ཟུང་གི་གོམ་སྟབས་ རེ་རེར་ཤི་འདུན་ཆེ་བའི་མེ་ཏོག་གིས་བསྟོད་པ་དང་བཅས་ཏེ་བསུ་ས་རུ། ངས་ཁྱེད་རང་ཞོགས་པར་འཆམ་འཆམ་དུ་སྐྱོད་པའི་ རྩ་ཁ་ཅན་གྱི་རྐང་ལམ་དེ་སོས་པར་ཉར་རྒྱུ་དང༌། དགོང་སྔའི་ཟླ་བས་ཁྱེད་ཀྱི་སྨད་གཡོག་ལ་སྡོང་ལོ་བརྒྱུད་དེ་མཆུ་སྒྲོས་བརླན་པར་ འབད་ས་རུ། ངས་ཁྱེད་རང་སཔ྄ཏཔརྞའི༡་ཡལ་གའི་གསེབ་ཏུ་ཇིང་ལིང༢་ལ་ཇིང་ ལིང་སྟེག་ཏུ་གཞུག་རྒྱུ། ངས་ཁྱེད་ཀྱི་ཉེ་འགྲམ་དུ་འབར་བའི་སྒྲོན་མེར། དྲི་ཞིམ་འཐུལ་བའི་སྣུམ་ཞག་ གིས་བསྐྱར་དུ་དགང་རྒྱུ་ཡིན་ལ། ཁྱེད་ཀྱི་རྐང་ཁྲིར། ཙན་དན་དང་གུར་ཀུམ་གྱི་ ལྡེ་གུས་ངོ་མཚར་བའི་བཀོད་པར་རྒྱན་གྱིས་སྤྲོ་བར་བྱ་རྒྱུ་ཡིན།
རྒྱལ་མོས། ཁྱོད་ཀྱིས་རྔན་པར་ཅི་ཞིག་ལེན་རྒྱུ་ཡིན་ནམ།
གཡོག་པོས། འཇམ་མཉེན་གྱི་པད་ཐེའུ་ལྟ་བུའི་ཁྱེད་ཀྱི་ལག་པ་དང་མེ་ཏོག་ཕྲེང་ལྕུག་གིས་ འཁྱུད་པའི་ལག་ངར་ལ་འཆང་རྒྱུའི་གནང་སྦྱིན་དང༌། མྱང་མེད་མེ་ཏོག༣་གི་ འདབ་མའི་ཉིང་ཁུ་དམར་བོས།ཁྱེད་ཀྱི་ཞབས་ཟུང་གི་མཐིལ་ངོས་མཚོན་མདོག་ བསྒྱུར་ཞིང༌། དེ་རུ་ཀ་ཀོར་བྱེད་སྲིད་པའི་རྡུལ་ཟེགས་དག མཆུ་སྒྲོས་ཀྱིས་བསྐྲད་རྒྱུའི་གནང་བ་སྕོལ་དང༌།
རྒྱལ་མོས། ཁྱོད་ཀྱི་གསོལ་བར་ཆོག་མཆན་སྤྲད་པ་ཡིན། བདག་གི་ཞབས་ཞུ་བ། ཁྱོད་ནི་ངའི་མེ་ཏོག་ལྡུམ་རའི་ལྡུམ་ར་བ་ཡིན།


“ ཨཱ། སྙན་ངག་པ། མཚན་མོ་ཇེ་ཉེར་འགྲོ་ཞིང་། ཁྱེད་ཀྱི་དབུ་སྐྲ་སྐྱ་བོར་ལོག་གིན་འདུག
“ཁྱེད་ཀྱིས་ཁེར་རྐྱང་གི་མནོ་བསམ་ལས་ཚེ་ཕྱི་མའི་གནས་ཚུལ་དེ་ཐོས་སམ།’’

“ད་དགོང་མོ་རེད་འདུག’’ སྙན་ངག་པས་བཤད་རྒྱུར་”གྲོང་གསེབ་དེ་ནས་མི་ཞིག་
གིས་འབོད་སྲིད་ངེས་སྙམ་ཞོར། དེ་ནི་ཅི་འདྲ་འཕྱི་བོར་འོང་སྲིད་ཀྱང་།
ངས་ཉན་ནས་གདའ་ཡོད།
”ངས་སེམས་འཁྱམས་ཆུང་ཆུང་དེ་དག་མཉམ་དུ་ཐུག་མིན་དང་། འདུན་པ་ཆེན་པོའི་མིག་ཟུང་ཆ་གཉིས་
ཀྱིས་ཁོང་ཚོའི་ལྷིང་འཇགས་དཀྲོགས་པ་དང་ཁོང་ཚོའི་ཆེད་དུ་སྐད་ཆ་བཤད་རྒྱུར་རོལ་དབྱངས་ལ་རེ་
འབོད་ཞུ་མིན་ལ་ཅེར་ནས་ཡོད།
”གལ་ཏེ་ང་རང་ཚེ་སྲོག་གི་མཚོ་འགྲམ་ལ་བསྡད་དེ། འཆི་བ་དང་ཕྱི་མར་མཉམ་པར་བཞག་ན། སུ་ཞིག་
ནི་གནས་དེ་རུ་ཁོང་ཚོའི་ཚོར་སྐྱེན་གྱི་གླུ་གཞས་འཐག་མཁན་ཡིན།

”དགོང་སྔ་བོའི་སྐར་མ་ཡལ་སོང་།
”གཤིན་ཆོག་སྲེག་ཤིང་གི་དམར་མདངས་ནི་ལྷིང་འཇགས་ཀྱི་གཙང་འགྲམ་ནས་ཁད་ཀྱིས་ཤི་སོང་ལ།
ཟླ་འོད་ཟད་པོའི་ཀློང་གི་ཁང་སྟོང་དེའི་ཁྱམས་ར་ལས་ཅེ་སྤྱང་གི་ཚོགས་ཀྱིས་མཉམ་སྔངས་བྱེད།
”གལ་སྲིད་འཁྱམ་པོ་རྣམས་ཁྱིམ་དང་བྲལ་ནས་གནས་འདི་རུ་མཚན་མོར་བལྟ་བ་དང་། མུན་ནག་གི་
ཤབ་ཤུབ་ལ་མགོ་སྒུར་ཏེ་ཉན་དུ་འོང་བ་ལ། གལ་ཏེ་ངས་སྒོ་རྣམས་བརྒྱབ་ནས་རང་ཉིད་མི་རྟག་
པའི་འཆིང་ཐག་ལས་གྲོལ་རྩིས་བྱེད་པ་འོས་ན།
སུ་ཞིག་ནི་གནས་དེ་རུ་ཁོང་གི་རྣ་བར་ཚེ་སྲོག་གི་གསང་བ་ལྐོག་ལབ་བྱེད་མཁན་ཡིན།

”ངའི་མགོ་སྐྲ་དཀར་བོར་གྱུར་བ་ནི་ཅང་མ་རེད།
”ང་ནི་ནམ་ཡང་གྲོང་གསེབ་ཀྱི་གཞོན་ཤོས་ལྟར་གཞོན་ལ་རྒན་ཤོས་བཞིན་རྒན་པ་ཡིན།
”མིའི་ཁ་ཤས་ལ་བབ་ཆགས་དང་སྙིང་རྗེ་བའི་འཛུམ་མདངས་ཡོད་ཅིང་། འགའ་ཤས་ཀྱི་མིག་ལ་གཡོ་ཟོལ
་ཀྱི་འོད་མདངས་མངའ།
”ཁ་ཅིག་ལ་ཉིན་དཀར་མོར་མིག་ཆུ་འཁོར་ཞིང་། འགའ་ཤས་ཀྱི་མིག་ཆུ་མུན་
ནག་ཏུ་བསྐུངས་ནས་ཡོད།
ཁོང་ཚོ་ལ་ང་རང་མཁོ་ཞིང་། བདག་ལ་ཚེ་ཕྱི་མར་སྟོང་བསམ་བྱེད་པའི་ཁོམ་པ་མེད།
”ང་རང་སུ་ལའང་ན་ཟླ་ཡིན་པས། རང་གི་སྐྲ་ལོ་སྐྱ་བོར་གྱུར་བ་ལ་སྐྱོན་ནི་ཅི།”


ཞོགས་ཀར། ངས་ཉ་རྒྱ་མཚོ་མོར་འཕངས་པ་ཡིན།
ངས་མུན་ནག་གི་གཏིང་རིམ་ནས་ཡར་དྲུད་ཡོང་བ་ནི།
ཁྱད་མཚར་བོའི་བཟོ་ལྟ་དང་མཛེས་ཆ་སྟེ། ཁ་ཤས་འཛུམ་མདངས་བཞིན་འཚེར་ཞིང༌།
རེས་འགའ་མིག་ཆུ་ལྟར་འོད་མདངས་འཕྲོ་ལ།
འགའ་ཞིག་བག་མའི་མཁུར་ཚོས་བཞིན་དམར།

ངས་ཉིན་གང་གི་རྡོག་ཁྲེས་དང་མཉམ་དུ་ཁྱིམ་ལ་ལོག་དུས། ངའི་སྙིང་སྡུག་ལགས་ལྡུམ་ར་རུ་
ཙོག་པུར་བསྡད་དེ་ཁོམ་སྟབས་ཀྱིས་མེ་ཏོག་གི་
འདབ་ལོ་དག་གཤག་གིན་འདུག
ང་རང་ཡུད་ཙམ་ལ་ཐེ་ཚོམ་ངང་བསྡད་རྗེས།
ངས་བསྒྲུགས་ཡོང་བ་ཐམས་ཅད་ཁོ་མོའི་རྐང་རྩར་བཞག་སྟེ། ཁུ་སིམ་མེར་ལངས་ནས་བསྡད།
ཁོ་མོས་དེ་དག་ལ་མིག་གཤེར་གཅིག་བརྒྱབས་ནས་”འདི་དག་ནི་
ཅི་འདྲའི་རྒྱུས་མེད་ཅིག ངས་འདི་དག་ལ་ཅི་ཞིག་
གི་བེད་སྤྱོད་ཡོད་པའང་མི་ཤེས།”ཟེར།
ངས་ཁ་སྐྱེངས་པའི་མགོ་བོ་སྒུར་ནས་”ངས་འདི་
དག་ཆེད་དུ་རྩོད་ལེན་མ་བྱས་ཤིང༌། དེ་དག་ཁྲོམ་ར་ནས་ཉོས་པའང་མིན་པས།
འདི་དག་ཁོ་མོའི་ལེགས་སྐྱེས་སུ་མི་རན་པ་རེད་”སྙམ།
དེར་མཐུད་ནས་ངས་དེ་དག་རེ་རེ་བཞིན་མཚན་ཐོག་ཐག་ལ་
ཁྲོམ་ལམ་དུ་གཡུག་པ་ཡིན།

ནངས་སྔ་མོར། འགྲུལ་བཞུད་པ་དག་འོངས་ནས་དེ་རྣམས་ཡར་བསྒྲུགས་ཤིང༌།
དེ་དག་རྒྱང་རིང་གི་ཡུལ་གྲུ་ཁག་ཏུ་འཁྱེར་སོང༌།



ཀྱེ་མ། ཁོང་ཚོས་ཅིའི་ཕྱིར་བདག་གི་ཁང་བ་ཁྲོམ་སྡེར་འགྲོ་སའི་ལམ་ཁར་བརྒྱབས་པ་ཡིན་ནམ།
ཁོང་ཚོས་དངོས་ཟོག་བྱུར་བུར་གཏམས་པའི་གྲུ་གཟིངས་དག་ངའི་སྡོང་བོ་དག་གི་འཁྲིས་སུ་བཏགས་བྱུང༌།
ཁོང་ཚོ་གང་འདོད་ཀྱིས་འགྲོ་འོང་བྱེད་ལ་འཁྱམས་ཉུལ་བྱེད།
ང་རང་ཙོག་པུར་བསྡད་ནས་ཁོང་ཚོར་ལྟ་བའི་ཞོར་ལ། བདག་གི་དུས་ཚོད་ཡུན་གྱིས་བཞུད་སོང༌།
ཁོང་ཚོ་ཕྱིར་ཟློག་མི་བཏུབ་སྟབས། ངའི་ཉིན་མོ་དག་འདི་ལྟར་བཞུད་ཅིང་འགྲོ

ཉིན་མཚན་ཀུན་ཏུ། ངའི་སྒོ་འགྲམ་དུ་ཁོ་ཚོའི་རྐང་སྒྲ་གྲགས་འོང༌།ངས་”ངས་ཁྱོད་ཚོ་ངོ་མི་ཤེས།”ཞེས་དོན་མེད་དུ་ཆོ་ངེ་བཏབས།
འགའ་ཞིག་ངའི་སོར་མོས་ངོ་ཤེས་ཤིང༌། ལ་ལ་ཞིག་བདག་གི་སྣ་ཁུང་གིས་ཤེས་ལ། ངའི་རྩ་སྦུབས་ཀྱི་ཟུངས་ཁྲག་གིས་ཁོང་ཚོ་ངོ་ཤེས་པ་འདྲ་ཞིང༌། འགའ་རེ་ངའི་རྨི་ལམ་གྱིས་ཤེས་པ་འདྲ།
ཁོང་ཚོ་ཕྱིར་ཟློག་མི་ཐུབ་རྐྱེན། ངས་ཁོང་ཚོར་བོས་ནས”སུ་ཞིག་ངའི་ཁང་བར་ཡོང་འདོད་ན་ཕེབས་རོགས་ཞུ། ཕེབས་ཤོག”ཞེས་སྨོས།

ཞོགས་སྔ་བོར། ལྷ་ཁང་ནས་ཅོང་སྒྲ་གྲགས་འོང༌།ཁོང་ཚོས་ཕྱག་ལ་སླེ་བོ་ཐོགས་ནས་སླེབས་བྱུང༌།
ཁོང་ཚོའི་རྐང་བ་རྒྱ་སེ་ལྟར་དམར་ཞིང༌། སྐྱ་རེངས་ཀྱི་འོད་མདངས་ཁོང་ཚོའི་བཞིན་ལ་འཕྲོས་འདུག
ཁོང་ཚོ་ཕྱིར་ཟློག་མི་ནུས་པས། ངས་ཁོང་ཚོར་བོས་ནས་”ངའི་ལྡུམ་རར་ཕེབས་ནས་མེ་ཏོག་བཏུ་རོགས། འདིར་ཕེབས་གནང་དང༌།”ཞེས་གཏམས་པ་ཡིན།

ཉིན་མོའི་གུང༌། ཕོ་བྲང་གི་མཁར་རྔ་བརྡུངས་སོང༌།ངས་ཁོང་ཚོས་ཅིའི་ཕྱིར་ལས་ཀ་བཞག་ནས་ངའི་རིབ་མའི་རྩར་འཁོར་བ་རྟོགས་མ་བྱུང༌།
ཁོང་ཚོའི་སྐྲ་གསེང་གི་མེ་ཏོག་དག་སྐྱ་ཞིང་རྙིད་ཟིན་ལ། གླིང་བུའི་འགྱུར་ཁུགས་ལའང་ཉོབ་སྣང་རྒྱས།
ཁོང་ཚོ་ཕྱིར་ཟློག་མི་ནུས་པས། ངས་ཁོང་ཚོར་བོས་ནས་”ངའི་སྡོང་འོག་གི་གྲིབ་སོ་བསིལ་མོ་འདུག ཕེབས་དང༌། གྲོགས་པོ་ཚོ།”ཞེས་བཤད།

མཚན་མོར། འབུ་ཅོག་ཅོག་པས་ནགས་གསེང་ནས་ཅིར་སྒྲ་སྒྲོགངའི་སྒོ་རྩར་བུལ་གྱིས་བཅར་ནས་ག་ལེར་སྒོ་རྡུང་མཁན་དེ་སུ་ཡིན་ནམ།
ངས་ངོ་གདོང་དེ་རབ་རིབ་ངང་མཐོང་བྱུང༌། ཚིག་གཅིག་ཀྱང་མི་བཤད་ལ། མཐའ་འཁོར་ནི་འཇམ་ཐིང་ཐིང་གི་ནམ་མཁའ་རེད་འདུག
ངའི་ཁུ་སིམ་པོའི་འགྲུལ་བ་ཕྱིར་ཟློག་མི་བཏུབ་པས། ངས་མུན་པ་བརྒྱུད་གདོང་ལ་ཅེར་བའི་ཞོར་ལ། རྨི་ལམ་གྱི་དུས་ཚོད་དག་བཞུད་ནས་ཐལ།


ངའི་བློ་བག་མི་བདེ། ངས་རྒྱང་རིང་གི་བྱ་དངོས་དག་སྐོམ་པ་ཆུ་བཞིན་དུ་འདོད་ཅིང༌།
ངའི་རྣམ་ཤེས་ཕྱི་ལ་ཐོན་ཏེ། རྒྱང་ཁད་རིང་བའི་མག་མོག་གི་བས་མཐར་ཐུག་པར་བྲེལ།
ཀྱི་ཧུད། རླབས་ཆེན་གྱི་ཚེ་ཕྱི་མ། ཀྱེ་མ། ཁྱེད་ཀྱི་གླིང་སྐད་ཀྱི་བརྩེ་འབོད།
ང་ལ་འཕུར་བྱེད་ཀྱི་གཤོག་པ་མེད་ཅིང༌།
ས་ཆ་འདིར་གཏན་དུ་བཏགས་ཡོད་པ། བདག་གིས་བརྗེད་འགྲོ ངས་དུས་རྟག་ཏུ་བརྗེད་འགྲོ

ང་ནི་འདུན་པ་ཆེ་ཞིང་བློ་རིག་གྲུང༌།
བདག་ནི་རྒྱུས་མེད་ཡུལ་གྱི་ཆ་མེད་ཅིག ཁྱེད་ཀྱི་ཁ་དབུགས་ཀྱིས་བདག་ལ་མི་སྲིད་པའི་རེ་བ་ཞིག་ཤུབ་བུར་བརྗོད་ནས་ཕེབས་བྱུང༌།
གང་གིས་རང་ཉིད་ཀྱི་སྐད་ཆ་གོ་ཐུབ་པ་བཞིན། བདག་གི་སེམས་པས་ཁྱེད་ཀྱི་ཞལ་གསུང་རྟོགས་ཐུབ།
ཀྱི་ཧུད། རྒྱང་རིང་གི་འཚོལ་སྙེག
ཀྱེ་མ། ཁྱེད་ཀྱི་གླིང་སྐད་ཀྱི་བརྩེ་འབོད། ངས་འགྲོ་ལམ་མི་ཤེས་ཤིང༌།
རང་ལ་རྟ་ཕོ་གཤོག་ཐོགས་ཤིག་ཀྱང་མེད་པ། བདག་གིས་བརྗེད་འགྲོ ངས་དུས་རྟག་ཏུ་བརྗེད་འགྲོ

ང་ནི་སྒྱིད་ལུག་ཅིག བདག་ནི་རང་སེམས་ཀྱི་འཁྱམ་པོ་ཞིག ངལ་དུས་ཀྱི་ཉིན་ཁའི་ཁུག་རྣ་རུ།
སྔོ་བསངས་མའི་ཁྱོན་ནས་ཁྱེད་ཀྱི་རྒྱ་ཆེ་བའི་འཆར་སྣང་མངོན་བྱུང༌།
ཀྱི་ཧུད། ཆེས་རིང་བའི་མཐའ་སྣེ། ཀྱེ་མ། ཁྱེད་ཀྱི་གླིང་སྐད་ཀྱི་བརྩེ་འབོད། ང་རང་ཁེར་འདུག་གི་ཁང་བའི་སྒོ་མོ་ཡོངས་རྫོགས་གཏན་ཡོད་པ།
བདག་གིས་བརྗེད་འགྲོ ངས་དུས་རྟག་ཏུ་བརྗེད་འགྲོ


རང་དབང་གི་བྱེའུས་”ངའི་སྙིང་སྡུག ནགས་ལྗོངས་ཀྱི་གླུ་གཞས་ལོངས་དང༌།”ཞེས་ཆོ་ངེ་འདེབས་ཀྱིན་བཤད།
གཟེབ་ཀྱི་བྱེའུས”ངའི་གན་དུ་སྡོད་དང༌། ངས་ཁྱེད་ལ་མཁས་པའི་གསུང་སྐད་བསླབ་ཆོག”ཟེར།
རང་དབང་གི་བྱེའུས་”མིན། ཀྱེ། མིན་ལགས། གླུ་རྣམས་བསླབ་ཏུ་མི་བཏུབ་པ་ལགས།”ཞེས་ཆོ་ངེ་བཏབས།
གཟེབ་ཀྱི་བྱེའུས་”བདག་ལ་བཟོད་གསོལ་གནང་རོགས། བདག་གིས་ནགས་ལྗོངས་ཀྱི་གླུ་གཞས་ལེན་མི་ཤེས།”ཟེར།
ཁོང་ཚོའི་བརྩེ་བ་འདོད་པས་ལྷག་ཏུ་ཤུགས་དྲག་ཀྱང༌། ཁོ་གཉིས་ནམ་ཡང་གཤོག་རྡང་སྦྲེལ་ནས་འཕུར་མི་ནུས།
གཟེབ་ཀྱི་རྩིབས་མ་བརྒྱུད་ཕན་ཚུན་ལ་བལྟ་བ་ལས། ཕར་ཚུར་ཆ་རྒྱུས་ལོན་རྒྱུ་ངལ་བ་འབྲས་མེད་ལགས།
ཁོང་གཉིས་ཀྱིས་ཞེན་ཆགས་ཀྱི་གཤོབ་པ་བརྡབས་ནས། ”རྩིབ་ལ་བཏུད་དང༌། ངའི་སྙིང་སྡུག”ཅེས་བླངས་པར།
རང་དབང་གི་བྱེའུས་”དེ་ནི་ཡོང་ཐབས་མི་འདུག་ལགས། ང་རང་བརྒྱབས་ཟིན་གྱི་སྒོ་མོར་འཇིགས་ཤིང་སྐྲག”ཅེས་ཆོ་ངེ་བཏོན།
གཟེབ་ཀྱི་བྱེའུས་”ཀྱེ་ཧུད། བདག་གི་གཤོག་པ་ཤུགས་མེད་ནུས་སྟོང་དུ་འདུག”ཅེས་ཤུབ་བུར་བརྗོད།

བྱེའུ་གཡུང་མོ་གཟེབ་ཏུ་ཡོད་ཅིང༌། རང་དབང་གི་བྱེའུ་ནགས་ཀྱི་ཚལ་དུ་འདུག
དུས་ལ་བབས་དུས། ཁོ་གཉིས་འཕྲད་ཅིང༌། དེ་ནི་ལས་དབང་གི་གཏན་འཁེལ་ལགས།
རང་དབང་གི་བྱེའུས”ཀྱེ། ངའི་སྙིང་ཉེ། འུ་གཉིས་ནགས་སུ་འཕུར་འགྲོ།”ཟེར།
གཟེབ་ཀྱི་བྱེའུས”འདིར་ཤོག་དང༌། ངེད་གཉིས་གཟེབ་འདིའི་ནང་དུ་སྡོད།”སྨོས།
རང་དབང་གི་བྱེའུས་”གཟེབ་ཀྱི་རྩིབས་རུམ་ན་རང་ལ་གཤོག་པ་རྐྱོང་ས་ཞིག་ཡོད་དམ།”ཟེར།
‘ཀྱེ་མ།’ གཟེབ་ཀྱི་བྱེའུས་”མཁའ་དབྱིངས་སུ། ངས་གང་ལ་དབུགས་ངལ་གསོ་རུ་འགྲོ་དགོས་པའང་མི་ཤེས།”གསུངས།


ཀྱེ། མ་ཡུམ་ལགས། རྒྱལ་སྲས་གཞོན་ནུ་ང་ཚོའི་སྒོ་འགྲམ་ནས་བརྒྱུད་རྒྱུ་ཡིན་པས།དེ་རིང་ཞོགས་པར། ང་རང་ཅི་ལྟར་རང་གི་ལས་ལ་ཞུགས་ཐུབ་བམ།
ངའི་སྐྲ་ལོ་ཇི་ལྟར་བསླེས་དགོས་སྟངས་སློབས་དང༌། གྱོན་ཆས་ཅི་ཞིག་གྱོན་དགོས་མིན་གསུངས་དང༌།
ཨ་མ་ལགས། ཁྱེད་རང་ཅིའི་ཕྱིར་བདག་ལ་ཡ་མཚན་གྱིས་ཅེར་ནས་ཡོད་དམ།
ངས་ཁོང་གིས་ངའི་སྒེའུ་ཁུང་ལ་གྱེན་ལྟ་ཙམ་མི་བྱེད་པའང་ལེགས་པར་རྟོགས་ཡོད།
བདག་གིས་ཁོ་རང་སྐད་ཅིག་ཙམ་ལ་མིག་ལམ་ནས་ཡལ་བར་འགྱུར་བའང་ཤེས་ཡོད།
ཡལ་གྱིན་པའི་གླིང་སྐད་དེ་ཁོ་ནས་རྒྱང་རིང་ནས་བདག་ལ་ངུད་མོ་བྱེད་འོངས།
འོན་ཀྱང༌། རྒྱལ་སྲས་གཞོན་ནུ་དེ་ང་ཚོའི་སྒོ་འགྲམ་ནས་བཞུད་པའི་སྐབས་སུ།
བདག་གིས་གྱོན་ཆས་ཡག་ཤོས་དེ་གྱོན་རྒྱུ་ལགས།

ཀྱེ། མ་ཡུམ་ལགས། རྒྱལ་སྲས་གཞོན་ནུ་དེ་ང་ཚོའི་སྒོ་འགྲམ་བརྒྱུད་བུད་སོང༌།
འཆར་ཀའི་ཉི་ཟེར་དེ་ཁོང་གི་ཤིང་རྟ་ལས་འཁྱུག་སོང༌། ངས་གདོང་གི་སེང་རས་དེ་ཟུར་ལ་དེད་ནས།བདག་གིས་སྐེ་ཡི་པདྨ་ར་གའི་མགུལ་རྒྱན་དེ་བཅད་ནས།
ཁོང་གི་བཞུད་ལམ་དུ་གཡུགས་པ་ཡིན།
ཨ་མ་ལགས། ཁྱེད་རང་ཅིའི་ཕྱིར་བདག་ལ་ཡ་མཚན་གྱིས་ཅེར་ནས་ཡོད་དམ།
ངས་ཁོང་གིས་སྐེ་རྒྱན་དེ་བསྒྲུགས་མེད་པ་རྟོགས་ཡོད་ལ།
དེ་འཁོར་འོག་ཏུ་བརྫིས་ཏེ་ཐལ་བའི་སྒང་ལ་དམར་ཐིག་རེ་བསྐྱུར་ཡོད་པའང་ཤེས་ཡོད།
སུ་ཞིག་གིས་ཀྱང་བདག་གི་ལེགས་སྐྱེས་ཅི་ཡིན་མི་ཤེས་ལ།
སུ་ལ་བྱིན་པའང་ཤེས་མི་སྲིད།
འོན་ཀྱང༌། རྒྱལ་སྲས་གཞོན་ནུ་དེ་ང་ཚོའི་སྒོ་འགྲམ་བརྒྱུད་སོང་མྱོང་ལ།
བདག་གིས་ཀྱང་རང་གི་བྲང་སྐྱེས་ལས་རིན་ཆེན་དེ་ཁོང་གི་བཞུད་ལམ་དུ་གཡུགས་མྱོང༌།

ཉལ་ཁྲིའི་གཞོགས་ཀྱི་སྒྲོན་མེ་ཡལ་དུས།ང་རང་ཐོ་རངས་ཀྱི་བྱེའུ་ཁྱུ་དང་ལྷན་དུ་སད་བྱུང༌།
ལྷོད་ཤམ་གྱི་སྐྲ་ལོར་མེ་ཏོག་གི་ཐོད་རྒྱན་སོ་མ་ཞིག་བཅིངས་ཏེ།ང་རང་ཕྱེ་ཡོད་པའི་སྒེའུ་ཁུང་ཁར་བསྡད།
ཞོགས་པའི་མཚལ་མདོག་གི་ན་བུན་ཁྲོད།འགྲུལ་བ་གཞོན་ནུ་བཤུལ་ལམ་བརྒྱུད་ཐོན་བྱུང༌།
མུ་ཏིག་གི་སྐེ་རྒྱན་ཞིག་ཁོང་གི་མགུལ་དུ་འདུག་ལ།ཉི་འོད་ནི་ཁོང་གི་པྲོག་ཞུར་འཕྲོས་འདུག
ཁོ་རང་ངའི་སྒོ་ཁར་བསྡད་དེ།འདུན་པ་དྲག་པོ་དང་བཅས་”ཁོ་མོ་གང་དུ་འདུག”ཅེས་དྲིས་བྱུང༌།
ང་རང་ངོ་ཚ་བས།”ཁོ་མོ་ང་རང་ཡིན། འགྲུལ་བ་གཞོན་ནུ། ཁོ་མོ་ང་རང་ཡིན།”ཞེས་ཀྱང་ཟེར་མ་ཐུབ།

དེ་དུས་ས་སྲོས་ཡིན་རུང༌། སྒྲོན་མེ་ད་དུང་སྦར་མེད་ལ།བདག་གིས་འཚབ་བེ་འཚུབ་བེར་རང་ཉིད་ཀྱི་སྐྲ་ལོ་སླེ་བཞིན་ཡོད།
ཉི་ནུབ་ཀྱི་དམར་མདངས་ཀློང་དུ།འགྲུལ་བ་གཞོན་ནུ་ཁོང་གི་ཤིང་རྟའི་ནང་ཕེབས་བྱུང༌།
ཁོང་གི་རྟ་ཕོ་དག་གི་མཆུ་ནས་དབུ་བ་འཕྱུར་ཞིང༌།
ཁོང་གི་གྱོན་ཆས་ཀྱང་རྡུལ་གྱིས་ཟིན་འདུགཁོ་རང་ངའི་སྒོ་མདུན་ནས་བབས་ཏེ།
ངལ་ཞིང་དུབ་པའི་སྐད་ཀྱིས་”ཁོ་མོ་གང་དུ་འདུག”ཅེས་དྲིས་བྱུང༌།
ང་རང་ཁ་སྐྱེངས་བས།”ཁོ་མོ་ང་རང་ཡིན། འགྲུལ་བ་གཞོན་ནུ། ཁོ་མོ་ང་རང་ཡིན།”ཞེས་ཀྱང་ཟེར་མ་ནུས།

དེ་ནི་ཟླ་བཞི་བའི་མཚན་མོ་ཞིག་ཡིན་ཞིང༌།ངའི་ཁང་བར་སྒྲོན་མེ་སྦར་ནས་ཡོད།ལྷོ་རླུང་དལ་གྱིས་གཡུག་ནས་སླེབས་བྱུང༌།
ཁ་མང་བའི་ནེ་ཙོ་ནི་རང་ཉིད་ཀྱི་གཟེབ་ཏུ་གཉིད་ཟིན་འདུགངའི་ནང་འཇམ་རྨ་བྱའི་མགྲིན་མདོག་ལྟར་སྡུག་ཅིང༌།
བདག་གི་སྟོད་གཡོགས་ནི་རྩ་གཞོན་ལྟར་ལྗང༌།ང་རང་སྒེའུ་ཁུང་འཁྲིས་ཀྱི་ཞ་ལར་བསྡད་དེ།
ལྷིང་འཇགས་ཀྱི་སྲང་ལམ་ལ་ཅེར།མུན་ནག་གི་མཚན་མོ་བརྒྱུད་དེ།
”ཁོ་མོ་ནི་ང་རང་ཡིན། རེ་ཟད་ཀྱི་འགྲུལ་བ་ལགས། ཁོ་མོ་ནི་ང་རང་ཡིན།”ཞེས་ཤུབ་བུར་མཚམས་མེད་དུ་བརྗོད།


ང་རང་བྱ་འདབ་ཏུ་བསྡད་ནས་ཁོང་གི་རྡོག་སྒྲར་ཉན་དུས།
ལོ་མའི་ཚོགས་ཀྱིས་སྡོང་མགོ་ནས་ཤག་སྒྲ་མི་སྒྲོག་ལ།
ལྷིང་འཇགས་ཀྱི་གཙང་ཆུ་ནི།
གཉིད་དུ་ཡུར་བའི་མེལ་ཚེ་བའི་པུས་མོའི་སྒང་གི་རལ་གྲི་བཞིན།
དྲག་ཏུ་ལྡིང་གིན་པ་ནི་ངའི་སྙིང་གི་ལྟིག་སྒྲ་སྟེ། དེ་ཞི་རུ་འཇུག་ཐབས་ངས་མི་ཤེས།
ངའི་སྙིང་སྡུག་ཡོང་ནས་ངའི་རྩིབ་ལ་སྡོད་སྐབས། ངའི་གཟུགས་པོ་འདར་ལྕུག་རྒྱག་ཅིང༌།
ངའི་མིག་ལྕིབས་ཟུང་ཐུར་དུ་བབས་ཚེ། མཚན་སྨག་སྟུག་ཏུ་སོང་ཞིང༌།
སྒྲོན་མེ་ཞི་བར་གྱུར་ལ། སྤྲིན་པས་སྐར་ཚོགས་ལ་གདོང་ཁེབས་གཡོགས་སོང༌།
འོད་དུ་འཚེར་ཞིང་འོད་སྣང་སྤྲོ་བ་ནི་ངའི་བྲང་གི་རིན་ཆེན་ཏེ།
དེ་སྦེད་ཐབས་ནི་ངས་མི་ཤེས།
ང་གཅིག་པུར་མཚན་དུས་སུ་སྙིང་སྡུག་གསང་འཕྲད་ལ་འགྲོ་དུས།
བྱེའུ་ཚོགས་ཀྱིས་གསུང་སྐད་མི་སྒྲོག་ཅིང༌། རླུང་བུ་ཡང་མི་གཡུག
ལམ་འགྲམ་ཟུང་གི་ཁང་ཚོགས་ནི་ཁུ་སིམ་མེར་འགྲེངས་ནས་འདུག
གོམ་སྟབས་རེ་རེ་དང་བསྟུན་ཏེ་སྒྲ་སྐད་ཆེ་རུ་འབྱིན་པ་ནི་ངའི་རྐང་གདུབ་སྟེ།
དེས་ང་ངོ་ཚར་གཏད་སོང༌།



༡༠



ཁྱེད་ཀྱི་ལས་མཚམས་འཇོག་རོགས། བག་མ་ལགས།
གསོན་དང༌། སྐུ་མགྲོན་སླེབས་སོང༌།
ཁྱེད་ཀྱིས་གོའམ། ཁོང་གིས་ལྕགས་ཀྱི་ཐག་པའི་སྒོ་ལུང་ག་ལེར་སྒུལ་གྱིན་འདུག
ཁྱེད་ཀྱི་རྐང་གདུབ་ལ་སེམས་ཆུང་གིས་སིལ་སྒྲ་སྒྲོག་ཏུ་མ་འཇུག
ཁོང་ལ་ཐུག་ཕྱིར་ཁྱེད་ཀྱི་གོམ་སྟབས་འཚབ་འཚུབ་ཀྱིས་མ་སྒྱུར་རོགས།
ཁྱེད་ཀྱི་ལས་མཚམས་འཇོག་རོགས། བག་མ་ལགས། འགྲུལ་བ་སྲོད་ལ་སླེབས་སོང༌།

མ་རེད། དེ་ནི་རླུང་འཚུབ་ཅིག་མ་རེད། བག་མ་ལགས། འཇིགས་སྣང་མ་སྐྱེས་རོགས།
དེ་ནི་ཟླ་བཞི་བའི་མཚན་མོའི་ཉ་གང་ཟླ་བ་ལགས།
ལྷས་རའི་ནང་གི་གྲིབ་ནག་དག་ལ་སྐྱ་མདངས་མངོན།
མགོ་ཐོག་གི་མཁའ་དབྱིངས་ནི་ཁྲ་ལམ་མེར།
འདོད་ན་སེང་རས་དེ་གདོང་ལ་འཐེན་རོགས།
སྐྲག་ན་སྒྲོན་མེ་དེ་བཏེགས་ནས་སྒོ་ལ་སོང༌།
མ་རེད། དེ་ནི་རླུང་འཚུབ་མ་རེད། བག་མ་ལགས། དངངས་སྐྲག་མ་སྐྱེས་རོགས།

ཁྱེད་རང་ངོ་ཚ་ན་ཁོང་ལ་སྐད་ཆ་མ་བཤད།
ཁོང་ལ་ཐུག་དུས་སུ་སྒོ་འགྲམ་ལ་ལངས་ནས་སྡོད།
ཁོང་གིས་དྲིས་པ་དེ་ཁྱེད་ཀྱིས་ཀྱང་འདོད་ན། ཁྱེད་ཀྱིས་མིག་ཟུང་ཁ་རོག་གེར་ཕབ་རོགས།
ཁྱེད་ཀྱིས་སྒྲོན་མེ་བཏེགས་ཏེ་ཁོ་རང་ནང་ལ་འཁྲིད་དུས།
ཁྱེད་ཀྱི་ལག་གདུབ་ལ་སིལ་སྒྲ་སྒྲོག་ཏུ་མ་འཇུག
གལ་ཏེ་ཁྱེད་འཚེར་ན། ཁོ་རང་ལ་སྐད་ཆ་མ་བཤད།

ཁྱེད་ཀྱི་ཕྱག་ལས་ད་དུང་རྫོགས་མ་སོང་ངམ། བག་མ་ལགས།
གསོན་དང༌། སྐུ་མགྲོན་སླེབས་སོང༌།
ཁྱེད་ཀྱིས་བ་རའི་སྒྲོན་མེ་ད་ཐུག་ཏུ་སྦར་མེད་དམ།
མཚན་དུས་ཀྱི་མཆོད་པའི་སློ་མ་ད་དུང་གྲ་སྒྲིག་བྱས་མེད་དམ།
སྐྲ་མཚམས་སུ་ལི་ཁྲིའི་བཀྲ་ཤིས་མཚན་མ་བཏབས་མེད་དམ།
ད་དུང་མཚན་གྱི་ཁྲུས་ལས་བྱས་ཟིན་པ་ཡིན་ནམ།
ཀྱེ། བག་མ་ལགས། ཁྱེད་ཀྱི་སྐུ་མགྲོན་སླེབས་ཟིན་པ་གསན་ནམ།
ད་ཁྱེད་ཀྱི་ལས་ཀའི་མཚམས་ཞོག་ཅིག


མཆན།


༡ སཔ྄ཏཔརྞ་ནི། སྡོང་བོའི་ཡ་གྱལ་ཞིག་སྟེ། ཧིན་སྐད་དུ་པ་གོར་ཟེར།
༢ ཇིང་ལིང་ནི། དབྱིན་སྐད་དུ་སྭིན་(swing)ཟེར་བ་དེ་ཡིན།
༣ མྱང་མེད་མེ་ཏོག་ནི། མེ་ཏོག་མྱ་ངན་མེད་ཟེར་བ་དེ་ཡིན།

Sep 17, 2010

དོན་གྲུབ་རྒྱལ་རིག་པའི་དཔའ་བོར་གྱུར་ཚུལ།


དོན་གྲུབ་རྒྱལ་རིག་པའི་དཔའ་བོར་གྱུར་ཚུལ། 
ཁེ་ཕུ་སི་ཐེན། 
དཔལ་དོན་གྲུབ་རྒྱལ།

 དཔལ་དོན་གྲུབ་རྒྱལ་བོད་ཀྱི་དེང་རབས་རིག་པའི་དཔའ་བོར་ཇི་ལྟར་གྱུར་ཚུལ། 
 【ཨ་མེ་རི་ཀ】ཁེ་ཕུ་སི་ཐེན་གྱིས་བརྩམས། དགུ་རོང་སྤུན་གྲོལ་གྱིས་དབྱིན་བསྒྱུར་བྱས། 

 (དཔྱད་རྩོམ་འདི་ནི1999ལོའི་《རླུང་རྟ》དུས་དེབ་སྟེང་འཁོད་པའི་ཨ་རིའི་ཞི་ཁ་རྒོ་(Chicago)སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཁེ་པུ་སི་ཐེན་གྱིས་བྲིས་པ་ཞིག་རེད) 
ཀ 

དོན་གྲུབ་རྒྱལ་ནི་(1953-1985)ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་འཇེམ་སི་ཏིན་①ལྟར་དགག་སྒྲུབ་དང་རྒོལ་ལེན་གྱི་སྙིང་སྟོབས་ལྡན་པའི་དེང་རབས་བོད་ཀྱི་རིག་གནས་མཁས་ཅན་ཞིག་སྟེ། ཁོང་གི་བླ་མེད་ཀྱི་བརྩམས་ཆོས་དང་དུས་མིན་གྱི་འཆི་བ་དེས་ལོ་རབས་བརྒྱད་ཅུ་བའི་བོད་རིགས་གཞོན་ནུ་རྣམས་ཀྱི་བསམ་བློའི་སྙིང་སྟོབས་དང་ན་ཟུག་མཚོན་ཡོད། སྐུ་ཉིད་འདས་ནས་ལོ་ངོ་བཅུ་ཚན་གཅིག་དང་ཕྱེད་ཀའི་ནང་དུ་མི་རིགས་རང་གི་སྤྱི་ཚོགས་འཚོ་བ་དངོས་མཚོན་པའི་ཁོང་གི་སྔ་ཕྱིའི་བརྩམས་ཆོས་ཁག་དཔེ་སྐྲུན་བྱས་པ་བརྒྱུད། དོན་གྲུབ་རྒྱལ་གྱི་མཚན་སྙན་དེ་ཡང་བོད་ཁམས་ཡུལ་དུ་རང་བཞིན་གྱིས་གྲགས་པར་གྱུར། དེ་བཞིན་དུ་1994ལོར་པདྨ་འབུམ་གྱིས་སྡུད་སྒྲིག་བྱས་པའི་《དོན་གྲུབ་རྒྱལ་གྱི་ལྗགས་རྩོམ་ཕྱོགས་བསྒྲིགས》དང༌། ཧྥ་རན་སུའི་ཤར་ཕྱོགས་སྐད་ཡིག་ཆེད་སྦྱོང་མཐོ་རིམ་སློབ་གྲྭའི་དགེ་རྒན་ཆེན་མོ་བ་བདེ་སྦྱིན་བཟང་མོས་(Heather Stoddard)དབྱིན་ཡིག་གིས་བྲིས་པའི་《རང་སྲོག་བཏང་བའི་དེང་དུས་ཀྱི་རྩོམ་པ་པོ་དང་མཁས་པ་དོན་གྲུབ་རྒྱལ》ཅེས་པ་དེ་གཉིས་ཀྱིས། ཁོང་ཉིད་རྒྱ་ཆེའི་ཕྱི་སྡོད་བོད་རིགས་ཀློག་པ་པོ་རྣམས་ཀྱི་རྟོག་འཇུག་གི་ཀློང་དུ་ཁྲིད་པར་མ་ཟད། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་རྣམས་ཀྱང་བོད་ཡིག་དེང་རྩོམ་ཞིབ་འཇུག་ལ་ཕྱོགས་པའི་སེམས་ འགུལ་གྱི་སྙིང་རྩ་འཕར་ཞིང་ལྡིང་བར་བྱེད་པའི་ཤུགས་རྐྱེན་ཟབ་མོ་ཐེབས། འདས་པའི་ལོ་སྔོན་མའི་ནང་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་རླབས་ཆེན་མཁས་པའི་མཚན་ཐོབ་ཏུ་གནང་བའི་《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ》ཞེས་པ་དེ། དཔྱོད་ལྡན་རྣམས་ཀྱི་མཐུན་སྣང་དུ་གྲུབ་པའི་ལས་སྐལ་མངོན་དུ་གྱུར་པས།ཀུན་ཀྱང་ཁོང་གི་སྐར་མདའ་ལྟ་བུའི་མི་ཚེ་ནང་གི་ཆེས་རིན་ཐང་ལྡན་པའི་བརྩམས་ཆོས་རིང་ཐུང་ཀུན་གྱི་སྒྱུ་རྩལ་ལ་རོལ་མྱོང་དང་དགག་སྒྲུབ་བྱེད་པའི་ལྟ་གོན་ལ་ཕྱོགས་དང་ཕྱོགས་མུས་སུ་གདའ།འོན་ཀྱང་དེའི་ཐད་ཀྱི་ཁོ་བོ་རང་ཉིད་ཀྱི་བློ་འབྱེད་ཚོར་སྣང་གི་བྱུང་འཕེལ་ནི། ཁོང་གི་གསར་གཏོད་རང་བཞིན་གྱི་སྙན་ངག་དང་བརྩམས་སྒྲུང་དག་ལ་གལ་ཆེའི་རོལ་མྱོང་གི་ཤན་སྟོབས་ཆེ་བའི་དཔྱད་བརྗོད་པ་གཞན་དག་ལས་ཅུང་ཐ་དད་དུ་སྣང་སྟེ། 1985ལོའི་སྟོན་ཁར་ཁོ་བོ་ཨ་མདོ་སྐུ་ འབུམ་དགོན་པར་ཡུལ་བསྐོར་དུ་ཕྱིན་སྐབས། དགོན་པ་དེའི་ཡིག་རྙིང་ཁག་ཅིག་ལ་རྟོག་ཞིབ་བགྱིད་བཞིན་པའི་རྒྱ་ནག་གི་མཁས་པ་ཁྲིན་ཆིན་དབྱིན་ཟེར་བ་ཞིག་ལ་སྐབས་འཕྲད་བྱུང་སྟེ། ང་ཚོས་གླེང་མོལ་བྱས་པ་བརྒྱུད་ཁྲིན་ཆིན་དབྱིན་ཟེར་བའི་ཡིག་འབྲུ་དེ་དག་བོད་ཡིག་གི་ལམ་ནས་འབྲི་ཀློག་བྱས་པར་མ་ཟད། ཁོང་ཉིད་བོད་ཀྱི་ལོ་རྒྱུས་རིག་པའི་དགེ་རྒན་ཆེན་མོ་བ་ཞིག་ཡིན་པའི་ངེས་ཤེས་ཀྱང་ཅུང་ཙམ་རྙེད། དེ་ནས་ཉིན་ཤས་ཀྱི་རྗེས་སུ་པེ་ཅིན་མི་རིགས་དཔེ་ཚོང་ཁང་དུ་བསྐྱོད་སྐབས།དྲན་འཛིན་གྱི་ཡུལ་ན་རབ་རིབ་ཏུ་སྣང་བའི་རྒྱུས་མངའ་མཆིས་པའི་མིང་ཞིག་གི་གམ་དུ་ཕྱིན་ཏེ་འདྲེན་བྱེད་ཟུང་གིས་ག་ལེར་བལྟས་པ་ན་དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བརྩམས་པའི་《བོད་ཀྱི་བཙན་པོ་ཁྲི་སྲུང་ལྡེ་བཙན་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པ》ཞེས་པ་དེ་མངོན་བྱུང་བས། ཡིད་དགའ་བས་རབ་ཏུ་མྱོས་ཤིང་འདྲེན་བྱེད་ཟུང་གི་དབང་བོའི་རྦ་རླབས་དེ་བརྗོད་པ་དོན་གྱི་རྒྱ་མཚོའི་སྟེང་འཁྱོམས་ཤིང་འཁྲིགས་པར་བྱས་པ་ཡིན། དེའི་ཕྱིར་ཁོ་བོའི་བོད་ཡིག་དེང་རྩོམ་ཞིབ་འཇུག་གི་ཐོག་མའི་འཚོལ་སྙེག་དེ་དོན་གྲུབ་རྒྱལ་གྱི་ཕྱོགས་སུ་བསྒྱུར་ཏེ། ཁོང་ཉིད་བོད་ཀྱི་བཙན་པོ་རྒྱལ་རབས་ཀྱི་ལོ་རྒྱུས་རིག་པ་བ་ཞིག་ཡིན་པའི་འདུ་ཤེས་ཟབ་མོ་རྙེད་པ་དང་ལྷན་དུ། མཁས་དབང་ཁོང་རྣམ་གཉིས་ཀྱིས་བསྒྱུར་པའི་《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས》ལ་རྟོག་ཞིབ་རོལ་མྱོང་གི་ལས་ལ་འཇུག་སྐབས། ཁོ་བོའི་དཔྱོད་ཤེས་ཀྱི་ཚོར་འདུ་དེ་སྔར་ལས་ཤུགས་ཇེ་དྲག་ཏུ་ཕྱིན་ཏེ་རླབས་ཕྲེང་མཁའ་ལ་རྩེན་པའི་ཉམས་སྣང་ཞིག་བྱུང༌། དེ་ལྟ་ནའང་ལོ་རྒྱུས་དང་ཐུན་མོང་མ་ཡིན་པའི་སྙན་ངག་གི་སྲོལ་ཉམས་ལྡན་པའི་《མགུར་གླུའི་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས》ཞེས་པའི་ཁོང་གི་རབ་འབྱམས་པའི་ཆེད་རྩོམ་(Master’s Dissertation)དེས་དོན་གྲུབ་རྒྱལ་ནི་བླ་མེད་ཀྱི་དྲན་དབང་ཞིག་ཡིན་པར་མཚོན་ཞིང༌། དེར་ལོ་ངོ་དུ་མའི་རིང་མངོན་སྣང་གི་ཡུལ་དུ་མ་གྱུར་པའི་མགུར་གླུའི་བྱུང་རིམ་དེ་དག་བསྲེགས་བཅད་བརྡར་པའི་གསེར་བཞིན་གསལ་འགྲེལ་གྱི་རང་བཞིན་ལྡན་པ་དང༌། རྣམ་ཐར་དང་རྟོགས་བརྗོད།གནའ་མགུར་སོགས་དཔྱད་གཞིར་བྱས་པའི་གདོད་མའི་བོད་ཀྱི་མགུར་གླུའི་དཔྱད་མྱོང་གི་གྲུབ་ཆ་གལ་ཆེན་འདུས་འདུག །གཞན་གྱི་ཡིད་འཕྲོག་པའི་ཁྱད་འཕགས་རང་བཞིན་གྱི་དོན་གྲུབ་རྒྱལ་གྱི་རྩོམ་གཤིས་ཀྱི་སྒྱུ་རྩལ་དེ་ལྟ་བུའི་བོད་ཀྱི་སྙན་ངག་པའི་བརྩམས་ཆོས་ཤིག་མིག་སྔར་ཚོར་ཤེས་ཀྱི་ཡུལ་དུ་མ་གྱུར་པས། ཁོང་ནི་འདས་པའི་ལོ་རྒྱུས་ནང་གི་སྒུལ་ཤུགས་ཤིག་དང་ད་ལྟའི་རྩོམ་རིག་གར་སྟེགས་ཁྲོད་ཀྱི་གསོན་ཉམས་ཤིག་ཡིན་པར་ཁོང་གི་བསམ་བློའི་འདུ་ཤེས་དང་འབྲེལ་བའི་བརྩམས་ཆོས་དག་ལས་གསལ་བོར་ངེས་ཐུབ། དོན་གྲུབ་རྒྱལ་གྱི་གསར་གཏོད་ཁྱད་ལྡན་གྱི་རྩོམ་རིག་ཁག་ཁོ་བོའི་དྲན་ཤེས་ཀྱི་ཡུལ་དུ་བསྐྱོད་སྐབས། རྩོམ་པ་པོ་ཁོང་ཉིད་གུ་དོག་པའི་ལོ་རབས་བརྒྱད་ཅུ་བའི་ཁོར་ཡུག་དེའི་འོག་ནས། རྟོགས་སད་ལས་འགུལ་དང་རྗེས་ལུས་ཕྱིར་ལྡོག་གི་འགུལ་བསྐྱོད་ལ་བརྩོན་པའི་སྲ་བརྟན་ཆོད་སེམས་ཀྱི་སྙིང་སྟོབས་དེས། ཁོ་བོར་ལན་གཅིག་ཙམ་མིན་པར་སྐབས་དུ་མར་ཁོང་ལ་ཡིད་སྨོན་འཆོར་བའི་ཚོར་ཤེས་ཤིག་སྦྱིན་འོང༌། ཡིན་ནའང་བོད་ཀྱི་སྤྱི་ཚོགས་ནང་ཆེས་རྒྱུན་འབྱམས་སུ་གནས་པའི་ཀླད་རྙིང་མཁྲེགས་འཛིན་གྱི་ལྟ་སྤྱོད་ལས་མངོན་པའི་སྲོལ་ངན་དག་ལ་དགག་སྒྲུབ་དང་ཐེར་འདོན་བགྱིས་པ་དེས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གནས་བབ་དང་འཕེལ་རྒྱས་ལ་བཀག་རྒྱ་བཟོས་ཚུལ་གྱི་གཏམ་བསྙད་མཁན་དེ་དག་གིས་སྲོལ་རྒྱུན་རིག་གནས་ཀྱི་ངོ་བོ་རང་བཞིན་དེ་ཇི་བཞིན་མ་རྟོགས་པའི་མཁས་རྫུན་གྱི་བརྡ་རྟགས་ཤིག་གསལ་བར་བསྟན་ཡོད། 

ཁ 

ཁོང་གི་སྒྲུང་ཐུང་《སེམས་གཅོང》(Disease of the mind)ཞེས་པ་ནི་ཁོ་བོར་དོན་གྲུབ་རྒྱལ་གྱི་མཁྱེན་དཔྱོད་ཤེས་སུ་འཇུག་བྱེད་ཀྱི་བརྩམས་སྒྲུང་ཡག་ཤོས་ཤིག་ཡིན་ཏེ། དེར་ལྷན་སྐྱེས་ཀྱི་ཕོ་མོའི་རང་དབང་གི་དུངས་སེམས་ཤིག་ལ་ཆག་གྲུམ་ཤོར་བའི་དཔྱད་མྱོང་གི་བརྗོད་པ་ཞིག་གིས། ཐུན་མོང་མ་ཡིན་པའི་རྩོམ་རིག་སྒྱུ་རྩལ་གྱི་མཛེས་དཔྱོད་དང་ལྷན་དུ་བློ་ཡུལ་ལས་འདས་པའི་བཀག་སྡོམ་དང་རང་སྲུང་མང་བོ་ཞིག །ལང་ཚོ་སྨིན་པའི་གཞོན་ནུ་མ་བདེ་མཚོའི་བསམ་སྤྱོད་ལས་ཐེར་འདོན་བྱས་པར་མངོན་ཞིང༌། བྱུང་རིམ་ཁྲོད་ཀྱི་མི་སྣ་སློང་སྐྲུན་གྱི་སྣང་བརྙན་དང་ཡིད་འགྱུར་མཚོན་པའི་བྱ་སྤྱོད་སོགས་ཀྱིས།བུ་མོ་གཞོན་ནུ་མ་ཞིག་གི་བདག་དང་འབྲེལ་བའི་བསམ་པའི་ཐོབ་ཤོར་ཞིག་རྩོམ་པ་པོའི་ཀུན་རྟོག་གི་མལ་ལས་གཉིད་སད་དེ་ཡིད་ཕངས་པའི་ཚོར་བ་ཞིག་ཡུན་གྱིས་སྟེར་བར་མ་ཟད། བརྩམས་སྒྲུང་དེའི་མགོ་མཇུག་བར་གསུམ་དུ་སིམ་པའི་ལང་ཚོ་སྨིན་མ་ཐག་པའི་བུ་མོ་དེའི་འཇིག་རྟེན་སྣང་བ་ལ་དུངས་པའི་དགའ་སྐྱོ་ཟུང་གི་ཚོར་འདུ་མཚོན་པའི་སྐད་ཆའི་སྣང་བརྙན་གྱིས་ཀྱང་ང་ཚོའི་སེམས་སུ་འཇགས་མི་ཐུབ་པའི་ཚོར་ཤུགས་ཞིག་བསླངས་ཤིང༌། སྒྲུང་གཏམ་དེའི་ལུས་ཧྲིལ་བོར་སྙན་འཇེབས་ཚིག་གི་སྦྱོར་བས་སྤྲོས་ཏེ་གོ་བདེ་བའི་ཨ་མདོའི་ཁ་སྐད་ཀྱིས་ཡོངས་སུ་བརྒྱན་འདུག །འདིར་བདེ་མཚོ་བརྩེ་དུངས་ཀྱི་གཏིང་མཐར་ཟགས་བཞིན་པའི་བརྗོད་པ་ཞིག་ལ་རོལ་མྱོང་བྱས་ན་འདི་ལྟ་སྟེ། སྐབས་དེར་ང་ཡང་ལུས་ཡོངས་ངོ་ཚས་མནན་ཏེ་མགོ་བོ་ཡར་འདེགས་པའི་ནུས་པ་དང་བྲལ་ཀྱང་བརྩེ་གདུང་སེམས་ཀྱི་བྱེད་པོས་བསྐུལ་ཏེ་འདྲེན་བྱེད་ཟུང་ཁོང་གི་རྗེས་སུ་སྐྱེལ་མར་མངགས་ཞེས་པའི་བརྗོད་པ་དུམ་བུ་དེ་ཅི་འདྲའི་ཞེན་དུངས་ཀྱི་ཤུགས་ཆེ་ནའང༌། བདེ་མཚོའི་ཨ་ཕས་རང་གི་བུ་མོའི་ཐུན་མིན་གྱི་ཁེ་དབང་དང་འདོད་མོས་ལ་ཚོད་འཛིན་བྱས་ཏེ་བུ་མོའི་གཉེན་དོན་དེ་ཁོའི་མོས་པ་བཞིན་སྔོན་ཚུད་ནས་ཁ་ཆད་བྱས་པས། དགའ་སྣང་གི་ཚོར་ཤུགས་རབ་ཏུ་བརྟས་པའི་གཞོན་ནུ་མའི་ལང་ཚོ་དེ་མནར་གཅོད་དང་སྡུག་བསྔལ་གྱི་ངོ་བོར་བསྒྱུར་བ་དང༌། ཟླ་བས་བདེ་མཚོའི་ཨ་ཕས་ཁ་ཞེ་གཉིས་མེད་ཀྱིས་རང་གི་བུ་མོའི་མ་འོངས་པའི་འཚོ་གནས་དང་བདེ་སྐྱིད་ཀྱི་ཆེད་དུ་སྤྱི་ཚོགས་སྟེང་གོ་གནས་ཡོད་པའི་མག་པ་ཞིག་འཚོལ་བའི་སྦྱོར་བ་ལྷུར་ལེན་པའི་ཆོད་སེམས་དང༌། སློབ་གྲྭའི་དགེ་རྒན་གྱི་སློང་ཆང་འཐུངས་ཟིན་པ་སོགས་ལ་རྐྱེན་བྱས་ཏེ་རང་གི་སེམས་གཏིང་གི་མཛའ་ན་མོ་བློས་བཏང་བ་དང་རེ་བས་ཁེངས་པའི་བདེ་མཚོའི་བྱ་བཞག་ལ་ཡིད་ཆད་དང་སྡུག་ཡུས་ཀྱི་ངང་ནས་མོས་མཐུན་བྱས། དེ་ལས་ལྡོག་སྟེ་ཟོལ་བཅས་ཀྱི་གཉེན་སྒྲིག་གོ་རིམ་ཁྲོད་དུ་མཛེས་ཤིང་སྡུག་པའི་གཞོན་ནུ་མ་དེ་ཁེར་རྐྱང་གི་ཨ་མ་ཞིག་གི་འཚོ་བར་གཞིས་ཆགས་པ་དང༌། ཕ་མས་བཀོད་འདོམས་འོག་གི་གཉེན་དོན་གྱི་བྱུང་བ་དེས་མོར་སྡུག་བསྔལ་གྱི་འཚོ་བ་ཞིག་བསྐྲུན་པས། དེ་འདྲའི་ཕྲུ་གུའི་འཚོ་གནས་ལ་འགན་འཁྲིའི་འདུ་ཤེས་མེད་པའི་ཁྱོ་ག་དང་ཁ་བྲལ་པའི་བུད་མེད་སྤྱིའི་རང་དབང་དང་ཐོབ་ཐང་ལ་འགན་འཁྲིའི་བསམ་བློ་གཏོང་དགོས་པ་དང༌།ལུགས་སྲོལ་རྙིང་བའི་གཉེན་དོན་འཛིན་ཚུལ་དེ་མཇུག་སྒྲིལ་དགོས་པའི་སྐུལ་བརྡ་ཞིག་མངོན་པར་གསལ་འདུག །དེ་བས་སྒྲུང་ཐུང་དེ་ནི་དེང་རབསཀྱི་ན་གཞོན་བུ་མོ་ རྣམས་གཉེན་སྒྲིག་མ་བྱས་སྔོན་གྱི་ཕོ་མོའི་བརྩེ་དུངས་ལ་སྙེག་པའི་སེམས་འདུན་དང་དེའི་བསླུ་བླིད་ལ་འཛེམ་དགོས་པའི་རྣམ་བཞག་འགྲེལ་བའི་སློབ་ཚན་ཞིག་གམ། ཡང་ན་སློང་སྐྲུན་གྱི་བྱེད་ནུས་ལྡན་པའི་སྒྲུང་གཏམ་ལེགས་ཤོས་ཤིག་ཀྱང་རེད། བརྩམས་སྒྲུང་དེའི་བྱུང་རིམ་ཁྲོད་ཀྱི་སྐད་ཆའི་སྒྱུ་རྩལ་ནི་སྤྱིར་བཏང་གི་རྣམ་པ་ལས་འགོངས་ཤིང༌། དཔེར་ན། ཕ་བོང་དཀར་བོ་འདི་ནི་ངའི་སེམས་ཀྱི་རྟ་རྒོད་འཛིན་པའི་འཆིང་ཞགས་དང་འདྲ་བར་ངའི་བརྩེ་གདུང་གི་འདུན་པ་དེ་གར་དབང་མེད་དུ་བཀྱིགས། ཕར་ཕྱོགས་ཀྱི་མི་དེ་ནི་རྔོན་པ་ཞིག་དང་འདྲ་བར་ངའི་སེམས་ཀྱི་རི་དྭགས་འཛིན་ཕྱིར་བྲེལ་འཚུབ་འཚུབ་ངང་ཚུར་ཡོང་བཞིན་འདུག །ཁོང་གི་གོམ་པའི་འདེགས་འཇོག་དང་བསྟུན་ནས་ངའི་སྙིང་ཁ་ཡང་བར་མེད་དུ་གཡུགས་བྱུང་བས་ན། སེམས་ཀྱི་བྲེལ་སྣང་དེ་ཟོལ་གྱིས་འགེབས་ཆེད་ངས་མགོ་ལ་དཀྲིས་པའི་སྐྲའི་ལན་བུ་གཉིས་མདུན་དུ་བླངས་ནས་སྐྲ་སྣེ་མདུད་ཁུལ་གྱིས་དེ་གར་མུ་མཐུད་ནས་བསྡད་ཅེས་པའི་བརྩེ་དུངས་ཀྱི་ཡིད་བརྙན་མཚོན་པའི་སྐད་ཆའི་སྒྱུ་རྩལ་དེ་ལྟ་བུས་ཀྱང༌། ཀློག་པ་པོའི་མིག་ལམ་དུ་ལོ་རབས་བརྒྱད་ཅུ་བའི་བོད་ཀྱི་འཚོ་བའི་ཁྲོད་དངོས་སུ་བྱུང་དང་འབྱུང་བཞིན་པའི་དོན་རྐྱེན་ཕྱིར་རྟོག་གི་རྟོག་བཟོའི་བརྗོད་པ་དེའི་ནང་སྲོག་ལྡན་གྱི་འགུལ་རིས་ཤིག་གིས་བྱ་བྱེད་སྤེལ་བཞིན་པའི་སྣང་བ་ཞིག་བཅོས་མིན་དུ་སྟེར། བུ་མོ་བདེ་མཚོ་ཕ་ཡུལ་རེབ་གོང་ནས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་རི་ལུང་གི་ལམ་ཕྲན་བརྒྱུད་ནས། གྲོང་ཁྱེར་ཆེན་པོ་ཟི་ལིང་དུ་ཡུན་རིང་ཁ་བྲལ་པའི་རང་གི་མ་འོངས་པའི་ཁྱོ་ག་འཚོལ་ཕྱིར། རྒྱུས་མེད་ཀྱི་ས་ཆ་འགྲིམས་ནས་མཚོ་སྔོན་མི་རིགས་སློབ་གླིང་དུ་ཕྱིན་པའི་བསླུ་བྲིད་ཀྱི་སྐྱོ་གར་ལ་སོགས་པའི་བརྗོད་དོན་ལས། དོན་གྲུབ་རྒྱལ་གྱིས་ཁོང་གི་མི་ཚེ་ ནང་དངོས་བྱུང་འཚོ་བའི་ཁྲོད་ཀྱི་བཙན་དབང་དང་སྒེར་གཅོད་ལ་བརྟག་ཞིབ་མཛད་ནས་དེ་དག་ཟློག་བྱེད་ཀྱི་འགན་འཁྲིའི་འདུ་ཤེས་དང་རིགས་ཤེས་ཤིག་ངེས་པར་ལྡན་དགོས་པའི་འདོད་བློ་བཟུང་སྟེ། མཛེས་སྡུག་ལྡན་པའི་གཞོན་ནུ་མའི་ལང་ཚོ་དེ་གཞན་དབང་གིས་མཚར་སྡུག་ཉམས་ཤིང་སྔོ་ཟད་སྐྱ་སྡུག་གི་འཚོ་བར་གྱུར་པའི་འཕེལ་རིམ་ཞིག །བྱུང་འདས་ཀྱི་ལོ་རྒྱུས་རིང་མོ་དང་སྙན་ངག་གི་འཆིང་རྒྱ་ལས་གྲོལ་ཏེ་ཁ་གསལ་ཞིང་གོ་བདེ་བའི་རྟོག་བཅོས་ཀྱི་བརྗོད་པའི་ངང་དེང་བོད་གཞོན་རབས་རྣམས་ལ་བློ་འབྱེད་ཀྱི་སྣང་བརྙན་གསོན་པོ་ཞིག་བསླངས་འདུག 

 ག  

རྩོམ་བྱུང་ལོ་རྒྱུས་སྟེང་གི་དོན་གྲུབ་རྒྱལ་གྱི་རིགས་ཤེས་ཟབ་འཇུག་གི་ཞེང་ཚད་ནི་ཁོང་གི་རྒྱུན་བརྩོན་དང་ཞེན་དུངས་ཀྱིས་བཞེངས་པའི་བོད་ཀྱི་སྐད་ཡིག་གི་རྩོམ་སྟངས་གསར་བ་རཱ་མ་ཎའི་རྟོགས་བརྗོད་ལས་ཤེས་སླ་བར་མ་ཟད། པདྨ་འབུམ་གྱིས་བྲིས་པའི་《དོན་གྲུབ་རྒྱལ་གྱི་མི་ཚེ》ལས་ཀྱང་མངོན་པར་སྣང་སླ་《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ》གྱི་པོད་དང་བོ་སྟེ། སྙན་ངག་ཕྱོགས་བསྒྲིགས་ནི་ཁོང་རང་ཉིད་ཆེས་སྤྲོ་སྣང་ཡོད་པའི་དཔའ་བོའི་མཛད་རྗེས་སྙན་ངག་ཏུ་བྲིས་པའི་ལོ་རྒྱུས་《རཱ་མ་ཎའི་རྟོགས་བརྗོད་གོ་བདེར་སྦྱར་བ་མགུར་དབྱངས་བློ་གསར་རྣ་བའི་དཔྱིད་གླུ་ཞེས་པའི་ལྷན་དུ་གྲུབ་པ་ཞིག་རེད། དེ་ནི་བོད་རིག་པའི་བང་མཛོད་དུ་བྱོན་པའི་དེང་རབས་ཀྱི་བསྒྱུར་རྩོམ་ཞིག་ཀྱང་རེད། དེའི་ཤོག་ངོས་1ནས་12བར་དུ་རཱ་མ་ཎའི་རྟོགས་བརྗོད་ཀྱི་ལོ་རྒྱུས་སྙིང་བསྡུས་ཤིག་གིས་སྔོན་དུ་གླེངས་ནས་དེ་ཚུལ་ཇི་ལྟར་འཛམ་གླིང་རྩོམ་རིག་ཐོག་དར་ཁྱབ་ཏུ་ཕྱིན་པའི་བྱུང་རིམ་གྱིས་ཟུར་བརྒྱན་འདུགདེ་ཡང་ཁོང་གིས་རྒྱུན་དུ་གང་ཞིག་རྟོག་འཇུག་བྱ་བར་སྤྲོ་བའི་བརྩམ་བྱ་ཞིག་ཏུ་གྱུར་ཡོད་པ་ཁོང་གི་བརྩམས་ཆོས་གཞན་དག་ལས་མངོན་ཏེ། གསུང་པོད་བཞི་བར་རྒྱ་ཡིག་གི་འགྱུར་ལས་བྱུང་བའི་རཱ་མ་ཎའི་བསྒྱུར་རྩོམ་གྱི་བརྗོད་དུམ་འགའ་ཚུད་ཡོད་པ་དང༌། གསུང་པོད་ལྔ་བར་ཞང་ཞུང་བ་ཆོས་དབང་གྲགས་པས་མཛད་པའི་《རཱ་མ་ཎའི་རྟོགས་བརྗོད་དྲི་ཟའི་རྒྱུད་མངས》ལ་དཔྱད་པའི་བྲིས་རྩོམ་ཞིག་མཁོ་སྤྲོད་གནང་ཡོད། ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་གནའ་རབས་བོད་ཀྱི་རཱ་མ་ཎའི་རྟོགས་བརྗོད་ཀྱི་འགྱུར་རྩོམ་ཞིག་ཀྱང་གསུང་པོད་དྲུག་པའི་ཤོག་ངོས་51ནས་88བར་གསལ། རཱ་མ་ཎའི་རྟོགས་བརྗོད་ལས་གཞན་པདྨ་འབུམ་གྱིས་དོན་གྲུབ་རྒྱལ་གྱིས་འཆད་ཁྲིད་གནང་བའི་རྒྱལ་དབང་ལྔ་བ་ཆེན་མོའི་《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ཐད་ལ་དཔྱད་བརྗོད་བྱས་ཡོད། ད་དུང་ཡང་ཅིག་གླེང་ན། ཉེ་ཆར་ཕྱོགས་བསྒྲིགས་བྱས་པའི་ཁོང་གི་གསུང་འབུམ་གྱིས་ཀློག་པ་པོ་རྣམས་ལ་གལ་འགངས་ཆེ་བའི་རྩོམ་པ་ཁག་ཅིག་ལས་མངོན་པའི་དོན་གྲུབ་རྒྱལ་གྱི་སྒམ་དཀྱེལ་གྱི་བསམ་བློ་རྟོགས་པར་མཐུན་རྐྱེན་བསྐྲུན་འདུག །དཔེར་ན་གསུང་པོད་ལྔ་བའི་ཤོག་ངོས་1ནས་214བར་གསལ་བའི་སུ་ཞིག་གི་ངག་ལས་འཁྲོལ་བར་མི་ནུས་པའི་རྨད་བྱུང་ཚིག་སྦྱོར་གྱིས་བརྒྱན་པའི་སྙན་ངག་དང་ལོ་རྒྱུས་དེབ་ཐེར་གྱི་ཟིན་ཐོ་དང༌། གསུང་པོད་དྲུག་པའི་ཤོག་ངོས་131ནས་442བར་གྱི་དཔྱད་གཞིའི་རྒྱུ་ཆར་མཁོ་བའི་《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས་འཕྲོས་པའི་ལོ་རྒྱུས་ཀྱི་རྣམ་བཤད་ཐོར་བུ》ལྟ་བུས་མཚོན་ཡོད། ང་ཚོས་ཀྱང་ཁོང་ཉིད་རྒྱུན་དུ་ཞིབ་འཇུག་བྱ་བར་སྤྲོ་སྣང་ཡོད་པའི་རྩོམ་རིག་དེའི་ཐད་ལ་རྟོག་ཞིབ་བྱ་འོས། དཔེར་ན། གསུང་པོད་གསུམ་པའི་ཤོག་ངོས་27ནས་53བར་གསལ་བའི་སྐྱེན་ཆེན་ཁོང་གི་ཡུན་རིང་གི་བརྩོན་འབྲས་ལས་སྨིན་པའི་《མི་ལ་རས་པའི་རྣམ་མགུར》གྱི་རྩོམ་པ་པོ་གཙང་སྨྱོན་ཧེ་རུ་ཀའི་ལོ་རྒྱུས་ཞེས་པ་དང༌། གསུང་པོད་ལྔ་བའི་ཤོག་ངོས་215ནས་305བར་གསལ་བའི་ མཐུད་འབྲེལ་རང་བཞིན་གྱི་《མི་ལ་རས་པའི་རྣམ་ཐར》གྱི་ཚིག་གསར་མཆན་འགྲེལ་དང་མཚན་དོན་དབྱེ་ཞིབ་ལྟ་བུ་ནི་དཔྱོད་རིན་ཤིན་ཏུ་ནས་ ཆེའོ།། 

 ང 

རིག་གཞུང་ཐད་ནས་དོན་གྲུབ་རྒྱལ་ལ་འབྲེལ་འདྲིས་ཟབ་པའི་བོད་ཀྱི་ཆེད་མཁས་པ་སྐོར་ཞིག་སྟེ། ཁོང་གི་གྲོགས་མཆོག་གཉའ་བློ་གྲོས་རྒྱལ་མཚན་དང༌། བོད་ཀྱི་ལོ་རྒྱུས་ཆེད་མཁས་པ་གྲགས་ཅན་སློབ་དཔོན་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས། དོར་ཞི་གདོང་དྲུག་སྙེམས་བློ། འཇིགས་མེད་ཐེག་མཆོག །ཉེན་ཤུལ་མཁྱེན་རབ་འོད་གསལ། དབྱངས་ཅན་སྒེག་པའི་བློ་གྲོས་རྣམས་ཀྱིས་དོན་གྲུབ་རྒྱལ་གྱི་མི་གཞི་དང་རྣམ་དཔྱོད་ལ་གདེང་འཇོག་མཛད་ནས་གསུང་འབུམ་གྱི་པོད་རེ་རེ་ངོ་སྤྲོད་བྱས་པ་དག་ལས། གཉའ་བློ་གྲོས་རྒྱལ་མཚན་དང་དོར་ཞི་གདོང་དྲུག་སྙེམས་བློ་གཉིས་ཀྱི་བྲིས་རྩོམ་ནི་དམིགས་བསལ་གྱི་དོན་སྙིང་ལྡན་པ་ཞིག་ཏུ་སྣང༌། དང་བོ་ནི་ཁོང་གི་གསུང་འབུམ་པོད་དང་བོའི་ནང་གང་ཞིག་ཚུད་པའི་བརྩམས་ཆོས་རྣམས་གདེང་འཇོག་རང་བཞིན་གྱི་གླེང་བརྗོད་ཅིག་ཏུ་འཁུམས་ཤིང༌། དེར་ཁོང་གིས་བྲིས་རྩོམ་བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་སྐོར་དང༌། མགུར་གླུའི་ལོ་རྒྱུས། རཱ་མ་ཎའི་རྟོགས་བརྗོད། ལྷག་དོན་ཟབ་གསལ་རང་བཞིན་གྱི་བརྗོད་དོན་འབུར་དུ་ཐོན་པའི་དེང་རབས་སྙན་ངག་རྣམས་དང༌། དཔེར་ན་བོད་ཀྱི་སྙན་ངག་པའི་སྡེ་ཡི་རིག་པའི་བང་མཛོད་བརྒྱན་པའི་ནོར་བུ་རུ་གྲུབ་པའི་《ལང་ཚོའི་རྦབ་ཆུ》(Torrents of youth)ལྟ་བུའི་བརྩམས་ཆོས་རྣམས་ལ་རྟོག་དཔྱོད་རོལ་མྱོང་གི་ཁྱད་རྟགས་མངོན་པར་གསལ་འདུག །གཉིས་པ་ནི་དོན་གྲུབ་རྒྱལ་སྐུ་གཤེགས་ནས་ལོ་གཅིག་གི་རྗེས་སུ་བྲིས་པའི་རྟོག་འཇུག་སློང་སྐྲུན་གྱི་ནུས་ཤུགས་ཆེ་བའི་མྱ་ངན་གྱི་ཞུ་མཆིད་ཅིག་སྟེ། ཤེས་རྟོགས་ཀྱི་ཟབ་རྒྱ་ཡངས་པའི་དོན་གྲུབ་རྒྱལ་གྱི་བསམ་བློ་དང༌།  ཡིད་འགུག་གི་བྱེད་ནུས་ལྡན་ཞིང་སྔར་སྲོལ་དང་མི་མཐུན་པའི་གཤིས་སྤྱོད་ལ་སྒམ་ནན་གྱིས་ཕྱིར་རྟོག་བགྱིས་པ་ཁོ་ནར་ངེས། དེ་ནི་ཁོང་གི་གྲོགས་པོས་རང་སྲོག་བཅད་ནས་སྐུ་གཤེགས་པའི་བློ་ཡུལ་ལས་འདས་པའི་གཏམ་ངན་ཐོས་པ་ལ་རྐྱེན་བྱས་ཏེ་རྒྱུས་མངའ་མཆིས་པའི་འབྲེལ་ཡོད་ཀྱི་བྱུང་འདས་ཤིག་གི་ངོ་བོར་དམིགས་ནས་བྲིས་པར་སྣང་ཞིང༌། དེར་གྱ་གཉིས་ལོའི་རྩོམ་རིག་ཚོགས་འདུ་ཞིག་གི་སྟེང་དོན་གྲུབ་རྒྱལ་ཐོག་མར་ངོ་ཤེས་ཆགས་པ་དང༌། བོད་ཀྱི་རིག་གནས་ཕལ་ཆེར་མེད་བརླག་ཏུ་བཏང་ཚར་བའི་རིག་གནས་གསར་བརྗེ་ཆེན་མོའི་རྗེས་ཀྱི་དུས་ཐུང་བགྲང་བྱའི་ནང༌། ཀུན་གྱིས་བསྔགས་ཡུལ་དུ་གྱུར་བའི་བོད་རིག་པའི་རྩོམ་རིག་མཁན་པོའི་ཁྲི་འཕང་བརྙེས་པའི་དོན་གྲུབ་རྒྱལ་ལྟ་བུ་ནི་ཡིད་སྨོན་བྱེད་པར་སྤྲོ་ཚུལ་གྱི་སྐབས་དེའི་ཚོགས་འདུའི་སྣང་བརྙན་ཞིག་ཀྱང་ཡུན་གྱིས་གསལ། ཁོང་གི་བྲིས་རྩོམ་ལས། སྤྱི་ཚོགས་སྟེང་ན་དོན་གྲུབ་རྒྱལ་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་མཁན་དང༌། སྐྱོན་བརྗོད་ཀྱི་མདའ་མོ་འཕངས་མཁན་ཡང་མང་དུ་ཡོད་མོད། མི་སོ་སོའི་སྐྱོན་ཡོན་འབྱེད་བྱེད་ཀྱི་ཚད་མ་མི་གཅིག་པས་ཅེས་པའི་རྒྱབ་ལྗོངས་སུ་ཁོ་རང་དོན་གྲུབ་རྒྱལ་གྱིས་ཆོས་ལུགས་བསླུ་བྲིད་པའི་བཙུན་གཟུགས་སུན་འབྱིན་བྱས་པའི་《སྤྲུལ་སྐུ》ཡིད་འཐད་བྱུང་བར་བསྟན་འདུག །བརྩམས་སྒྲུང་འདིའི་རང་སྟེང་ནས་རྩོམ་པ་པོས་བོད་ཀྱི་ཆོས་ལུགས་སྤྱིའི་དབང་འཛིན་པར་དགག་སྒྲུབ་བྱས་པའི་རྣམ་པ་ཞིག་མི་སྣང་མོད། འོན་ཀྱང་དོར་ཞི་རིན་པོ་ཆེའི་བྲིས་རྩོམ་ལ་རྟོག་གཞིག་བྱས་ན། ཀློག་པོ་པོས་《སྤྲུལ་སྐུ》ཡི་དམིགས་འབེན་གསལ་བོར་མ་རྟོགས་པས་དོན་གྲུབ་རྒྱལ་ལ་བསྟན་དགྲ་ཞེས་སྡིག་དམོད་བྱས་ཡོད་པ་དང༌། ཡིན་ནའང་ཞིབ་འདང་ཞིག་བརྒྱབ་ན་སྤྱི་ཚོགས་སྟེང་གི་ཆོས་འགལ་གྲྭ་བ་དང་སྤྲུལ་སྐུ་བརྫུས་མར་སྐྱོན་བརྗོད་བྱས་ན་ཧ་ཅང་ཚབས་ཆེན་ཞིག་མ་ཡིན་ཏེ། ཨ་མདོའི་རྩོམ་རིག་ལོ་རྒྱུས་དང་ཆོས་ལུགས་གོ་གནས་སྟེང་ཆེས་མངོན་དུ་འཕགས་པའི་མི་སྣ་གུང་ཐང་བསྟན་པའི་སྒྲོན་མེ(1762-1823)དང༌། ཐུའུ་བཀྭན་ཡོངས་འཛིན་བསྟན་པ་རྒྱ་མཚོ(དུས་རབས་བཅུ་དགུ་བ)། མཁས་དབང་དགེ་འདུན་ཆོས་འཕེལ་(1903- 1951)རྣམས་ཁོང་གི་ལྟ་བའི་རྒྱབ་རྟེན་དུ་དྲངས་ནས་བོད་ཀྱི་ཆོས་ལུགས་རིག་གནས་ཀྱི་བསམ་བློའི་གཙོ་འཛིན་མི་སྣར་ཁས་འཆེས་པའི་སྐྱེས་ཆེན་དམ་པའི་ཆོས་འགལ་ལ་སྐྱོན་བརྗོད་བྱེད་སྤྲོ་བ་ཤུགས་སུ་བསྟན་ཡོད། དེ་བཞིན་དུ་ཐེག་ཆེན་གྱི་ལྟ་གྲུབ་ལ་མྱོང་གོམས་ཟབ་པའི་གོང་སྨོས་ཀྱི་སྐྱེས་ཆེན་དམ་པའི་ལྟ་སྤྱོད་དག་དོན་གྲུབ་རྒྱལ་གྱི་གཤིས་སྤྱོད་ཀྱི་དཔེ་མཚོན་དུ་བཀོད་དེ། ཁོས་ཁྱད་མཚར་བའི་དཔེ་མཚོན་གྱི་བརྗོད་དུམ་འདིའི་ནང་སྔོན་ཐོན་གྱི་མིག་དཔེ་ཞིག་འཚོལ་བའི་ཚོར་བ་ཞིག་ཡུན་གྱིས་སྣང༌། ཁོ་བོས་བསམ་ན་དེ་ནི་འོས་འཚམས་ཀྱི་མཚོན་བྱེད་ཅིག་ཏུ་མི་འདོད་དེ། དོན་གྲུབ་རྒྱལ་ནི་སྲོལ་རྒྱུན་རྙིང་བ་གཏོར་བཤིག་བཏང་བའི་རྗེས་སུ་གསར་དུ་བྱུང་བའི་དེང་བོད་རྩོམ་རིག་ལོ་རྒྱུས་ཐོག་གི་གྲགས་ཆེ་བའི་སྐྱེས་ཆེན་ཞིག་ཡིན་ཙ་ན། ཁོང་གི་དགག་སྒྲུབ་ཀྱི་དམིགས་འབེན་དང་ཆོས་ལུགས་ པའི་དགག་སྒྲུབ་ཀྱི་ཁ་ཕྱོགས་གཉིས་ཐ་དད་དུ་སྣང་བས། དོར་ཞི་རིན་པོ་ཆེས་བྱུང་འདས་སྐབས་ཀྱི་དོན་གྲུབ་རྒྱལ་གྱི་བསམ་བློ་ཇི་བཞིན་གསལ་འགྲེལ་བྱེད་པར་ཁོ་བོ་སོམ་ཉི་ཤིན་ཏུ་ཆེ། མན་ངག་སྒྲུབ་སྦྱོང་རིང་ལུགས་པས་གསར་གཏོད་ཀྱི་འགུལ་ཤུགས་དེས་སྲོལ་རྒྱུན་གྱི་གཤིས་ལུགས་ལ་མཐའ་གཅིག་ཏུ་གནོད་པར་དོགས་ནས་གནའ་རབས་བོད་ཀྱི་རྒྱུན་སྲོལ་དེ་དུས་ཡུན་རིང་བོར་རང་སྲུང་དང་བཀག་སྡོམ་བྱས་པས་ཚོར་བ་སྐྱེན་པའི་རིག་པ་ཞིག་གཞི་གྲུབ་པ་དང། མཁས་དབང་དགེ་འདུན་ཆོས་འཕེལ་ཡང༌། ཁོང་འདས་རྗེས་སུ་མ་གཏོགས་རླབས་ཆེ་བའི་མི་སྣ་ཞིག་ཡིན་པར་རྟོགས་ཐུབ་མི་འདུག གང་ལྟར་ཨ་མདོའི་སྙན་ངག་པ་གཞན་ཞིག་ལ་ཕྱིར་རྟོག་བྱས་ན་འདི་ལྟ་སྟེ། ཁོང་ནི་དུས་རབས་སྔོན་མར་བྱོན་པའི་བདུད་འཇོམས་རྡོ་རྗེ་རིན་པོ་ཆེ་རེད། 1991ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཁོང་གི་རང་རྣམ་གྱི་ས་བཅད་ལྔ་བ་《སྤྲུལ་སྐུའི་གོ་སར་ལྷུང་ཚུལ》ཞེས་པའི་ནང༌། ཁོང་ཉིད་གཤིན་གསོན་གྱི་དཀོར་ལ་ཆགས་པ་རྐྱེན་བྱས་ནས་མགོ་སྐོར་གཏོང་བའི་བྱ་སྤྱོད་སྤེལ་ཚུལ་དང༌། ཁོང་གང་དུ་སློབ་ཞུགས་བྱས་པའི་དགེ་ལུགས་ཀྱི་བཤད་གྲྭ་དེར་སློབ་སྦྱོང་གི་འབད་འབྲས་ལེགས་པོ་མ་བྱུང་བས། ཟུར་བསྟེན་གྱི་དགེ་རྒན་བཙལ་ཏེ་རྒྱུན་བརྩོན་གྱི་འཆད་རྩོད་ལ་ འབད་ཚུལ་སོགས་བྲིས་འདུག །ཚིག་གཞན་ཞིག་གི་ཐད་ནས་བཤད་ན། སྔར་སྲོལ་དང་རང་ཉིད་ཀྱི་ནག་ཉེས་ཐེར་འདོན་བྱེད་པའི་ལམ་ལུགས་དེས་དོན་གྲུབ་རྒྱལ་གྱི་དགག་སྒྲུབ་སྙིང་སྟོབས་ལ་འཐད་སྒྲུབ་ཀྱི་ཡིད་ཆེས་དང་བག་ཆགས་ཟབ་མོ་བཞག་པར་མངོན། གང་ལྟར་བདུད་འཇོམས་རྡོ་རྗེ་རྙིང་མ་བའི་བླ་མའི་ཁྲི་འཕང་དུ་བཞེངས་པས་སྐུ་ཚེ་ཧྲིལ་བོར་འཚོ་གནས་ཐུབ་ཡོད། དོན་གྲུབ་རྒྱལ་ནི་བློ་འབྱེད་ཀྱི་ལམ་སྣེར་ཞུགས་པས་བློ་ཡུལ་ལས་འགོངས་པའི་དོན་རྐྱེན་དེ་འདྲ་ཞིག་བྱུང་བ་རེད། དེརབརྟེན། ཡིད་སྤྲོ་བས་བརྟས་པ་དང་སེམས་སྡུག་གིས་མནར་བའི་ཁོང་གི་བརྩམས་ཆོས་ཀྱི་དོན་སྙིང་དག་ང་ཚོས་ངེས་པར་དུ་ཧ་གོ་བར་བྱེད་དགོས། ཁོང་གི་གསུང་འབུམ་དེ་ནི་བོད་ཀྱི་མ་འོངས་པའི་ཆེད་དུ་ཞུམ་མེད་ཀྱི་སྤོབས་པ་རྒྱས་པའི་དཔུང་སྡེ་ཞིག་ཡིན་པར་མཚོན་པ་དང༌། བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་ཁོང་གིས་ཚད་མཐོའི་གོ་གནས་ཤིག་བཟུང་ཡོད་པར་ར་སྤྲོད་ཀྱི་དན་རྟགས་ཤིག་ཀྱང་རེད། མ་འོངས་པར་ལོ་རྒྱུས་དེ་ཇི་ལྟར་མངོན་འགྱུར་བྱེད་པར་ལམ་ཕྱོགས་འདིའི་སྟེང་ནས་ཉེར་མཁོའི་བསམ་བློའི་དྲིལ་སྒྲོག་གི་ཚད་གཞི་ཆེན་པོ་ཞིག་ལ་བརྟེན་དགོས་པས། བོད་ཀྱི་མི་རབས་གསར་བའི་ཀློག་པ་པོ་རྣམས་ད་ལྟ་རང་དོན་གྲུབ་རྒྱལ་གྱི་ལྷན་དུ་དཔུང་འཇུག་བྱེད་དགོས་སོ། ། 


 མཆན། 

① James Dean(1931-1955)འགྲོ་བ་མིའི་རང་དབང་དང་བདེན་པའི་ཆེད་ཕ་མ་དང་སྲིད་གཞུང་ལ་རྒོལ་ལེན་གྱི་སྙིང་སྟོབས་ལྡན་པའི་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཞིག་ཡིན། འཁྲབ་བྱ་ལ་《གདོད་མའི་ཞིང་ཁམས་ཀྱི་ཤར་ཕྱོགས》དང་《རྩ་དོན་མེད་པའི་ལོག་སྤྱོད་པ》ཞེས་པ་གཉིས་ཡོད། ཁོང་གི་མི་ཚེ་ཐུང་ངུའི་ནང་གི་གློག་བརྙན་དེ་གཉིས་ཀྱིས་ཨ་རི་ལས་གཞན་ཡོ་རོབ་གླིང་ཀུན་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།