-->

Dec 27, 2021

གསེར་ཐང་ལས་འབྱུང་བའི་ཁ་ཆེའི་ལོ་རྒྱུས།

     


མ་ཁ

ད་ནི་དུས་ཕྱིས་རྒྱ་གར་ཡུལ་དུ་ཡུན་རིང་བོར་སྲིད་བཟུང་བའི་ཀླ་ཀློ་རྣམས་ཀྱི་འབྱུང་ཁུངས་དང་ལོ་རྒྱུས་དག་ལ་རང་གི་གཤིས་ལུགས་ཀྱིས་སྐྱོན་བརྗོད་ཕྲ་མོ་ཡང་མ་ཤོར་བར། རྒྱལ་རབས་སུ་གསལ་བ་དེ་ཁོ་ན་ལྟར་བྲི་བར་བྱའོ། །དེ་ཡང་འདི་དག་ལ་རྒྱ་གར་བ་རྣམས་མླེ་ཙྪ་སྟེ་ཀླ་ཀློའམ་ཇག་པར་འབོད་པ་ངན་སྨྲས་ཀྱི་མིང་ཡིན་ཞིང་། རང་བཞིན་གྱི་མིང་ལ་མུ་སལ་མན་དང༌། ཆོས་ལུགས་ལ་ཨི་ས་ལེམ་དང་། འདི་དག་གི་རྒྱལ་བོ་རྒྱ་གར་དུ་སྲིད་བཟུང་བ་ཕྱིས་ཤས་རྣམས་ལ་མུངྒལ་གྱི་རྒྱལ་བོར་འབོད། ཡེ་ཤུ་མ་བྱུང་བའི་སྔོན་གྱི་འཇིས་བོའམ་ཡ་ཧུ་དར་བྲིས་པ་དེ་དག་གི་ཆོས་ལུགས་དང་། མུ་སལ་མན་གྱི་ལུགས་གཉིས་རྩ་བ་གཅིག་ཡིན་པས། ཡེ་ཤུའི་ལུགས་དང་། ཨི་ས་ལེམ་གཉིས་ཀྱི་དང་བོའི་འབྱུང་ཁུངས་ཀྱང་གཅིག་ཡིན་ཞིང་། ཅུང་ཟད་ཅིག་བཅོས་ན་རྒྱ་གར་གྱི་མུ་སྟེགས་པའི་ལྟ་བའི་རྩ་བ་དང་ཡང་བསྲེས་ནུས་པས། དུས་ཕྱིས་རྒྱ་གར་བའི་སྟོན་པ་ནཱ་ན་ཀ་དང་། དགའ་བྱེད་ནག་པོ་སོགས་ཀྱིས་ཀྱང་ཆོས་དེ་གསུམ་ག་གཅིག་ཏུ་བསྲེས་ནས་ལུགས་གསར་བའི་སྲོལ་ཞིག་ཀྱང་ཕྱེས་སོ། །


དེ་ཡང་ཡེ་ཤུ་བ་དང་། ཡ་ཧུ་ད་བ་དང་། མུ་སལ་མན་གསུམ་གས་ཀྱང་སྣང་སྲིད་ཀུན་གྱི་བྱེད་པོ་བདེ་སྡུག་ཀུན་གྱི་སྟངས་འཛིན་པའི་ལྷ་གཙོ་བོ་གཅིག་བུ་ཞིག་ཡོད་ཅིང་། དེ་ཁོ་ན་སྐྱབས་གནས་སུ་འཛིན་དགོས་སོ་ཞེས་སྨྲ་བ་ཡིན་ཞིང་། རྒྱ་གར་གྱི་མུ་སྟེགས་རྣམས་ཀྱང་ཚངས་པ་ལ་དེ་ལྟར་ཤེས་པ་ཡིན་ལ། འོན་ཀྱང་སངས་རྒྱས་པའི་ཤན་ཞུགས་ཏེ་ཚངས་པ་དེ་རེ་འགའ་ཆོས་ཀྱི་དབྱིངས་ལྟ་བུར་བཤད་པས། ཤེས་རབ་ཅན་རྣམས་ལ་སྒོམ་རྒྱུ་དང་དཔྱད་རྒྱུ་མང་དུ་ཡོད་པ་ཞིག་བྱས་སོ། །དེ་ལྟར་ན་འདི་དག་གི་སྐྱབས་ཡུལ་གྱི་ལྷ་དེ་ལ་བྱེད་པ་བོ་ཞེས་ཐ་སྙད་བྱས་ན་རང་རེ་འཆད་བདེ་བས་དེ་ལྟར་བྱ་ལ། ཡ་ཧུ་ད་བ་དང་། ཡེ་ཤུ་རྣམས་ཀྱིས་ཡ་ཧོ་ཝའམ་ཇ་ཧོ་ཝར་འབོད། མུ་སལ་མན་རྣམས་ཨ་ལླ་ཞེས་འབོད་དེ་ངོ་བོའམ་བསམ་ས་དེ་གཅིག་ཡིན་ནོ། །


ཡ་ཧུ་དའི་ཆོས་ནི་ཀླ་ཀློ་རྣམས་ཀྱིས་ཀྱང་ཚད་མར་འདོད་ཅིང་། དུས་འཁོར་ཁམས་ལེར་སྦྲང་རྩི་བློ་གྲོས་གོང་དུ་བྱི་བ་བྱ་བའི་ཀླ་ཀློའི་སྟོན་པའི་མིང་བྱུང་བ་དེ་ཡང་། ཡ་ཧུ་དའི་ཐོག་མའི་སྟོན་པ་མུ་ཥའི་མིང་ལ་ཀླ་ཀློ་རྣམས་ན་བཱི་མཱུ་ཥཱ་ཞེས་འབོད་པས་དེ་བསྒྱུར་བ་ཡིན་ནམ་སྙམ་ཞིང་། དེར་ཀླ་ཀློའི་སྟོན་པ་སྔ་མ་རྣམས་འདྲེན་པ་ན། ཨ་ད་མ་ནོ་གྷ་དང་། ཕག་ལྡན་སོགས་བྱུང་བ་ཡང་གདོན་མི་ཟ་བར་རྒྱ་དཔེ་ལ་ཨདཾཨནོགྷབཱརཧྨ་ཞེས་བྱུང་བ་ལ་བྱ་ཞིང་མིང་སྔ་ཕྱིའི་མཚམས་ནོར་ནས་ཨོ་གྷ་བྱ་བ་རླབས་ལྡན་དུ་བསྒྱུར། ལར་རྒྱ་གཞུང་ཞིག་ནས་བྱུང་ཕྱིན་མིང་ཐམས་ཅད་ལེགས་སྦྱར་ཡིན་སྙམ་པ་འདི་རང་རེ་རྣམས་ཀྱི་ནོར་ཆེན་དུ་སྣང་། ཨ་དཱཾ་དང་། ནོ་ཨཱ། ཨབྲཧམ་རྣམས་ཀྱི་མིང་ཡིན་པར་འདུག་སྟེ། མ་མ་ཐར་གྱི་སྔོན་དུ་བྱུང་བའི་སྟོན་པ་གྲགས་ཆེན་འདི་དག་ཡིན་པས་སོ། །དེས་ན་ཚིག་ཕྱི་མ་ལ་གཅོད་མཚམས་ནོར་ཏེ། བ་རཱ་ཧཱི་ཕག་ལྡན་དུ་བསྒྱུར་སྙམ། 


ཀླ་ཀློ་རྣམས་ཀྱི་དང་བོའི་སྟོན་པ་ནི་མུ་ཧམ་མད་ཡིན་ཞིང་། མ་མ་ཐར་བྱ་བ་ཡང་འདི་ཟུར་ཆག་པར་མངོན་ལ། དུས་འཁོར་དུ་སྦྲང་རྩི་བློ་གྲོས་བྱུང་བ་ཡང་། རྒྱུད་ཕྱི་མ་ན། ཀླ་ཀློའི་མགོན་པོ་མ་དྷུ་མ་ཏི་ཞེས་དངོས་སུ་འཐོན་འདུག་པས་དེ་ལེགས་སྦྱར་རང་དུ་བསམ་ནས་བསྒྱུར་བར་ཐེ་ཚོམ་མེད་དེ། དེར་བག་དཱ་ལ་ངག་སྦྱིན་སོགས་ཨ་རབ་ཀྱི་ཀླ་ཀློའི་གྲོང་འགའ་ཞིག་གི་མིང་ཡང་རྒྱ་སྐད་བཞིན་བྲིས་ནས་བསྒྱུར་བས་སོ། ། དེ་བཞིན་མ་ཁ་ཡང་རྒྱ་གར་ན་ཡོད་པར་བཤད་མོད། ད་ལྟའི་ས་མཚམས་འདིའི་དབང་དུ་བྱས་ཚེ་ཏ་ཟིག་གི་ཡང་ཕར་ངོས་སུ་ཡིན་པས་མདོ་སྨད་ནས་རྒྱ་གར་ཙམ་གྱི་ཐག་ཡོད་དོ། ། དེས་ན་མུ་ཧ་མྨ་ད་བྱ་བ་དོན་ལ་ཨ་རབ་བྷིའི་སྐད་ཡིན་ཞིང་། མ་དྷུ་མ་ཏི་དང་། མ་མ་ཐར་གཉིས་ཀ་ཚིག་དེ་ཉིད་ཀློག་ཉམས་པ་ཙམ་མོ། །


འདི་དག་གི་སྟོན་པའི་ལོ་རྒྱུས་ལ་རང་རེས་ཀླུ་སྒྲུབ་ཀྱི་སློབ་མ་ཞིག་ཁྲིམས་འཆལ་ནས་ཆོས་ལོག་བརྩམས་པ་ཡིན་སོགས་བྲིས་པ་ཡང་ཕལ་ཆེར་ཆགས་སྡང་གི་གཏམ་མིན་ནམ་སྙམ་ལ། དེ་བཞིན་དགེ་སློང་ཞིག་གནས་ནས་ཕྱུངས་པར་རྔ་མ་བརྡུང་བར་ང་འགྲོ་ཆོག་སྨྲས་ཀྱང་མ་ཉན་པས་སྙིང་ནད་ཀྱིས་ཀླ་ཀློའི་ཆོས་བརྩམས་ཟེར་བ་ཡང་། དུས་འཁོར་གྱི་བོད་འགྲེལ་རྙིང་བ་ཞིག་ཏུ། སཉྩཱི་བི་ཧཱ་རའི་མཁན་པོ་བསླབ་པ་ཉམས་པ་ལ་དེ་ལྟར་བྱུང་ནས་སྙིང་ནད་ཀྱིས་ཆོས་ལོག་བྲིས་ཏེ་རྒྱལ་བོ་ལ་སྦྲན་པར་དར་སོགས་བྲིས་ནས། དེ་ལི་ཡུལ་དུ་ཀླ་ཀློ་ཐོག་མར་དར་བའི་ཚུལ་ལ་སྦྱར་ཞིང་། དེ་གོང་ལོ་དྲུག་བརྒྱ་ཙམ་ནས་ཀླ་ཀློའི་ཆོས་ཡོད་པ་བར་སྐབས་སུ་ཉམས་པ་དེ་སླར་གསོས་སོ་བྱ་བ་སྣང་སྟེ་དེ་བདེན་ནམ་སྙམ་པ་ཞིག་གོ།


དེ་ལ་མུ་ཧམ་མད་ནི་ཨ་རབ་ཀྱི་ཡུལ་མ་ཁའམ་མེ་ཁ་བྱ་བའི་གྲོང་ཁྱེར་དུ། རིགས་མཐོན་པོ་དབུལ་བོར་སོང་བ་ཞིག་ལ། ཕ་ཨབ་རྡུ་ལ་དང་མ་ཨ་མི་ནཱ་བྱ་བ་གཉིས་ཀྱི་བུར་སྐྱེས། ད་དུང་མངལ་ན་ཡོད་དུས་ཕ་ཤི། སྐྱེས་ནས་ཅུང་ཟད་ཅིག་གི་རྗེས་སུ་མ་ཡང་ཤི། དེ་ནས་དྭ་ཕྲུག་ཏུ་ལུས་པ་མེས་པོས་བསྐྱངས། དེ་ཡང་ཤི། དེ་ནས་ཞང་བོས་བསྐྱངས་ཏེ་ཆེན་པོར་གྱུར། ཁ་དི་ཛ་བྱ་བའི་ཡུགས་མོ་ནོར་ལྡན་ཞིག་གི་གཡོག་བྱས་ཏེ་རྔ་བོང་དེད་ནས་ས་ཡི་རི་ཡ་དང་། ཏ་ཟིག  ཨེ་རྗིབ་སོགས་སུ་ཚོང་ལ་ཕྱིན། རིམ་གྱིས་ཡུགས་མོ་དེ་དང་བཟའ་ཚང་དུ་འདུས། དེའི་ཚེ་མུ་ཧམ་མད་ལོ་ཉེར་ལྔ་དང༌། མོ་ལོ་བཞི་བཅུ་ལོན་ཟེར།  མི་རིང་བར་ཁོའི་རྣ་ལམ་དུ་མུ་ཧམ་མད་ཅེས་མིང་ནས་བཟུང་སྟེ་འབོད་མཁན་ཞིག་བྱུང་། སྒྲ་དེ་ཐོས་རེས་ཀྱིས་བརྒྱལ་ནས་སྡུག་བསྔལ་མྱང་བས་ཁྱིམ་དུ་མ་ཚུགས་པར་ཧི་ར་བྱ་བའི་བྲག་ཕུག་ཏུ་བྲོས་ཏེ། སྒོམ་ལྟ་བུ་ཞིག་ལ་གནས་ནས་ཡུན་རིང་སོང་། འོན་ཀྱང་པཻ་གམ་བྷར་སྟེ་བཀའི་ཕོ་ཉར་དངོས་སུ་གྱུར་བ་ནི་ལོ་ཞེ་གཉིས་ཙམ་ནས་ཡིན་ཟེར། དེར་ཁོས་འཇིག་རྟེན་འདིར་སྐྱབས་གནས་གཅིག་ཁོ་ན་ཡོད་ཅིང་། དེ་ཨལླ་ཡིན། དེའི་ཕོ་ཉ་མུ་ཧམ་མད་ང་རང་ཡིན་ཞེས་སྨྲས་པས་ཕལ་ཆེར་གྱིས་སྨྱོན་པར་བརྩིས། འོན་ཀྱང་རེ་ཞིག་ན་སྔོན་གྱི་ཆུང་མ་ཡིད་ཆེས་ནས་སློབ་མའི་དང་བོར་གྱུར། དེའི་ཚེ་ཨ་རབ་རྣམས། མེ་དང༌། ཉི་མ་དང་། སྐུ་བརྙན་སྣ་ཚོགས་ལ་ཕྱག་བྱེད་པའི་ཆོས་ལུགས་པ་ཡིན་པས། ཡུལ་གྱི་མི་རྣམས་ཀྱིས་འཛིན་བཟུང་བཙོན་འཇུག་སོགས་བྱས་ཏེ་སྡུག་མང་བོ་བཏང་། དེ་ནས་ཁོ་སྡོད་མ་བདེ་བར་ཡ་ཐྲིབ་བམ་དེང་སང་མེ་དི་ན་ཞེས་འབོད་པའི་གྲོང་དེར་བྲོས། བྲོས་པའི་ལོ་དེ་ནི་ཧི་ཇ་རཱ་སྟེ་གནས་འཕོས་པ་ཞེས་བྱ་བ་ཀླ་ཀློ་རྣམས་ཀྱི་ལོ་ཚིགས་ཀྱི་རྩིས་གཞི་དེ་ཡིན་ཞིང་། རང་རེའི་སྟོན་པ་འདས་རྗེས་ཀྱི་ལོ་༡༡༦༦[སྤྱི་ལོ་༦༢༢]ལ་ཡིན་པས། ད་བར་༡༣༢༤སོང་། མེ་དི་ནར་སྡོད་པ་རྣམས་མྱུར་དུ་ཆོས་གསར་བ་དེ་ལ་བསྒྱུར། དེ་ནས་དེ་ཐམས་ཅད་དམག་ཏུ་བྱས་ནས་མུ་ཧམ་མད་ཀྱིས་མགོ་དྲངས་ཏེ་ཁོ་མ་ཤི་བའི་གོང་ལ་ཨ་རབ་ཀྱི་ཡུལ་གྲུ་ཆེན་པོ་དེ་ཐམས་ཅད་འོག་ཏུ་དབང་ཤུགས་ཀྱིས་བསྡུས།


ཆོས་ཀྱི་ཕྱིར་དུ་གསོད་པོ་དང༌། གསད་བྱ་གཉིས་ཀ་ལ་མཐོ་རིས་སུ་མཆོག་ཐོབ་པར་བཤད་པས། ཐམས་ཅད་སྲོག་ལ་འཕང་བའམ་དགྲ་ལ་སྙིང་རྗེ་ཅུང་ཟད་ཀྱང་མེད་པར་གཡུལ་དུ་ཞུགས་པས་དམག་ལ་དེ་ལས་སྟོབས་ཆེ་བ་ཞིག་མ་བྱུང་སྐད། སྟོན་པ་རང་གི་ཚ་བོ། ཧུ་ཟེན་ཡང་དམག་ལ་འགྲོ་ཁར་ལུས་བཀྲུས་ནས་དྲི་བཟང་བྱུགས་པར་དྲིས་པས། རང་རེ་དང་། ལྷའི་བུ་མོ་མིག་ནག་མ་རྣམས་ཀྱི་བར་ན་ཅང་མེད་པས་དེ་ལྟར་བྱས་ཟེར་ཏེ་གཡུལ་དུ་ཤི་ཚར་ན་མཐོ་རིས་སུ་སྐྱེས་པ་ལ་ཡིད་ཆེས་པ་ཡིན། མུ་ཧམ་མད་ཆུང་མ་ལ་བྱམས་པས་མོའི་སེམས་སྲུང་སྟེ་མོ་མ་ཤིའི་བར་དུ་ཆུང་མ་གཞན་མ་བླངས་པར་གྲགས་ཤིང་། ཤི་ནས་བུད་མེད་ཤིན་ཏུ་གཞོན་ནུ་སྔ་ཕྱི་བདུན་ཙམ་བླངས། ཨ་ལླ་ནས་གནང་བ་བྱིན་ནོ་ཞེས་གཞན་གྱི་ཆུང་མ་དང་རང་གི་མནའ་མ་ལ་ཡང་སྤྱད་དེ། ང་ལས་གཞན་ལ་འདི་འདྲ་བྱེད་པའི་གནང་བ་མེད་ཅེས་སྨྲས། ཁོ་ན་རེ་ང་ལྷ་གནས་བདུན་པའི་སྟེང་དུ་སོང་ནས་ཨ་ལླ་མཇལ། ཁོང་གིས་རྗེས་འཇུག་རྣམས་ཉིན་རེ་བཞིན་ཕྱག་ལན་ལྔ་བཅུ་དགོས་སྨྲས། མ་མ་ཐར་ནས་དེ་མང་དྲགས་སྨྲས་ཏེ་མཐར་ཉིན་རེ་ལ་ལན་ལྔ་རེ་ཕྱག་བྱེད་པར་ཐག་བཅད་པར་ལྷ་[ལ་ཉིན་རེར་ཕྱག་ལན་ལྔ་རེ་]ཁོང་རྣམས་བྱེད། ཁོ་བོ་ལ་འཇིག་རྟེན་འདིར་དྲི་བཟང་དང་བུད་མེད་དང༌། ཕྱག་འཚལ་བ་གསུམ་ལས་ལྷག་པའི་བདེ་བ་མེད་ཅེས་སྨྲས། འདས་རྗེས་ཀྱི་ལོ་༡༡༧༦[སྤྱི་ལོ་༦༣༢]ལ་ཁོ་ཤི་ཞིང་། དེའི་ཚེ་རང་ལོ་༦༢ཡིན་ཟེར་བས་འདས་རྗེས་ཀྱི་ལོ་༡༡༡༤[སྤྱི་ལོ་༥༧༠]ལ་སྐྱེས་པ་ཡིན། 


འདིའི་ཧི་ཛ་རཱའི་ལོ་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་དར་བའི་ཐོག་མར་བྱས་ན། འདིར་སིངྒ་ལ་བའི་སངས་རྒྱས་མྱ་ངན་ལས་འདས་པའི་ལོ་གཞིར་བཞག་བྱས་པའི་རྐྱེན་གྱིས་སངས་རྒྱས་འདས་ནས་ལོ་དུ་སོང་ལ་ཀླ་ཀློའི་མགོ་ཟུག་ལ་མི་མཐུན་ཀྱང་། འདས་ལོའི་རབ་བྱུང་རྣམས་མེ་མཁའ་རྒྱ་མཚོ་ལ་བསྲེས་པའི་ཀླ་ཀློའི་ཐོག་མ་དང་ལོ་གཉིས་ཙམ་མ་གཏོགས་འགྲིགས་པར་སྣང་། ཀོང་ཇོ་བོད་དུ་བརྫངས་ཚེ་ཀླུ་ཀློའི་སྟོན་པ་འདི་ཤི་ནས་ལོ་གསུམ་སོང་ཟེར། དེས་ན་སྲོང་བཙན་གྱི་སྐུ་དུས་ཡིན་ལ། འོན་ཀྱང་སྲོང་བཙན་དགུང་ལོ་བཅུ་དྲུག་པར་དེ་ཁབ་ཏུ་བཞེས་ཞེས་བཤད་མོད། རྒྱལ་རབས་ཕན་ཚུན་བསྡུར་ཚེ་དགུང་ལོ་ཤིན་ཏུ་མཐོ་བའི་སྐབས་སུ་སྣང་བས་དཔྱད་པར་བྱའོ། །


བྱེད་པ་བོས་མུ་ཧམ་མད་ལ་སྨྲས་པར་གྲགས་པའི་ཚིག་རྣམས། ཨ་རབ་ཡུལ་དུ་རྩིག་ངོས་དང་། རྡོ་དང་། གླེགས་བམ། རུས་པ་སོགས་ལ་བྲིས་པ་དེ་ཐམས་ཅད་ཕྱིས་སུ་ཨ་བྷུ་བྷ་ཀར་གྱིས་ཆེ་ལོང་བསྡུས་ཤིང་། ཀ་ལིབ་ཨོ་ཐ་མན་གྱིས་ཆ་ཚང་བར་བསྡུས་པ། ཀོ་རན་བྱ་བ་མུ་སལ་མན་རྣམས་ཀྱི་རྩ་བའི་ལུང་དེ་ཡིན་ཞིང་། ལེའུ་བརྒྱ་དང་བཅུ་བཞི་མཆིས། དེ་ཡང་ཀོ་རན་ནི་རྩ་བ་གཅིག་པུ་མིན་པར་དེའི་འགྲེལ་བ་གཅིག་ཀྱང་མཉམ་དུ་ཡོད་ལ། གཙོ་བོར་ཆོས་ཀྱི་སྤྱོད་ལམ་དང་། ཁྲིམས་ལུགས་ཙམ་སྟོན་ཞིང་། ཡེ་ཤུ་ལ་ཡང་བྱེད་པ་བོའི་སྲས་སུ་སྨྲ་བ་དང༌། སྐྱབས་གནས་བཤད་པ་མི་འཐད་ཅིང་། ཤི་ནས་སླར་ལངས་ཟེར་བ་ཡང་རྫུན་ཡིན་སོགས་རིགས་པ་འདྲ་བ་དུ་མ་ཞིག་བཀོད་ནས། འོན་ཀྱང་བྱེད་པོའི་བཀའ་བབས་པའི་ཕོ་ཉ་ཙམ་དུ་ཤེས་དགོས་ཞེས་བྲིས་སོ། ། ཀོ་རན་འདི་ཨ་རབ་ཀྱི་སྐད་ཡིག་ཁོ་ནར་བྲི་བ་ལས་གཞན་གྱི་སྐད་དུ་བསྒྱུར་བ་སོགས་མི་རུང་བ་ཁོང་རྣམས་ཀྱི་དམ་ཚིག་ཡིན་མོད། ཉེ་དུས་སུ་པ་ཤ་བྱ་བའི་མི་དབང་ཅན་དེས་ཏུ་རུ་ཀའི་རང་སྐད་དུ་བསྒྱུར་ཞིང་། དེ་མཚུངས་དབྱིན་སྐད་དུ་ཡང་བསྒྱུར་བ་ཁོ་བོས་ཀྱང་ཞིབ་ཏུ་བལྟས་སོ། ། 


རྗེས་སུ་འབྲང་བའི་ཀླ་ཀློ་རྣམས་སུ་ནི་དང་སི་ཡ་བྱ་བའི་སྡེ་གཉིས་སུ་གྱེས་པའི་ཡུལ་གཞན་དུ་དར་བ་ཕལ་ཆེར་སུ་ནི་དང་། རྒྱ་གར་དང༌། པར་ཤིའི་ཡུལ་དུ་སི་ཡའི་སྡེ་ཡང་ཡོད་ཟེར། ཀླ་ཀློ་དེ་ཐམས་ཅད་ཀྱི་ཡང་གནས་ཆེན་གཙོ་བོ་དེ་མེ་ཁ་ཡིན་ལ། དེའི་ཡང་སྙིང་བོ་ནི། དེར་གནམ་ནས་བབས་པའི་རྡོ་ཡིན་ཟེར་བའི་ཀ་བྷ་བྱ་བའི་རྡོ་ནག་ཆེན་པོ་ཞིག་ཡོད་པ་དེ་ལ་འཛམ་གླིང་ཀླ་ཀློ་ཐམས་ཅད་ཀྱིས་ཕྱག་འཚལ་ཞིང་། མ་མ་ཐར་རང་ཡང་རྡོ་དེ་ལ་གནས་སྐོར་ལན་བདུན་བྱས་ཟེར། རྒྱ་ནག་སོགས་ཀྱི་ཀླ་ཀློ་རྣམས་ཀྱང་ནུབ་ཏུ་ཁ་ཕྱོགས་ཏེ་རྡོ་དེའི་ཕྱོགས་སུ་ཕྱག་འཚལ་བ་ཡིན་ནོ། །


མུ་ཧམ་མད་ཤི་བའི་རྗེས་སུ་སློབ་མ་རྣམས་ཀྱིས་སྔར་བཞིན་བྱས་ཏེ་དམག་མོ་ཆེ་དྲངས་ཤིང་། ཨབ་རི་ཀའི་བྱང་ཕྱོགས་ཀྱི་ཨེ་རྗིབ་སོགས་དང་། དེ་བཞིན་ས་ཡི་རི་ཡ་དང་། ཏ་ཟིག རྒྱ་མཚོ་བརྒལ་ནས་ཕྱི་གླིང་གི་ཡུལ་མཐའ་སི་པཻན་སོགས། ལོ་བཅུ་བསྐོར་གཅིག་ཙམ་གྱི་ནང་དུ་དབང་བསྒྱུར་ཏེ་ཆོས་འོག་ཏུ་ཚུད་པར་བྱས་ཤིང༌། ལོ་དྲུག་ཅུ་སྐོར་གྱི་ནང་ལ་རྒྱ་གར་གྱི་ནུབ་ཕྱོགས་ཨོ་རྒྱན་དང་། སིནྡྷུའི་ཡུལ་དུ་ཡང་སླེབས་སོ། །དེའི་ཚེ་ཨ་རབ་ནས་སིནྡྷུ་ལ་ཐུག་གི་བར་ཀླ་ཀློའི་རྒྱལ་ཁམས་སུ་གྱུར་ཞིང་། ཀ་ལིབ་ཨུ་མར་སྔོན་གྱི་མུ་ཧམ་མད་ཀྱི་ཚབ་ཏུ་ཁྲི་བཟུང་། ཆབ་འོག་ལ་ཡང་ཀ་ལིབ་ཀྱི་རྒྱལ་ཁམས་སུ་གྲགས། དེའི་གོང་ནས་རྒྱ་གར་ནུབ་ངོས་ཀྱི་ཕྱོགས་མང་བོ་བཅོམ་ཙམ་བྱས་ཀྱང་ལག་རྗེས་ཤར་བ་ཆེར་མ་བྱུང་། སིནྡྷུའི་ཡུལ་མཐའ་གཏན་ཆགས་སུ་འོག་ཏུ་ཚུད་པ་ནི་རང་རེའི་སྟོན་པ་འདས་རྗེས་ཀྱི་ལོ་༡༢༥༦[སྤྱི་ལོ་༧༡༢]པ་ཙམ་ན་ཡིན། དེ་ཡང་ཨ་རབ་ཀྱི་གྲུ་འགའ་ཞིག་སིནྡྷུ་བ་རྣམས་ཀྱིས་བཅོམ། ཀ་ལིབ་རྒྱལ་ཁམས་ཤར་ངོས་ཀྱི་བློན་པོ་ཧུ་ཟེན་གྱིས་སིནྡྷུའི་རྒྱལ་བོ་དཱ་ཧིར་ལ་ཕོ་ཉ་བཏང་སྟེ་མི་དང་། ཟོང་སླར་སྤྲོད་དགོས་སྨྲས་པ་ལ་མ་ཉན་པས་དམག་གི་རྐྱེན་དུ་སོང་། མུ་སལ་མན་རྣམས་ཀྱིས་དམག་ལན་གཉིས་སུ་བཏང་བ་རྒྱ་གར་བ་ཕམ། སླར་ཀ་ཟིམ་གྱི་བུ་མུ་ཧམ་མད་དམག་དཔོན་དུ་བྱས་ཏེ་བཏང་། དེ་གོང་ནས་སིནྡྷུའི་ཡུལ་གྱི་སངས་རྒྱས་པ་རྣམས་མུ་སྟེགས་ཀྱི་ལག་འོག་ཏུ་ཉམ་ཐག་པར་ཡོད་པ་འུ་ཐུག་ནས་ཀླ་ཀློ་ལ་སྐྱབས་བཙལ། མཐར་དཱ་ཧིར་གྱི་བློན་པོ་མགོ་བྱེད་དང་བཅས་པ་རྣམས་ཀྱང་དགྲའི་ཕྱོགས་སུ་ཆས། དཱ་ཧིར་རང་ཉིད་དམག་དཔོན་དུ་བྱས་ཏེ་ཨ་རཽར་བྱ་བའི་གྲོང་ལྕགས་རི་ཅན་གྱི་ཉེ་འདབས་སུ་འཐབ་འཛིང་བྱས་ཀྱང་མཐར་རྒྱལ་བོ་ཁོ་རང་དམག་ནང་དུ་ཤི། བཙུན་མོས་མགོ་བསྡུས་ནས་མཁར་སྲུང་ཐབས་བྱས་ཀྱང་མ་ཚུགས་པས་མེ་ལ་ལྕེབས་ཏེ་ཤི། གྲོང་ཁྱེར་རྣམས་དམག་གིས་བཅོམ། མི་རིང་བར་རྒྱལ་ས་ཨེ་ལོར་བྱ་བ་ཡང་ཤོར། དེ་ལྟར་སིནྡྷུ་འོག་ཏུ་ཆུག འོན་ཀྱང་དཱ་ཧིར་གྱི་བློན་མུ་ཧམ་མད་ཀྱི་གྲོགས་སུ་སོང་བ་དེས་རྒྱལ་བོ་ལ་ཞུས་ཏེ་རེ་ཞིག་ཧིན་དུ་རྣམས་ལ་རང་རང་གི་ཆོས་ལུགས་བྱས་ཆོག་པའི་གནང་བ་ཐོབ་ཅིང་། ལྷ་ཁང་ཉམས་པ་དག་ཀྱང་གསོས། འོན་ཀྱང་སངས་རྒྱས་པ་རྣམས་ལ་ནི་མགོན་ཅི་ཡང་མེད་པས་ཞིག་རོ་དེ་གར་ལུས་སོ། །ཀ་ཟིམ་གྱི་བུ་མུ་ཧམ་མད་ལ་ལྷ་ཁང་གཅིག་པུ་ཞིག་ནས་ཀྱང་མན་ཆིག་ཁྲི་སུམ་སྟོང་ལོངས་པའི་གསེར་ཐོབ་པ་སོགས་བཅོམ་རྫས་ཀྱི་ནོར་མཐའ་མེད་པ་ཐོབ་ཅིང་། རྒྱ་གར་གྱི་ཡུལ་འབྱོར་བ་ཆེ་བའི་གྲགས་པ་ཡུལ་གཞན་དུ་མཆེད། དེ་ལྟར་ཡུན་རིང་ཙམ་ཞིག་ན་ཨ་རབ་ཀྱི་མུ་སལ་མན་རྣམས་དང་། སིནྡྷུ་ན་གནས་པའི་རྒྱ་གར་བ་རྣམས་རང་རང་གི་ཆོས་ལུགས་སྤྱོད་ཅིང་། ཕན་ཚུན་གནོད་འཚེ་ཆེར་མེད་པར་མཉམ་དུ་འགྲོགས་ཏེ་བསྡད། 


རྒྱ་གར་གྱི་ཡུལ་དང་བོར་འཛིན་པ་ནི་ཏུ་རུ་ཀ་རྣམས་ཀྱིས་བྱས། དེ་ཡང་ས་མ་ནི་རྒྱལ་བོའི་འཁོལ་བོ་ཏུ་རུ་ཀའི་བུ་ཆུང་ཨ་ཕ་ཏེ་ཇིན་བྱ་བ་རིམ་གྱིས་རྒྱལ་བོའི་སྤྱན་གཟིགས་སུ་གྱུར། གྷ་རྗ་ནིའི་ཡུལ་དུ་རྒྱལ་སྲིད་ཆུང་ངུ་ཞིག་བཙུགས་ཏེ་རྒྱལ་ཕྲན་གྱི་ཚུལ་དུ་བསྡད། དེ་སྟོན་པ་འདས་རྗེས་ཀྱི་ལོ་༡༢༠༦[སྤྱི་ལོ་༦༦༢]པ་ལ་ཡིན། དེ་ནས་ལོ་བཅོ་ལྔ་ཙམ་གྱི་རྗེས་སུ་ཨ་ཕ་ཏེ་ཇིན་གྱི་སྙིང་ཉེ་བའི་འཁོལ་བོ་ཕྱིས་མག་པར་བྱས་པར། སུ་བུག་ཏ་ཇིན་ལ་རང་གི་ཇོ་བོ་ཤི་བའི་རྗེས་སུ་ཁྲི་ཐོབ་ནས་རྒྱ་གར་ནུབ་བྱང་གི་ངོས་སུ་དམག་ཐེངས་ཁ་ཤས་དྲངས་ནས་མཁར་རྫོང་འགའ་ཙམ་འཕྲོག


དེ་ལ་ཏུ་རུ་ཀ་དང་ཨ་རབ་བྷི་གཉིས་ཀ་ཡང་ཀླ་ཀློའམ་ཨི་ས་ལེམ་གྱི་ཆོས་ལུགས་སུ་གཅིག་ཅིང་། ཏུ་རུ་ཀ་རྣམས་ནི་ཆོས་ལུགས་དེ་ལ་ལྷག་པར་དུ་ཡང་བརྩི་བས།  རྒྱ་གར་བ་སོགས་ལ་གཟུགས་བརྙན་ལ་ཕྱག་འཚལ་མཁན་ཞེས་ཤིན་ཏུ་ལྟ་ངན་འཛིན་པའི་གྲས་སུ་བརྩི། རང་ལུགས་མིན་པའི་ཆོས་གཞན་གྱི་ཕྱོགས་སུ་སྙིང་རྗེ་ཕྲ་མོ་ཡང་སྤངས་ཏེ་མནར་གཅོད་སོགས་གཏོང་ཅི་ཐུབ་བྱེད། ཨ་ལླ་ལ་སྐྱབས་སུ་མི་འགྲོ་བར་སྐུ་བརྙན་ལ་ཕྱག་འཚལ་མཁན་རེ་ཙམ་སྲོག་གཅོད་ཐུབ་ཀྱང་། དགེ་བ་དེ་ལས་མི་དགོས་པར་ཐག་གཅོད་པ་སོགས་ལུང་ལ་མི་ལྡོག་པའི་དད་པ་མཆིས་པས་སྙིང་སྟོབས་སྲིན་པོ་ལས་ཀྱང་ཆེ། དམག་དྲངས་ཐེངས་རེ་བཞིན་དུ་སྐྱེས་པ་བུད་མེད་བྱིས་པ་སོགས་ཉེས་མེད་ཀྱི་འགྲོ་བ་གྲངས་ལས་འདས་པ་དག་ལ་འདི་དག་ཨ་ལླ་སྤངས་ནས་སྟོན་པ་གཞན་གྱི་རྗེས་སུ་འབྲང་བ་དག་ཡིན་པས་ཉེས་ཅན་ལས་ཀྱང་ཉེས་ཅན་ཡིན་ནོ་སྙམ་དུ་ཕ་གསོད་པའི་ལག་དམར་མཐོང་བ་བཞིན་སྙིང་རྗེ་མེད་པར་བསད་ནས་མཐར་རྒྱ་གར་ཧྲིལ་བོ་དབང་དུ་བྱས་པ་ཡིན། མ་མ་ཐར་རང་ཉིད་ཀྱིས་ཀྱང་ཉིན་གཅིག་ལ་འཇིས་བོ་དྲུག་བརྒྱ་རྐང་ལག་བཅད།  མིག་ཕྱུངས་ཏེ་བྱེ་ཚན་དུ་བོར་ནས་ཆུ་སྟེར་མི་ཆོག་པའི་ཁྲིམས་བྱས་ཟེར། འོག་ཏུ་འཆད་འགྱུར་གྱི་རྒྱལ་བོ་རྣམས་ཀྱི་སྙིང་རྗེ་མེད་པའི་སྤྱོད་པ་དག་ལ་ཡང་འདི་ལྟ་བུའི་ལུང་ལ་བློ་གཏད་ཡོད་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །


ལུང་དེའི་ནང་ན་མཐོང་བ་མངོན་གྱུར་གང་ཡོད་ལ་མངོན་སུམ་གྱི་གནོད་པ་མེད། ཅུང་ཟད་ལྐོག་གྱུར་གྱི་སྐོར་ནི་གང་ཡང་མ་བཤད། དེ་ནས་ཤིན་ཏུ་ལྐོག་གྱུར་རྐྱང་ཡིན་ལ། དེ་ལ་ཡང་རང་ཚིག་སྔ་ཕྱི་འགལ་བ་ཡེ་མེད་དོ་ཞེས་ཀྱང་ཤེས་པར་བྱའོ། །གཞན་ཡང་ཡེ་ཤུ་དང་། ཀླ་ཀློའི་ལུང་དུ་སྙིང་རྗེ་སྦྱིན་པ་ཁྲེལ་ཡོད་སོགས་ཅི་བཤད་པ་ཐམས་ཅད་ཀྱང་ཁོང་ཅག་གི་ཆོས་སུ་ཞུགས་པའི་སྤུན་དུ་གྲགས་པ་ནང་ཕན་ཚུན་ཁོ་ན་ལ་བྱེད་དགོས་པར་བསྟན་གྱི། ཆོས་ལུགས་གཞན་གྱིས་བསྡུས་པའི་སྐྱེ་བོ་རྣམས་ལ་གསོད་རྡུང་མགོ་སྐོར་བྱས་པ་སོགས་ལ་ཉེས་དམིགས་ཕྲ་མོ་ཡང་ཡོད་པར་གང་དུ་ཡང་བསྟན་པ་མེད་དོ། ། 


དེའི་ཚེ་ཨ་ཕ་ག་ནི་སྟན་དང་། པཉྩའི་ཕྱོགས་ཆ་བཅས་ལ་དབང་བསྒྱུར་བའི་རྒྱ་གར་བའི་རྒྱལ་བོ་ཛ་ཡ་པཱ་ལ་བྱ་བ་ཞིག་སིནྡྷུའི་ཡུལ་ཨུ་ད་བྷནྡའི་གྲོང་ཁྱེར་དུ་སྡོད་པར་སུ་བུག་ཏ་ཇིན་གྱིས། རྒྱ་གར་འཛིན་འདོད་པའི་བསམ་པས་དམག་ཚན་ཆེན་པོ་སྡུད་པའི་ཐོག་ནས་རང་གི་ཡུལ་དང་ཆོས་བསྲུང་བའི་སླད་དུ་ཀླ་ཀློ་དང་གཡུལ་འགྱེད་དགོས་ཞེས་རྒྱལ་བོ་གཞན་ལ་ཡང་སྦྲན་པས། ཀནྱ་ཀུབྫ་དང་། ཙཎྜེལ་སོགས་པའི་ཡུལ་དུ་མའི་རྒྱལ་བོ་རྣམས་ཕྱོགས་གཅིག་ཏུ་བྱས་ཏེ། སིནྡྷུའི་ནུབ་འགྲམ་དུ་ཏུ་རུ་ཀ་དང་གཡུལ་སྤྲད་ཀྱང་མ་ཐུབ་པར་ཆུ་དེས་བཅད་པའི་ནུབ་ཐམས་ཅད་ཤོར། འོན་ཀྱང་ཏུ་རུ་ཀ་རྣམས་སིནྡྷུ་བརྒལ་ནས་རེ་ཞིག་མ་སླེབས་པའི་སྔོན། འདས་རྗེས་ཀྱི་ལོ་༡༥༤༡[སྤྱི་ལོ་༩༩༧]པ་ལ་ཏུ་རུ་ཀའི་རྒྱལ་བོ་སུ་བུག་ཏ་ཇིན་ཤི། སུ་བུག་ཏ་ཇིན་ལ་ཆུང་མ་མི་གཅིག་པའི་བུ་གཉིས་ལས་རྒན་པ་ནི་མ་ཧ་མུ་ད་དང་། གཞོན་པ་ཨི་ས་མེལ་ཡིན་ཞིང་། ཨི་ས་མེལ་ཆུང་མ་གཙོ་བོའི་བུ་ཡིན་པས་ཕ་ཤི་ཁར་ཁྲི་ལ་བཞག དེ་མ་ཧ་མུ་ད་ཡིས་མ་འདོད་པར་གཡུལ་བཀྱེས་ཏེ། འདས་རྗེས་ཀྱི་ལོ་༡༥༤༢པའི་ཟླ་བ་གསུམ་པའི་ནང་སྤུན་ཕམ་ཏེ་ཁྲི་ཐོབ། རང་ཉིད་སུལ་ཏན་དུ་བསྒྲགས་ཏེ་ས་མ་ནིའི་རྒྱལ་བོ་རྣམས་ལ་ཡང་འདུད་པ་བོར། དེ་ནས་ལོ་གཉིས་ཀྱི་རྗེས་ལ་རྒྱ་གར་དུ་དམག་དང་བོ་དྲངས་སོ། །སྟོན་པ་འདས་རྗེས་ཀྱི་ལོ་༡༥༤༥[སྤྱི་ལོ་༡༠༠༡]པའི་ནང་ལ་སུལ་ཏན་མ་ཧ་མུ་ད་ཡིས་རྟ་དམག་ཁྲི་ཕྲག་གཅིག་དང་བཅས་པའི་དཔུང་ཆེན་པོ་རྒྱ་གར་དུ་དྲངས། རྒྱལ་བོ་བགྲེས་པོ་ཛ་ཡ་པཱ་ལས་དམག་ཁྲིད་དེ་པེ་ཤ་ཝར་གྱི་ཉེ་འདབས་སུ་གཡུལ་སྤྲད་ཀྱང་མི་རིང་བར་ཕམ། ཛ་ཡ་པཱ་ལ་ཆབ་འོག་གི་རྒྱལ་ཕྲན་དུ་བྱས་ཏེ་སྡོད་པར་ཁས་བླངས་ནས་སྲོག་ཐར་ཡང་རྒྱལ་སར་ལོག་ནས་བསམ་བློ་བཏང་སྟེ་ཆེས་ངོ་ཚ་བར་གྱུར་ནས། རང་ཉིད་ཀྱིས་ལག་གིས་སྤར་བའི་མེ་ལ་ཆུང་མ་རྣམས་དང་ལྷན་གཅིག་ཏུ་ཞུགས་ཏེ་གསོན་སྲེག་བྱས་ནས་ཤི། དེ་ནས་བཟུང་སུལ་ཏན་མ་ཧ་མུ་དས་ལོ་རེ་བཞིན་སིནྡྷུའི་ཕྱོགས་སུ་དམག་དྲངས། ལྷ་ཁང་རྣམས་བཅོམ་སྟེ་ནོར་མང་དུ་རྙེད། 


སངས་རྒྱས་འདས་རྗེས་ཀྱི་ལོ་སྟོང་དང་ལྔ་བརྒྱ་ཞེ་བརྒྱད་པ་ལ་[སུལ་ཏན་མ་ཧ་མུ་དས་](༡༥༤༨)[སྤྱི་ལོ་༡༠༠༤]སིནྡྷུ་བརྒལ་ནས་དམག་དྲངས། ཛྙེ་ལུམ་ཆུ་བོའི་འགྲམ་གྱི་གྲོང་ཁྱེར་བྷེ་ར་བཅོམ་ཞིང་། དེའི་ལོ་རྗེས་མར་མུལ་ཏན་དུ་ཡང་དམག་དྲངས་སོ། །དེའི་རྒྱལ་བོ་གོང་དུ་སྨྲས་པའི་ཛ་ཡ་པཱ་ལའི་བུ་ཨཱ་ནནྡ་པཱ་ལས་དམག་བྱེད་པ་ལས་སྐྲག་སྟེ་བྲོས་ཤིང་། གྲོང་ཁྱེར་ཀླ་ཀློས་བཟུང་། འདས་རྗེས་ཀྱི་ལོ་ཆིག་སྟོང་ལྔ་བརྒྱ་ང་གཉིས་པ་(༡༥༥༢)[སྤྱི་ལོ་༡༠༠༨]ཨཱནནྡ་པཱ་ལ་རྗེས་འདེད་དུ་སོང་། ཨཱནནྡ་པཱ་ལས་རྒྱ་གར་ཡུལ་དབུས་ཀྱི་རྒྱལ་བོ་རྣམས་ལ་སྦྲན་པས། ཐམས་ཅད་ཀྱིས་ཀླ་ཀློ་འགོག་པའི་ཐབས་བྱེད་པར་ཁ་འཆམ། ཡུལ་གང་བོའི་འདུན་པ་གཅིག་ཏུ་གྱུར་ཞིང་། ཐ་ན་བུད་མེད་རྣམས་ཀྱང་རང་རང་གི་རྒྱན་ཆ་བཙོངས་ནས་དམག་གི་ཆ་རྐྱེན་དུ་བསྐུར། དེ་ལྟར་དམག་མོ་ཆེ་བསྡུས་ཏེ་ཨུ་ད་བྷནྡ་ཉེ་བར་དྲངས། སུལ་ཏན་མ་ཧ་མུ་དས་འདུན་མ་བྱས་ཏེ་འཐབ་པས། རྒྱ་གར་བ་རྣམས་ཀྱིས་སྲོག་ལ་ཕངས་མེད་དུ་རྒོལ་བས་ཡུན་ཐུང་ངུ་ཞིག་ལ་ཀླ་ཀློ་བཞི་སྟོང་ལྷག་བསད་དེ་སླར་བྲོས་ལ་ཉེ་སྐབས། གློ་བུར་དུ་ལྟས་ངན་གྱི་རྣམ་པར་རྒྱ་གར་བའི་དམག་དཔོན་གྱིས་བཞོན་པའི་གླང་ཆེན་དེ་ལ་སྐྲག་སྣང་ཆེན་པོ་ཞིག་བྱུང་ནས་བྲོས་པར་གླང་རྫིས་ཐབས་ཅི་བྱས་ཀྱང་མ་ཆུན། དམག་དཔོན་བྲོས་པར་མཐོང་ནས་ཐམས་ཅད་ཀྱི་སྙིང་སྟོབས་ཆག དེ་མ་ཐག་སུལ་ཏན་གྱིས་རྟ་དམག་བཟང་བོ་ཁྲི་ཙམ་ཞིག་ཁྲིད་དེ་དྲག་ཤུལ་ཆེན་པོས་འཛིངས་པས། རྒྱ་གར་བ་སྟོང་ཕྲག་དུ་མ་དེ་ཉིད་དུ་བསད་ཅིང་། ས་གཞི་ཁྲག་གིས་ཁྱབ་པའི་དུར་ཁྲོད་དུ་བྱས་ཏེ་གཡུལ་ལས་རྣམ་པར་རྒྱལ་ལོ། །


དེ་ནས་མི་རིང་བར་ཀང་རའི་ཡུལ་ན་གར་ཀོ་ཊི་བྱ་བའི་མུ་སྟེགས་ཀྱི་གནས་གཞི་འབྱོར་བ་ཅན་དེ་བཅོམ། གསེར་དི་ནཱ་ར་འབུམ་བརྒྱད་ལྷག་དང་། མི་འདྲ་བའི་རིན་པོ་ཆེ་རིགས་མི་ཁུར་ལོངས་པ་དུ་མ་ཐོབ། དེ་ནས་བཅོམ་བརླག་ཏུ་བསླེབས། ཕྱི་ནང་གི་ལྷ་ཁང་རྣམས་བཅོམ། ནོར་མང་དུ་རྙེད་པས་ཁོ་རང་ཡང་ཧ་ལས། སུལ་ཏན་རང་གིས་བྲིས་པའི་ཡི་གེ་ཞིག་ཏུ་ཡང་བཅོམ་བརླག་ཏུ་ལྷ་ཁང་ཞིག་ཏུ་བསླེབས། དེར་གསེར་གར་བླུགས་ཀྱི་ལྷ་སྐུ་མི་ཚད་ལྷག་པ་ལྔ་མཆིས། མིག་འབྲས་རྣམས་ཕ་ལམ་དང་པདྨ་རཱ་ག་ལས་བྱས། ལྷ་ཁང་དེ་འདྲ་ཞིག་གསར་དུ་བཞེངས་དགོས་བྱུང་ན། གསེར་དབྱིག་དོ་བོ་ཁྲི་ལོངས་པའི་འགྲོ་སོང་དང་། མི་བཟོ་ལ་བྱང་བ་སྟོང་ཕྲག་དུ་མ་བསྡུས་ཏེ་ལོ་ཉིས་བརྒྱ་ལྷག་ཙམ་བརྩིགས་ན་འགྲུབ་ནུས་སམ་སོགས་བྲིས། དེ་ལ་སོགས་པའི་ནོར་རྣམས་འཕྲོག མུལ་ཏན་དང་། ཀནྱ་ཀུབྫ་ཡང་དེ་ལྟར་བཅོམ། ཙཎྜེ་ལའི་རྒྱལ་བོས་ཐེངས་འགར་གཡུལ་སྤྲད་ཀྱང་མ་ཐུབ་པས་མཐར་སྐྱེས་དང་བཅས་ཏེ་འདུད་དགོས་པ་བྱུང་། པྲ་ཏི་ཧཱ་རའི་རྒྱལ་བོ་རྣམས་ཀྱང་བཏུལ། པཉྩའི་ཧྲིལ་བོ་ཆབ་འོག་ཏུ་བྱས། ཤར་དུ་ཀུ་རུ་ཀྵེ་ཏྲའི་ཡུལ་ལ་ཐུག


སུལ་ཏན་འདིས་སྔ་ཕྱི་བསྡོམས་པའི་རྒྱ་གར་དུ་དམག་ལན་བཅུ་བདུན་དྲངས་པ་ཐམས་ཅད་ལ་རྒྱབ་ཁ་ཐོབ། ཀུན་གྱི་རྗེས་སུ་མུ་སྟེགས་ཀྱི་གནས་ཆེན་སའི་སྟེང་ན་གྲགས་ཆེ་བ་སོ་མ་ནཱ་ཐ་ལ་དམག་དྲངས། རྒྱ་གར་གྱི་རྒྱལ་བོ་མང་བོ་ཁ་མཐུན་ནས་གནས་གཞི་དེ་བསྲུང་བའི་ཐབས་བྱས་ཀྱང་ཉིན་གསུམ་ལས་ལྷག་མ་ཐུབ། ལྷ་ཁང་བཅོམ། དགེ་སྦྱོང་རྣམས་བསད། དབང་ཕྱུག་གི་ལིངྒ་རང་བྱུང་དུ་གྲགས་པ་དེ་ལ་བསླུ་ཡོན་ཇི་ཙམ་འདོད་པ་ཕུལ་ཆོག་པས་མི་གཅོག་པར་ཞུས་པ་ལ། སུལ་ཏན་གྱིས་ང་སྐུ་བརྙན་ཚོང་མཁན་གྱི་མིང་ལས་གཅོག་མཁན་གྱི་མིང་འདོད་ཅེས་རང་ཉིད་ཀྱི་ལག་པས་བསྣུན་ཏེ་བཅག (སོ་མ་ནཱ་ཐ་འཇིག་པའི་ལོ་འདི་སངས་རྒྱས་འདས་ནས་སྟོང་དང་ལྔ་བརྒྱ་བདུན་ཅུ་པ་[སྤྱི་ལོ་༡༠༢༦]ལ་ཡིན་པར་ཤེས། དེ་ནས་གནས་ཤུལ་དེ་སླར་གསོས་པ་ནི་སྲིད) སླར་དམག་ལོག་ཚེ་ར་ཛ་པུ་ཏའི་བྱེ་ཐང་དུ་སླེབས་ནས་དཀའ་ལས་མང་དུ་བྱུང་ཞིང་། དམག་མང་བོ་ཤི་བ་མུ་སྟེགས་ཀྱི་ཛོ་ཀི་ཞིག་གིས་མཐུ་བཏང་བར་གླེང་། གང་ལྟར་ཀྱང་སུལ་ཏན་རང་ཉིད་ལ་ཉེ་ཞོ་མེད་པར་གྷ་ཇ་ནིའི་རྒྱལ་སར་བསླེབས། དེ་ནས་ལོ་དེའི་རྗེས་མར་ཏ་ཟིག་ཕྱོགས་ལ་དམག་འདྲེན་པའི་གྲབས་བྱེད་པ་ན་ཁོ་རང་ཤི། 


སུལ་ཏན་འདི་ཡོན་ཏན་ཅན་ལ་དགའ་ཞིང་། རྒྱ་གར་ནས་འཕྲོག་པའི་ནོར་རྣམས་ཀྱང་རང་ཡུལ་གྱི་མཁས་པ་དག་ལ་ཆ་རྐྱེན་དུ་སྦྱར་བ་སོགས་ཡོན་ཏན་གྱི་བག་ཙམ་ཡང་མཆིས་པར་གླེང་། སྙན་དངགས་མཁན་འགའ་རེས་ཚིགས་བཅད་བྲིས་པ་ཤོ་ལོ་ཀ་རེ་རེ་ལ་གསེར་སྒོར་ཉི་ཤུ་རེ་སྦྱིན་པ་སོགས་ཀྱང་བྱས། རྒྱ་གར་ཆབ་འོག་ཏུ་བཅུག་པ་རྣམས་ལའང་ནོར་འཕྲོག་པ་ལས་ཆོས་ལུགས་བསྒྱུར་བ་སོགས་ཀྱི་བརྩོན་པ་ནི་དེ་ཙམ་དུ་མ་བྱས། འདི་དང་དུས་མཉམ་དུ་མུ་སལ་མན་གྱི་སྙན་དངགས་མཁན་ཆེན་པོ་ཨལ་བཱི་རཱུ་ནཱི་ཡང་རྒྱ་གར་དུ་སླེབས། ཁོས་རྒྱ་གར་གྱི་ལོ་རྒྱུས་ཞིག་ཀྱང་བྱས་པར་རྒྱ་གར་བ་རྣམས་སེམས་རྒྱ་ཆུང་ཞིང་། རང་གི་རིགས་མིན་པ་ཐམས་ཅད་ལ་མླེ་ཙྪ་སྟེ་ཀླ་ཀློར་འབོད། ཤིན་ཏུ་དམན་པར་བརྩི། དེ་དག་གིས་རེག་པའི་མེ་དང་ཆུ་ལ་སོགས་པ་ཡང་བཙོག་པར་བྱེད། རྒྱ་གར་འདྲ་བའི་ཡུལ་ཆེན་པོ་ཞིག་ཕྱོགས་གང་ན་ཡང་མེད་པར་རློམས། རང་གི་རྒྱལ་བོ་ལས་གཞན་པའི་རྒྱལ་བོ། རང་གི་ཆོས་ལས་གཞན་པའི་ཆོས། རང་གི་རིགས་ལས་གཞན་པའི་རིགས་སོགས་ཅི་ཡང་མ་ཡིན་པར་བརྩི་ཞིང་བརྙས་ཐབས་བྱེད། དེ་ཁོང་ཚོ་ཡུལ་གཞན་དུ་རྒྱུ་འགྲུལ་མ་བྱས་པས་ལན། གཞན་དུ་ན་ཕྱོགས་གཞན་གྱི་རྒྱལ་བོ་དང་། རྒྱལ་ཁམས་འབྱོར་བ་སོགས་མཐོང་ནས། ཁོང་ཚོའི་མཆོག་འཛིན་གྱི་ང་རྒྱལ་དེ་ཆག་ངེས་སོགས་བྲིས། ཇོ་ནང་ཆོས་འབྱུང་དུ་མུལ་ཏན་དུ་ཀླ་ཀློའི་རྒྱལ་བོ་ཧལ་ལུ་བསླེབས་པ་རྒྱ་གར་དུ་ཀླ་ཀློའི་ཐོག་མ་ཡིན་སོགས་བྲིས་པ་ཡང་སྙན་དངགས་མཁན་འདིའི་མིང་ཨ་ལླ་བྱ་བ་འདྲ་གསན་པ་ཡིན་ནམ་སྙམ། འདི་[ཨལ་བཱི་རཱུ་ནཱི་]མཁས་པ་ཆེན་པོ་ཡིན་ཞིང་། ལེགས་སྦྱར་ཀྱང་ཤེས། མུ་སྟེགས་ཀྱི་རིག་བྱེད་དང་སྔོན་རབས་རྣམས་ལ་མཁས། ལེགས་ལྡན་གྱི་གླུ་ལ་བརྩི་ཆེར་བྱས། རིག་གནས་དུ་མའི་བསྟན་བཅོས་བརྩམས། ཁོས་བྲིས་པ་ཞིག་ཏུ་ད་ལྟའི་ལོ་བརྒྱ་ཙམ་གྱི་སྔོན་དུ་ཀླུ་སྒྲུབ་བྱ་བའི་སྨན་པ་ཆེན་པོ་ཞིག་བྱུང་སྟེ་དེས་བྲིས་པའི་སྨན་གྱི་གཞུང་ཞིག་ཀྱང་སྣང་ཞེས་བཤད་པས་ཡན་ལག་བརྒྱད་པ་རྩོམ་མཁན་གྱི་ཀླུ་སྒྲུབ་དེ་ཉེ་དུས་ཀྱི་མཁས་པ་ཞིག་ཡིན་པ་ཡང་སྲིད་དམ་སྙམ། འོན་ཀྱང་། རང་རེའི་ཁྲོད་ན་ཀླུ་སྒྲུབ་ཀྱི་མིང་ཐོགས་ཚད་རྩ་ཤེའི་རྩོམ་པ་བོ་དང་དོན་གཅིག་གིས་ཁྱབ་པ་ཞིག་རྟག་པ་ཐེར་ཟུག་ཏུ་འདུག་པས་དེ་གར་ཟད།


དེ་ལྟར་ཀླ་ཀློའི་ཆོས་ལུགས་ནི་མཚོན་ཆ་ཐོགས་པའི་དམག་དཔུང་དག་གིས་ཁྱེར་ཏེ་ཁྲག་གི་རྫིང་བསྐྱིལ་ནས་འཇིག་རྟེན་དུ་དར་བར་བྱས་ཤིང་། དེ་བཞིན་ཡེ་ཤུ་བའི་ཆོས་ལུགས་ཀྱང་ཡང་དག་པའི་དམག་ཅེས་བྱ་བའི་དཔུང་ཆེན་པོ་བཤམས་ཏེ་སྔར་བཞིན་སྤེལ་བ་སྔོན་གྱི་ཚེ་བྱུང་ལ། རང་རེའི་གནས་བརྟན་སྙིང་རྗེ་ཅན་དེའི་བསྟན་པ་ནི་དགེ་སློང་སྲིན་བུ་མི་གསོད་པ་དག་གིས་ཁྱེར་ཏེ་ཤར་ནུབ་ཀྱི་རྒྱ་མཚོ་ཆེན་པོ་ཡང་བརྒལ་ནས་དར་བ་ཡིན་ནོ་ཞེས་མི་འདྲ་བའི་ཆོས་འབྱུང་རྣམས་ཤེས་པར་བྱའོ། །


འདིར་སུལ་ཏན་ཧན་བྱ་བ་ཀླ་ཀློའི་སོག་རྒྱལ་རྣམས་ལ་ཞེ་སའི་འབོད་པ་སྟེ། རང་རེའི་ལོ་རྒྱུས་རྣམས་སུ་ཀླ་ཀློའི་རྒྱལ་བོ་ཤིང་སྟག་ཅན་བྱ་བ་བྱུང་བ་དང་། ལྷག་པར་མི་ཏྲ་ཛོ་ཀིའི་ངོ་མཚར་ཉི་ཤུ་བ་ལས་རྒྱལ་བོ་ཤིར་སྟག་མཁན་བྱ་བ་གཉིས་ཀ་ཡང་གདོན་མི་ཟ་བར་ཟུར་ཆགས་པ་ཡིན་འདུག་པས་ང་དང་ར་གཉིས་ནོར་བར་འདུག


དེ་ལྟར་ཀླ་ཀློའི་དམག་གིས་ཡུལ་ཀནྱ་ཀུབྫ་བཅོམ་པས་ས་ཁད་ཉེ་བ་པྲ་ཏི་ཧཱ་རའི་རྒྱལ་བོ་རྣམས་ཀྱང་སྟོབས་ཆེར་ཉམས། རྒྱ་གར་གྱི་རྒྱལ་སྲིད་རང་རྐྱ་བར་འཕྱིས་ཤས་སུ་བྱུང་བ་རྣམས་ཤས་ཆེར་ར་ཛ་པུ་ཏའི་[ར་ཛ་སྟན་]ཕྱོགས་སུ་བྱུང་། དེ་དག་ཀྱང་ནང་ཕན་ཚུན་འཁྲུག་ལོང་མང་དུ་བྱས། སངས་རྒྱས་འདས་རྗེས་ཀྱི་ལོ་བརྒྱ་ཕྲག་བཅུ་བདུན་པའི་ཕྱེད་སྔ་མའི་ནང་ཙམ་ན་ཀནྱ་ཀུབྫའི་ཡུལ་དུ་ཙནྡྲ་དེ་བ་བྱ་བའི་རྒྱལ་བོ་གྷ་ཧ་དྭ་ལའི་རིགས་ཡིན་པ་ཞིག་གིས་རྒྱལ་སྲིད་གསར་དུ་བཟུང་ཞིང་། དེའི་རྒྱུད་ལ་ཟླ་བའི་རིགས་སུ་གྲགས་པ་དག་བྱུང༌། ཐམས་ཅད་ཀྱང་མ་ཧཱ་རཱ་ཛ་ཨ་དྷི་རཱ་ཛ་སྟེ། རྒྱལ་བོ་ཆེན་པོ་དང་བོའི་རྒྱལ་བོའམ། གོང་མ་རྒྱལ་བོའི་ཆོ་ལོ་ཅན་དུ་གྱུར། ཙནྡྲ་དེ་བའི་ཡང་ཚ་གོ་བིནྡ་ཙནྡྲ་ནི་རྒྱལ་རྒྱུད་དེའི་རྒྱལ་བོ་གྲགས་ཆེ་ཤོས་སུ་གྱུར་ཞིང་། ཀནྱ་ཀུབྫ་དང་། མ་ག་དྷ་ཡོངས་ལ་དབང་བསྒྱུར། ཕྱི་ནང་གི་གནས་ཆེན་མང་བོ་ཏུ་རུ་ཀའི་འཇིགས་པ་ལས་བསྐྱབས། དེའི་བཙུན་མོ་ཀུ་མཱ་ར་དེ་བཱི་དཀོན་མཆོག་གསུམ་ལ་བླ་མར་འཛིན་པ་བྱུང་། ཉེ་དུས་སུ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ས་བསལ་བ་ན་བཙུན་མོ་འདིས་བཞེངས་པའི་གཙུག་ལག་ཁང་རྫ་ཕག་ལས་བྱས་པའི་ཁྲོན་པ་ཅན་ཞིག་ཀྱང་རྙེད། ཁ་བྱང་གི་ཡི་གེ་བཅས་པ་རྡོ་ལ་བརྐོས་ནས་སྣང་། འགའ་ཞིག་གིས་བཙུན་མོ་འདི་མི་ཏྲ་ཛོ་ཀི་ལ་སོགས་མཉན་པའི་སློབ་མ་ཡང་ཡིན་ཟེར། གོ་བིནྡའི་ཚ་བོ་ཛ་ཡ་ཙནྡྲ་སྟེ་འདས་རྗེས་ཀྱི་ལོ་ཆིག་སྟོང་བདུན་བརྒྱ་བཅུ་བཞི་[སྤྱི་ལོ་༡༡༧༠]ལ་ཁྲི་བཟུང་ཞིང་། ཕྱིས་ཀླ་ཀློ་རྣམས་ཀྱིས་བསད། འདི་ལ་ཀླ་ཀློའི་ལོ་རྒྱུས་སུ་ཡང་རྒྱལ་བོ་ཆེན་པོའི་མཐོང་བསྐྱེད་དེ་བྲིས་པ་མང་བར་གྲགས།


ཀླ་ཀློའི་སྲིད་ཀྱི་སྐབས་ལྷོ་ལམ་ཆུ་བོ་དུངྒ་བྷ་དྲའི་ལྷོ་ངོས་སུ་རྣམ་རྒྱལ་གྲོང་ཁྱེར་བྱ་བའི་རྒྱལ་ཁབ་སྟོབས་ལྡན་ཞིག་བྱུང་ཞིང་། དེ་རྒྱ་གར་རང་གི་རྒྱལ་བརྒྱུད་ཕྱིས་ཀྱི་སྟོབས་ཆེ་བ་དྲག་པ་དག་གིས་བཟུང་། ཀླ་ཀློ་དང་རྟག་ཏུ་འཐབ། ཕྱིས་ཀྱི་རྒྱལ་བོའི་ནང་ན་ཤིན་ཏུ་གྲགས་ཆེ་བའི་ཤི་བཱ་ཛཱི་བྱ་བ་ཡིན་ཞིང་། ལོ་རྒྱུས་ཅུང་ཟད་འོག་ཏུ་འཆད།  ནུབ་ཕྱོགས་རཱ་ཛ་པུ་ཏ་ན་རྣམས་རང་མགོ་འཛིན་ཞིང་། ཀླ་ཀློའི་རྒྱལ་བོ་དང་དགྲ་གྲོགས་རེས་མོས་སུ་བྱས་ཏེ་ཡུན་རིང་བསྡད། འདི་དག་རྒྱ་གར་གྱི་མི་དཔའ་བོའི་ཚད་འཛིན་ས་ཡིན་ཞིང་། ད་ལྟའི་བལ་ཡུལ་གོརྵའི་རྒྱལ་བོ་སོགས་ཀྱང་རིགས་འདི་ལས་མཆེད།


ཀ་ལིངྒ་དང་ཨོ་ཌི་བི་ཤའི་ཕྱོགས་སུ་གངྒའི་རྒྱལ་རྒྱུད་དུ་གྲགས་པ་ཞིག་གིས་འཛིན། སྟོན་པ་འདས་ནས་ལོ་སྟོང་དང་ལྔ་བརྒྱ་[སྤྱི་ལོ་~༩༥༦]ལྷག་ཙམ་ན་ཨནནྟ་ཝརྨན་བྱ་བས་སྲིད་འཛིན་ཞིང་རིགས་དེ་ནང་ནས་གྲགས་ཆེ་ཤོས་ཡིན། ཛགནྣཱ་ཐ་བྱ་བའི་ལྷ་ཁང་ཡ་མཚན་ཅན་དེ་ཡང་འདིས་བཞེངས་ཟེར་ཞིང་། ལོ་བདུན་ཅུ་ལྷག་རྒྱལ་སྲིད་བསྐྱངས། དེ་ནས་ལྷ་མིའི་སེངྒེ་བྱ་བའི་སྐབས་བྷངྒ་ལའི་ཀླ་ཀློ་རྣམས་དང་འཛིངས་ཏེ་ཡུལ་ཐུབ་པར་བསྲུང་། ཀོ་ཎརྐ་བྱ་བའི་ལྷ་ཁང་གྲགས་ཆེན་དེ་བཞེངས་པ་ཞིག་རལ་དུ་གྱུར་ནས་ད་ལྟའི་བར་ལུས། རྡོ་བརྐོས་ཀྱི་རི་མོ་རྒྱ་གར་ན་འདི་ལས་ལྷག་མེད་ཟེར་ཏེ། ངེས་པར་མིག་འཁྲུལ་ལྟ་བུར་ཡོད། དེ་ནས་ལྷ་སེར་སྐྱའི་དབང་བོ་བྱ་བས་གངྒཱ་ནས་ཀ་བེ་རིའི་བར་དུ་བཟུང་བ་སོགས་གྲགས། ཡུན་རིང་བོའི་བར་དུ་ཀལིངྒ་རྣམས་དབང་སྟོབས་ཆེ་བར་གནས་པ་ལས་ཕྱིས་འདས་རྗེས་ཀྱི་ལོ་ཉིས་སྟོང་ལྷག་པ་[སྤྱི་ལོ་~༡༤༥༦]ཇོ་ནང་ཀུན་མཁྱེན་སོགས་ཀྱི་སྐབས་ཙ་ན་ཀླ་ཀློའི་འོག་ཏུ་ཚུད། འོན་ཀྱང་ཆེས་ཕྱིས་སུ་ཡང་མཀུནྡྲ་དེ་ཝ་བྱ་བའི་རྒྱལ་བོ་བྱུང་ནས་སངས་རྒྱས་པ་ལ་གུས་ཚུལ་སོགས་སུམྦྷ་མཁན་པོས་(༡༧༠༤-༡༧༨༨)བཤད་པ་འདིར་སྨོས་ཙམ་བྱས་སོ།།

 

ཨི་ས་ལམ་མམ་ཧྭོས་ཧྭོས་སམ་ཧེ་ཙི་བའམ་ཁ་ཆེའི་ལོ་རྒྱུས་འདི་ཡང་རིག་པ་དོན་གཉེར་བ་དུ་མར་སྤྲོ་བ་བསྐྱེད་ཕྱིར་གསེར་ཐང་ལས་ཁོལ་དུ་ཕྱུང་ཞིང་ཞུས་དག་ཞིབ་མོ་གཅིག་སོང་བ་སྤེལ་བ་བོ་ནི་ཟླ་བ་གཞོན་ནུའོ། ། ཚན་པ་འདིའི་ནང་དུའང་ལོ་རྒྱུས་མི་སྣ་གྲགས་ཅན་དང་བྱུང་བ་མཚར་བོ་རེ་འགར་མཆན་འདེབས་དགོས་པ་ཡོད་ཀྱང་། གསེར་ཐང་མཆན་སྦྲགས་མར་དཀྱུས་གཅིག་ཏུ་དགོད་པར་འདོད་པས་འདིར་མ་སྤེལ་ལོ། །