-->

Mar 6, 2022

ཐང་སན་ལམ་ཡིག་ཏུ་འབྱུང་བའི་བརྡ་སྤྲོད་སྨྲ་བ་གཞན་གྱི་དྲིང་མི་འཇོག་པ་དྲང་སྲོང་པཱ་ཎི་ནིའི་སྐོར།

 


#འགྱུར་ཁྱད། (གུང་འགྱུར་དང་རྨེ་འགྱུར་དང་རྡོ་འགྱུར་གྱི་ཁྱད)



ཐང་གི་བཙུན་པ་ཞོན་ཙང་(༦༠༠?-༦༦༤)མཆོག་གིས་མཛད་པའི་ཏ་ཐང་ཞི་ཡུས་ཅིས་(大唐西域記)བྱ་བ་ཐང་གི་ནུབ་ལྗོངས་ཟིན་ཐོ་འདི་སྤྱི་ལོ་༦༤༦ལོ་སྟེ་དུས་རབས་བདུན་པའི་ནང་མཛད། དེ་ནི་ཡིད་ཆེས་འཕེར་ཞིང་སྒྲོ་སྐུར་དང་བྲལ་བའི་ལོ་རྒྱུས་ཟིན་ཐོ་ཞིག་ཏུ་བརྩི་ལ། ཁོང་སྐུ་མ་འདས་སྔོན་འབྲིར་མཛད་ཡོད་པ་དེས་རྒྱ་གར་གྱི་བྱུང་རབས་སྔ་མ་ཁག་རྟོགས་པར་ཧ་ཅང་ཕན་རླབས་ཆེན་པོ་བྱུང་ཡོད་པ་ཤར་ནུབ་མཁས་པ་ཁག་ཁ་གཅིག་གྲགས་དང་། དེ་བཞིན་དུ་རྒྱ་གར་གྱི་ནང་བའི་གནས་ཤུལ་གྲགས་ཅན་ཡུན་རིང་སའི་འོག་ཏུ་ནུབ་པ་ཁག་ཀྱང་ཐང་སིན་ལམ་ཡིག་གཞིར་བཟུང་བསྔོགས་པས་རྙེད་སོན་བྱུང་ཡོད།



པཱ་ཎི་ནི།


“烏鐸迦漢荼城西北行二十餘里,至娑羅睹邏邑,是制《聲明論》波你尼仙本生處也。遂古之初,文字繁廣,時經劫壞,世界空虛,長壽諸天,降靈導俗,由是之故,文籍生焉。自時厥後,其源泛濫。梵王、天帝作則隨時,異道諸仙各制文字。人相祖述,競習所傳,學者虛功,難用詳究。人壽百歲之時,有波你尼仙,生知博物,湣時澆薄,欲削浮偽,刪定繁猥,遊方問道,遇自在天,遂申述作之志。自在天曰:「盛矣哉!吾當祐汝。」仙人受教而退,於是研精覃思,捃摭群言,作為字書,備有千頌,頌三十二言矣。究極今古,總括文言,封以進上。王甚珍異,下令國中,普使傳習,有誦通利,賞千斤錢。所以師資傳授,盛行當世。故此邑中諸婆羅門碩學高才,博物強識。”

#玄奘:大唐西域記,881页。

 

༈ གྲོང་ཁྱེར་དེའི་ནུབ་བྱང་མཚམས་སུ་རྒྱང་གྲག་ཉི་ཤུའི་སྐོར་ན་བ་ར་ཏུ་རའི་[ཤཱ་ལཱ་ཏུ་རའི་(娑羅睹邏邑)] ལྗོངས་སྟེ། འདི་ནི་བྲམ་ཟེ་པ་ཎིའི་འཁྲུངས་ཡུལ་སྟེ། བྲམ་ཟེ་པ་ཎི་ཞེས་བྱ་བ་བསྐལ་པ་དང་པོའི་དུས་ལྷ་ཚངས་པ་དེར་བྱོན་ཏེ་སྔོན་གྱི་དྲང་སྲོང་རྣམས་ལ་སྨྲ་བའི་བསྟན་བཅོས་བཤད་པས་དེར་གནས་པའི་སྐྱེ་བོ་ཕལ་ཆེར་སྒྲ་རིག་ལ་དགའ་བ་དང་སྦྱངས་པ་མང་ངོ་། །རེ་ཞིག་ན་སྒྲ་ནུབ་ནས་ཧོར་ཁོངས་སུ་ལུས་པ་ལ་ལོ་བརྒྱ་བའི་དུས་སུ་བྲམ་ཟེ་པ་ཎི་སྐྱེས་ནས་དབང་ཕྱུག་ཆེན་པོ་བསྒྲུབ་པས་འགྲུབ་སྟེ་ཞལ་མངོན་སུམ་དུ་མཐོང་། དབང་ཕྱུག་གིས་སྨྲ་བའི་བསྟན་བཅོས་ཀྱི་ས་བོན་བསྩལ། ཊིཀྐ་བརྩོམ་ཞིག་ཅེས་ལུང་བསྟན་ལྟར་བརྩམས་པས་ཚིག་རྐང་བཞི་དེར་ཡི་གེ་སུམ་ཅུ་རྩ་གཉིས་རེ་ཡོད་པའི་ཤླཽ་ཀ་སྟོང་ཚང་བ་ཞིག་མཛད་དོ། །དེའི་གདུང་འཛིན་བྲམ་ཟེ་སྒྲ་ལ་མཁས་པ་མང་པོ་བྱུང་ཞིང་འབྱུང་བར་འགྱུར་བཞིན་པ་དང་ད་དུང་ཡང་འབྱུང་བར་འགྱུར་བར་སྣང་ངོ་།།

#གུང་མགོན་པོ་སྐྱབས། (༢༠༠༦ ཤ༥)


ཞོན་ཙང་གི་ལམ་ཐིག   སིན་ཐན་སིན། ༢༠༠༦

ཨུད྄ཀ་ཁནྜའི་གྲོང་ནས་ནུབ་ཕྱོགས་སུ་ལེ་དབར་ཉི་ཤུ་ལྷག་སོང་བས་ཤ་ལཱ་ཏུ་རའི་གྲོང་བརྡལ་ལོ། །དེ་ནི་སྒྲའི་བསྟན་བཅོས་མཛད་པ་པོ་དྲང་སྲོང་པཱ་ཎི་ནི་འཁྲུངས་པའི་གནས་ཡིན། བསྐལ་བ་ཐོག་མའི་དུས་མི་མཇེད་ཀྱི་ཞིང་ཆེན་པོ་འདིར་ཡི་གེའི་རིགས་མང་ཞིང་རྙོགས་ལ་དུས་ཀྱི་འཕེལ་འགྲིབ་ཁྲོད་དེ་དག་རེ་རེ་བཞིན་རྒུད་པའི་ཚེ། སུམ་ཅུ་རྩ་གསུམ་གྱི་ལྷའི་ཚོགས་མི་ཡུལ་དུ་བྱོན་ནས་འཇིག་རྟེན་མི་རྣམས་འདྲེན་པའི་དུས་སུ་སྐད་དང་ཡི་གེ་བྱུང་བ་ཡན་ལག་དུ་མར་གྱེས། རིམ་པར་ཚངས་པ་དང་བརྒྱ་བྱིན་གྱིས་སྐབས་དེའི་ཡུལ་དུས་ལ་གཞིགས་ཏེ་བརྡ་སྤྲོད་ཀྱི་སྲོལ་གཏན་ལ་ཕབ། དེ་མུར་ཕྱི་རོལ་པའི་སྟོན་པ་དག་གིས་རང་རང་གི་ཡི་གེ་གསར་དུ་བཟོས་པ་དེ་དག་ལུ་གུ་རྒྱུད་དུ་སྤེལ་ཡང་བྱཱ་ཀ་ར་ཎའི་རིགས་ལམ་རྣམ་དག་ཤིན་ཏུ་རྟོགས་དཀའ་བའི་གནས་སུ་ལུས། ཕྱིས་ཚེ་ལོ་བརྒྱ་པའི་སྐབས་དྲང་སྲོང་པཱ་ཎི་ནི་ཞེས་བྱ་བ་ཆུང་དུས་ནས་བློ་དང་རིག་པ་རྣོ་ཞིང་འཇིག་རྟེན་གྱི་ཆོས་ཀུན་ལ་ཐོགས་པ་མེད་པ་ཞིག་བྱུང་བ་དེས་མི་ཡུལ་ན་ཡོད་པའི་བརྡ་སྤྲོད་ཀྱི་སྐད་དང་རིག་པ་སྤྱིར་བཏང་བ་མང་ཞིང་སླ་བས་ཡིད་འབྱུང་སྟེ་ཡུལ་ཁམས་གང་སར་མྱུལ་བ་ལས་ལྷ་ཆེན་དབང་ཕྱུག་དང་མཇལ་ཏེ་རྒྱུ་མཚན་ཇི་བཞིན་ཞུས། ལྷ་ཆེན་པོས་ལེགས་སོ་ངས་ཁྱོད་ལ་བྱིན་གྱིས་བརླབས་ངེས་ཞེས་ལུང་བསྟན་པ་ན་བྲམ་ཟེ་པཱ་ཎི་ནི་རང་གནས་སུ་ཞིབ་ཏུ་བསམས་ནས་བརྟུན་པ་བསྐྱེད་དེ་ཡུལ་དུ་མའི་སྐད་དང་ཐ་སྙད་བསྡུར་ཞིང་ཡི་གེར་ཕབ་པའི་བརྡ་སྤྲོད་ཀྱི་བསྟན་བཅོས་སྔ་དེང་ཡིག་སྲོལ་ཟུང་དུ་སྦྲེལ་བ་ཁྱོན་ཤོ་ལོ་ཀ་ཆིག་སྟོང་ཡོད་པ། ཤོ་ལོ་ཀ་རེར་ཡིག་འབྲུ་སུམ་ཅུ་རྩ་གཉིས་མངའ་བ་ཞིག་ཡུལ་གྱི་རྒྱལ་པོའི་སྤྱན་སྔར་བསྟར། རྒྱལ་པོ་རབ་ཏུ་དགྱེས་ནས་བཀའ་ཕབ་སྟེ་ཆབ་འབངས་སུ་ཞིག་གིས་བསྟན་བཅོས་དེ་ཉིད་ཚེགས་མེད་ངག་ནས་འདོན་ནུས་ན་གསེར་ཞོ་ཆིག་སྟོང་ཐམ་པ་བདག་རྐྱེན་དུ་གནང་རྒྱུའི་གཏམ་བསྒྲགས་པར་མཛད། དེ་ལྟར་དགེ་སློབ་རིམ་པར་བརྒྱུད་དེ་བསྟན་བཅོས་དེ་ཤིན་ཏུ་དར་ཆེ་བར་གྱུར་པས་གྲོང་གི་དབུས་ན་བློ་རིག་བཀྲ་ལ་ཤེས་བྱར་མཁས་པའི་བྲམ་ཟེ་ཧ་ཅང་མང་པོ་བྱུང་།

#རྨེ་རུ། (༢༠༡༨ ཤ༨༧-༨)

 

ཞོན་ཙང་གི་ལམ་ཐིག   ཝི་ཁི།


ཨུཌ་ཁཎྜའི་གྲོང་ནས་ནུབ་བྱང་ཕྱོགས་སུ་ལེ་དབར་ཉི་ཤུ་ལྷག་སོང་ན་ཤཱ་ལཱ་ཏུ་རའི་ཡུལ་ཡོད་ཅིང་། དེ་སྒྲའི་གཞུང་མཛད་པོ་པཱ་ཎི་ནིའི་འཁྲུངས་ཡུལ་ལོ། ། སྔོན་བྱུང་བ་འདས་པའི་དུས་ཡི་གེ་ཤིན་ཏུ་དར་མོད། འཇིག་པའི་བསྐལ་བ་བརྒྱུད་པས་རིམ་གྱིས་རྒུད་དེ་སྟོང་བར་གྱུར་བའི་ཚེ། འཆི་མེད་ལྷ་རྣམས་མི་ཡུལ་དུ་འཕོས་པར་བརྟེན་ཡི་གེ་དང་བསྟན་བཅོས་དར་བར་མཛད་པ་དུ་མར་གྱེས་པ་ན། སླད་མར་ཚངས་པ་དང་ལྷའི་དབང་བོས་རྗེས་སུ་བསྟན་པར་མཛད་མོད།  སྟོན་པ་སོ་སོས་ཡི་གེ་ལོགས་སུ་མཛད་ཅིང་། གཞུང་སྤེལ་བས་སློབ་པ་རྣམས་ལོབས་དཀའ་བར་གྱུར་རོ། ། 

སླད་ཀྱིས་ཚེ་ལོ་བརྒྱ་བའི་ཚེ། སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་བ་བྲམ་ཟེ་པཱ་ཎི་ནི་བྱ་བ་བྱོན་ཞིང་།  སྦྱང་བ་ཆུང་བ་རྣམས་ལ་ཐུགས་མུག་སྟེ་སྒྲའི་རྙོག་མ་དྲུངས་ནས་འབྱིན་པར་འདོད་དེ། ཕྱོགས་བཞིར་རྨེད་ཅིང་བྱོན་པ་དབང་ཕྱུག་གི་ཞལ་གཟིགས་ཅིང་ལྷའི་བཞིན་གཞུང་བརྩམ་པར་འཚལ་བ་ན། ལྷས་ལེགས་ཀྱིས་བདག་གནང་ངོ་ཞེས་གནང་བ་ཐོབ་ཅིང་ལོག་གོ ། དེ་ནས་ལེགས་པར་དགོངས་ཤིང་ཚིགས་བཅད་རེར་ཡིག་འབྲུ་སོ་གཉིས་རེ་ཅན་གྱི་ཤོ་ལོ་ཀ་ཆིག་སྟོང་ཡོད་པ་འཇིག་རྟེན་ལས་འདས་མ་འདས་གཉིས་ཀའི་ལུགས་མ་ལུས་པར་ལེགས་པར་བརྟག་པའི་གཞུང་མཛད་དེ་རྒྱ་དང་བཅས་གོང་ལ་ཕུལ་བར། རྒྱལ་བོས་ལེགས་པར་བཀུར་ཏེ་ཡོངས་ལ་ལེགས་པར་སློབས་ཤིག་པའི་བཀའ་བསྒྲགས་ཤིང་སུས་བློར་ངེས་ན་གསེར་སྲང་ཆིག་སྟོང་གི་སྐྱེས་གྱ་ནོན་པ་ཡོད་པར་བསྩལ་ལོ། ། དེ་ལྟར་བླ་སློབ་བརྒྱུད་དེ་གཞུང་འདི་ཤིན་ཏུ་དར་བར་གྱུར་བས།  གྲོང་དེའི་བྲམ་ཟེ་ཐམས་ཅད་ཤེས་རབ་ཀྱི་རྩལ་དང་ལྡན་པར་གྱུར་ལ་མཁས་ཤིང་དྲན་པ་རབ་ཏུ་བརྟན་པར་གྱུར་རོ། །

#ཟླབཞོནུ  (༢༠༢༢)


Mar 4, 2022

གིལ་གིད་ཡུལ་གྱི་ནང་བའི་ཡིག་རྙིང་རྩ་ཆེན།

 


གིལ་གིད་ཡུལ་གྱི་ནང་བའི་ཡིག་རྙིང་རྩ་ཆེན། 




 

སྤྱི་ལོ་༡༩༣༡ལོར།  གིལ་གིད་ས་ཆའི་ནཽ་པུར་ཞེས་པའི་སྡེ་བ་ཞིག་ཏུ་ཟོག་རྫི་འགས་ནང་བའི་མཆོད་རྟེན་ཟླུམ་པོ་ཞིག་ལས་ཤིང་སྒམ་ཞིག་རྙེད་ཅིང་། དེའི་ནང་ཡིག་རྙིང་ལག་བྲིས་མ་གང་མང་ཡོད་པ་མཐོང་།  དེ་ནས་ཟོག་རྫི་དེ་དག་གིས་ས་དེ་གའི་མགོ་བར་བཤད་ཅིང་།  མགོ་བས་དུས་སྐབས་དེའི་ཇ་མུ་ཀ་སྨིར་ཡུལ་གྱི་རྒྱལ་བོར་ཕུལ།

 

དེ་ནི་ནང་བའི་ཡིག་རྙིང་ལག་བྲིས་ཆེས་རྙིང་ཤོས་ཡིན་པར་གྲགས་ཤིང་།  འཛམ་གླིང་གི་ཡིག་རྙིང་སྔ་གྲས་སུ་བརྩི། ཡིག་རྙིང་དེ་དག་དུས་རབས་ནམ་ཞིག་གི་ཡིན་མིན་ཐད་ཞིག་འཇུག་པ་ཁ་ཅིག་གིས་དུས་རབས་གཉིས་པའི་ནང་བྲིས་པ་དང་།  ཁ་ཅིག་གིས་དུས་རབས་ལྔ་བའམ་དྲུག་པའི་ནང་གི་ཡིག་རིགས་ཡིན་པར་འདོད་པ་གང་ལྟར་ཡང་ད་བར་ལོ་ངོ་བརྒྱ་ཕྲག་བཅོ་ལྔ་ལྷག་གི་ལོ་རྒྱུས་ཡོད་པ་གསལ། 

 

སྤྱིར་གིལ་གིད་ཡུལ་གྲུ་འདི་དར་ལམ་གྱི་ས་གནས་གལ་ཆེན་ཞིག་ཡིན་པ་དང་། གནའ་སྔ་མོའི་བཙུན་པ་སྙིང་སྟོབས་ཅན་དག་དཀའ་ཚེགས་ཆེན་པོས་རྒྱ་གར་ཡུལ་ཏུ་བརྟོལ་ཏེ། ས་ཆ་འདི་ཉིད་བརྒྱུད་ནས་སངས་རྒྱས་ཀྱི་བཀའ་རྒྱ་གར་འཕགས་པའི་ཡུལ་ནས་ལི་ཡུལ་དང་བོད། རྒྱ། ཁོ་རི་ཡ་དང་འཇའ་ཕན་སོགས་སུ་ཁྱེར་མྱོང་བ་ལོ་རྒྱུས་ཡིག་ཚགས་སུ་གསལ་བ་ལྟར་རོ། །


གཞན་ཡང་སྤྱི་ལོ་༡༩༣༨ལོའི་སྟོན་ཁར།  གནའ་རྫས་བརྟག་དཔྱད་པ་མ་དྷུ་སུ་དན་ཀཽལ་ཤཱསྟྲཱིས་རྒྱལ་བོའི་བཀའ་བཞིན་ས་ཁུལ་དེ་ཡང་བསྐྱར་བསྔོགས་པར། ས་འོག་ཁང་བ་ཞིག་རྙེད་ཅིང་། དེའི་ནང་ཡིག་རྙིང་ཁག་ཅིག་དང་གཟུངས་གཞུག་ཏུ་ཕུལ་བའི་བཅའ་དངོས་དུ་མ་ལག་སོན་བྱུང་།  དེ་བཞིན་སྤྱི་ལོ་༡༩༥༦ལོར་ཞིབ་འཇུག་པ་གྲགས་ཅན་ཏུ་ཆིས་བསྔོགས་པར་ཡང་ཡིག་རྙིང་དང་བཅའ་དངོས་དུ་མ་རྙེད་ཅིང་།  དེ་དག་དེང་ཀ་ར་ཆིའི་རྟེན་མཛོད་ཁང་དུ་བཤམས་ཡོད་པར་བཤད།


ཀུ་དོ། ༢༠༡༧ཤ༡༢༩


ཡིག་རྙིང་དེ་དག་ནི་ཚང་མ་སྟག་པའི་ཤུན་པགས་སྒང་ལ་བྲིས་ཡོད་ཅིང་།  ཡིག་རྙིང་མི་འདྲ་བ་༦༠ལྷག་དང་། རྟོགས་བརྗོད་༡༧ལྷག་རྙེད་པ། ལྡི་ལི་གཞུང་གི་ཡིག་ཚགས་ཁང་གིས་བཏོན་པ་ལྟར་ན་ཤོག་ཧྲུལ་༣༠༠༠ལྷག་ཡོད་པ་འདི་དག་ནི་ནང་བསྟན་ཞིབ་འཇུག་གི་ཐད་དང་། དམིགས་བསལ་གྱིས་རང་ཅག་གངས་ཅན་པ་རྣམས་ལ་ཧ་ཅང་གལ་འགངས་ཧ་ཅང་ཆེ་བར་སེམས་སོ།།  ཡིག་རྙིང་དེ་དག་གི་ཡིག་རིགས་ནི་གུཔྟ་སྦས་པའི་སྐབས་ཀྱི་ཚངས་པའི་ཡི་གེའམ་སྦས་པའི་རྗེས་ཀྱི་ཚངས་པའི་ཡི་གེའམ་ཤ་ར་དར་གྲགས་པ་དེ་ཡིན་པར་བཤད།  སྐད་རིགས་ནི་རང་བཞིན་པའི་སྐད་དང་ལེགས་སྦྱར་འདྲེས་མ་ཡིན་ཚུལ་དང་། བཀའ་བསྡུ་གསུམ་པའི་རྗེས་སུ་བྲིས་པར་ངེས་ཚུལ་རྒྱ་གར་གྱི་མཁས་པ་ལོ་ཀེ་ཤ་གསུངས་སོ། ། ཡིག་རྙིང་དེ་དག་ལོ་ངོ་༡༥༠༠ལྷག་འདས་ཀྱང་། ད་བར་དུས་ཀྱི་ཁ་ཟས་སུ་མ་གྱུར་བ་ནི།  དེ་དག་གཅིག་ནས་རུལ་དཀའ་ཞིང་འབུས་མི་གནོད་པའི་སྟག་པའི་ཤུན་པར་བྲིས་ཡོད་པ་དང་གཉིས་ནས་ས་ཆ་དེའི་ལོ་ཧྲིལ་བོའི་གནམ་གཤིས་ཧ་ཅང་འཁྱག་པའི་རྒྱུ་མཚན་གྱིས་ཡིན་པར་བཤད།

 

ཡིག་རྙིང་དེ་དག་ལས་ངོས་ཟིན་པ་ཁག་ནི།  འདུལ་བ་གཞི་དང་། སྨན་བླའི་མདོ་དང་། དམ་ཆོས་པད་དཀར། ཏིང་ངེ་འཛིན་གྱི་རྒྱལ་བོའི་མདོ། སོ་སོ་ཐར་མདོ། རབ་བྱུང་གི་གཞི། ཆོས་ཀྱི་ཕུང་བོ། སྟོང་ཕྲག་ཉེར་ལྔ་བ། སྟོང་ཕྲག་བཅོ་བརྒྱད་པ། སྨན་གྱི་གཞི། རིན་ཆེན་ཏོག་གི་ལེའུ། རྡོ་རྗེ་གཅོད་པ། བྱམས་པའི་ལུང་དུ་སྟོན་པ། ཐམས་ཅད་སྒྲོལ་གྱི་རྟོགས་པ་བརྗོད་པ། མ་ག་དྷ་བཟང་མོའི་རྟོགས་པ་བརྗོད་པ། ཟླ་བཟང་གི་རྟོགས་པ་བརྗོད་པ། ལྷའི་མདོ། ཁང་བུ་བརྩེགས་པའི་མདོ། གསལ་རྒྱལ་གྱི་ཚིགས་སུ་བཅད་པ། བཟའ་བཏུང་གི་ཆོ་ག མི་རྟོག་པར་རབ་ཏུ་འཇུག་པའི་མདོ། རྟ་མགྲིན་གྱི་རྟོག་པ་ལ་སོགས་ཐེག་པ་ཆེན་པོའི་ཡིག་ཆ་ཧ་ཅང་རྩ་ཆེན་མང་། རང་ཅག་ཁ་བ་ཅན་དུ་འགྱུར་བའི་བཀའ་འགྱུར་སོགས་ཀྱི་འགྱུར་གཞིའི་ཁུངས་ཀྱང་འདི་དག་ཡིན་ལོས་ཡིན་བསམས་པ་ཞིག་འདུག་ལ།  ཆོས་རྒྱལ་སྲོང་བཙན་ཡབ་མེས་རིང་གཉན་པོ་གསང་བ་ཞེས་བཏགས་པའི་གླེགས་བམ་དེ་དག་ཀྱང་གཅིག་ཏུ་ན་ཡིག་རིགས་འདི་འམ་ཁརོཥྚཱིའི་ཡི་གེ་གང་རུང་གི་གཟུགས་སུ་ཡོད་པའི་གླེགས་བམ་ཞིག་མིན་ནམ་སྙམ་པ་ཞིག་རྟག་ཏུ་བློ་ལ་འཆར་ནས་འོང་།

 

ཡིག་རྙིང་དེ་དག་ལས་ཕལ་མོ་ཆེ་༡༩༤༨ལོར་དུས་འགྱུར་བྱུང་བས་ནེ་རུའི་ཐུགས་དགོངས་ལྟར་མཁའ་ལམ་ནས་རྒྱ་གར་རྒྱལ་ས་ལྡི་ལིར་དབོར་ཏེ་གཞུང་གི་ཡིག་ཚགས་ཁང་ཉར་ཚགས་བྱས་ཡོད་ཅིང་།  དེ་དག་ལས་ཉུང་ཤས་ཤིག་ད་དུང་ཤྲཱི་ན་གར་གྱི་པྲ་ཏཔ་སིངྒ་རྟེན་མཛད་ཁང་དུ་ཡོད་པར་བཤད་ལ། རང་ཅག་ནང་བ་རྣམས་ཀྱིས་འདི་དག་ལ་ངེས་པར་ཞིབ་འཇུག་ཕུ་ཐག་ཆོད་པ་ཞིག་བྱེད་དགོས་པར་སྣང་ངོ་། །