-->

Mar 4, 2022

གིལ་གིད་ཡུལ་གྱི་ནང་བའི་ཡིག་རྙིང་རྩ་ཆེན།

 


གིལ་གིད་ཡུལ་གྱི་ནང་བའི་ཡིག་རྙིང་རྩ་ཆེན། 




 

སྤྱི་ལོ་༡༩༣༡ལོར།  གིལ་གིད་ས་ཆའི་ནཽ་པུར་ཞེས་པའི་སྡེ་བ་ཞིག་ཏུ་ཟོག་རྫི་འགས་ནང་བའི་མཆོད་རྟེན་ཟླུམ་པོ་ཞིག་ལས་ཤིང་སྒམ་ཞིག་རྙེད་ཅིང་། དེའི་ནང་ཡིག་རྙིང་ལག་བྲིས་མ་གང་མང་ཡོད་པ་མཐོང་།  དེ་ནས་ཟོག་རྫི་དེ་དག་གིས་ས་དེ་གའི་མགོ་བར་བཤད་ཅིང་།  མགོ་བས་དུས་སྐབས་དེའི་ཇ་མུ་ཀ་སྨིར་ཡུལ་གྱི་རྒྱལ་བོར་ཕུལ།

 

དེ་ནི་ནང་བའི་ཡིག་རྙིང་ལག་བྲིས་ཆེས་རྙིང་ཤོས་ཡིན་པར་གྲགས་ཤིང་།  འཛམ་གླིང་གི་ཡིག་རྙིང་སྔ་གྲས་སུ་བརྩི། ཡིག་རྙིང་དེ་དག་དུས་རབས་ནམ་ཞིག་གི་ཡིན་མིན་ཐད་ཞིག་འཇུག་པ་ཁ་ཅིག་གིས་དུས་རབས་གཉིས་པའི་ནང་བྲིས་པ་དང་།  ཁ་ཅིག་གིས་དུས་རབས་ལྔ་བའམ་དྲུག་པའི་ནང་གི་ཡིག་རིགས་ཡིན་པར་འདོད་པ་གང་ལྟར་ཡང་ད་བར་ལོ་ངོ་བརྒྱ་ཕྲག་བཅོ་ལྔ་ལྷག་གི་ལོ་རྒྱུས་ཡོད་པ་གསལ། 

 

སྤྱིར་གིལ་གིད་ཡུལ་གྲུ་འདི་དར་ལམ་གྱི་ས་གནས་གལ་ཆེན་ཞིག་ཡིན་པ་དང་། གནའ་སྔ་མོའི་བཙུན་པ་སྙིང་སྟོབས་ཅན་དག་དཀའ་ཚེགས་ཆེན་པོས་རྒྱ་གར་ཡུལ་ཏུ་བརྟོལ་ཏེ། ས་ཆ་འདི་ཉིད་བརྒྱུད་ནས་སངས་རྒྱས་ཀྱི་བཀའ་རྒྱ་གར་འཕགས་པའི་ཡུལ་ནས་ལི་ཡུལ་དང་བོད། རྒྱ། ཁོ་རི་ཡ་དང་འཇའ་ཕན་སོགས་སུ་ཁྱེར་མྱོང་བ་ལོ་རྒྱུས་ཡིག་ཚགས་སུ་གསལ་བ་ལྟར་རོ། །


གཞན་ཡང་སྤྱི་ལོ་༡༩༣༨ལོའི་སྟོན་ཁར།  གནའ་རྫས་བརྟག་དཔྱད་པ་མ་དྷུ་སུ་དན་ཀཽལ་ཤཱསྟྲཱིས་རྒྱལ་བོའི་བཀའ་བཞིན་ས་ཁུལ་དེ་ཡང་བསྐྱར་བསྔོགས་པར། ས་འོག་ཁང་བ་ཞིག་རྙེད་ཅིང་། དེའི་ནང་ཡིག་རྙིང་ཁག་ཅིག་དང་གཟུངས་གཞུག་ཏུ་ཕུལ་བའི་བཅའ་དངོས་དུ་མ་ལག་སོན་བྱུང་།  དེ་བཞིན་སྤྱི་ལོ་༡༩༥༦ལོར་ཞིབ་འཇུག་པ་གྲགས་ཅན་ཏུ་ཆིས་བསྔོགས་པར་ཡང་ཡིག་རྙིང་དང་བཅའ་དངོས་དུ་མ་རྙེད་ཅིང་།  དེ་དག་དེང་ཀ་ར་ཆིའི་རྟེན་མཛོད་ཁང་དུ་བཤམས་ཡོད་པར་བཤད།


ཀུ་དོ། ༢༠༡༧ཤ༡༢༩


ཡིག་རྙིང་དེ་དག་ནི་ཚང་མ་སྟག་པའི་ཤུན་པགས་སྒང་ལ་བྲིས་ཡོད་ཅིང་།  ཡིག་རྙིང་མི་འདྲ་བ་༦༠ལྷག་དང་། རྟོགས་བརྗོད་༡༧ལྷག་རྙེད་པ། ལྡི་ལི་གཞུང་གི་ཡིག་ཚགས་ཁང་གིས་བཏོན་པ་ལྟར་ན་ཤོག་ཧྲུལ་༣༠༠༠ལྷག་ཡོད་པ་འདི་དག་ནི་ནང་བསྟན་ཞིབ་འཇུག་གི་ཐད་དང་། དམིགས་བསལ་གྱིས་རང་ཅག་གངས་ཅན་པ་རྣམས་ལ་ཧ་ཅང་གལ་འགངས་ཧ་ཅང་ཆེ་བར་སེམས་སོ།།  ཡིག་རྙིང་དེ་དག་གི་ཡིག་རིགས་ནི་གུཔྟ་སྦས་པའི་སྐབས་ཀྱི་ཚངས་པའི་ཡི་གེའམ་སྦས་པའི་རྗེས་ཀྱི་ཚངས་པའི་ཡི་གེའམ་ཤ་ར་དར་གྲགས་པ་དེ་ཡིན་པར་བཤད།  སྐད་རིགས་ནི་རང་བཞིན་པའི་སྐད་དང་ལེགས་སྦྱར་འདྲེས་མ་ཡིན་ཚུལ་དང་། བཀའ་བསྡུ་གསུམ་པའི་རྗེས་སུ་བྲིས་པར་ངེས་ཚུལ་རྒྱ་གར་གྱི་མཁས་པ་ལོ་ཀེ་ཤ་གསུངས་སོ། ། ཡིག་རྙིང་དེ་དག་ལོ་ངོ་༡༥༠༠ལྷག་འདས་ཀྱང་། ད་བར་དུས་ཀྱི་ཁ་ཟས་སུ་མ་གྱུར་བ་ནི།  དེ་དག་གཅིག་ནས་རུལ་དཀའ་ཞིང་འབུས་མི་གནོད་པའི་སྟག་པའི་ཤུན་པར་བྲིས་ཡོད་པ་དང་གཉིས་ནས་ས་ཆ་དེའི་ལོ་ཧྲིལ་བོའི་གནམ་གཤིས་ཧ་ཅང་འཁྱག་པའི་རྒྱུ་མཚན་གྱིས་ཡིན་པར་བཤད།

 

ཡིག་རྙིང་དེ་དག་ལས་ངོས་ཟིན་པ་ཁག་ནི།  འདུལ་བ་གཞི་དང་། སྨན་བླའི་མདོ་དང་། དམ་ཆོས་པད་དཀར། ཏིང་ངེ་འཛིན་གྱི་རྒྱལ་བོའི་མདོ། སོ་སོ་ཐར་མདོ། རབ་བྱུང་གི་གཞི། ཆོས་ཀྱི་ཕུང་བོ། སྟོང་ཕྲག་ཉེར་ལྔ་བ། སྟོང་ཕྲག་བཅོ་བརྒྱད་པ། སྨན་གྱི་གཞི། རིན་ཆེན་ཏོག་གི་ལེའུ། རྡོ་རྗེ་གཅོད་པ། བྱམས་པའི་ལུང་དུ་སྟོན་པ། ཐམས་ཅད་སྒྲོལ་གྱི་རྟོགས་པ་བརྗོད་པ། མ་ག་དྷ་བཟང་མོའི་རྟོགས་པ་བརྗོད་པ། ཟླ་བཟང་གི་རྟོགས་པ་བརྗོད་པ། ལྷའི་མདོ། ཁང་བུ་བརྩེགས་པའི་མདོ། གསལ་རྒྱལ་གྱི་ཚིགས་སུ་བཅད་པ། བཟའ་བཏུང་གི་ཆོ་ག མི་རྟོག་པར་རབ་ཏུ་འཇུག་པའི་མདོ། རྟ་མགྲིན་གྱི་རྟོག་པ་ལ་སོགས་ཐེག་པ་ཆེན་པོའི་ཡིག་ཆ་ཧ་ཅང་རྩ་ཆེན་མང་། རང་ཅག་ཁ་བ་ཅན་དུ་འགྱུར་བའི་བཀའ་འགྱུར་སོགས་ཀྱི་འགྱུར་གཞིའི་ཁུངས་ཀྱང་འདི་དག་ཡིན་ལོས་ཡིན་བསམས་པ་ཞིག་འདུག་ལ།  ཆོས་རྒྱལ་སྲོང་བཙན་ཡབ་མེས་རིང་གཉན་པོ་གསང་བ་ཞེས་བཏགས་པའི་གླེགས་བམ་དེ་དག་ཀྱང་གཅིག་ཏུ་ན་ཡིག་རིགས་འདི་འམ་ཁརོཥྚཱིའི་ཡི་གེ་གང་རུང་གི་གཟུགས་སུ་ཡོད་པའི་གླེགས་བམ་ཞིག་མིན་ནམ་སྙམ་པ་ཞིག་རྟག་ཏུ་བློ་ལ་འཆར་ནས་འོང་།

 

ཡིག་རྙིང་དེ་དག་ལས་ཕལ་མོ་ཆེ་༡༩༤༨ལོར་དུས་འགྱུར་བྱུང་བས་ནེ་རུའི་ཐུགས་དགོངས་ལྟར་མཁའ་ལམ་ནས་རྒྱ་གར་རྒྱལ་ས་ལྡི་ལིར་དབོར་ཏེ་གཞུང་གི་ཡིག་ཚགས་ཁང་ཉར་ཚགས་བྱས་ཡོད་ཅིང་།  དེ་དག་ལས་ཉུང་ཤས་ཤིག་ད་དུང་ཤྲཱི་ན་གར་གྱི་པྲ་ཏཔ་སིངྒ་རྟེན་མཛད་ཁང་དུ་ཡོད་པར་བཤད་ལ། རང་ཅག་ནང་བ་རྣམས་ཀྱིས་འདི་དག་ལ་ངེས་པར་ཞིབ་འཇུག་ཕུ་ཐག་ཆོད་པ་ཞིག་བྱེད་དགོས་པར་སྣང་ངོ་། །


No comments:

Post a Comment