-->

Mar 30, 2026

དཔང་ལོའི་གདམས་ངག་ཤོག་གཅིག་མ།


དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། (༡༢༧༦-༡༣༤༢)


༄༅།། ཨོཾ་སིདྷི་རསྟུ། བརྡ་སྤྲོད་པའི་གཞུང་གི་སྙིང་བོ་གསལ་བ་ཞེས་བྱ་བ། 

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །

 


གྲུབ་པ་བརྗོད་མེད་རབ་རྟོགས་ཀྱང་། །སྣ་ཚོགས་རྗོད་པ་སྟོན་མཛད་པ། །

གཉིས་མེད་གསུང་ལ་ཕྱག་འཚལ་ནས། །བརྡ་སྤྲོད་རྒྱ་མཚོའི་སྙིང་བོ་བྲི། །

 

རང་བཞིན་རྐྱེན་དང་རྣམ་འགྱུར་རྣམས། །བརྡ་སྤྲོད་གཞུང་གི་བརྗོད་བྱ་ཡིན། །

རང་བཞིན་བྱིངས་དང་མིང་དེ་ལའང་། །ཐོག་མའི་རང་བཞིན་བྱ་བའི་དོན། །

 

རྟགས་གསུམ་དབྱངས་དང་གསལ་བྱེད་མཐའ། །གཅིག་མང་རྣམ་གྲངས་མང་གཅིག་པུའི། །

དོན་ལྡན་བྱིངས་དང་ཚིག་མ་གཏོགས། །མིང་ཡིན་གྲངས་མེད་རྟགས་ངེས་མེད། །

 

བྱིངས་ཀྱི་སྔོན་དུའང་ཉེར་སྒྱུར་རྣམས། །བྱིངས་ལས་མིང་སྒྲུབ་ཀྲྀ་ཏའི་རྐྱེན། །

ངོ་བོ་ལས་དང་བྱེད་པར་འཇུག །ལ་ལ་བྱེད་ཅན་དྲུག་ལ་ཡང་། །

 

མིང་ལས་རང་དང་འབྲེལ་བ་ཡི། །མིང་གཞན་སྒྲུབ་པ་དེ་ཕན་ཏེ། །

རང་དངོས་གྲངས་མེད་ཚིག་སྡུད་མཐའ། །འགའ་ཞིག་ཏིང྄་གི་ཚིག་མཐར་ཡང་། །

 

མོ་རྟགས་ཆེད་དུ་ངཱི་ཨཱི་སོགས། །བྱིངས་དང་མིང་དག་ཅི་རིགས་ལ། །

སྦྱར་བའི་བྱིངས་འགྱུར་སན྄་སོགས་རྣམས། །ངོ་བོ་བྱེད་པོ་ལས་བརྗོད་པའི། །

 

ཏིང྄་གིས་བྱིངས་ལས་ཚིག་སྒྲུབ་ཅིང་། །སུཔ྄་ཀྱིས་མིང་ལས་ཚིག་སྒྲུབ་སྟེ། །

སྔ་མས་དུས་དང་གཉིས་ཀས་དོན། །རྣམ་པར་འབྱེད་ཕྱིར་རྣམ་དབྱེར་གྲགས། །

 

བྱེད་པོ་ལས་དང་བྱེད་པ་ཆེད། །འབྱུང་ཁུངས་གཞི་རྣམས་བྱེད་ཅན་དྲུག །

དྲུག་བརྒྱད་སྤངས་པའི་སུཔ྄་ཀྱི་གནས། །དེ་དག་འབྲེལ་བ་བོད་པ་ལའོ། །

 

མ་བརྗོད་བྱེད་པོར་གསུམ་དྲུག་པའོ། །བྱེད་ཅན་བརྗོད་ན་དང་བོ་ཉིད། །

བྱེད་པ་པོ་དང་ལས་སྒྲུབ་ལ། །ཏིང྄་སོགས་དེ་དག་དབང་གྱུར་འབྱུང་། །

 

རང་བཞིན་རྐྱེན་གྱི་བར་དུའམ། །རང་བཞིན་དབྱངས་མཐའི་གཞན་དུའང་རུང་། །

ཇི་ལྟར་བཤད་བཞིན་ཨཱ་ག་མ། །དཀྱུས་མིན་དགོས་ལྡན་རྟགས་ཀྱི་དོན། །

 

རང་བཞིན་རྐྱེན་དང་འབྲེལ་བ་དང་། །ཡི་གེ་ཙམ་དང་འབྲེལ་བ་ཡི། །

སྒྱུར་དང་དབྱི་བ་རྣམ་འགྱུར་ཏེ། །ཚིག་སྡུད་ཕལ་ཆེར་སུཔ྄་ཀྱིས་འཇིག །

 

དེ་ནི་མིང་རྣམས་སྦྱར་བའི་དོན། །ཁྱད་པར་ཅན་དང་ཁྱད་པར་ཚིག །

གཞི་མཐུན་སྡུད་པ་ལས་འཛིན་པའི། །ཁྱད་པར་བསྡུ་བའི་དོན་གཅིག་པུ། །

 

དེ་ཉིད་གྲངས་དང་བགྲང་བྱ་ན། །བ་གཉིས་པའམ་གྲངས་དང་བོ། །

མིང་དང་ཕ་རོལ་ཚིག་གིས་ནི། །གཉིས་པ་ལ་སོགས་སྡུད་པ་དེ། །

 

བྱེད་ཅན་དྲུག་པའི་བསྡུ་ཞེས་བྱ། །དེ་གསུམ་དེ་ཡི་སྐྱེས་བུར་བཤད། །

གང་གི་སྔ་མ་བརྗོད་བྱར་འགྱུར། །གྲངས་མེད་པའམ་མི་ཟད་པའོ། །

 

ཚིག་གཉིས་དག་གམ་མང་བོ་རྣམས། །གཞན་གྱི་དོན་ན་འབྲུ་མང་བོ། །

གཞན་གྱི་དོན་ཞེས་བྱ་བ་སྟེ། །ཕྱོགས་ཀྱི་མིང་དག་ཕྱོགས་བྲལ་ལའང་། །

 

གཞན་དང་གཞན་ནི་སྦྱོར་བ་དང་། །ཀུན་སྡུད་པ་ལ་མིང་གཉིས་སམ། །

མང་བོའི་བསྡུ་བ་ཟླས་དབྱེའམ། །དང་གི་དོན་གྱི་བསྡུ་བའོ། །

 

སྤྱིར་བཏང་མདོ་དང་དམིགས་བསལ་མདོ། །རིགས་དང་རྫས་ལ་འཇུག་པའི་མདོ། །

རྐྱེན་དང་མཚན་ཉིད་ལ་སོགས་མདོ། །ཀུན་ཏུ་བློ་དང་ལྡན་པས་དཔྱད། །

 

འདི་ནི་ཤིན་ཏུ་བསྡུས་པ་སྟེ། །སོ་སོའི་དབྱེ་བ་འཇུག་ཚུལ་དང་། །

རྣམ་འགྱུར་རྒྱས་པ་མངོན་བརྗོད་དང་། །བྱིངས་དང་སྒྲ་ཡི་གཞུང་དུ་ལྟོས། །

 

ལེགས་སྦྱར་སྐད་ལ་བསྡུས་པ་ཡི། །རྣམ་དབྱེ་དབྱེ་དང་སོ་སོ་བ། །

བསྡུ་དང་གཞན་དུ་སྒྱུར་བ་ནི། །བོད་ལ་བོད་ཆེན་སྐབས་བཞིན་བྱ། །

 

དཔལ་ལྡན་བློ་གྲོས་བརྟན་པ་ཡི། །བློ་ཆེན་རྒྱ་མཚོར་བརྡ་སྤྲོད་གཞུང་། །

འདབ་བརྒྱ་རྒྱས་པའི་ཟེའུ་འབྲུ་ལྟར། །ཚུལ་འདི་གསལ་གྱུར་ཡི་གེར་བཀོད། །


འདིར་འབད་དགེ་བས་འགྲོ་བ་ཀུན། །ཆོས་རྣམས་ཀུན་གྱི་སྡོམ་གྱུར་བ། །

བདག་མེད་མངོན་སུམ་རྟོགས་གྱུར་ཏེ། །གཉིས་མེད་གསུང་བ་མྱུར་ཐོབ་ཤོག །

 

གདམས་ངག་ཤོག་གཅིག་མ། ཨ་ཐ།། །།


སློབ་དཔོན་ཟླ་བ་གཞོན་ནུས་དཔང་ལོའི་གསུང་ཕྱོགས་བསྡུས་ལས་ཁོལ་དུ་ཕྱུང་སྟེ་གཅིག་ཞུས།

Mar 25, 2026

བདེ་ཁང་བསོད་རྒྱལ་ལགས་ཀྱི་འགྱུར་གྱི་གནད་དོན་འགའ།


རཱ་ཧུ་ལ། ས་སྐྱ། ༡༩༣༧

དེ་རིང་ཁོང་གི་འགྱུར་ཞིག་ཀློག་པའི་ཚེ། དོན་དང་མ་འབྲེལ་བ་འགར་དོ་སྣང་བྱུང་སྟེ། མ་ཡིག་དང་བསྡུར་བ་ན། རྩོམ་ཕྱེད་ཙམ་ལ་འགྱུར་གྱི་གནད་མང་བོ་ཞིག་ལ་ཐུགས་མཉམ་མ་བཞག་པ་དང་། འགྱུར་ཉེས་གང་འཚམས་བྱུང་བ་མཐོང་།  འོག་ཏུ་དབྱིན་བོད་ཤན་སྦྱར་ཏེ་བཀོད་ཡོད་པས་གཟིགས་འཚལ།

 

A kṣaṇa, the Buddhist would say, the right and therefore auspicious moment. A year ago, I would not have chosen to talk about these matters in public. But now, the time seems to be ripe.

 

སངས་རྒྱས་ཆོས་ལུགས་པས་ཀ་ས་མ་ཞེས་དུས་ལ་འབབ་པའི་བཀྲ་ཤིས་ཞུ་ཞེས་ཟེར་སྲོལ་ཡོད། དེ་ཡང་ལོ་གཅིག་གི་སྔོན་དུ་ཁོ་བོ་ལྟ་བུས་འདི་ལྟ་བུའི་གྲོས་གཞི་ཞིག་མི་ཚོགས་ཀྱི་ཁྲོད་ཏུ་གླེང་མོལ་བྱེད་པའི་གོ་སྐབས་ཐོབ་བསམ་པ་སེམས་ལ་བསམས་མ་མྱོང་ཡང་། ད་ལྟ་ནི་དེ་མངོན་འགྱུར་བྱུང་བ་རེད།

 

 

Hui-li, in his biography of the famous Chinese pilgrim Hiuan-tsang, reports that the latter, when he left India in A.D. 644, brought 520 manuscripts with 657 different texts back to China from Nālandā.

 

ཧུའི་ལི་ཞེས་པའི་ཐང་ཟན་བླ་མའི་རྣམ་ཐར་ནང་དུ་ཁོང་སྤྱི་ལོ་༦༤༤ལོར་རྒྱ་གར་གྱི་ཡུལ་ནས་ཞལ་གྱེས་སྐབས་ན་ལེནྡྲ་དགོན་ནས་ལག་བྲིས་དཔེ་ཆ་གྲངས་༥༢༠དང་དེ་མིན་དཔེ་ཆ་མི་འདྲ་བ་གྲངས་༦༥༧ཙམ་བསྣམས་ནས་རྒྱ་ནག་ཏུ་ཕྱིར་ལོག་ཕེབས་ཚུལ་བཤད་ཡོད་དོ། །

 

….these texts had already been subjected to a terminological revision demanded by Khri-sroṅ lde-btsan in an edict of A.D. 795 that was renewed by his successor Khri-lde sroṅ-btsan alias Sad-na-legs in A.D. 814/815.

 

སྤྱི་ལོ་༧༩༥ལོའི་སྐབས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དགོངས་པར་འཆར་ཡོད་ཀྱང་ཡོངས་སུ་ལག་བསྟར་མ་ཐུབ་པའི་ཆོས་ལུགས་ཀྱི་ཐ་སྙད་མིང་ཚིག་ལ་སླར་ཡང་དག་ཐེར་ཞིག་མཛད་རྒྱུའི་ལས་གཞི་དེའི་མཇུག་ནི་ཁོང་གི་ཤུལ་འཛིན་པ་བཙན་པོ་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་ཀྱིས་སྤྱི་ལོ་༨༡༤-༨༡༥ལོའི་བར་སྐྱོངས་བར་མཛད་ཡོད་དོ། །

 

རབ་འབྱོར་ཟླ་བའི་ཕྱག་བྲིས། 

A good example is Vibhūticandra (later half of the 12th cent. to second half of the 13th cent. A.D.). Trained at the university of Vikramaśīla before its destruction and having fled to Jagaddala monastery in East-Bengal, he escaped from another Muslim invasion to Bihar and Bengal under Muhammad Khilji and in the 1190’s, together with his teacher Śākyaśrībhadra, went to Nepal, and in 1204 to Tibet.

 

དེ་ཡང་དེའི་སྐོར་གྱི་དཔེ་མཚོན་ཙམ་ཞིག་བརྗོད་ན། རྒྱ་གར་གྱི་མཁས་པ་རབ་འབྱོར་ཟླ་བས་(དུས་རབས་བཅུ་གཉིས་པའི་མཇུག་ཙམ་ནས་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་བར་དུ)ནི་དཔེ་མཚོན་བཟང་པོ་ཞིག་རེད། ཁོང་གིས་རྒྱ་གར་གྱི་ཆོས་སྡེ་ཆེན་པོ་བི་ཀྲ་མ་ཤཱི་ལ་དགོན་དུ་སློབ་གཉེར་མཛད་པ་དང་དགོན་སྡེ་དེ་བཞིན་གཏོར་ཕམ་དུ་འགྲོ་སྐབས་སུ་ཤར་བན་ཁོག་ཡུལ་དུ་ཆགས་པའི་དགོན་ཛ་ག་དྷ་ལར་བྲོས་བྱོལ་དུ་ཕེབས། དེ་རྗེས་སུ་མུ་སི་ལིམ་དག་གི་པེ་ཧར་དང་བན་གོན་གཉིས་བཙན་བཟུང་བྱ་སྐབས་ཏེ་སྤྱི་ལོ་༡༩༩༠གཡས་གཡོན་དུ་ཁོང་གི་རྩ་བའི་བླ་མ་ཤཱཀྱ་དཔལ་བཟང་པོ་དང་མཉམ་དུ་བལ་ཡུལ་དུ་བྲོས་བྱོལ་དུ་ཕེབས་ཤིང་སྤྱི་ལོ་༡༢༠༤ལོར་བོད་དུ་ཡུལ་བྱོལ་དུ་ཕེབས།

 

Studies, education, and translations seem to have filled his life. But in his youth he also functioned as a scribe.

 

སློབ་གཉེར་དང་། སློབ་གསོ། ཡིག་བསྒྱུར་བཅས་ནི་ཧ་ལམ་གོང་དུ་གླེང་པའི་རྒྱ་གར་གྱི་པཎ་ཆེན་དེའི་སྐུ་གང་པོའི་ཕྱག་ལས་སུ་གྱུར་ཡོད་ནའང་། ཕྱིས་སུ་ཁོང་གི་མཁས་དབང་ཞིག་གི་བརྟུལ་བཞུགས་[ཞུགས]འཛིན་པར་མཛད།

 

In addition to becoming a centre of yogic practices such as trance running and the generation of inner heat, it was also a centre of translating and working with Sanskrit manuscripts.

 

སྔར་ཞྭ་ལུ་རི་ཕུག་འདི་བཞིན་འཕོ་བ་གྲོང་འཇུག་དང་དྲོད་རླུང་ལ་སོགས་རྣལ་འབྱོར་བའི་སྤྱོད་པ་ལ་འཇུག་པའི་ཆོས་ལ་ཉམས་ལེན་བྱ་སའི་ལྟེ་བ་ཞིག་ཏུ་གྱུར་བ་མ་ཟད། ལེགས་སྦྱར་ཏ་ལའི་ལོ་མའི་དཔེ་ཆ་བོད་ཡིག་ཏུ་ཕབ་བསྒྱུར་བྱ་སའི་ལྟེ་གནས་ཤིག་ཏུའང་གྱུར་ཡོད།

 

 

The Pramāṇavārttikālaṅkāra manuscript was evidently not photographed by Rahula Sankrityayan at Sa-kya, but it is still preserved there. When I visited Sa-kya in 1999, I was shown, in all pathetic innocence, a manuscript said to have been written “in Sa-kya Paṇḍita’s own hand”. In fact, it was the very manuscript written by Vibhūticandra.

 

རྒྱ་གར་གྱི་མཁས་དབང་ར་ཧུ་ལ་ས་སྐྱར་ཡོད་པའི་སྐབས་སུ་ཚད་མ་རྣམ་འགྲེལ་གྱི་རྒྱན་ཞེས་པའི་རྒྱ་དཔེ་དེ་གནས་དེར་ཉར་ཚགས་བྱས་ཡོད་ནའང་ཁོང་གིས་དེ་ལ་པར་སློག་བྱེད་ཐུབ་མི་འདུག ཁོ་བོ་སྤྱི་ལོ་༡༩༩༩ལོར་ས་སྐྱ་དགོན་དུ་བསྐྱོད་སྐབས་རྒྱ་དཔེ་དེ་ཁོ་བོར་སྟོན་པ་གནང་བྱུང་ལ་བཞད་གད་ཀྱི་ཡུལ་ལྟ་བུ་ཞིག་ནི་ཁོང་རྣམ་པས་དཔེ་ཆ་དེ་ནི་ས་སྐྱ་པཎྜི་ཏ་རང་གི་ཕྱག་བྲིས་བསྟར་མ་རེད་ཅེས་བརྗོད་པ་དེ་རེད། དོན་དངོས་ཐོག་རྒྱ་དཔེ་ནི་གོང་གསལ་རྒྱ་གར་གྱི་མཁས་པ་རབ་འབྱོར་ཟླ་བས་བརྩམས་པའི་དཔེ་ཆ་དེ་རེད་འདུག

 

 

བོད་འགྱུར་གྱི་ཁུངས།  

“བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆའི་འདས་དོན་དང་མ་འོངས་པའི་ཞིབ་འཇུག་བྱ་སྟངས་སྐོར་རགས་ཙམ་གླེང་བ། བདེ་ཁང་བསོད་རྒྱལ།” བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༦། ཤ༧༩-༡༡༣། 


དཔྱད་གཞི།

དབྱིན་ཇིའི་མ་ཡིག  ཨིནྶཊ། སྛེན་ཁེ་ནར། ལོ་མའི་གཏམ་རྒྱུད། 

ལོ་མའི་གཏམ་རྒྱུད། ཟླ་བ་གཞོན་ནུའི་འགྱུར།
པར་ཁུངས། ཇེབིཨོཨརཨེས། ༡༩༣༧།

Mar 22, 2026

སིངྒ་ལའི་རྟེན་གྱི་གཙོ་བོ་གསུམ།


བྷུ་དྷུ་རུ་བ་གྷ་ལ།

དེ་(རཱ་མེ་ཤྭ་ར་[1])ནས་མེ་གྲུ་ལས་མཚོ་ལ་ཅུང་ཟད་སོང་[2]བས་སིངྒ་ལའི་གླིང་དུ་སླེབས།

 

འཇིགས་མེད་རི་བོ། གཡས་ཕྱོགས་ན་ཡོད་པའི་རྒྱལ་བྱེད་ཚལ་ཡང་མཇལ་ཐུབ།

དེར་རྩ་བའི་སྡེ་བ་གནས་བརྟན་པ་ལས་གྱེས་པའི་དགེ་འདུན་གྲངས་མེད་པ་བཞུགས་ཤིང་བསྟན་པ་རྒྱ་ཆེར་དར། འཇིགས་མེད་རི་དང་། རྒྱལ་བྱེད་ཚལ། གཙུག་ལག་ཁང་ཆེན་པོ་གསུམ་ཀའི་རྩ་བའི་གནས་གཞི་དག་ཀྱང་གླིང་འདིར་ཡོད།[3] སྟོན་པ་འདས་ནས་ལོ་སུམ་བརྒྱ་ཙམ་ན་དྷརྨ་ཨ་ཤྭ་[ཤོ]ཀའི་སྲས་གནས་བརྟན་དབང་ཆེན་སྡེ་དང་། དེའི་སྲིང་མོ་འཕགས་མ་དགེ་འདུན་རྩ་ལག་མ་གཉིས་ཀས་གནས་འདིར་བསྟན་པ་ཐོག་མར་སྤེལ་ཞིང་། དེ་ནས་བཟུང་བཙུན་པ་སངས་རྒྱས་དབྱངས་དང་། དགྲ་བཅོམ་མ་ལླི་ཡ་དེ་བ། གནས་བརྟན་སྐྱབས་མཛད་ལ་སོགས་པའི་ཉན་ཐོས་ཆེན་པོ་རྣམས་དང་། ཆོས་ཀྱི་རྒྱལ་བོ་སྐར་རྒྱལ་དང་། འཇིགས་མེད་དང་། དུ་ཏ་[ཊ]ག་མི་ན་དང་། པ་ར་ཀྲ་མ་བ་ཧུ་(ཟིལ་གནོན་དཔུང་བ)སོགས་བསྟན་པའི་སྦྱིན་བདག་ཆེན་པོ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་རྒྱལ་བའི་བསྟན་པ་ལོ་ཉིས་སྟོང་ལྷག་གི་ཡུན་ལ་གནས་ཤིང་། ནང་བའི་རྒྱལ་ཁམས་ཀུན་ལས་རྒན་ཤོས་ལྟ་བུ་ཡིན། ནང་གསེས་ཀྱི་མཁན་བརྒྱུད་མི་འདྲ་བའི་སྡེ་བ་གསུམ་བཞུགས།[4]


རྒྱལ་བྱེད་ཚལ། སྔོན་གྱི་པར་རྙིང་།


གནས་བརྟན་པའི་ལུང་ལ་སྡེ་སྣོད་གསུམ་ལས། འདུལ་བ་ལ་ཕམ་པ་ལ་སོགས་པའི་སྡེ་ཚན་བདུན། མདོ་སྡེ་ལ་ལུང་རིང་བོ་དང་། བར་མ་ལ་སོགས་པ་སྡེ་ཚན་ལྔ། མངོན་པ་ལ་ཁམས་ཀྱི་གཏམ་ལ་སོགས་པ་བདུན། དེ་དག་རེ་རེ་ལ་ཡང་མདོ་ཕྲན་དུ་མ་དང་། དེ་དག་གི་དགོངས་འགྲེལ་སངས་རྒྱས་དབྱངས་སོགས་ཀྱིས་མཛད་པ་བཅས་རྒྱ་ཆེར་ཡོད་དོ། །[5]

 

རྒྱལ་བྱེད་ཚལ།

རྟེན་གྱི་གཙོ་བོར་གྱུར་བ་ནི་ཀན་དྷི་[ཀན་ཌི]ན་ཀ་ལིངྒའི་རྒྱལ་བོའི་གདུང་སྐལ་སྟོན་པའི་ཚེམས་མཆེ་བ་དང་། ཨ་ནུ་ར་དྷ་པུར་ན་མྱ་ངན་[མེད་]ཀྱིས་སྐྱེས་སུ་གནང་བའི་བྱང་ཆུབ་ཤིང་། རི་བོ་ཤྲཱི་པཱ་དའི་རྩེར་སྟོན་པའི་ཞབས་རྗེས་བཅས་ཡོད།[6] ས་ག་ཟླ་བའི་ཉའི་ཉིན་མོ་འཇིག་རྟེན་ན་དཔེ་མེད་པའི་སངས་རྒྱས་པའི་དུས་སྟོན་ཆེན་པོ་བྱེད་དོ། །


སྟོན་པའི་ཚེམས་བཞུགས་སུ་གསོལ་བའི་ལྷ་ཁང་ནང་མ།
བྱང་ཆུབ་ཤིང་གི་ར་བའི་ནང་།

ཤྲཱི་པཱ་ད། རི་བོ་དཔལ་གྱི་ཞབས།

སིངྒ་ལ་ཡི་གནས་བརྟན་སྡེ་བ་དང་། །གངས་རིའི་ལྗོངས་ཀྱི་ཡོད་པར་སྨྲ་བ་གཉིས།།

སྟོན་པ་གཅིག་གིས་བསྐྱངས་པའི་སློབ་མ་སྟེ། །བཅོ་བརྒྱད་སྡེ་བ་ནུབ་པའི་ལྷག་མ་ཉིད། །ཅེས་ཀྱང་སྨྲས་སོ། །

 

དགེ་ཆོས་ཀྱི་གསུང་འབུམ་ལས་དྲངས།

 

#གསེར་ཐང་གི་སིངྒ་ལའི་ལོ་རྒྱུས་ལས་དྲངས་པའི་མཆན།


[1] རཱ་མེ་ཤྭ་རའི་ལྷ་ཁང་ནི་ལྷོ་ཕྱོགས་པའི་བཟོ་ལུགས་ཀྱི་ངོ་མཚར་བ་ཞིག་སྣང་། ལར་རྒྱ་གར་ལྷོ་ཕྱོགས་ཀྱི་མུ་སྟེགས་པའི་ལྷ་ཁང་དེ་ཀུན་མཐོང་ན་རང་རེའི་རྡོ་རྗེ་གདན་སོགས་ཀྱང་བཀོད་པའི་སྒོ་ནས་དེ་ཙམ་དུ་མི་མཚར། རྩེ་ན་གཤོག་པ་དང་བཅས་པའི་ཁང་བརྩེགས་གཏོར་མ་བྲང་ལེབ་ཀྱི་དབྱིབས་འདྲ་བ་ལ། ཕྱི་ཐམས་ཅད་པ་ཊ་དང་ལྷ་སྐུ་སྣ་ཚོགས་ཀྱིས་གཡོགས་པ། མེ་ཏོག་གི་ཕུང་བོ་བརྩིགས་པའི་བྲག་རི་འདྲ་བ་དག་སྣང་། གནས་ཆེན་ཉེར་བཞིའི་ཡ་གྱལ་ཡང་འདི་ཡིན་པར་ཕྱི་ནང་གི་ལོ་རྒྱུས་ཐམས་ཅད་མཐུན་པར་གསུངས།

[2] རཱ་མེ་ཤྭ་ར་ནས་རྒྱ་མཚོ་བརྒྱུད་དེ་མཚན་ཕྱེད་ཙམ་སོང་བས་སིངྒ་ལ་རང་དུ་སླེབས།

[3] མ་ཧཱ་བི་ཧཱ་ར་གཙུག་ལག་ཁང་ཆེན། ཛེ་ཏ་བ་ན་རྒྱལ་བྱེད་ཚལ། ཨབྷཡ་གི་རི་འཇིགས་མེད་རི་བོ་གསུམ་ནི་སྔོན་གླིང་འདིའི་གནས་གཞི་ཀུན་གྱི་རྩ་བ་ཡིན་ཞིང་། རིམ་པ་བཞིན་རྒྱལ་བོ་སྐར་རྒྱལ་དང་། སྡེ་ཆེན་དང་། འཇིགས་མེད་རྣམས་ཀྱིས་བཞེངས། དེ་གསུམ་གའི་ཤུལ་ན་མཆོད་རྟེན་རི་འདྲ་བ་རེ་དང་། སྔོན་གྱི་དགོན་རོ་མིག་རྒྱང་གིས་མི་ཆོད་པ་ཙམ་དང་། གནས་འཛིན་གྱི་དགོན་ཆུང་ངུ་རེ་བཅས་པ་སྣང་། འདི་གསུམ་ནི་སྡེ་བ་བཅོ་བརྒྱད་ཀྱི་གྲངས་སུ་བྱུང་བའི་གཙུག་ལག་ཁང་ཆེན་པ་དང་། འཇིགས་མེད་རིར་གནས། རྒྱལ་བྱེད་ཚལ་གནས་པ་གསུམ་གྱི་རྩ་བའི་གནས་གཞི་དག་ཡིན་པར་ཐེ་ཚོམ་མི་འདུག

[4] ཤྱཾ་ནི་ཀཱ་ཡ་སྔོ་བསངས་ཅན་གྱི་སྡེ་དང་། ཨ་མ་ར་པུ་རི་ནི་ཀཱ་ཡ་འཆི་མེད་གྲོང་གི་སྡེ། རཱ་མ་ནྱ་ནི་ཀཱ་ཡ་དགའ་བ་ཅན་གྱི་སྡེ་གསུམ།

[5] གནས་བརྟན་པའི་སྡེ་སྣོད་རྣམས་ནི་གླེགས་བམ་གྱི་རྩིས་གདབ་ན་བོད་ཀྱི་བཀའ་འགྱུར་འདིའི་སུམ་ཆ་ལྷག་ཙམ་བཞུགས། དེ་ལ་སྡེ་སྣོད་གསུམ་ལས། འདུལ་བ་ལ་ཕམ་པ། ལྟུང་བ། སྡེ་ཚན་ཆེན་པོ། སྡེ་ཚན་ཆུང་ངུ་། འཁོར་གྱི་ལམ་བྱ་བའི་ཚན་པ་ལྔ་དང་། མའི་སོ་ཐར་བཅས་ཡོད། མདོ་སྡེ་ལ། ལུང་རིང་བོ། ལུང་བར་མ། ཡང་དག་པར་ལྡན་པ། གཅིག་ལས་འཕྲོས་པ། ཕྲན་ཚེགས་ཏེ་ལྔ་ཡོད། ལུང་རིང་བོ་ལ་མདོ་ཕྲན་སོ་བཞི་དང་། ལུང་བར་མ་ལ་ནི་མདོ་ཕྲན་བརྒྱ་དང་ལྔ་བཞུགས་ཤིང་། མདོ་སྡེ་ཀུན་གྱི་གཙོ་བོར་བྱེད། གཅིག་ལས་འཕྲོས་པ་ལ་མདོ་ཆེན་ཉིས་སྟོང་སུམ་བརྒྱ་དང་བརྒྱད་བཞུགས། ལུང་ཕྲན་ཚེགས་སུ་སྡེ་ཚན་བཅོ་ལྔའི་ནང་ན་ཆེད་དུ་བརྗོད་པའི་ཚོམས་[ཆོས་ཀྱི་ཚིགས་སུ་བཅད་པ]འདྲ་བའི་གཞུང་ཞིག་དང་སྐྱེས་རབས་སོགས་བཞུགས། མངོན་པ་སྡེ་བདུན་ལས་དྷརྨསངྒྷནི་ཆོས་ཀྱི་ཚོགས། བིབྷངྒ་རྣམ་འབྱེད། ཀཐཱབཏ྄ཐུ་གཏམ་གྱི་གཞི། པུགྒལཔྟི་གང་ཟག་གདགས་པ། དྷཱཏུཀཐཱ་ཁམས་ཀྱི་གཏམ། ཡམཀཾ་ཆ་ལྡན་ནམ་ཟུང་ལྡན། པཊ྄ཋཱན་རབ་ཏུ་འཇུག་པ་རྣམས་ཡིན། 

[6] གླིང་འདིའི་གནས་རྟེན་གཙོ་བོ་གསུམ་ནི་རོ་བོ་ཤྲཱི་པཱ་ད། སྟོན་པའི་ཚེམས་མཆེ་བ་དང་། བྱང་ཆུབ་ཤིང་རྣམས་ཡིན། ཤྲཱི་པཱ་ད་དཔལ་ཞབས་ནི་གླིང་གི་དབུས་སུ་ཡོད་ཅིང་། ཤིན་ཏུ་མཐོ། གནམ་ལྕགས་ཀྱི་འཇིགས་པ་ཆེ་བས་སོས་དུས་ཀྱི་ཟླ་བ་གཉིས་ཙམ་ལས་མཇལ་མི་ཐུབ། རི་འདི་ལ་ས་མ་ན་ཀཱུ་ཏ་དང་སམནྟ་བྷ་དྲ་ཀུན་ཏུ་བཟང་སོགས་མིང་འགའ་ཙམ་ཡོད། རྩེ་ན་བྲག་གི་སྟེང་དུ་སངས་རྒྱས་ཀྱི་ཞབས་རྗེས་ཀྱང་ཁྲུ་གང་བ་ཞིག་ཡོད། དེ་རཱ་མ་ཎའི་ཞབས་རྗེས་ཡིན་ཞེས་མུ་སྟེགས་རྣམས་ཀྱང་མཆོད། ཨ་དཾ་གྱི་ཞབས་རྗེས་ཞེས་ཀླ་ཀློ་དག་ཀྱང་མཆོད། བདག་པོ་ནི་སངས་རྒྱས་པ་དག་ཡིན།