-->

Dec 2, 2023

སྙན་ངག་སྤྲིན་གྱི་ཕོ་ཉའི་འགྱུར་ལ་དཔྱད་པ།



སྙན་ངག་སྤྲིན་གྱི་ཕོ་ཉའི་འགྱུར་ལ་དཔྱད་པ།[1]



ཟླ་བ་གཞོན་ནུ།

བརྡ་ཆད་གཙོ་བོ།

སྙན་ངག  སྤྲིན་གྱི་ཕོ་ཉ། འགྱུར་དཔྱད། གནའ་རྩོམ།


བརྗོད་བྱ་སྙིང་བསྡུས།

དཔྱད་རྩོམ་འདིའི་ནང་གཙོ་བོར་སྤྲིན་གྱི་ཕོ་ཉ་བོད་གངས་ཅན་པའི་སྐད་དུ་སྒྱུར་མཁན་གྱི་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་དང་། སྒྲ་བ་ནམ་མཁའ་བཟང་བོ་གཉིས་ཀྱི་ལོ་རྒྱུས་སྔོན་འགྲོའི་ཚུལ་དུ་བརྗོད་དེ། ཁོང་གཉིས་དང་རྒྱ་གར་གྱི་པཎྜི་ཏ་སུ་མན་ཤྲཱི་བཅས་ཀྱིས་བསྒྱུར་བའི་བོད་འགྱུར་དེ་ཉིད་དང་བོད་འགྱུར་གྱི་གཞི་འཇོག་སའི་རྒྱ་དཔེ་གང་ཡིན་གསལ་བར་མ་ངེས་ཀྱང་། ད་སྔ་ལག་སོན་བྱུང་བའི་རྒྱ་དཔེ་དག་ལས་དཔྱད་གཞིར་འོས་པ་གསུམ་བདམས་ཏེ་དེ་དག་དང་དཔྱད་བསྡུར་བྱས་ཡོད།  དེ་ཡང་སྐབས་སུ་བབ་པ་ནི་ལོ་ཆེན་བྱུང་ཆུབ་རྩེ་མོ་དང་སྒྲ་བ་ནམ་མཁའ་བཟང་བོ་གཉིས་ཀྱི་བོད་འགྱུར་ལ་དཔྱད་པ་བྱེད་རྒྱུ་དེ་ཡིན་པས། ད་སྔ་བར་དུ་སྤྲིན་གྱི་ཕོ་ཉར་ཞིབ་འཇུག་དང་སློབ་སྦྱོང་བྱས་པའི་ཁྲོད། འགྱུར་གྱི་གནད་དོན་བྱུང་རིགས་ཆེ་ཁག་ཟིན་ཐོར་བཀོད་པ་དག་ལས་གནད་ཆེ་བ་འགའ་དཔེ་མཚོན་དུ་བཀོད་དེ་བཤད་པར་འདོད་དོ། ། དེ་ལ་སྤྱིའི་ས་བཅད་ལྟ་བུར། ཐོག་མར་སྤྲིན་གྱི་ཕོ་ཉའི་ལོ་ཙཱ་བའི་སྐོར་བཤད་པ་དང་། དེ་ནས་བརྗོད་པར་བྱ་བ་དངོས་སྤྲིན་གྱི་ཕོ་ཉའི་ལོ་ཙཱའི་ལེགས་ཉེས་སྐོར་བཤད་པ་གཉིས་སུ་ཕྱེ་སྟེ་བཤད་ཡོད། །


སྤྱིར་བཤད་པ།

དེ་ཡང་སློབ་དཔོན་ནག་མོ་ཁོལ་གྱིས་མཛད་པའི་སྙན་ངག་གི་བརྩམས་ཆོས་གྲགས་ཅན་སྤྲིན་གྱི་ཕོ་ཉ་ཞེས་བྱ་བ་འདི་ནི།  བོད་སྐད་དུ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་དབོན་པོར་གྱུར་བ་ལོ་ཙཱ་བ་ཆེན་པོ་བྱང་ཆུབ་རྩེ་མོ་དང་ནམ་མཁའ་བཟང་བོ་གཉིས་ཀྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ།  རྒྱ་གར་གྱི་པཎ་ཆེན་སུ་མ་ན་ཤྲཱི་དང་ལྷན་དུ་བྱང་གི་བདག་པོ་ནམ་མཁའ་བརྟན་པའི་བཀའ་ལུང་བཞིན་བོད་ཀྱི་སྐད་དུ་བསྒྱུརད་ཅིང་།  སྙན་ངག་སྤྲིན་གྱི་ཕོ་ཉ་འདི་ད་བར་གྱི་ལེགས་སྦྱར་ལས་སྐད་ཡིག་གཞན་དུ་བསྒྱུར་བ་ཐོག་མ་ལྟ་བུར་མངོན།   འགྱུར་གྱི་ཐད་ནས་བཤད་ན།  ཐད་སྒྱུར་ཤུགས་ཆེ་བས་བོད་སྐད་ལ་གཞན་གྱི་དྲིང་མི་འཇོག་པ་ཕལ་མོ་ཆེའི་དགོངས་པ་ལྟར་ན།  འགྱུར་ལེགས་པོ་རང་དུ་བརྩི་བ་མ་ཡིན་ལ། དེ་ལྟ་བུའི་དགོངས་ཚུལ་འབྱུང་དོན་ཡང་འོག་ཏུ་འབྱུང་བ་ལྟར་གཙོ་བོ་འགྱུར་དེ་བོད་སྐད་དུ་བྱུང་བ་ནས་དེང་གི་བར་འགྱུར་བཅོས་སོགས་ཀྱི་ཞབས་ཏོག་མེད་པས་ལན་པར་བདག་འདོད་དོ། ། དེ་ལྟ་ནའང་། སྐད་ཡིག་གཞན་གྱི་འགྱུར་དང་བསྡུར་ནས་བཤད་ན་སྤྲིན་གྱི་ཕོ་ཉའི་བོད་འགྱུར་ནི་འགྱུར་རྩེ་གྲས་ཡིན་པར་དཔྱོད་ལྡན་དག་འདོད་པ་ལྟར་བདག་ཀྱང་ངོ་། །


གཅིག  སྤྲིན་གྱི་ཕོ་ཉའི་ལོ་ཙཱ་བའི་སྐོར་བཤད་པ།

༡༽ ལོ་ཆེན་བྱང་ཆུབ་རྩེ་མོ། (༡༣༡༥-༡༣༧༩)


ལོ་ཆེན་བྱང་ཆུབ་རྩེ་མོ་ནི་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་ (༡༢༧༦-༡༣༤༢ཡི་དབོན་པོ་ཡིན་ལ། བོ་དོང་ཕྱོགས་ལས་རྣམ་རྒྱལ་མཆོག་ (༡༣༧༦-༡༤༥༡ཁོང་གི་ཚ་བོ་ཡིན་ཏེ ཇི་སྐད་དུ། རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས། “བྱང་ཆུབ་ཐུགས་ཀྱི་རྩ་བ་རབ་བརྟན་ཅིང་། །རྩེ་མོའི་ལྷག་བསམ་འབྲུའི་[འབྲས་བུའི་]ཁུར་གྱིས་ལྕི། །གཞན་ཕན་ལོ་འདབ་རྒྱས་པའི་གྲིབ་བསིལ་གྱིས། །ཉོན་མོངས་གདུང་སེལ་ཆོས་རྗེའི་ཞབས་ལ་འདུད། །”[2]ཅེས་ཀྱང་བསྟོད་པ་མཛད། ཁོང་གི་ཁུ་བོ་ཤོང་ལོ་ཙཱ་བས་བུ་སྟོན་མཁས་པར་ཆེན་པོར་གཟིགས་ནས། རང་གི་དབོན་པོ་ལོ་ཆེན་བྱང་ཆུབ་རྩེ་མོ་ཁོང་ལ་སྦྱར་ཏེ། ཁྱོད་རང་དང་མཉམ་པ་ཞིག་བཟོས་གསུངས།[3]” དེ་ནས་བྱང་རྩེས་བུ་ལས་སྒྲ་ཚད་དུས་འཁོར་སོགས་མཁས་པར་བསླབས། དེའི་སློབ་མ་ལོ་ཙཱ་བ་ནམ་མཁའ་བཟང་པོ། དེའི་སློབ་མ་སྒྲ་པ་ཐུགས་རྗེ་དཔལ་ཏེ། སྒྲ་སྙན་དངགས་ལ་སྐུ་དྲིན་ཆེའོ། །[4]ཞེས་པ་ལྟར་ཐ་སྙད་རིག་གནས་ལས་སྒྲ་སྙན་ངག་ལ་སྐུ་དྲིན་ཆེ་བར་ཀུན་མཁྱེན་པདྨ་དཀར་བོ་གསུང་ངོ་།།


དེ་ཡང་ཆོས་འབྱུང་སོགས་ལོ་རྒྱུས་ཡིག་ཆ་དང་ཚིག་མཛོད་སོགས་ཕལ་མོ་ཆེར་ལོ་ཆེན་གྱི་འཁྲུངས་ལོ་སྤྱི་ལོ་༡༣༠༣ལོར་བྱས་འདུག་ཅིང་། དུང་དཀར་ཚིག་མཛོད་ཀྱི་ལོ་ཆེན་བྱང་ཆུབ་རྩེ་མོའི་ངོ་སྤྲོད་སྐབས་སུའང། “དཔང་ལོ་ཙཱ་བའི་དབོན་པོ་འདི་ཉིད་ལ་སྟོད་ཟུར་ཚོ་ཞེས་པར་ཡབ་གཞོན་ནུ་དཔལ་བཟང་། ཡུམ་དཔང་ལོའི་ལྕམ་མོ་ཡེ་ཤེས་སྨན་ནེ་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ཆུ་ཡོས་(༡༣༠༣)ལོར་སྐུ་བལྟམས།[5]” ཞེས་གསལ་ནའང་། དྲུང་བཞི་ཐོག་པ་ཆེན་པ་ཀུན་དགའ་རིན་ཆེན་རྒྱལ་མཚན་དཔལ་བཟང་བོ་བའི་ཞལ་སྔ་ནས་དང་། དྲུང་སྤྱན་སྔ་རིན་པོ་ཆེ་གྲགས་པ་བྱང་ཆུབ་རྒྱལ་མཚན་དཔལ་བཟང་བོ་བའི་ཞལ་སྔ་ནས་བཀས་བསྐུལ་བའི་ཞལ་ངོར། ཤེལ་དཀར་ཆོས་སྡེའི་མཁན་ཐོག་གསུམ་པ་ལོ་ཆེན་གྲགས་པ་རྒྱལ་མཚན་(༡༣༥༢-༡༤༠༥)མཆོག་གིས་ལྕགས་མོ་བྱའི་ལོ་སྟེ་སྤྱི་ལོ་ ༡༣༨༡ ལོ་སྟེ་དགུང་ལོ་ ༣༠ ལ་ཕེབས་པའི་ལོར་མཛད་པའི་རྣམ་ཐར། ཆོས་རྗེ་རིན་པོ་ཆེ་བྱང་ཆུབ་རྩེ་མོའི་རྣམ་པར་ཐར་བ་སྣང་བ་སྤེལ་བ་ཞེས་བྱ་བར་བདག་ཉིད་ཆེན་པོ་འདིའི་སྐུ་སྐྱེ་བ་བཞེས་པའི་ཡུལ་ནི་སྐྱེས་བུ་དམ་པ་དུ་མ་བྱོན་ཞིང་བསྟེན་པའི་གནས་ལས་སྟོད་ཀྱི་ཆ་ཟུར་ཚོ་ཞེས་གྲགས་པའོ།། འདིའི་ཡབ་ཀྱི་མཚན་ནི་གཞོན་ནུ་དཔལ་བཟང་པོ་ཞེས་བྱ་བ་ཡིན་ལ། ཡུམ་ནི། ཆོས་ཀྱི་རྗེ་མཁས་པའི་དབང་པོ་དཔང་ལོ་ཚ་བ་ཆེན་པོ་དཔལ་ལྡན་བློ་གྲོས་བརྟན་པའི་ཡབ་ཡུམ་གཉིས་ཀ་གཅིག་པའི་ལྕམ་མོ། ཇོ་ལྕམ་ཡེ་ཤེས་སྨན་ནེ་ཞེས་པ་སྟེ། ཡབ་ཡུམ་གཉི་གའང་རང་བཞིན་བཟང་ཞིང་ཁྱད་པར་དུ་ཡུམ་ནི་ལྐོག་ཏུ་གྱུར་པའི་ཆོས་མང་པོ་ལུང་སྟོན་པར་ཡང་བྱེད་ལ། ཡུལ་དེ་པ་རྣམས་ཀྱིས་ཡེ་ཤེས་ཀྱི་མཁའ་འགྲོ་མར་ཡང་འཛིན་ཏོ།། འདི་ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ། ཡུམ་གྱི་རྨི་ལམ་དུ་ཉི་མ་ཤར་བ་དང་རི་མཐོན་པོ་ལ་འཛེགས་པ་དང་གཡུ་ཆེན་པོ་བཏགས་པ་དང་གཏོར་མ་བཏང་བ་ལ་སོགས་པ་རྨི་ཞིང་། དངོས་ཉིད་དུའང་ལུས་སེམས་བདེ་བར་གྱུར་པ་སོགས་ངོ་མཚར་ཞིང་རྨད་དུ་བྱུང་བའི་དགེ་མཚན་དུ་མ་དང་བཅས་ཏེ། ཤིང་མོ་ཡོས་ཀྱི་ལོ་བལྟམས་པར་གྱུར་ཏོ།།[6]” ཞེས་གསལ་བས། ལོ་ཆེན་གྱི་འཁྲུངས་ལོ་ཤིང་མོ་ཡོས་ཞེས་ཤིན་ཏུ་གསལ་བར་གསུངས་ཤིང་། ཤིང་མོ་ཡོས་ཀྱི་ལོ་དེ་སྤྱི་ལོ་ ༡༣༡༥ ཡིན་གྱི། ༡༣༠༣ མ་ཡིན་ཏེ། སྤྱི་ལོ་ ༡༣༠༣ ནི་ཆུ་ཡོས་ཡིན་ནོ།། ཡང་དུང་དཀར་ཚིག་མཛོད་ཀྱི་མཇུག་གི་ལོ་ཚིགས་དྭངས་ཤེལ་མེ་ལོང་ལས། “ཆུ་ཡོས། སྤྱི་ལོ་ ༡༣༠༣ གྲུབ་ཐོབ་རྡོ་རྗེ་དང་། འཁྲུལ་ཞིག་དྷརྨ་སེང་གེ་གཤེགས། ལོ་ཆེན་བྱང་ཆུབ་རྩེ་མོ་འཁྲུངས་ཞེས་མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་བསྟན་རྩིས་ལས་གསུངས།[7]” ཞེས་འཁོད་འདུག་པས། ཁོང་གིས་ལོ་ཆེན་གྱི་འཁྲུངས་ལོ་སྤྱི་ལོ་ ༡༣༠༣ ལོར་མཛད་པའི་ཁུངས་དེ་ཡིན་སྣང་། དེས་ན་དུང་དཀར་མཆོག་གིས་ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག་གི་བསྟན་རྩིས་ལ་གཏུགས་ཤིང་། དེབ་སྔོན་དང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་གསལ་བའི་ཉིན་བྱེད་དུའང་[8]ལོ་ཆེན་གྱི་འཁྲུངས་ལོ་ཆུ་ཡོས་ལ་བྱས་འདུག་པས། བསྟན་རྩིས་ཀུན་བཏུས་ཀྱི་ཁུངས་ཀྱང་དེ་ལ་གཏུགས་འདུག་གམ་སྙམ་མོ། དེབ་སྔོན་སོགས་སུ་འཁྲུངས་ལོ་ཆུ་ཡོས་ལ་བྱས་པའི་རྒྱུ་མཚན་མ་ངེས་ཀྱང་།དེང་ཡོངས་གྲངས་སུ་ལོ་ཆེན་བྱང་ཆུབ་རྩེ་མོའི་འཁྲུངས་གཤེགས་ལོ་ཚིགས་ཆུ་མོ་ཡོས་(༡༣༠༣)དང་ལྕགས་ཕོ་སྤྲེའུའི་ལོ་(༡༣༨༠)བྱེད་ཅིང་། དགུང་གྲངས་༧༨པ་ལ་གཤེགས་པར་བཤད་པ་འདི་དེབ་སྔོན་གྱི་ལུགས་གཞིར་བཞག་པར་སྣང་ངོ་། །གྲགས་པ་རྒྱལ་མཚན་མཆོག་གིས་མཛད་པའི་རྣམ་ཐར་སྣང་བ་སྤེལ་བ་ལྟར་ན། ལོ་ཆེན་གྱི་འཁྲུངས་ལོ་དེ་སྤྱི་ལོ་ ༡༣༡༥ ལ་འཁེལ་བར་ངེས་པ་གོང་དུ་བཀོད་པ་ཟིན་ནོ།། མཁས་དབང་དུང་དཀར་མཆོག་གིས་ཀྱང་། ལོ་ཚིགས་དྭངས་ཤེལ་མེ་ལོང་དུ། “ཤིང་ཡོས། སྤྱི་ལོ་ ༡༣༡༥ ལོ་ཆེན་བྱང་ཆུབ་རྩེ་མོ་འཁྲུངས་སམ་བརྟག[9]ཅེས་བསྟན་འདུག་པས། རྣམ་ཐར་སྣང་བ་སྤེལ་བ་མཇལ་ནས་བཀོད་པར་ངེས། དེ་བས་རྣམ་ཐར་སྣང་བ་སྤེལ་བ་ལྟར་ན། ལོ་ཆེན་གྱི་འཁྲུངས་ལོ་ཤིང་མོ་ཡོས་ཏེ་སྤྱི་ལོ་ ༡༣༡༥ ཡིན་དགོས་པར་སྣང་ངོ


དེ་ཡང་ལོ་ཆེན་དུས་ནམ་ཞིག་ལ་གཤེགས་མིན་སྐོར། རྣམ་ཐར་སྣང་བ་སྤེལ་བར་རྟག་འཛིན་ཅན་རྣམས་ངེས་འབྱུང་སྐྱེད་པ་དང་ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ་བསྐུལ་བའི་ཕྱིར་དོན་གྲུབ་ཀྱི་ལོ་སྟ་[རྟ་]པའི་ཟླ་བའི་ཉི་ཤུའི་ཐོ་རངས་ཉི་ཤུ་གཅིག་གི་དང་པོ་སྐྱ་རེངས་འཆར་ཀ་ཕྱིའི་མངོན་པར་བྱང་ཆུབ་པ་ལ་ཉེ་བ་ན་སྟོང་པ་ཉིད་དང་མི་འགྱུར་བའི་བདེ་བ་ཆེན་པོ་རོ་གཅིག་ཏུ་འདྲེས་པའི་ཏིང་ངེ་འཛིན་ཟབ་མོ་མངོན་དུ་མཛད་ནས་སྤྲོས་པ་མེད་ཅིང་མཐའ་དབུས་དང་བྲལ་བའི་འོད་གསལ་ཆེན་པོའི་ངང་ལ་དཔའ་བོ་དང་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པའི་བསུ་བ་དང་བཅས་ཏེ་ནུབ་ཕྱོགས་དབུ་[ཨུ་]རྒྱན་གྱི་ཞིང་དུ་གཤེགས་སོ་ཞེས་ཐོས་[10]ཞེས་པ་ལྟར་ན། དོན་གྲུབ་ཀྱི་ལོ་སྤྱི་ལོ་ ༡༣༧༩ ལོར་དགོངས་པ་རྫོགས་པ་གསལ་ནའང་། ལོ་ཆེན་དགུང་ལོ་དུ་བཞུགས་མི་གསལ་ལ། དུང་དཀར་ཚིག་མཛོད་དུ། གཤེགས་ལོའི་སྐོར་ཡོངས་གྲགས་ལྟར་ ༡༣༨༠ ལས་གཞན་དུ་གསུངས་པ་མི་འདུག་གོ ། དེ་ཡང་ཤེལ་དཀར་ཆོས་འབྱུང་དུ་དམ་པ་འདི་ཉིད་དགུང་ལོ་དོན་བདུན་པ་[11]དང་མང་ཐོས་ཀྱི་བསྟན་རྩིས་དང་དེབ་སྔོན་དུ་དོན་བརྒྱད་པ་ལ་སྐུ་གཤེགས་པར་བཤད་པ་དེ་ནི་དགུང་གྲངས་ཧྲིལ་བོ་ཡིན་མིན་དང་རང་ལོ་བརྩིས་མ་བརྩིས་ཀྱི་ཁྱད་པར་ཙམ་དུ་འདོད་དོ། །

 

རྒྱས་པར་བོད་རིག་པའི་དྲ་ཚིགས་སུ་གཟིགས། 



[1] དཔྱད་རྩོམ་འདི༢༠༡༩ལོའི་སྤྱི་ཟླ་༧པར་ཕེ་རི་སིར་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་༡༥པའི་ཐོག་སྒྲོགས་སྦྱང་བྱས།

[2] རེད་མདའ་བ་གཞོན་ནུ་བློ་གྲོས། “ཆོས་ཀྱི་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་ལ་བསྟོད་པ།གསུང་འབུམ། པོད། ༩། ཀཱ་ཋ་མཾཌཱུ། ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། ༡༩༩༩། ཤ ༢༢། 

[3] ཀུན་མཁྱེན་པདྨ་དཀར་པོ། ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཧྥ་རན་སི། འབྲུག་པའི་ཆོས་ཚོགས། ༢༠༠༦ ཤ༣༡༩

[4] ཀུན་མཁྱེན་པདྨ་དཀར་པོ། ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཧྥ་རན་སི། འབྲུག་པའི་ཆོས་ཚོགས། ༢༠༠༦ ཤ༣༡༩

[5] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། པེ་ཅིང་། ༢༠༠༢ ཤ༡༩༧༡

[6] གྲགས་པ་རྒྱལ་མཚན། ཆོས་རྗེ་རིན་པོ་ཆེ་བྱང་ཆུབ་རྩེ་མོའི་རྣམ་པར་ཐར་པ་སྣང་བ་སྤེལ་བ། (དབུ་མེད་ལག་བྲིས-

[7] དུང་དཀར་བློ་བཟང་འཕྲིན་ལས།  དུང་དཀར་ཚིག་མཛོད་ཆེན་མོ། པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤ༢༢༩༤

[8] མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། “’སུམ་སྟོང་བཞི་བརྒྱ་དང་སོ་ལྔ་འདས་པའི་སོ་དྲུག་པ་ཆུ་མོ་ཡོས་(སྤྱི་ལོ་༡༣༠༣)ལ་ལོ་ཆེན་བྱང་རྩེ་ལ་སྟོད་ལྷོ་ཟུར་ཚོར་དཔང་གི་ལྕམ་མོ་ཞིག་གི་སྲས་སུ་བལྟམས། (ཤ༡༨༤)’ ཞེས་དང་། ’དོན་བརྒྱད་པ་ཉ་ཟླའི་ཚེས་ཉེར་གཅིག་ལ་གཤེགས་སོ།། (ཤ༡༨༥)’” བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། (གངས་ཅན་རིག་མཛོད། ༤) ༡༩༨༨། ཤ༡༨༤-༡༨༥།

[9] དུང་དཀར་བློ་བཟང་འཕྲིན་ལས།  དུང་དཀར་ཚིག་མཛོད་ཆེན་མོ། པེ་ཅིང། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤ༢༢༩༥

[10] གྲགས་པ་རྒྱལ་མཚན། ཆོས་རྗེ་རིན་པོ་ཆེ་བྱང་ཆུབ་རྩེ་མོའི་རྣམ་པར་ཐར་པ་སྣང་བ་སྤེལ་བ། (དབུ་མེད་ལག་བྲིས༦༤-

[11] ངག་དབང་སྐལ་ལྡན་རྒྱ་མཚོ། ཤེལ་དཀར་ཆོས་འབྱུང་ལེགས་བཤད་ནོར་བུའི་མེ་ལོང་སྐལ་བཟང་མགྲིན་རྒྱན། (ཤེལ་དཀར་ཆོས་འབྱུང་།)  ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༢། ཤ༩༠།

Sep 30, 2023

འབུམ་རམས་པ་རྡོ་རྗེ་སྐྱབས་ལགས་སུ་བཅར་འདྲི། (བོད་ཀྱི་དུས་བའི་བཅར་འདྲི)



འབུམ་རམས་པ་རྡོ་རྗེ་སྐྱབས་ལགས་སུ་བཅར་འདྲི།  (བོད་ཀྱི་དུས་བའི་བཅར་འདྲི)





གུས་པའི་སློབ་སྦྱོང་གི་བརྒྱུད་རིམ། ཆེད་རྩོམ། དགའ་ཕྱོགས། ལས་འཆར་སོགས་དང་འབྲེལ་བའི་གླེང་མོལ།

བོད་ཀྱི་དུས་བའི་བཅར་འདྲི། #TibetTimes #interview #PhD


དུས་བའི་རྩོམ་སྒྲིག་པ་པདྨ་མཚོ་དང་ལྷན་དུ།



དུས་བའི་གསར་འགོད་པ་དཔལྡན་རྒྱལ་དང་ལྷན་དུ།



 




Jul 31, 2023

ལེགས་སྦྱར་ཟློས་གར།



ལེགས་སྦྱར་ཟློས་གར་གྱི་རིགས་དབྱེ།

སྤྱིར་ལེགས་སྦྱར་སྐད་དུ་མཛད་པའི་ཟློས་གར་ལ་རཱུ་པ་ཀཾ་(रूपकं)གཟུགས་ཅན་ཞེས་པའི་བརྡ་ཆད་སྦྱོར་བ་ཡིན་ལ། ཟློས་གར་དེ་དག་ལ་ཡོངས་གྲགས་སྙན་གཞུང་ཁག་ཏུ་བལྟ་བྱའི་སྙན་ངག་ཅེས་གྲགས་པ་ལྟར་རོ། ། དེ་ཡང་བྷ་ར་ཏ་མུ་ནིས་ཟློས་གར་ལ་རིགས་བཅུ་བགར་ཡོད་ཅིང་། ནཱ་ཊི་ཀཱ་གར་ཆུང་ཞེས་པའི་ནང་གསེས་དབྱེ་བ་ཞིག་ཀྱང་ཕྱེ་ཡོད། གར་ཆུང་དེ་ལའང་ཕྱིས་ཀྱི་སྙན་གཞུང་མཛད་མཁན་ཁག་གིས་ནང་གསེས་དབྱེ་བ་བཅུ་ཙམ་དུ་ཕྱེ་ཡོད་པ་ཡིན།

ཟློས་གར་གྱི་རིགས་དབྱེ་བཅུ་ནི། འདི་སྐད་དུ།

नाटकं सप्रकरणं भाणः प्रहसनं डिमः। व्यायोगसमवकारौ बीत्यङ्केहामृगा दश।।

ནཱཊཀཾ སཔྲཀརཎཾ བྷཱཎཿ   ཌིམཿ།   བྱཱཡོགསམབཀཱརཽ བཱིཏྱངྐེཧཱམྲྀགཱ དཤ།།

ཞེས་པ་ལྟར། ནཱ་ཊ་ཀ་དང་། ས་པྲ་ཀ་ར་ཎ་དང་། བྷཱ་ཎ་དང་། པྲ་ཧ་ས་ན་དང་། ཌི་མ་དང་། བྱཱ་ཡོ་ག་དང་། ས་མ་བ་ཀཱ་ར་དང་། བཱི་ཐཱི་དང་། ཨངྐ་དང་། ཨཱི་ཧཱ་མྲྀག་དང་བཅས་བཅུ་ཡོད་དོ། །  ཟློས་གར་གྱི་རིགས་བཅུ་བོ་འདི་དག་ནི་ལེའུའམ་ཡན་ལག་གི་གྲངས་ཚད་དང་། དོན་གྱི་བྱུང་རིམ། འདྲེན་པ་དང་། འདྲེན་མ། དེ་བཞིན་ཉམས་གཙོ་བོ་གང་ཡིན་མིན་སོགས་ཀྱིས་ཁྱད་པར་འབྱེད་པ་ཡིན་ལ། དེ་ཡང་བཱི་ཐཱི་དང་། བྷཱ་ཎ་དང་། ཨངྐའམ་ཡང་ཨུཏྶྲྀསྚིཀཱངྐ་རྣམས་ནི་ཡན་ལག་གཅིག་ཅན་ཡིན་པ་དང་། ནཱ་ཊ་ཀ་ཟློས་གར་དང་པྲ་ཀ་ར་ཎ་རབ་བྱེད་གཉིས་ནི་ཟློས་གར་ཁྲོད་ཧ་ཅང་རྒྱས་ལ། ཡན་ལག་ལྔ་ཅན་ནས་བཅུ་ཅན་བར་ཡོད་པ་ཡིན།  ཌི་མ་དང་། བྱཱ་ཡོ་ག་དང་། ས་མ་བ་ཀཱ་ར་དང་། ཨཱི་ཧ་མྲྀ་ག་དང་པྲ་ཧ་ས་ཎ་དག་ལ་ཡན་ལག་གཅིག་ནས་བཞིའི་བར་ཡོད།  དེ་ཡང་ནཱ་ཊི་ཀཱ་གར་ཆུང་རིགས་ལས་ནཱ་ཊི་ཀཱ་དང་ས་ཊྚ་ཀ་ལ་ཡན་ལག་བཞི་ཅན་ཡིན་པ་ཅུང་རྒྱུགས་ཆེ་བར་འབྱུང་བ་ཡིན་ལ། འདིའི་རིགས་དབྱེ་དང་སོ་སོའི་ཁྱད་པར་སོགས་ཞིབ་པར་བི་ཤྭ་ནཱཐས་མཛད་པའི་སཱཧིཏྱདརྤཎ་རྩོམ་རིག་མེ་ལོང་དང་། དྷ་ནཾ་ཛ་ཡས་མཛད་པའི་དཤརཱུཔཀ་གཟུགས་ཅན་བཅུ། དེ་བཞིན་ཤཱ་ར་དཱ་ཏ་ན་ཡས་མཛད་པའི་འགྱུ་བ་རབ་གསལ་ལ་སོགས་པ་ལས་མཁྱེན་པར་བྱའོ། །

ལེགས་སྦྱར་ཟློས་གར་གྱི་ཁྱད་ཆོས་འགའ།

སྤྱིར་ལེགས་སྦྱར་སྐད་དུ་མཛད་པའི་ཟློས་གར་དག་ནི་དགའ་བ་དང་སྐྱོ་བ་འདྲེས་པའི་རྩོམ་གྱི་སྦྱོར་བ་ཤ་སྟག་ཡིན་ལ། འཇིགས་པ་དང་། མྱ་ངན། སྙིང་རྗེ་ལ་སོགས་པའི་ཉམས་ནི་ཟློས་གར་གྱི་མགོ་མཇུག་བར་གསུམ་གང་སར་འབྱུང་ནའང་། དེ་དག་ནི་ཟློས་གར་གྱི་མཐའ་ཕལ་མོ་ཆེ་སྤྲོ་བས་བསྡུ་བ་དེས་མགོ་སྙོམས་བྱེད་པ་རྟག་ཏུ་འོང་། དེ་ཡང་འཆི་བ་དང་། འཐབ་མོ་དང་། སྐྲོད་པ་དང་། གསོད་པ་ལ་སོགས་པ་གར་སྟེགས་སུ་འཁྲབ་མི་སྲིད་པ་(བྷཱ་སའི་ཨུ་རུ་བྷངྒ་བརླ་རྐང་བཅག་པ་ལྟ་བུ་དམིགས་བསལ་ཡིན)ལྟ་བུ་ཡིན། ཚིགས་ལྷུག་གི་རང་བཞིན་དུ་ཡོད་པའི་སྣོད་ཕན་ཚུན་བར་གྱི་ཁ་བརྡ་དག་གི་བར་བར་དུ་ཚིགས་སུ་བཅད་པ་གདངས་སུ་གྱེར་དགོས་པ་དེ་འདྲ་རྟག་ཏུ་འོང་བ་ཞིག་ཡོད་ཅིང་། སྐབས་སྐབས་ཚིགས་བཅད་མང་བོ་འོང་། ཟློས་གར་ཁྲོད་ཀྱི་སྣོད་དམ་མི་སྣ་ཁ་ཅིག་གིས་ལེགས་པར་སྦྱར་བའི་སྐད་དུ་གཏམ་སྨྲ་ཞིང་། ཁ་ཅིག་གིས་ཡུལ་མི་རང་བཞིན་པའི་སྐད་ཀྱིས་གཏམ་གླེང་བ་ཡིན། དེ་ཡང་སྤྱིར་ཟློས་གར་འཁྲབ་པའི་སྐབས་སུ་སྡིངས་ཆར་ཟས་ཟ་བ་དང་། གཉིད་པ་ལ་སོགས་པའི་གར་ཕལ་ཆེར་འབྱུང་མི་འོས་པར་བརྩི་བ་ཡིན་ནོ། །

ལེགས་སྦྱར་ཟློས་གར་དག་ཏུ་རང་བྱུང་གི་རྣམ་པ་ཧ་ཅང་འབེལ་བོར་འབྱུང་བ་སྟེ། ལྗོན་ཤིང་དང་། འཁྲི་ཤིང་། མེ་ཏོག་གི་ཚོམས། རྩི་ཤིང་། ཤ་བ་དང་། ངང་བ། ནེ་ཙོ། དེ་བཞིན་རི་བོ་དང་ཆུ་བོ། ཆུ་མིག་དང་དེའུ་འབུར་ལ་སོགས་པར་སྣོད་སོ་སོ་ནར་མར་སྤྱོད་པའམ་རྒྱུ་བར་བྱེད་པའི་རྣམ་པ་ལྷན་ནེར་མཚོན་པར་བྱེད་པ་ནི་དེའི་ཆ་ཤས་མེད་དུ་མི་རུང་བ་ཞིག་ཡིན། ལེགས་སྦྱར་ཟློས་ཁག་ཕལ་མོ་ཆེས་གཏམ་རྒྱུད་ཀྱི་ས་བོན་ནི་རྒྱ་གར་གྱི་གཏམ་རྒྱུད་ཆེན་པོ་མ་ཧཱ་བྷཱ་ར་ཏ་དང་རཱ་མ་ཡ་ཎ། དེ་བཞིན་སྔོན་གྱི་རབས་དང་གཏམ་རྒྱུད་སྣ་ཚོགས་ལས་འདྲེན་པར་བྱེད་ཅིང་། ཟློས་གར་མཁན་ཕལ་མོ་ཆེས་གཏམ་རྒྱུད་གསར་རྩོམ་བྱེད་པ་མེད་ཅིང་། གཏམ་རྒྱུད་ཀྱི་ས་བོན་ནི་ཡོངས་སུ་གྲགས་པའི་སྔོན་གྱི་གཏམ་གང་རུང་ལས་དྲངས་ཏེ། བྱུང་རིམ་ལ་སོགས་པར་རང་ཉིད་ཀྱིས་བརྩམ་པར་འགྱུར་བའི་ཟློས་གར་གྱི་གཏམ་རྒྱུད་དང་། འདྲེན་པ། དེ་བཞིན་ཉམས་གཙོ་བོ་གང་ཡིན་པ་དེ་དག་དང་བསྟུན་ཏེ་སྒྱུར་བཅོས་དང་གསར་སྣོན་ཅུང་ཟད་རེ་བྱས་ཏེ་ཟློས་གར་མཁན་རང་ཉིད་ཀྱི་རྩོམ་སྦྱོར་གྱི་སྤོབས་པ་ལྷུན་མཐོ་བ་དེ་སྟོན་པར་བྱེད་ཅིང་། དེ་བཞིན་ཟློས་གར་གྱི་སྣོད་སོ་སོའི་རྣམ་འགྱུར་དང་གླེང་མོལ་དང་། གླེང་མོལ་དང་ལུས་ངག་གི་རྣམ་འགྱུར་དེ་དག་བརྒྱུད་ནས་སྣོད་སོ་སོའི་སེམས་ཀྱི་འཁྱེར་སོ་སོགས་གསལ་བར་བྱས་ཏེ། བརྩམ་བྱའི་ཟློས་གར་གང་གི་བརྗོད་དོན་གཙོ་བོར་རམ་འདེགས་བྱེད་མཁས་མི་མཁས་ཀྱིས་ཟློས་གར་མཁན་ལ་ཡི་གེའི་ལས་སུ་ཆེ་བའི་མཚོན་བྱེད་ཀྱི་རྩལ་བླ་ན་མཐོ་བ་དེ་ཡོད་མེད་མཚོན་པར་བྱེད་པ་ཡིན་ནོ། །

ཆོས་དང་ཆོས་མ་ཡིན་པ་གཉིས་ལས་མཐའ་མར་ཆོས་ཉིད་རྒྱལ་བར་འགྱུར་བའི་ཧིན་རྡུའི་ལྟ་གྲུབ་ཀྱི་དབང་གིས་སམ་གང་ལྟར་ལེགས་སྦྱར་ཟློས་གར་ཁག་ཏུ་སྐྱོ་གར་རིགས་འབྱུང་བ་ཧ་ལམ་མེད་པ་ལྟ་བུ་ཡིན།  དེ་ཡང་ཟློས་གར་མཁན་དག་གིས་གཏམ་རྒྱུད་ཀྱི་ས་བོན་ལེན་སའི་གཞིར་གྱུར་བའི་རྒྱ་གར་དཔའ་བོའི་སྙན་རྩོམ་རིང་མོ་མ་ཧཱ་བྷཱ་ར་ཏ་དང་རཱ་མ་ཡ་ཎ་གཉིས་ཀྱང་། མཇུག་སྐྱོ་སྡུག་གིས་བསྡུས་ཡོད་ནའང་། གཏམ་རྒྱུད་དེ་དག་ས་བོན་དུ་བྱས་ཏེ་ཟློས་གར་གྱི་ངོ་བོར་རྩོམ་པའི་ཚེ་ཟློས་གར་མཁན་ཐམས་ཅད་ཀྱིས་ཟློས་གར་གྱི་མཇུག་དགའ་སྤྲོས་བསྡུ་བར་བྱས་ཡོད་པ་ཡིན།

ལེགས་སྦྱར་ཟློས་གར་ཕལ་མོ་ཆེའི་མགོ་ནི་ནཱནྡཱི་དགའ་ལྡན་ཞེས་པའི་ཚིགས་བཅད་མཆོད་བསྟོད་ཀྱི་བདག་ཉིད་ཅན་གྱིས་འཛུགས་པར་བྱེད་ཅིང་། དེར་མཐུད་དེ་མདོ་འཛིན་པས་གྱེར་བར་འགྱུར་བའི་པྲསྟཱབནཱ་རབ་བསྟོད་དུ་གྲགས་པ་དེ་འབྱུང་བ་ཞིག་ཡོད། སྤྱིར་བཏང་དུ་ཟློས་གར་མཁན་དང་ཟློས་གར་གྱི་མིང་འདིའི་ནང་དུ་གསལ་བར་རྗོད་པར་བྱེད་པ་ཡིན། དེ་ཡང་ཟློས་གར་དུ་ཡུལ་དང་དུས་ཀྱི་སྐོར་ལ་དམིགས་བསལ་གྱིས་རྩལ་འདོན་བྱེད་པ་མེད་ནའང་། ཡུལ་དང་དུས་དེ་ཉིད་ཟློས་གར་གྱི་ཡན་ལག་བསྟུད་དེ་འཕེལ་བའི་རིགས་ལ་བིཥྐམྦྷཀ་(विष्कम्भक)ཞེས་པ་དང་། པྲབེཤཀ་(प्रवेशक)ཞེས་པའི་བརྡས་ལེགས་པར་མཚོན་པར་བྱེད་པ་ཡིན་ལ། ཟློས་གར་གྱི་བྱུང་བ་དང་ཉམས་ལ་མི་ཕན་པའི་གར་རམ་འཁྲབ་ཚན་གྱི་རིགས་ལ་དགག་བྱ་ཧ་ཅང་ཆེ་བ་ཡིན་ནོ། །

དེ་ཡང་ལེགས་སྦྱར་ཟློས་གར་ཁག་ཏུ་ཟློས་གར་གྱི་མེད་ན་མི་རུང་བའི་ཡན་ལག་གཙོ་བོ་གསུམ་སྟེ། བསྟུ་(वस्तु)ཞིའམ་གཏམ་དང་། ནེཏཱ་(नेता)འདྲེན་པ། རས་(रस)ཉམས་གསུམ་ལས། ཉམས་ལ་ཧ་ཅང་རྩལ་འདོན་བྱེད་པ་ཡིན་ལ། དྲང་སྲོང་བྷ་ར་ཏས་མཛད་པར་གྲགས་པའི་ནཱཊྱཤཱསྟྲཱ་ཞེས་པའི་གར་གྱི་བསྟན་བཅོས་སུ་བསྟན་པའི་ཟློས་གར་གྱི་ལམ་སྲོལ་ཐམས་ཅད་གར་གྱི་སྲོག་ལྟ་བུར་བསྟན་པའི་ཉམས་ཀྱི་འཕེལ་འགྱུར་ལ་སྨན་པའི་སླད་དུ་སྤེལ་བ་ཡིན་ནོ།།

Jun 25, 2023

ངའི་སེམས་ཁོང་གི་རྒན་པད་མ་ཚེ་བརྟན།





གཡང་ཕྱུག་མཚོ།

 

རྒན་པདྨ་ཚེ་བརྟན་ཁོང་གློ་བུར་ང་ཚོ་དང་གཏན་དུ་གྱེས་ནས་དགུང་ཞག་ཞེ་དགུ་ཚང་ལ་ཉེ་བའི་སྐབས་འདིར། ཁོ་མོ་ནི་རྒན་ཁོང་གིས་དྲིན་གྱིས་བསྐྱངས་པའི་འཁྲབ་སྟོན་པ་ཞིག་ཡིན་པའི་ངོས་ནས། རང་ཉིད་ལོ་ན་ཆུང་དུས་ནས་རིམ་པར་རྒན་ཁོང་དང་འབྲེལ་འདྲིས་ཇེ་ཟབ་ཏུ་སོང་བའི་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་ཞོར། དྲན་པའི་སྣང་ངོར་བག་ཆགས་ཅུང་ཟབ་པའི་འདས་དོན་འགའ་རེ་བརྒྱུད་ནས་ཁོང་ལ་རྗེས་དྲན་ཞུ་སྙིང་འདོད། འདི་ཡང་ཁོང་གི་བཀའ་དྲིན་མཚོན་ཕྱིར་ཡིན་པ་ལས་རང་ཉིད་ཀྱི་རྙེད་གྲགས་སོགས་གང་གི་ཆེད་དུའང་མ་ཡིན། 


གཅིག

  
རང་ལོ་བཅུ་བཞི་ཙམ་ལ་སོན་པའི་ལོ་དེའི་དབྱར་གཞུང་ཞིག་ལ། ང་རང་མཚོ་ལྷོ་ཁུལ་ཐོག་ཏུ་སྒྱུ་རྩལ་སློབ་གྲྭ་འགྲིམ་པའི་སྒང་ཡིན། ད་ལྟའང་དྲན་པའི་སྣང་ངོར་གསལ་ལེར་འཆར་ཡོང་བ་ནི། ཉིན་དེར་སྔ་དྲོ་ཆར་བ་བབས་ཤིང་། ཉིན་གུང་ཡོལ་ཙམ་ལ་ཆར་བ་འབབ་མཚམས་བཞག་ནས་གནམ་ངོ་ཡོངས་སུ་རུབ་འདུག ང་རང་སློབ་གྲྭའི་སྒོ་ཆེན་ཕྱི་རོལ་གྱི་ཚོང་ཁང་དུ་ཅ་ལག་ཙག་ཙིག་ཉོ་བར་སོང་ནས་ཕྱིར་མལ་ཁང་དུ་ལོག་སྐབས། སློབ་གྲྭའི་སྒོ་འགྲམ་དུ་མི་ཆ་མེད་གཉིས་ལངས་འདུག་པ་མཐོང་བྱུང་། དེ་ལས་གཅིག་གིས་ལུས་སུ་དམག་མིའི་ལྭ་རིང་ལྗང་ཁུ་ཞིག་གྱོན་ཞིང་། གཞན་པ་དེས་བརྙན་འཕྲིན་སོགས་ལས་མཐོང་བའི་བརྙན་ཕབ་འཕྲུལ་ཆས་འདྲ་བ་ཞིག་བཟུང་འདུག ཕྱི་དྲོ་སླེབས་ཙ་ན་ང་ཚོའི་དགེ་རྒན་གྱིས་གློག་བརྙན་འཁྲབ་མཁན་གྱི་བྱིས་པ་ཕོ་མོ་གཉིས་དགོས་འདུག་པས་རེ་རེ་བཞིན་ཚོད་ལྟའི་རྒྱུགས་སུ་ཞུགས་ཟེར། སློབ་ཁང་ཞིག་ཏུ་སོང་བ་ན་ཉིན་གུང་སློབ་རའི་སྒོ་ཁར་འགྲེང་བའི་མི་དེ་གཉིས་ཡང་བསྐྱར་མཐོང་བྱུང་། དེ་ནས་ཚོད་ལྟའི་རྒྱུགས་སུ་ངེད་སློབ་མ་བུ་མོ་ཚོར་རེ་རེ་བཞིན་རང་ཉིད་མཚམས་སྦྱོར་དང་གླུ་དབྱངས་རེ་ལེན་དུ་བཅུག ངའི་མཚམས་སུ་སླེབས་དུས་ཡང་བསྐྱར་གླུ་དབྱངས་ཞིག་ལོངས་ཟེར་བས་བསྐྱར་དུ་གླུ་དབྱངས་གཞན་ཞིག་བླངས་པ་ཡིན། དེ་ལྟར་ཉིན་དེའི་ཚོད་ལྟའི་རྒྱུགས་ལེན་ཁྲོད་སུ་ལེགས་གང་འདེམས་ཀྱི་མཇུག་འབྲས་ཅང་བསྒྲགས་མ་བྱུང་། དབྱར་ཁའི་གུང་གསེང་བཏང་རྗེས་ཕ་ཡུལ་དུ་སྡོད་པའི་ཉིན་ཞིག་ལ། ང་ཚོའི་དགེ་རྒན་གྱིས་ཁ་པར་བཏང་ནས་ཁྱེད་རང་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་གློག་བརྙན་གསར་བ་ཕབ་སྐྲུན་བྱེད་པའི་འཁྲབ་སྟོན་པའི་གྲས་སུ་བདམས་འདུག་པས། ཉིན་ཤས་རྗེས་གློག་བརྙན་འཁྲབ་ཏུ་གཅན་ཚར་འགྲོ་དགོས་འདུག་ཅེས་བཤད་བྱུང་། སྐབས་དེར་གློག་བརྙན་ཕབ་སྐྲུན་ལ་རྒྱུས་མངའ་ཅི་ཡང་མེད་མོད་མཚར་སྣང་དང་དགའ་སྣང་འདྲེས་མས་དང་ལེན་ཞུས་ནས་ཉིན་འགའི་རྗེས་སུ་གཅན་ཚར་བསྐྱོད་པ་ཡིན།

 
གཉིས།


གཅན་ཚའི་དགུ་རོང་ཁོག་ཏུ་འབྱོར་རྗེས། རེབ་དེའི་གློག་བརྙན་ཕབ་བྱ་ནི་རྒན་པདྨ་ཚེ་བརྟན་ཁོང་གི་གློག་བརྙན་བརྩམས་ཆོས་༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་༽ཞེས་པ་ཡིན་པ་ཤེས་ལ། ཡར་སྔོན་དུ་ངེད་སློབ་གྲྭར་རྒན་ཁོང་དང་འཁྲབ་སྟོན་པ་འཚོལ་དུ་ཡོང་རོགས་ནི་བརྙན་ལེན་པ་ཝང་རྨིན་ཡིན་པའང་ཤེས། ད་ལྟ་ད་དུང་བརྗེད་དུ་མེད་པ་ཞིག་ལ། སྐབས་དེ་དུས་གློག་བརྙན་ཕབ་སྐབས་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཧ་ཅང་ཆེ་བར་འདུག ལན་རེར་གནམ་གཤིས་འགྱུར་ལྡོག་ཆེ་བའི་དབང་གིས་ཉིན་འགའ་རེའི་ནང་འཁྲབ་བྱ་ཚན་དུམ་གཅིག་ལེགས་འགྲུབ་མི་འབྱུང་བའི་དུས་ཀྱང་མཆིས།བར་སྐབས་དེར་ང་ཚོ་སྡོད་ས་དགུ་རོང་ཁོག་གི་སྡེ་བ་ཞིག་གི་ནང་ཡིན་ལ། དེ་གར་རྐྱེན་དབང་གིས་གློག་བརྙན་ཕབ་མ་ཐུབ་ཚེ་ང་རང་སྡེ་བའི་ནང་གང་སར་རྩེད་འཇོར་སོང་བ་ཡིན། འཁྲབ་ཚན་ཚོགས་པ་དེར་ང་ལོ་ན་ཆུང་ཤོས་ཡིན་པས། དེ་གའི་འཁྲབ་སྟོན་པ་རྒན་པ་དང་ཕུ་བོ་ཨ་ཅེ་རྣམས་ཀྱིས་ང་ལ་ཤིན་ཏུ་གཅེས་ཤིང་། རྒྱུན་པར་རྔན་པ་སྤྲད་ནས་ཞོར་ཟས་སྣ་ཚོགས་ཉོས་ཏེ་བཟའ་ཡི་ཡོད། ཉིན་ཞིག་ལ་ང་རང་སྡེ་བའི་ཁ་སྟོད་ཀྱི་ཁྱིམ་ཚང་ཞིག་ཏུ་རྩེད་འཇོར་སོང་ཤུལ་ནས་ཁོ་ཚོས་ང་ཡང་ཡང་བཙལ་འདུག་ལ། ང་རང་ཕྱིར་ལོག་དུས་འཁྲབ་ཚན་ཚོགས་པའི་མི་འགའ་ཞིག་གིས་དེ་རིང་འཁྲབ་ཁྲིད་པ་ཁོང་ཁྲོ་ཆེན་པོ་ལངས་ཡོད་ཚོད་འདུག ཁྱོད་གར་སོང་མ་ཤེས་པས་ཕྱི་དྲོ་ཞིག་ལ་ཕབ་སྐྲུན་འགོར་འགྱངས་བྱས་སོང་ཟེར།དེ་ནས་ང་རང་གོམ་སྟབས་ཆུང་ངུས་རྒན་པདྨའི་གམ་དུ་སོང་བ་ན། ཁོང་གིས་ཁྱོད་གང་དུ་སོང་བ་ཡིན་ཟེར། ངས་སྡེ་བའི་ཁ་སྟོད་ལ་རྩེད་དུ་སོང་བ་ཡིན་ཞེས་ལན་བཏབ། ཁོང་གིས་ཡུད་ཙམ་ལ་ངག་བསྡམས་རྗེས་གང་འདོད་ལ་དེ་ལྟར་ཡར་མར་དུ་འགྲོ་ཉན་གཱ་ཟེར་བ་ལས་གཤེ་གཤེ་གཏོང་བའམ་ཁྲོ་བའི་ཉམས་ཏིལ་ཙམ་ཡང་བསྟན་མ་སོང་། སྐབས་དེར་ངས་ནི་ད་གཟོད་གློག་བརྙན་ཕབ་སྐྲུན་གྱི་སྐབས་སུ་གང་འདོད་དུ་འཁྲབ་ཚན་ཚོགས་པ་དང་ཁ་འབྲལ་མི་རུང་བ་ཤེས་ལ། ད་དུང་རང་ཉིད་ལ་རྐྱེན་བྱས་ནས་ཡུན་རིང་ངང་སྒུག་བྱས་པའི་ཕབ་སྐྲུན་གྱི་དུས་ཚོད་བཟང་བོ་ཞིག་འཕྲོ་བརླག་ཏུ་སོང་བའང་ཤེས།

  
གསུམ།

  

༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་༽ཕབ་སྐྲུན་གྲུབ་རྗེས། གཟིགས་འབུལ་མཛད་སྒོ་ཟི་ལིང་དུ་བསྡུས་པར་ངའང་ཞུགས་ཤིང་། སྐབས་དེར་རྒན་པདྨས་ང་ལ་ཕྱིས་སུ་དོན་དག་ཅི་ཞིག་ཡོད་ན་ཁ་པར་ཐོངས་ཞེས་བཤད་པ་དྲན། ཕྱིར་ཆབ་ཆར་ལོག་རྗེས་ངས་ཀྱང་ཡུན་རིང་ཞིག་ལ་ཁོང་དང་འབྲེལ་བ་མ་བྱས། དེ་ཡང་ཉིན་ཞིག་གི་དགོང་མོར་བརྙན་འཕྲིན་ལས་རྒན་པདྨ་དང་མི་སྐོར་ཞིག་གློག་བརྙན་དུས་ཆེན་ཞིག་ལ་ཞུགས་ནས་ས་གདན་དམར་བོའི་སྟེང་དུ་ཤོམ་འགྲོ་བྱེད་བཞིན་པ་དང་། ཁོང་ལ་བྱ་དགའ་ཐོབ་པའི་རྣམ་པ་སོགས་མཐོང་བས་སེམས་ལ་ནོན་མི་ཐུབ་པའི་དགའ་སྤྲོ་དཔག་མེད་སྐྱེས། མཚན་མོ་དེར་ཅིས་ཀྱང་དགེ་རྒན་ཁོང་ལ་རྟེན་འབྲེལ་ཞུ་ཚིག་ཅིག་འཕྲིན་ཐུང་གི་ལམ་ནས་བསྐུར་དགོས་སྙམ་ནས་གཉིད་མ་ཁུག་པར་བསམ་བློ་ཡང་ཡང་བཏང་། ཕྱི་ཉིན་དེར་༼དགེ་རྒན་ལགས། མདང་བརྙན་འཕྲིན་ལས་ཁྱེད་ལ་བྱ་དགའ་ཐོབ་པ་མཐོང་བས་སེམས་སུ་དགའ་སྤྲོ་ཚད་མེད་སྐྱེས། ཁྱེད་ལ་སེམས་གཏིང་ནས་རྟེན་འབྲེལ་ཞུ་༽ཞེས་རང་ཉིད་ཀྱི་སེམས་པ་མཚོན་བྱེད་ཀྱི་འཕྲིན་ཐུང་སྟབས་བདེ་ཞིག་བསྐུར། དེ་ནས་ཁོང་གིས་ཐུགས་རྗེ་ཆེ། ཁྱེད་རང་སུ་ཡིན་ཞེས་དྲིས་པར། ང་གཡང་ཕྱུག་མཚོ་ཡིན་ཞེས་ལན་བཏབ་པ་ལ། ཁོང་གིས་སྐུལ་ལྕག་དང་རེ་སྨོན་གྱི་ཚིག་འགའ་བསྐུར་བ་དྲན།


བཞི།


ཡང་ལོ་ཞིག་ལ་ང་རང་ཆབ་ཆར་སློབ་གྲྭའི་ནང་སྡོད་སྐབས། རྒན་པདྨའི་འཕྲིན་ཐུང་འབྱོར་ནས་གལ་སྲིད་ཁོམ་པ་བྱུང་ཚེ་དེ་རིང་དགོང་ཟས་མཉམ་དུ་བཟའ་ཞེས་བྲིས་འདུག ཕྱི་དྲོར་སློབ་གྲྭ་གྲོལ་རྗེས་ང་རང་དུས་བཅད་བཏབ་པའི་ཡུལ་དེར་ཕྱིན་པ་ན། སྐབས་དེར་ཆབ་ཆར་སྡོད་པའི་མིང་ལའང་ཨ་ཁུ་པདྨ་ཟེར་བ་རྒན་པདྨའི་གྲོགས་ནང་ཚགས་ཤིག་ཡིན་པ་དེའང་འདུག ང་ཚོས་མཉམ་དུ་ཟ་མ་ཟ་ཞོར་དུ་ཁོང་གིས་ངའི་སློབ་གྲྭའི་འཚོ་བའི་སྐོར་ནས་དྲི་བ་འགའ་རེ་དྲིས་བྱུང་། ངས་ཀྱང་ད་བར་གཙོ་བོ་གླུ་དབྱངས་ལེན་རྒྱུར་ཤིན་ཏུ་དགའ་ཚུལ་དང་། ཞོར་དུ་ཉེ་ཆར་སྒྲ་ཕབ་པའི་གླུ་དབྱངས་ཤིག་ཀྱང་ཁོང་གཉིས་ལ་གསན་དུ་བཅུག ཁོང་གཉིས་ཀྱིས་བསྔགས་བརྗོད་ཀྱི་ཞོར་དུ་སྐུལ་ལྕག་གི་གཏམ་མང་བོ་བཤད་བྱུང་། སྐབས་དེར་ང་ལ་ཧ་ཅང་སེམས་ཐག་ཉེ་བའི་ཤ་ཉེ་ཞིག་ལ་འཕྲད་པ་ལྟ་བུའི་སྣང་བ་ཞིག་བྱིན་སོང་། ཕྱིས་སུ་ང་རང་མཚོ་སྔོན་བརྙན་འཕྲིན་གྱིས་བསྒྲུབས་པའི་སྣ་འཛོམས་སྒྱུ་རྩལ་ལེ་ཚན་༼མེ་ཏོག་ཆུན་པོ་༽ཞེས་པར་འགྲན་ཞུགས་བྱས་ནས་དུས་ཚོད་མང་བོ་ཞིག་དེར་ཟད་པས་རྒན་པདྨ་དང་འབྲེལ་ལམ་རེ་ཞིག་ཆད། འགྲན་སྡུར་དེ་མཇུག་རྫོགས་རྗེས་ང་རང་ཟི་ལིང་དུ་སླེབས་ཐེངས་ཤིག་ལ། རྒན་གངས་ཞུན་ལགས་ཀྱིས་སྔོན་ཚུད་ནས་ཁྱོད་རང་ཟི་ལིང་དུ་འབྱོར་རྗེས་རྒན་པདྨ་དང་ང་ཚོས་མཉམ་དུ་ཟ་མ་བཟའ་ཞེས་བཀའ་ཆད་མཛད་ཡོད་པ་དྲན་ནས། ཟི་ལིང་དུ་ཐོན་རྗེས་རྒན་གངས་ཞུན་ལགས་ལ་ཁ་པར་བཏང་བ་ན། ཏག་ཏག་ཁོང་དང་རྒན་པདྨ་གཉིས་རྒྱ་གྲམ་དམར་བོའི་སྨན་ཁང་དུ་ཡོད་ཟེར་བས་མེ་ཏོག་ཚོམ་བུ་ཞིག་ཉོས་ནས་ཐད་ཀར་སྨན་ཁང་དུ་སོང་བ་ཡིན། དེ་གར་བསླེབས་རྗེས་གཞི་ནས་རྒན་པདྨའི་ལུས་ཕུང་བརྟག་དཔྱད་ཅིག་གི་ཆེད་དུ་ཡོང་བ་ཤེས། དེ་ནས་ང་ཚོས་མཉམ་དུ་སྨན་ཁང་གི་ཉེ་སར་གུང་ཟས་ཟོས་པ་ཡིན། དེའི་རྗེས་སུ་ང་རང་དུས་ཡུན་ངེས་ཅན་ཞིག་ལ་པེ་ཅིན་དུ་བསྡད་ཅིང་། རྒན་པདྨ་ཡང་སྐབས་དེར་རྒྱུན་པར་པེ་ཅིན་དུ་ཕེབས་ནས་ང་ཚོ་འདུ་འཛོམས་བྱུང་གི་ཡོད་ལ། རེབ་ཅིག་པེ་ཅིན་གྱི་༧༩༨སྒྱུ་རྩལ་འགྲེམ་སྟོན་སྡེ་ཁུལ་དུ་ཁོང་གི་གློག་བརྙན་བརྩམས་ཆོས་བརྙན་གཏོང་བྱེད་སྒོ་སྤེལ་བར་ངའང་སྔོན་ཚུད་ནས་བརྡ་བཏང་བས། རྒན་ལགས་དང་མཉམ་དུ་བརྙན་གཏོང་བྱེད་སྒོ་དང་དེའི་རྗེས་ཀྱི་བསམ་བློ་བརྗེ་རེས་ཚོགས་འདུར་ཞུགས་པ་ཡིན། སྐབས་དེ་དུས་ནས་རྒན་ཁོང་གི་ཆེད་ལས་རང་བཞིན་གྱི་ཤེས་འཇོན་དང་ལྷུན་ཆགས་རང་བྱུང་གི་གཤིས་ཀས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་བྱུང་།  

ལྔ།


དེ་ནས་ཧ་ལམ་ལོ་གཉིས་གསུམ་ཞིག་ལ་རྒན་པདྨ་དང་ཐད་ཀའི་འབྲེལ་འདྲིས་མ་བྱུང་། ༢༠༡༥ལོར་ཁོང་དང་པེ་ཅིན་དུ་འཕྲད་དུས་ཁོང་གིས་གློག་བརྙན་ཞིག་གྲ་སྒྲིག་བྱེད་སྒང་ཡིན་པ་དང་། དེའི་ནང་གི་བུད་མེད་གཙོ་འཁྲབ་པ་འཚོལ་བཞིན་ཡོད་ལ། འཁྲབ་གཞུང་ཁྲོད་ཀྱི་བུད་མེད་དེ་ནི་ལོ་ན་ཅུང་ཟད་ཆེ་བ་ཞིག་ཡིན་དགོས་འདུག་པས་ཁྱོད་རང་ཤིན་ཏུ་སྐམ་དྲགས་འདུག་ཅེས་ཞལ་གསང་ཐུགས་དྲང་གིས་བརྗོད་བྱུང་། དེ་ནས་ངེད་ཀྱིས་ཀྱང་ཡ་ཡ་ཞེས་རྒན་ཁོང་ལ་གུས་ལུགས་རང་བཞིན་གྱིས་ལན་སྤྲད་པ་ལས་གཞན་ཅང་མ་སྨྲས། ཕྱིར་ཁྱིམ་དུ་ལོག་རྗེས་གློག་བརྙན་དེའི་འཁྲབ་གཞུང་ཙམ་ལའང་མ་བལྟས་པར་དཔའ་ཞུམ་ཚེ་ཅུང་བློ་བདེ་བོ་རང་མ་བྱུང་བས། རྒན་ལགས་ལ་གློག་བརྙན་དེའི་འཁྲབ་གཞུང་ལ་ལན་གཅིག་བལྟ་ཆོག་པའི་རེ་སྐུལ་ཞུས་པར་ཁོང་མོས་མཐུན་བྱུང་། འཁྲབ་གཞུང་དེར་བལྟས་པས་བརྗོད་དོན་དང་མི་སྣའི་བྱ་བྱེད་སོགས་རང་ཉིད་ཀྱི་མཐོང་ཐོས་སུ་གྱུར་པའི་ཉེ་གམ་གྱི་གཏམ་རྒྱུད་རང་དུ་མཐོང་བས། རྒན་ལགས་ལ་བུད་མེད་གཙོ་འཁྲབ་པ་དེའི་སྣང་བརྙན་ལ་ཤིན་ཏུ་དགའ་ལུགས་དང་། དེའི་ཆེད་དུ་རང་ཉིད་ལ་ཚོ་འབུད་དུ་བཅུག་ཆོག་ཚུལ་སོགས་ཞུས་པ་ཡིན། དེ་ལ་རྒན་ལགས་ཀྱིས་ངས་བསམ་བློ་ཞིག་བཏང་རྗེས་ལན་སྟེར་ཡོང་ཟེར། དེ་ནས་ཉིན་ཤས་རྗེས་སུ་ཕ་ཡུལ་ནས་གློ་བུར་དུ་ཁ་པར་ཞིག་འབྱོར་ནས་ངེད་ཀྱི་ཨ་མར་ན་ཚ་ཞིག་བྱུང་བས་མྱུར་མོར་ཟི་ལིང་ལ་སྨན་ཁང་དུ་སྟོན་དགོས་ཀྱི་འདུག་ཟེར་བས། ང་རང་པེ་ཅིན་ནས་རྟབ་རྟབ་པོར་ཕྱིར་ཟི་ལིང་དུ་ལོག་པའི་སྟ་གོན་བྱས། པེ་ཅིན་གྱི་གནམ་ཐང་དུ་བསླེབས་རྗེས་དེ་གར་དུས་ཚོད་ངེས་ཅན་ཞིག་ལྷག་འདུག་པས་དཔེ་ཁང་དུ་སོང་ནས་དཔེ་ཆ་གཉིས་ཉོས་ནས་འགྲུལ་སྡོད་ཚོམས་ཆེན་གྱི་འདུག་སྟེགས་སུ་བསྡད་ཙ་ན། ངའི་ཁ་གཏད་དུ་རྒན་པདྨས་ཀྱང་ལག་ཏུ་དཔེ་ཆ་བཞི་ལྔ་ཙམ་བསྣམས་ནས་བསྡད་འདུག་པ་མཐོང་བྱུང་། དེ་ནས་ཁོང་གིས་ང་ལ་དཔེ་ཆ་ཅི་ཞིག་ལ་ལྟ་བཞིན་ཡོད་ཅེས་འདྲི་ཞོར་ངའི་དཔེ་ཆ་དེ་གཉིས་ལ་རོབ་ཙམ་བལྟས། དེ་མུར་རྗེས་མར་གློག་བརྙན་ཐད་ཀྱི་དཔེ་ཆར་མང་ཙམ་ལྟོས། ལྷག་པར་དུ་འཛམ་གླིང་སྒང་གི་གློག་བརྙན་དང་འབྲེལ་བའི་སྐྱེས་མཆོག་དམ་པ་དག་གི་མུ་འབྲེལ་བརྩམས་ཆོས་སམ་བརྩམས་ཆོས་ཕྱོགས་བསྒྲིགས་ལ་ལྟོས་དང་ཕན་ཐོགས་ཆེ་བར་འདུག་ཅེས་ཞལ་ཏ་མཛད། དེ་ལ་ངས་ཀྱང་ཡ་ཡ་ཞེས་མགོ་ལྕོག་ལྡེམ་ལྡེམ་གྱིས་ཁས་ལེན་ཞུས། དེ་ནས་ང་ཚོ་གནམ་གྲུ་ནང་སྡོད་སྐབས་བློ་ཡུལ་ལས་འགོངས་པ་ཞིག་ལ་ངེད་གཉིས་འདུག་གྲལ་གཅིག་གི་རྐུབ་སྟེགས་གཡས་གཡོན་དུ་ཁེལ་འདུག སྐབས་དེར་ངའི་སེམས་ལ་འདི་ནི་ལས་ཀྱིས་བཀོད་སྒྲིག་བྱས་པ་ལྟ་བུ་ཞིག་ཀྱང་ཅི་ལ་མིན་ཏེ། རྒན་ལགས་དང་གློག་བརྙན་༼ཐར་ལོ་༽ཁྲོད་ཀྱི་བུད་མེད་གཙོ་འཁྲབ་པའི་ཐད་ནས་རྒྱུས་ལོན་མང་ཙམ་བྱེད་དགོས་སྙམ་བྱུང་། དེ་ལྟར་མཁའ་ལམ་གྱི་ཆུ་ཚོད་གཉིས་རིང་གི་ཁ་བརྡའི་ཁྲོད། ངས་རྒན་ལགས་ལ་༼ཐར་ལོ་༽ཁྲོད་ཀྱི་བུད་མེད་གཙོ་འཁྲབ་པ་གཡང་མཚོ་ཞེས་པའི་འཁྲབ་སྟོན་པ་དེ་དང་ཕྱིའི་གཟུགས་བྱད་ཅུང་ཟད་མཐུན་པའི་བོད་ཀྱི་གླུ་མ་ཞིག་དང་ངེད་སྡེ་བའི་བུད་མེད་ཅིག་ཀྱང་འོས་སྦྱོར་བྱས་པ་ཡིན། ཞོར་དུ་རང་ཉིད་ལའང་ཚོ་འབུད་དུ་བཅུག་རྗེས་འཁྲབ་སྟོན་གྱི་ཆ་ནས་མི་སྣ་དེར་ཁ་ལོ་བསྒྱུར་ཐུབ་པའི་ཡིད་ཆེས་དང་བརྩོན་སེམས་ཡོད་ལུགས་ཀྱང་ཁ་ཁོག་མེད་པར་དྲང་བོ་དྲང་གཞག་གིས་བཤད་པ་ཡིན། དེའི་ཕྱི་ཉིན་དགོང་ཁར། རྒན་ལགས་ཀྱིས་ང་ལ་སྐད་འཕྲིན་བརྒྱུད་ནས་གློག་བརྙན་༼ཐར་ལོ་༽ནང་གི་བུད་མེད་གཙོ་འཁྲབ་པ་གཡང་མཚོ་ཁྱོད་ཀྱིས་གྲ་སྒྲིག་བྱོས་ཞེས་འཕྲིན་ཐུང་སྟབས་བདེ་ཞིག་བསྐུར་འདུག ངས་ཀྱང་དེ་ཉིད་མཐོང་མ་ཐག་དགའ་ཚོར་ཆེན་པོས་རྒན་ལགས་ལ་བཀའ་དྲིན་དང་བཅས་སྟ་གོན་གྱི་ལས་སུ་ཞུགས་པ་ཡིན།


དྲུག 


དེ་ནས་ཟླ་གཉིས་ཙམ་འགོར་རྗེས་༼ཐར་ལོའི་༽དངོས་གཞི་ཕབ་སྐྲུན་གྱི་མགོ་ཚུགས། ང་ལ་མཚོན་ན་༼ཐར་ལོའི་༽ཕབ་སྐྲུན་གྱི་གོ་རིམ་དེ་ནི་རྒན་པདྨ་ལགས་དང་ཧ་ཅང་ཉེ་བར་བཅར་བའམ་ཁོང་གི་ཤེས་འཇོན་དང་ཐུགས་གཤིས་སོགས་ལ་རྒྱུས་མངའ་ཆེས་ཆེར་གྱུར་བའི་དུས་སྐབས་དེ་ཡིན་ཞེས་བཤད་ཆོག བར་གླགས་དེར་ང་ལ་ཐད་མཐོང་གི་ཚོར་བ་ཞིག་སྦྱིན་པ་ནི་རྒན་ལགས་ནི་གནས་ཚུལ་ཇི་འདྲའི་ཐབས་ཆག་ཅིག་ལ་ཕྲད་ཀྱང་ཁྲོ་ཉམས་སྟོན་པའམ་གཞན་ལ་གཤེ་གཤེ་གཏོང་བ་སོགས་ནི་ཧ་ལམ་རྒྱུད་དུ་མེད་པ་ལྟ་བུར་སྣང་། ཁོང་གི་འཇམ་པོ་བལ་དང་དལ་མོ་ཆུ་ལྟ་བུའི་རང་གཤིས་དེས་ཉེ་འཁོར་གྱི་མི་རྣམས་ལའང་ལས་ཀར་ཞུགས་དུས་གུ་ཡངས་དང་སྤྲོ་སྣང་གི་སེམས་ཁམས་ཤིག་རང་བཞིན་གྱིས་བསྒོས་ཡོད། གཞན་ཕབ་སྐྲུན་དངོས་ལ་ཞུགས་སྐབས་རྒན་པདྨའི་སྟེང་དུ་ཐུན་མིན་གྱི་ཁྱད་ཆོས་ཤིག་མངའ་བ་ནི། གལ་སྲིད་འཁྲབ་སྟོན་པ་དེ་འཁྲབ་བྱའི་མི་སྣའི་སྣང་བརྙན་དང་གཤིས་ཀ་སོགས་ལ་རྒྱུས་མངའ་ཧ་ཅང་ཆེ་བ་ཡིན་ཚེ། འཁྲབ་སྟོན་པ་རང་ཉིད་ལ་སྐབས་ཐོག་ཏུ་རྩལ་ནུས་འདོན་སྤེལ་བྱེད་ཆོག་པའི་དབང་ཆའམ་བར་སྟོང་སྤྲོད་ཡོད་པ་ཡིན། དེ་ནི་འཁྲབ་ཁྲིད་པ་མང་བོ་ཞིག་གི་སྟེང་དུ་མཐོང་དཀོན་པའི་གནད་ཅིག་ཏུ་སེམས། དེ་མིན་ད་དུང་བག་ཆགས་ཧ་ཅང་ཟབ་པ་ཞིག་ནི། ལན་རེར་གནམ་གཤིས་དང་སྒྲིག་ཆས་སོགས་ཀྱི་རྐྱེན་པས་འཁྲབ་གཞུང་དུ་བཀོད་པ་ཇི་བཞིན་ཕབ་སྐྲུན་བྱེད་མ་ཐུབ་ཚེ། རྒན་ཁོང་ལ་ཡུལ་དུས་གནས་བབ་དང་སྟབས་བསྟུན་གྱི་ནུས་པ་བསམ་གྱིས་མི་ཁྱབ་པ་ཞིག་འདུག་ལ། འཕྲལ་གྱི་བཀོད་སྒྲིག་དེ་དག་ནི་མ་བཅོས་རང་འགྲིག་ལྟ་བུར་མཐོང་བས། སེམས་ཀྱི་ཟབ་ས་ནས་ཁོང་ལ་དད་གུས་ཀྱི་བསམ་པ་དབང་མེད་དུ་སྐྱེ་ཡོང་བ་ལན་གཅིག་མིན།

 
བདུན།

  
ཐར་ལོ་ཕབ་སྐྲུན་གྱི་གོ་རིམ་ཁྲོད་རྒན་ལགས་དང་འབྲེལ་འདྲིས་ཟབ་མོ་བྱུང་། རྒན་ཁོང་ནི་ནམ་རྒྱུན་སྨྲ་བ་ཉུང་ཞིང་སྐད་མགོ་དམའ་བ་དང་། རང་བཞིན་གྱིས་ཁས་ལེན་དམ་བཅའ་མི་བྱེད་ལ། གལ་ཏེ་ཁས་བླངས་ཚེ་ཡ་ཡོ་གཏན་ནས་མེད་པར་དོན་འཁྱོལ་དཔྱིས་ཕྱིན་བྱེད་པ་ཞིག་ཡིན། ཁོང་དང་རྒྱུས་ཆེ་བའི་མི་ལ་ནི་ལན་རེར་ཀུ་རེའི་གཏམ་ཡང་སྨྲ་བར་སྤྲོ། ༼ཐར་ལོ་༽ཕབ་སྐྲུན་ལེགས་འགྲུབ་བྱུང་རྗེས། རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་དུས་ཆེན་མང་བོ་ཞིག་ལ་ང་ཚོ་ལྷན་དུ་བསྐྱོད་པ་ཡིན། བར་སྐབས་དེའི་སྔ་གཞུག་ཏུ་ངས་ཀྱང་པེ་ཅིན་དུ་གློག་བརྙན་ཆེད་ལས་ཐད་ནས་སློབ་སྦྱོང་བྱེད་སྒང་ཡིན་ལ། ནམ་རྒྱུན་གློག་བརྙན་དང་འབྲེལ་བའི་འདུ་འཛོམས་བྱེད་སྒོ་མང་བོར་རྒན་ལགས་དང་རྒྱུན་དུ་འཕྲད་ཀྱི་ཡོད། ༼ཐར་ལོ་༽ཞེས་པའི་གློག་བརྙན་དེ་བརྒྱུད་ནས་ང་ལའང་གློག་བརྙན་གྱི་བྱ་དགའ་ཐོབ་མྱོང་ཞིང་། མཚན་དང་སྙན་གྲགས་ཕྲན་བུ་རེ་རྒྱས་པ་དེའང་རྒན་ཁོང་གི་བཀའ་དྲིན་སྐུ་དྲིན་ཡིན་པས་ནམ་ཡང་དྲིན་ཆེན་ཡིན་ཞེས་ཁ་ཞེ་གཉིས་མེད་ཀྱིས་རྗོད་ཀྱིན་ཡོད། དེའི་རྗེས་སུ་ཧ་ལམ་ལོ་གཉིས་ཙམ་ལ་རྒན་ལགས་དང་དངོས་སུ་འཕྲད་མ་ཐུབ། སྐབས་དེར་ང་རང་སྒེར་ངོས་ལ་མཚོན་ནའང་། གློག་བརྙན་ཐད་ཀྱི་ཤེས་བྱ་ལ་སྦྱངས་པ་ཏོག་ཙམ་རེ་བྱས་པས་རང་ཉིད་ཀྱི་གཤིས་ཀ་དང་མིག་རྒྱང་སོགས་གང་ཐད་ནས་སྔོན་ཆད་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་བའི་ཚོར་སྣང་ཞིག་བྱུང་། ཕྱིས་སུ་ཡང་བསྐྱར་རྒན་ལགས་དང་འཕྲད་དུས་ནི་ཧ་ལམ་པེ་ཅིན་གྱི་ངའི་ལས་སྒྲུབ་ཁང་དུ་ཡིན་ས་ཡོད། ཉིན་དེར་ངའི་ལས་སྒྲུབ་ཁང་དུ་སིལ་སྐམ་མང་ཙམ་ཡོད་པ་དྲན། རྒན་ལགས་དེ་གར་ཕེབས་པར་ངས་སིལ་སྐམ་འདྲ་མིན་སྡེར་མ་འགའ་མདུན་ཅོག་སྟེང་བཞག་པ་ན། ཁོང་གིས་ང་ལ་ནམ་རྒྱུན་འདིའི་རིགས་རྐྱང་བ་ཟ་བཞིན་ཡོད་དམ་ཟེར། ངས་ང་རང་ཞོར་ཟས་སོགས་བཟའ་བར་མི་དགའ། ད་སྔ་ཤའང་བཟའ་ཡི་མེད་པས་སིལ་སྐམ་རྒྱུན་དུ་བཟས་པ་ཡིན་ཞེས་བཤད། དེ་ནས་ཁོང་འཛུམ་བཞིན་དུ་ད་ཕལ་ཆེར་ཇོ་མོ་བཅའ་རྩིས་ཡོད་ཀི་པཱ་ཞེས་ཟེར། ངས་ཀྱང་ཀུ་རེ་དང་བདེན་པ་འདྲེས་མའི་ཚུལ་དུ། དེ་འདྲ་སེམས་ཀྱིན་ཡོད། ད་ལྟ་ལས་ཀར་ཞུགས་ནའང་དམིགས་བསལ་གྱི་དགོས་པ་དང་དོན་སྙིང་ཅི་ཞིག་ཡོད་པ་ཤེས་ཀྱི་མི་འདུག ཇོ་མོ་བྱས་ཚེ་སེམས་འདི་བདེ་ཞིང་ལྷོད་ལ་འབབ་པ་ཞིག་ཨེ་ཡོང་སྙམ། ང་ནི་ཕ་ཡུལ་དུ་ལོག་ནའང་སེམས་ཐག་ཤིན་ཏུ་ཉེ་བའི་གྲོགས་འདྲ་མེད། དགོན་པར་སོང་རྗེས་གཞི་ནས་སེམས་བདེ་རུ་འབབ་ཐུབ་པར་འདུག་ཅེས་བཤད་པ་ཡིན། དེ་ནས་ཉིན་འགའ་འགོར་རྗེས། རྒན་ལགས་ཀྱིས་ང་ལ་༼དབུགས་ལྒང་༽གི་འཁྲབ་གཞུང་བསྐུར་ཡོང་ནས་དེའི་ནང་གི་ཇོ་མོ་དེའི་སྣང་བརྙན་འཁྲབ་དགོས་འདུག་ཟེར། ངས་བསམ་ན་ཕལ་ཆེར་ཉིན་འགའི་སྔོན་ལ་རྒན་ལགས་ཀྱིས་ངའི་འཚོ་བའི་གནས་སྟངས་དང་སེམས་ཁམས་དེ་རྟོགས་པས་ཇོ་མོའི་སྣང་བརྙན་དེ་ང་ལ་འཕྲོད་ཅིང་རན་པ་ཞིག་འདུག་སྙམ་སོང་བ་ཨེ་ཡིན་སྙམ། དེ་མ་གཏོགས་དེའི་ཡར་སྔོན་ལ་གློག་བརྙན་༼དབུགས་ལྒང་༽ཕབ་སྐྲུན་སྐོར་ནས་ལབ་གླེང་གང་ཡང་བྱས་མ་མྱོང་། འཁྲབ་གཞུང་བསྐུར་བའི་ཞོར་ལ་ཇོ་མོ་འཁྲབ་ཚེ་སྐྲ་ཡོངས་སུ་བཞར་དགོས་རྒྱུ་རེད་ཟེར། ངས་སྐྲ་བཞར་དགོས་པར་སྐྱོན་མི་འདུག་ལགས། ངས་འཁྲབ་གཞུང་ལ་ཐེངས་ཤིག་བལྟས་རྗེས་ཁྱེད་ལ་ལན་ཕུལ་ཡོང་ཞེས་བཤད་པ་ཡིན། ཉིན་དེའི་དགོང་མོའི་ཆུ་ཚོད་བཅུ་གཅིག་ཡས་མས་སུ་ང་རང་ཁྱིམ་དུ་ལོག་རྗེས་༼དབུགས་ལྒང་༽གི་འཁྲབ་གཞུང་ལ་བལྟས་པ་ཡིན། འཁྲབ་གཞུང་ཡོངས་སུ་བལྟས་ཚར་དུས་ཧ་ལམ་ཆུ་ཚོད་བཅུ་གཉིས་བརྒལ་འདུག འཁྲབ་གཞུང་དེའི་ནང་གི་ཇོ་མོ་བྱང་ཆུབ་སྒྲོལ་མའི་སྣང་བརྙན་དེ་ཧ་ཅང་ཡིད་ལ་སིམ་པ་ཞིག་བྱུང་བས། ང་ལ་མིག་ཆུ་དབང་མེད་དུ་ཐོན། དེའང་གཅིག་བཤད་ན་སོ་སོའི་མི་ཚེའི་བརྒྱུད་རིམ་དང་འབྲེལ་བ་ཡོད་ཀྱང་སྲིད་སྙམ། དེ་ནས་འཕྲལ་མར་རྒན་ལགས་ལ་ཡི་གེ་བསྐུར་ནས། མི་སྣ་དེ་འཁྲབ་འདོད་ཡོད་ཚུལ་དང་། དེས་རང་ཉིད་ལ་ཡིད་འགུལ་དབང་མེད་དུ་ཐེབས་སུ་བཅུག་པ་སོགས་ཇི་བཞིན་དུ་བཤད་པ་ཡིན། དབུགས་ལྒང་གི་དངོས་གཞིའི་ཕབ་སྐྲུན་གོང་གི་སྟ་གོན་ལས་རིམ་དུ་ནམ་རྒྱུན་མི་སྣའི་སྣང་བརྙན་དང་གཤིས་ཀ་སོགས་ཀྱི་ཐད་ནས་རྒན་ལགས་དང་རྒྱུན་པར་འབྲེལ་འདྲིས་བྱེད་ཀྱི་ཡོད་ལ། སྐབས་དེར་ཁོང་གིས་གློག་བརྙན་འདིའི་ནང་གི་བུད་མེད་གཙོ་འཁྲབ་པ་གཉིས་མཉམ་གཤིབ་རྣམ་པར་并列女一号ཡོད་ལ། ལྷག་པར་དུ་གློག་བརྙན་འདིའི་གཏམ་རྒྱུད་ཀྱི་ཁུངས་སྣེ་ནི་ཇོ་མོ་བྱང་ཆུབ་སྒྲོལ་མ་ཞེས་པའི་མི་སྣ་འདིར་བརྟེན་ནས་བརྐྱངས་སྐུམ་བྱས་པ་ཞིག་ཡིན་པས་ཤིན་ཏུ་གལ་ཆེ་ཚུལ་བརྗོད་སོང་། ད་ལྟ་ང་ཚོས་མཐོང་བའི་༼དབུགས་ལྒང་༽དངོས་གཞིར་ཇོ་མོ་བྱང་ཆུབ་སྒྲོལ་མའི་བརྙན་མིག་བལྟོས་བཅས་ཀྱིས་ཉུང་བའི་སྣང་བ་ཞིག་སྟེར་མོད། དེ་ནི་ཧ་ལམ་གློག་བརྙན་ཞིབ་བཤེར་སོགས་ལས་རིམ་གང་ཞིག་ཏུ་དགོས་དབང་གིས་བསུབས་པ་ཡིན་ཤས་ཆེ། འདིའི་ཐད་ནས་རྒན་ལགས་ཀྱིས་དེ་སྔ་ང་ལ་ཁྱོད་ཀྱིས་འཁྲབ་པའི་བརྙན་རིས་འགའ་ཞིག་རྐྱེན་དབང་གིས་ཁུ་བསྡུ་བྱེད་དགོས་བྱུང་ཞེས་བཤད་མྱོང་། ང་རང་སྒེར་ངོས་ནས་ཕངས་སེམས་ཕྲན་བུ་ཞིག་ཡོད་པ་ནི། ༼དབུགས་ལྒང་༽ཁྲོད་དུ་ཇོ་མོ་བྱང་ཆུབ་སྒྲོལ་མ་གཅིག་པུའི་བརྙན་རིས་ཁྱད་དུ་འཕགས་པ་ཞིག་ཡོད་པ་རང་སོར་འཇོག་མ་ཐུབ་པ་དེ་ཡིན། བརྙན་རིས་དེའི་རྣམ་པ་དང་མཚོན་དོན་ཧ་ལམ་འདི་ལྟ་སྟེ། ཇོ་མོ་བྱུང་ཆུབ་སྒྲོལ་མ་དཀར་ཐིག་སློང་ཕྱིར་ཕ་ཡུལ་དུ་ལོག་པའི་ལམ་བར་དུ། མོ་རང་བསྡད་པའི་རླངས་འཁོར་ནི་ཐག་རིང་རྒྱང་དུ་བསྲིངས་པའི་ལམ་ཆེན་སྟེང་མདུན་དུ་སྐྱོད་ཅིང་། ལམ་དེའི་གཡས་ཕྱོགས་ནི་སྐྱ་ཐིང་ཐིང་གི་མྱ་ངམ་ཐང་དང་། གཡོན་ཕྱོགས་ནི་སྔོ་ལྗང་ལྗང་གི་སྤང་ཐང་རེད་འདུག ཕ་ཡུལ་དུ་བསླེབས་རྗེས་ནང་མིའི་གློ་བུར་འདས་རྐྱེན་དང་རང་གི་ཨ་ཅེ་བཟའ་ཟླ་གཉིས་ཀྱི་བཟའ་འཁོན་སོགས་འཁོར་བའི་འདུ་བྲལ་དང་རྩོད་ཉོག་སྣ་ཚོགས་ཡང་བསྐྱར་མིག་གིས་མཐོང་རྗེས། མོའི་སེམས་ལ་སྐྱོ་སྡུག་ཚད་མེད་ཅིག་སྐྱེས་ནས་གཅིག་པུ་མཚོ་སྔོན་པོའི་འགྲམ་དུ་སོང་། དེ་ནི་སྲོལ་དུས་ཡོལ་ནས་རིམ་གྱིས་ས་གཞིར་མུན་པས་གཡོགས་ལ་ཉེ་བའི་དུས་ཤིག་རེད། ཇོ་མོ་བྱང་ཆུབ་སྒྲོལ་མ་གཅིག་པུ་མཚོ་ཁར་བསམ་གཞིགས་ཀྱི་ཀློང་རིམ་དུ་ཚུད་ཅིང་། མོའི་མགོ་ཐོག་ཏུ་སྐར་ཚོགས་ཀྱིས་བར་སྣང་དབྱིངས་སུ་འོད་ཀྱིས་ཕྲ་བཏབ་པ་ནང་བཞིན་དང་། མདུན་ཕྱོགས་སུ་ཐད་དུ་བལྟས་ཚེ་མཚོ་མོའི་མུ་མཐའ་དང་གནམ་གྱི་མུ་མཐའ་གཉིས་ཐག་རིང་དུ་མག་མོག་ངང་གཞི་གཅིག་ལ་འདྲེས། ཁོ་མོའི་རྒྱབ་ཕྱོགས་སུ་ལྷམ་མེར་འཁྱིལ་བའི་ཆུ་རྫིང་དེར་མོའི་རྒྱབ་གཟུགས་དང་ཨ་སྔོན་དབྱིངས་ཀྱི་སྐར་ཚོགས་ཀྱི་གཟུགས་བརྙན་ཡོངས་སུ་འཕོས་འདུག ཀུན་ལྗོངས་(全景)དེས་ཡང་སྙིང་ཅི་ཞིག་མཚོན་གྱིན་ཡོད་དམ་ཞེ་ན། སོ་སྐྱེ་ཕལ་བ་ལ་གཟས་པའི་འདས་དང་མ་འོངས་ད་ལྟ་གསུམ། ཡང་ན་སྐྱེ་བ་དང་གནས་པ་འཆི་བ་གསུམ། ཡང་ན་སྡུག་བསྔལ་དང་རེ་གཞག་མཐར་ཐུག་གི་དམིགས་པ་གསུམ། ཡང་ན་འཁོར་བ་དང་འཁོར་བ་ལས་འདས་པའི་ཆ……ངས་བསམ་ན་མི་རེ་རེར་འགྲེལ་སྟངས་རེ་ཡོད་ཆོག་ལ། དེ་ནི་ཇོ་མོ་བྱང་ཆུབ་སྒྲོལ་མའི་ནང་སེམས་ཀྱི་འཇིག་རྟེན་གྱི་མཚོན་སྟངས་ཤིག་ཡིན་པར་མ་ཟད། རྒན་པདྨའི་ནང་སེམས་ཀྱི་འཇིག་རྟེན་མཚོན་སྟངས་ཤིག་ཀྱང་ཡིན་པར་སྙམ། ང་ཚོས་རགས་སྒྲིག་གི་གོ་རིམ་ཁྲོད་བརྙན་རིས་དེ་ལ་སྔ་ཕྱིར་ཐེངས་གསུམ་བལྟས་པ་ཡིན། དེ་ལ་ལྟ་ཐེངས་རེ་རེར་ངའི་མིག་ཀོང་ནས་མཆི་མ་དབང་མེད་དུ་བཞུར་ཡོང་། སྐབས་དེར་ངའི་སེམས་སུ་གལ་སྲིད་གློག་བརྙན་ཁང་གི་འཆར་ཡོལ་སྟེང་བརྙན་རིས་འདི་འཆར་ཐུབ་ཚེ་ཇི་འདྲའི་ཡིད་སེམས་སྒུལ་བ་ཞིག་ཡིན་ངེས་ཨང་ཞེས་རེ་ལྟོས་ཆེན་པོ་བཅངས། འོན་ཀྱང་མཐའ་མར་དེ་ཉིད་དོན་སྨིན་མ་བྱུང་། ཡང་ཉིན་འདི་དག་ལ་ངས་ཡང་ནས་བསྐྱར་དུ་བསམ་བློ་གཏོང་དུས། བརྙན་རིས་དེའི་བློས་བསླངས་དང་བསམ་བཀོད་ནི་ཏག་ཏག་རྒན་ཁོང་གིས་སྐྱེ་འཆི་དང་མི་རྟག་པ་སོགས་ལ་བཟུང་བའི་ལྟ་ཚུལ་ལམ་རྣམ་འགྱུར་ཞིག་ཅི་ལ་མིན་སྙམ་པའི་ཚོར་སྣང་དྲག་པོ་ཞིག་བྱུང་། དེ་ལྟར་བསམ་ན་རང་ཉིད་འཁྲབ་སྟོན་པ་ཞིག་ཡིན་པའི་ངོས་ནས་ལྟད་མོ་བ་རྣམས་ཀྱི་སྤྱན་ལམ་དུ་བརྙན་རིས་དེ་བསྟར་མ་ཐུབ་པར་ཕངས་སེམས་ཏོག་ཙམ་སྐྱེས།


བརྒྱད།

  
ང་རང་རྒན་ཁོང་གིས་འཁྲབ་ཁྲིད་མཛད་པའི་གློག་བརྙན་འགའ་ལས་གཞན་ད་དུང་ལྟ་སྐུལ་སྒྲིག་བཟོའི་འགན་འཁུར་བའི་གློག་བརྙན་གཉིས་ཀྱི་འཁྲབ་སྟོན་དུའང་ཞུགས་མྱོང་། ཁོང་ལ་མཚོན་ན་ཉེ་འགྲམ་གྱི་ཉེ་རིང་སུ་ཞིག་གིས་རོགས་རེས་ལམ་སྟོན་གྱི་རེ་བཅོལ་ཞུས་ཚེ་རང་གིས་ནུས་པ་འདོན་ཐུབ་ཕྱིན་དང་ལེན་མ་མཛད་པ་ཞིག་ཧ་ལམ་ཡོད་མི་སྲིད། ཁོང་གི་བཀའ་དྲིན་ལ་བརྟེན་ནས་གོག་འགྲོ་མང་བོ་ཞིག་ལངས་ནས་འགྲོ་ཐུབ་ཡོད་པ་དང་། འཁར་རྟེན་མང་བོ་ཞིག་ཁེར་འགྲོ་ཐུབ་པར་གྱུར་ཡོད། འདི་ཐམས་ཅད་གཞན་ཕན་གྱི་ཐུགས་བརྩེ་ཆེན་པོ་ཞིག་མེད་ན་ནི་སོ་སྐྱེ་རང་ག་བ་ཞིག་གིས་བསྒྲུབ་ཐུབ་རྒྱུ་ཤིན་ཏུ་དཀའ་བར་སེམས། དེ་བས་ང་རང་ཉིད་ལ་མཚོན་ནའང་ཤིན་ཏུ་དཀའ་ཁག་དང་རེ་ཐག་ཆད་པའི་དུས་ལ་ཐུག་ན་མ་གཏོགས་རྒན་ཁོང་ལ་དཀའ་ལས་འོ་བརྒྱལ་གཏོད་འདོད་སེམས་ཀྱིས་མི་ནུས་ལ། དེ་ནི་ཁོང་གི་བླ་ན་མེད་པའི་ཐུགས་གཤིས་དེར་རྒྱུས་ཆེ་དྲགས་པས་རང་གི་སེམས་ནས་མ་བཟོད་པ་ཡིན།


དགུ།

 
རྒན་ལགས་གློ་བུར་དུ་འདས་གྲོངས་སུ་ཕྱིན་པ་ཐོས་པ་ནས་ད་ལྟའི་བར་དུ་ང་ལ་དོན་དེར་ཡིད་མི་ཆེས་པའམ་འདི་ནི་འཕྲུལ་སྣང་ངོ་སྙམ་པའི་སེམས་ཚོར་ཞིག་ད་དུང་ཡང་སྐྱེ་བཞིན་ཡོད། འོན་ཏེ་ཞིབ་ཏུ་བསམ་བློ་བཏང་ན་རྒན་ཁོང་ལ་མཚོན་ན། གློ་བུར་དུ་སྟ་གོན་ཅི་ཡང་མེད་པར་ཕེབས་སོང་བ་ཞིག་ཀྱང་མ་ཡིན་སྙམ་སྟེ། ཁོང་ལ་སྐྱེ་འཆིའི་ངེས་མེད་རང་བཞིན་དང་མི་རྟག་པ་ལ་རང་ཉིད་ཀྱི་ཐུགས་བསྐྱེད་ངེས་ཤེས་ཟབ་མོ་ཞིག་ཏན་ཏན་ཡོད་པ་ནི། ཁོང་གི་གློག་བརྙན་དང་། རྩོམ་རིག ཁ་བརྡ་སོགས་ལ་ཞིབ་ཏུ་ལྟ་བཞིན་བསམ་ན་གསལ་བོར་མངོན་ཡོད་སྙམ།


བཅུ།

 
ཁོང་ལྷ་སར་སྐུ་གཤེགས་པ་ཐོས་འཕྲལ་ང་རང་རྟབ་རྟབ་པོར་སྐར་མའི་རྗེས་ཆོད་ཕྱིར་ལྷ་སར་སོང་། དབུས་ལྷ་ལྡན་ནས་རྒན་ལགས་ཀྱི་གདུང་ཐལ་དང་བསྡོངས་ནས་ཕྱིར་ཕ་ཡུལ་ཁྲི་ཀར་ལོག ཁོང་གི་ཕ་ཡུལ་ནས་བདུན་ཚུགས་རྗེས་བདུན་དང་བོ་རྫོགས་རེག་བར་དུ་དེ་གར་བསྡད་པ་ཡིན། བར་སྐབས་དེར་ཁོང་གི་ནང་མི་དག་གི་ངག་ལས་བེམ་པོ་སྦྱིན་སྲེག་གི་ཤུལ་དུ་རིང་བསྲེལ་རིལ་བུ་བབས་པའང་དངོས་སུ་གོ་བས་ཁོང་ནི་ཕལ་བ་རང་ག་བ་ཞིག་མ་ཡིན་སྙམ་པའི་སྔར་གྱི་བློ་གདེང་ཆེ་རུ་ཕྱིན། ཉིན་དེ་དག་ནས་བཟུང་ངས་རང་ཉིད་ལ་གལ་སྲིད་སེམས་ཀྱི་མཆོད་ཁྲི་སྟེང་ལ་རྒན་པདྨ་ཚེ་བརྟན་ཁོང་གི་སྐུ་བརྙན་ཞིག་བཤམས་དགོས་པ་ཡིན་ཚེ་ཁོང་གི་སྐུ་བརྙན་དེ་གང་ལ་འཇོག་གམ་ཞེས་དྲི་བ་ཁོངས་འདྲི་བྱས་མྱོང་། དགོངས་ཞག་ཞེ་དགུ་ཚང་ལ་ཉེ་བའི་སྐབས་འདིར། ངས་ཡང་བསྐྱར་འདིའི་སྐོར་ནས་བསམ་བློ་གཏོང་དུས། ང་ལ་མཚོན་ན་སེམས་ཀྱི་ཟབ་སར་རང་གི་ཕ་མ་དང་བླ་མ་དགེ་བའི་བཤེས་གཉེན་ལས་གཞན་རྒན་པདྨ་ཚེ་བརྟན་ཁོང་ལྟ་བུའི་མོས་གུས་མཛད་ཡུལ་གཞན་མེད་ཅེས་བརྗོད་འདོད་བྱུང་། མི་ཚེ་འདི་ལ་སེར་བོ་གསེར་གྱི་ཀ་ཆེན་ལྟ་བུའི་སྐྱེས་བུ་ཆེན་པོ་འདི་འདྲ་ཞིག་གིས་རོགས་རེས་ལམ་སྟོན་མཛད་ནས་སྤྱན་གྱིས་མ་བོར་བ་ནི་དངོས་གནས་རང་ཉིད་ཀྱི་བསོད་ནམས་ཤིག་ཏུ་བསྒོམས་ཡོད། འབྱུང་འགྱུར་གྱི་མི་ཚེ་རིང་ཡང་ཐུང་ཡང་རྒན་ཁོང་གི་ཐུགས་གཤིས་དང་། ཡོན་ཏན། ལྷག་བསམ། སྙིང་སྟོབས། བརྟན་ཚུགས། སྤོབས་པ་སོགས་ནི་རང་ཉིད་ཀྱི་མདུན་སྐྱོད་ལམ་གྱི་མིག་ལྟོས་དང་སྒུལ་ཤུགས་སུ་འགྱུར་དགོས་ཞེས་རང་ཉིད་ལ་དྲན་སྐུལ་ཡང་ཡང་བྱེད་ཀྱིན་ཡོད།  


༢༠༢༣ལོའི་ཟླ་༦ཚེས་༢༤ཉིན་དབུས་ལྷ་ལྡན་ཞིང་དུ་སྦྱར།

གཡང་ཕྱུག་མཚོའི་ལས་སྒྲུབ་ཁང་ལས་དྲངས།  #ཟླབཞོནུ། 


#杨秀措

  

敬爱的万玛才旦老师已经离开我们,将近四十八九天了。按照我们藏人的生命观念,不管是什么样的人,去世之后的七七四十九天内都将投生世间的六道轮回之中。至于生在人天道,或是地狱道,都只由他前世修的福德与临终的因缘来决定。但我想,万玛老师这样温润如玉的谦谦君子,一定能往生极乐世界。愿他在彼岸乘愿再来,早返人间。 惊闻万玛老师猝然离世,内心久久不能平静。至今我仍觉得这是一场巨大的幻境,一场模糊迷离的噩梦。万玛老师去世后,我常常想起与万玛老师相处的点滴的细节,好像他还在我的身边,音容笑貌宛在……作为多年来受恩于老师的一名普通演员,我希望通过这些点滴的细节来怀念他的恩情。  

 

Feb 22, 2023

ཀོང་ཙེ་ལ་ཁྱེའུས་ལན་བཏབ་པ།

 

ཀོང་ཙེ་ལ་ཁྱེའུས་ལན་བཏབ་པ།


ཏུང་ཧྭོང་ཡིག་རྙིང་།


 

༅།། །། གནའ་ཀོང་ཙེ་ཤིང་རྟ་ལ་ཞུགས་ཏེ། ཤར་ཕྱོགས་སུ་འཁྱམས་ཏེ་མཆིས་པ་དང་། ཤུལ་ཀར་ཁྱེའུ་ཆུང་གསུམ་འདུག་པ་མཇལ་བ་དང་། གཉིས་ནི་རྩེ། གཅིག་ནི་རྩེ་མི་རྩེ། ངོ་འཛུམ་ཡང་གནག་ཅི་ལས་གྱུར་ཞེས་དྲིས་པ་དང་། ཁྱེའུ་གཅིག་གི་མཆིད་ནས། བདག་གིས་ཐོས་པ་ལས། ཟུང་དུ་རྩེ་ཞིང་དགའ་བ་ལས་གཅིག་སྣད་ན། འཐབ་མོའི་གཞི་སྟེ། གོས་རལ་བ་ལས་དོན་མ་མཆིས་ཏེ། གཅིག་གིས་གཅིག་སྣད་དེ་ཤི་ན། ཡར་ཏེ། ཡབ་ཡུམ་གྱི་སྙན་སྙུངས་ལ། མར་ཏེ། ཕ་ཁུའི་རྐང་འདྲེན་དུ་མཆི་བས་དེའི་ཕྱིར་མི་རྩེའོ། །ཁྱེའུ་ཁྱོད་དེ་ནས་གཞོན་ལ། དོན་མང་དུ་རིག་པ་ཅི་ལས་གྱུར། ཁྱེའུ་ན་རེ། འབྲུག་གི་བུ་བྱུང་ནས། ཞག་གསུམ་ལོན་ན། རྒྱ་མཚོ་འཕྱོ། རྟའི་བུ་བཙས་ནས། ཞག་གསུམ་ལོན་ན། ལི་བར་སྟོང་གཅོད། རི་བོང་བུ་བཙས་ནས། ཞག་གསུམ་ལོན་ན། དམྱིག་རྒྱང་གསུམ་གྱི་ས་ན། རྗེས་བཀང་། མིའི་བུ་ཞག་གསུམ་ལོན་ན། ཕ་མ་གཉིས་ངོ་ཤེས་ཏེ། དེ་ཡང་སྲིད་པ་ལགས་པ་ལ་དོན་མང་ཅི་མཆིས། ཀོང་ཙེས་སྨྲས་པ། དགེའོ། དགེའོ། ཁྱེའུ་ཁྱོད་ཅིའི་རུས། ཅིའི་མིང་ཞེས་སྨྲས་པ་དང་། ཁྱེའུ་ན་རེ། བདག་ལ་རུས་དང་། མིང་ཡང་མ་མཆིས་སོ། ཀོང་ཙེ་ན་རེ། མི་གང་ལ་མིང་མྱེད། རི་གང་ལ་རྡོ་མེད། ཆུ་གང་ལ་ཉ་མེད། ཕོ་གང་ལ་ནི་མོ་མེད། ཤིང་གང་ལ་ནི་ཡལ་ག་མེད། བུད་མེད་གང་ལ་ནི་ཁྱོ་མེད། གླང་གང་ལ་ནི་བེའུ་མེད། རྟ་གང་ལ་ནི་རྟེའུ་མེད། སྒྲོ་གང་ལ་ནི་གདན་པ་མེད། ཤིང་རྟ་གང་ལ་ནི་ཕང་ལོ་མེད། མེ་གང་ལ་ནི་དུ་བ་མེད། གྲི་གང་ལ་ནི་ཤུབས་མེད། མི་གང་ལ་ནི་མིང་མེད་རི་ཞེས་སྨྲ་བྱས་པ་དང་། ཁྱེའུ་ན་རེ། ས་སྤུང་གི་རི་ལ་ནི་རྡོ་མེད། ཁྲོན་པའི་ཆུ་ལ་ཉ་མེད། སྤྲུལ་བའི་དྲང་སྲོང་ལ་ཆུང་མ་མེད། ཤེལ་གྱི་བུ་མོ་ལ་ཁྱོ་མེད། སའི་གླང་ལ་བེའུ་མེད། ཤིང་གི་རྟ་ལ་ནི་རྟེའུ་མེད། འགྲོན་པོ་ཡན་གར་འགྲོ་བ་ལ་ཆུང་མ་མེད། ཤིང་སྐམ་པོ་ལ་ཡལ་ག་མེད། ཆན་འབའ་ལ་ཤུབས་མེད། མི་གཉིས་ཡང་པོ་ཐེག་བྱེར་བའི་ཤིང་རྟ་ལ་ཕང་ལོ་མེད། དུར་སྒྲོ་ལ་གདན་པ་མེད། སྲིན་འབུ་མེ་ཁྱེར་ལ་དུ་བ་མེད། དུར་ཁྲོད་ཀྱི་ཚོང་འདུས་ལ་ཁེ་མེད། བདག་ཀྱང་དེ་དང་འདྲ་སྟེ། རུས་དང་མིང་ཡང་མ་མཆིས་སོ་ཞེས་བྱས་པ་དང་། ཀོང་ཙེ་ན་རེ་ལེགས་སོ་ལེགས་སོ། ། བདག་གི་ཤིང་རྟ་འདིའི་ནང་ན་མིག་མངས་ཀྱང་ཡོད། བསྟེན་ཅིང་འགྲོགས་པར་དགའ་ན། དེ་ལྟར་རུང་མི་རུང་ཞེས་བྱས་པ་དང་། ཁྱེའུ་ན་རེ། བདག་གིས་ཐོས་པ་ལས། རྒྱལ་བོ་བསྟེན་ལ་དང་ཆེས་དང་། །འབངས་ཀྱི་ཁོད་མི་སྙོམས། །བློན་པོ་བསྟེན་ལ་དང་ཆེས་པས། །རླུང་ཆར་དུས་སུ་མི་འབབ། །ཚོང་བ་བསྟེན་ལ་དང་ཆེས་པས། །ཆགས་དམ་ཤོར། ཞིང་བ་བསྟེན་ལ་དང་ཆེས་དང་། །རྨོ་རྐོ་དུས་ལས་ཡོལ། །འགྲོན་པོ་བསྟེན་ལ་དང་ཆེས་དང་། །སྟོར་རླག་འབྱུང་། །བྲན་བུ་རྨོངས་པས་དང་ཆེས་པས། །གཤུལ་ཤ་ཆད། བདག་ཀྱང་དེ་བས་ན། །བསྟེན་ཅིང་འགྲོགས་པའི་ཤུགས་ཀྱང་མི་ཐུབ་ཅེས་བྱས་པ་དང་། ཀོང་ཙེ་ན་རེ། བཟང་ངོ་བཟང་ངོ་། །ཁྱེའུ་ཁྱོད་དང་ཤིང་རྟ་གཅིག་གི་ནང་དུ་ཞུགས་ཏེ། ཡུལ་ཁམས་བརྒྱུད་ཅིང་འགྲོ་ན། དེ་ལྟར་རུང་ངམ་མི་རུང་ཞེས་སྨྲས་པ་དང་། །ཁྱེའུ་ན་རེ། བདག་གི་ཕ་མ། ནན་ཐུར་ཆེའོ། །ཕའི་ཤི་བདུར་ཡང་མ་ཡིས་འཚལ། མ་སྙིང་རྗེ་ཅན་གྱི་བསོད་ནམས་བགྱི་འཚལ། ནུ་བྱུགས་ངན་པའི་སློབས་སྦྱངས་ཀྱང་བགྱི་འཚལ། ཁམས་རྒྱུ་ཞིང་མཆི་རྔོ་ཡང་མི་ཐོགས་ཞེས་བྱས་པ་དང་། ཀོང་ཙེ་ན་རེ། དགེའོ་དགེའོ་ཞེས་བྱས་ནས། ཁྱོད་འོ་སྐོལ་གཉིས་མནའ་ཐོམ་བཅད་དེ། །གསང་བས་ཀྱང་བཅད་དོ། །སྐྱེམས་གང་བྱུང་ན་ཡང་གཅིག་གིས་གཅིག་འབོད་ལ་གསོལ། །འཐབ་མོ་ཞིག་བྱུང་ན་ཡང་། གཅིག་གི་ར་མདའ་གཅིག་གིས་བྱས། ཡན་མན་དུ་འདྲུལ་ན་ཡང་ཕྲད་པར་དགའ་ན། དེ་ལྟར་རུང་མི་རུང་ཞེས་བྱས་པ་དང་། ཁྱེའུ་ན་རེ། སྐྱེམས་གདའ་བ་ལ་ཡུན་རིངས་དང་སྙན་སྙུངས་ཀྱི་གཞི་ཆེ་ལ། འཐབ་མོའི་དན་རོགས་སུ་འགྱུར་ནས། སླ་ད་རྫས་སུ་ཞེས་དྲིས་པ་དང་། ཁྱེའུ་ན་རེ། ཕ་མ་ཉེའོ། །ཀོང་ཙེས་སྨྲས་པ། ཆུང་མ་ཉེའོ། །ཆུང་མ་ཇི་ལྟར་ཉེ་ཞེས་བྱས་ན། གསོན་གྱི་ཚེ་ན་ཁྲི་སྔས་གཅིག །ཤི་བའི་ཚེ་ན་དུར་སྒོ་གཅིག་ཅེས་བྱས་པ་དང་། ཁྱེའུ་ན་རེ། ཕ་མ་ཉེ་བའི་དཔེ་ཅི་དང་འདྲ་ཞེ་ན། ཤིང་རྩ་གཅིག་དང་འདྲའོ། །ཆུང་མ་མི་ཉེ་བའི་དཔེ་ཅི་དང་འདྲ་ཞེས་ན། ཤིང་རྟ་ལ་ཕང་ལོ་བཏགས་པ་དང་འདྲའོ། །ཤིང་དྲུང་གཅིག་འགྱེལ་ན། ཡལ་ག་བརྒྱ་བསྐམས། མ་གཅིག་ཤི་ན་བུ་བཅུ་ཐང་(ལར?)་་ལུས། ཤིང་རྟ་རྙིང་བ་བཅོས་ན་གསར། ཆུང་མ་གཅིག་ཤི་སྟེ་ཡང་གཅིག་བླངས་ན། མཛངས་མ་རྙེད་ཀྱང་སྲིད། སྐར་མ་མང་བོ་འདུས་ཀྱང་ཟླ་བ་གཅིག་གི་འོད་མེད་དོ། །སྐར་ཁུང་གློ་སྐར་དྲུག་པས་སྒོ་གཅིག་འོད་གསལ་ལོ། །ཆིག་སྟོང་གི་སྐུད་པ་ཡང་། ཁབ་མིག་གཅིག་ལ་ཟད་དོ། །ནང་པོ་ཆུང་མ་ཉེ་ལ། ཕ་མ་རིང་ཞེས་རྩི་བ་ནི། མི་བླུན་པོའི་ཁམས་སུ་གཏོགས་སོ། །དཔེར་ན་ཕ་མའི་དྲིན་གླེང་ན། བརྗེད་པའི་དུས་མེད་དོ་ཞེས་བྱས་པ་དང་། ཀོང་ཙེ་ན་རེ། རབ་ཏུ་དགེ་ངས་ཁྱེའུ་ཁྱོད་ལ་སྨྲས་པ་འཇིག་རྟེན་ན་བདག་དང་སྲིད་པ་གང་འབྱུང་། ཕ་ནི་གང་། མ་ནི་གང་། ཕོ་ནི་གང་། མོ་ནི་གང་། གང་ནི་གཡོན། གང་ནི་གཡས། གང་ནི་ཕྱི། གང་ནི་ནང་། རླུང་ནི་གང་ནས་ལྡང་། ཆར་ནི་གང་ལས་འོང་། སྟོད་རིས་ནི་གང་། སྨད་རིས་གང་། གནམ་ས་གཉིས་ཀྱི་བར་དུ། ལེ་བར་དུ་སྟོང་། ཉེ་རེབ་གྱི་ལེ་བར་དུ་སྟོང་ཞིག་ཡང་ཅི་ཕྱིར་དྲིས་པ་དང་། ཁྱེའུ་ན་རེ། ཕ་འདི་ལྟར་གུད་དུ་དྲི་བའི་དོན་མེད་དོ། །གནམ་ནི་ཕའོ། །ས་ནི་མའོ། །ཉི་མ་ནི་ཁྱོའོ། །ཟླ་བ་ནི་ཆུང་མའོ། །ཤར་ཕྱོགས་ནི་གཡས་སོ། །ལྷོ་ཕྱོགས་ནི་ཕྱིའོ། །བྱང་ཕྱོགས་ནི་ནང་ངོ་། །རླུང་ནི་ཁོད་ལེན་གྱི་རི་ལས་ཀྱང་བྱུང་ངོ་། །ཆར་ནི་ཤར་བྱང་གི་རི་ལས་ཀྱང་འབྱུང་ངོ། །ཕྱུག་པོ་ནི་ཡ་རབས་ལ། དབུལ་བོ་ནི་མ་རབས་སོ། །གནམ་ས་གཉིས་ཀྱི་བར་དུ་རིང་ཐུང་ནི། སྟོང་འབུམ་ཕྲག་དགུ་བརྒྱ་དགུ་བཅུ་ཡོད་དེ། ཕྱོགས་བཞི་ཡང་གྲུ་བཞི་མཆིས་ཏེ། ནང་པོ་རྒན་རབས་ལགས་ན། བདག་ལ་དོན་སྔར་སྨྲ་བ་ཅི་ལས་ཀྱང་ཞེས་བྱས་པ་དང་། ཀོང་ཙེ་ན་རེ། ཤགས་མ་མཆིས་ནས། ལན་མ་ལོན་ཏེ། སླར་ཤིང་རྟ་བ་བསྒྱུར་ཏེ་སོང་ནས། ལི་བར་གསུམ་གྱི་བར་དུ་ཕྱིན་པ་དང་ཤུལ་ཀར་ཁྱེའུ་ཆུང་ངུ་གཅིག་ཤིང་མཛེར་གཅིག། ཆར་བྱེའུ་བཤོར་ཞིང་གསོད་དུ་རྒོལ་བ་མཐོང་ནས། ཀོང་ཙེ་ཤིང་རྟ་བསྒྱིངས་ནས། སྨྲས་པ། ཁྱེའུ་ཁྱོད་ཆར་བྱེའུ་འདི་འབྲུ་སྣ་ལྔ་མི་ཟའོ། །ཁོས་ཉེས་པ་ཅི་བྱས་ན། བུ་ཁྱོད་གསོད་དུ་རྒོལ། ཁྱེའུས་ལན་བཏབ་པ། ནང་པོ་དོན་རྨམ་གཅིག་མཁྱེན་གྱིས། རྨམ་གཉིས་མི་མཁྱེན་ནོ། །བདག་གིས་ཐོས་པ། ཁྱེའུ་ལོ་བཅོ་ལྔ་ལོན་ན། ཕའི་དམག་སྐྱིན་བགྱིད། བུ་མོ་ལོ་བཅུ་ལོན་ན། མའི་བྱན་སྐྱིན་རྔོ་ཐོགས། བྱ་བཅུ་སྐྱེས་ཞག་བརྒྱད་ལོན་ན། ཕ་མ་ཚང་བུར་བཅུག་སྟེ། ཟས་ཀྱི་ལན་འགྱོན་ནོ། །ཆར་བྱེའུ་འདི་ནི། མའི་ལྟོ་བ་ནས་བྱུང་ནས། ཉེས་པ་སེམས་ཅན་གང་ཡང་མི་འདྲ་སྟེ། ཁོང་བར་མའི་གློ་སྙིང་ཟོས་ནས་གཟོད་མའི་རྒྱབ་དྲལ་ནས་བྱུང་སྟེ། མའི་ཤི་བདུར་ནི་བགྱིད་ཀྱི། ཤི་ཁར་བྱུང་ནས། སྨྲེ་སྔག་འབའ་ཞིག་མང་། ད་ལྟར་ཁྱེའུ་ཤ་དད་ཆེ་བ་ནི་མ་ལགས་ཏེ། སྲི་ཞུ་ཆུང་བའི་བུ་ཚ་གསོད་པ་ཙམ་དུ་ཟད་ཅེས་སྨྲས་པ་དང་། ཀོང་ཙེ་ཐོས་ནས། ཤིན་བྲིད་ནས། རྔུལ་ཆུ་བཞི་བབ་སྟེ། ཤིང་རྟ་ཁ་བསྒྱུར་ཏེ་སླར་ལོག་ནས།ལོ་ཟླ་བདམས་ནས། གཟོད་ཕ་མའི་ཤི་བདུར་གླགས་བཙལ་ཏེ། གཟོད་ཕ་མ་ལ་སྲི་ཞུ་ཆེ་བའི་མིང་ཐོབ་བོ། །

ཀོང་ཙེ་ལ་ཁྱེའུས་ལན་བཏབ་པ་རྫོགས་སོ། །

༅།ཞིག་ཧྭ་ཡན་གྱིས་བྲིས་སོ། །

 

ཟླ་བ་གཞོན་ནུས་ཏུན་ཧྭོང་ཡིག་རྙིང་ལས་ཁོལ་དུ་ཕྱུང་སྟེ་ཅུང་ཟད་ཅིག་ཞུས་ཤིང་གོ་བདེར་བཅོས་པ་དགེའོ། །