གུས་པའི་སློབ་སྦྱོང་གི་བརྒྱུད་རིམ། ཆེད་རྩོམ། དགའ་ཕྱོགས། ལས་འཆར་སོགས་དང་འབྲེལ་བའི་གླེང་མོལ།
བོད་ཀྱི་དུས་བའི་བཅར་འདྲི། #TibetTimes #interview #PhD
དུས་བའི་རྩོམ་སྒྲིག་པ་པདྨ་མཚོ་དང་ལྷན་དུ། |
-->
གུས་པའི་སློབ་སྦྱོང་གི་བརྒྱུད་རིམ། ཆེད་རྩོམ། དགའ་ཕྱོགས། ལས་འཆར་སོགས་དང་འབྲེལ་བའི་གླེང་མོལ།
བོད་ཀྱི་དུས་བའི་བཅར་འདྲི། #TibetTimes #interview #PhD
དུས་བའི་རྩོམ་སྒྲིག་པ་པདྨ་མཚོ་དང་ལྷན་དུ། |
བོད་ཀྱི་སྐད་ཡིག་ནི་སྐད་ཡིག་བང་མཛོད་ནང་རྙེད་དཀའ་བའི་ནོར་བུ་ཞིག་རེད།
—སྐད་ཡིག་རིག་པ་མཁས་ཅན་སྐུ་ཞབས་ཧུ་ཐན་ལ་བཅར་འདྲི་ཞུས་པའི་ཟིན་ཐོ།
ལིན་ཞི་ཡན་གྱིས་བཅར་འདྲི་ཞུས།
བསྟན་གོས་[1]བསྒྱུར།
(བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་། བོད་ལྗོངས་ལྷ་ས༨༥༠༠༠༠)
གནད་བསྡུས། བོད་སྐད་ཆེད་མཁས་གྲགས་ཅན་སྐུ་ཞབས་ཧུ་ཐན་ལགས་ནི།
ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གི་དགེ་རྒན་ཆེན་མོ་བ་དང་།
འབུམ་རམས་པའི་སློབ་དཔོན་ཡིན་ཞིང་། ཁོང་གིས་ཀྲུང་གོ་གསར་བ་ཚུགས་པའི་དུས་མགོ་ནས་བཟུང་བོད་སྐད་ཞིབ་འཇུག་གི་ཕྱག་ལས་གནང་བ་རེད།
རྩོམ་ཡིག་འདིའི་ནང་གཙོ་བོ་བོད་ཀྱི་སྐད་དང་ཡི་གེ་གླེང་གཞིར་བཟུང་ནས།
བོད་སྐད་ཀྱི་ཡུལ་སྐད་དང་། ཡིག་སྐད།
སྒྲའི་ང་རོ་དང་དེའི་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་སྐོར་སྐུ་ཞབས་ཧུ་ཐན་ལ་བཅར་འདྲི་ཞུས་པ་བཀོད་ཡོད།།
གནད་ཚིག བོད་སྐད་ཡིག ཡུལ་སྐད། ཡིག་སྐད། སྒྲའི་ང་རོ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས]H214[ཡིག་ཚང་མཚོན་བྱང་]D[རྩོམ་གྱི་གོ་རིམ་ཨང་སྒྲིག]1005-5746(2010)01-001-10
ལིན་ཞི་ཡན། རྒན་ཧུ་ཐན་ལགས་སྐུ་ཁམས་བཟང་། ཐོག་མར་ཁྱེད་ཀྱིས་ངའི་བཅར་འདྲི་དང་ལེན་གནང་བར་བཀའ་དྲིན་ཆེ་ཞུ།
དེ་རིང་ངས་《བོད་ལྗོངས་སློབ་ཆེན་རིག་དེབ》རྩོམ་སྒྲིག་ཁང་གི་མངག་སྐུལ་ཁུར་དུ་བླངས་ནས་རྒན་ལགས་མཆོག་ལ་བོད་ཀྱི་སྐད་དང་ཡི་གེ་གླེང་གཞིར་བཟུང་བའི་གནད་དོན་འགའ་བཀའ་འདྲི་ཞུ་རྒྱུ་ཡིན།
ཁྱེད་ནི་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་བའི་མགོར་ཀྲུང་དབྱང་མི་རིགས་སློབ་གླིང་དུ་ཞུགས་ནས་བོད་སྐད་ཡིག་གཙོ་སྦྱོང་བྱས་ཤིང་།
རིམ་གྱིས་བོད་སྐད་ཞིབ་འཇུག་གི་ལམ་ལ་ཞུགས།
ལོ་དྲུག་ཅུའི་རིང་དུ་ཁྱེད་ལ་དེའི་སྐོར་ནས་ཁྱད་དུ་འཕགས་པའི་གྲུབ་འབྲས་ཐོབ་ཅིང་།
དུས་ཕྱིས་ཀྱི་རིག་གནས་པ་དག་ལ་ཕན་ཐོགས་ཡོད་པའི་ཉམས་མྱོང་ཡང་ལེགས་འབུལ་བྱས་ཡོད།
བོད་ནི་རང་རྒྱལ་གྱི་ལོ་རྒྱུས་རིང་ཞིང་རིག་གནས་ཁྱད་འཕགས་ཡོད་པའི་མི་རིགས་ཀྱི་ཡ་གྱལ་ཞིག་ཡིན་ལ།
དེ་བཞིན་བོད་སྐད་ནི་རྒྱ་ནག་སྐད་ཀྱིས་ཤར་ནས་དང་བོད་སྐད་ཀྱིས་ནུབ་ནས་བཟུང་བའི་གཉེན་བརྒྱུད་སྐད་རིགས་མང་བོ་འདུ་བའི་རྒྱ་བོད་སྐད་ཁོངས་ཁྲོད་ཀྱི་གཞི་རྐང་སྐད་རིགས་ཤིག་ཡིན་ན།
སྐབས་འདིར་རྒན་ལགས་ལ་བཀའ་འདྲི་ཞུ་རྒྱུ་སྟེ།
བོད་སྐད་ཀྱིས་ཅིའི་ཕྱིར་དུ་རྒྱ་བོད་སྐད་ཁོངས་ལོ་རྒྱུས་གཤིབ་སྡུར་རིག་པའི་ཞིབ་འཇུག་ཁྲོད་དུ་དེ་འདྲའི་གལ་ཆེའི་གོ་ས་ཟིན་པ་ཡིན་ནམ།
དགེ་རྒན་ཆེན་མོ་ཧུ་ཐན། ཐོག་མར།
བོད་ལ་ཡི་གེའི་ཟིན་འགོད་བྱུང་བ་ཅུང་སྔ་ལ་ལོ་རྒྱུས་ཡིག་ཚང་ཕུན་སུམ་ཚོགས་པོ་ཞིག་ཡོད།
བོད་ཡིག་ནི་ཧ་ལམ་སྤྱི་ལོའི་དུས་རབས་བདུན་པའི་བོད་བཙན་པོའི་རྒྱལ་རབས་སྐབས་སུ་གསར་གཏོད་བྱུང་།
ལོ་སྟོང་ཕྲག་གཅིག་ལྷག་གི་རིང་ལ།
བོད་མི་རིགས་ཀྱིས་ཡི་གེ་དེ་བེད་སྤྱད་ནས་ལོ་ཙཱ་དང་རྩོམ་པའི་བྱ་བ་རྒྱ་ཆེར་སྤེལ་བས་གཙུག་ལག་གི་གླེགས་བམ་གཏོས་རྒྱ་ཆེ་བ་ཞིག་བསྐྲུན་ཡོད་ལ།
དེ་ནི་གནའ་བོའི་བོད་སྐད་བོད་ཡིག་ཞིབ་འཇུག་བྱེད་པར་ཤུལ་བཞག་རྩ་ཆེན་པོ་ཞིག་རེད།
གཉིས་ན། བོད་ཡིག་ནི་སྒྲ་སྦྱོར་ཡི་གེ་བཟང་བ་ཞིག་རེད།
དེས་བོད་ཡིག་གསར་བཟོ་བྱེད་དུས་ཀྱི་བོད་སྐད་སྒྲ་གདངས་ག་འདྲ་ཞིག་མངོན་གསལ་བྱེད་ཐུབ།
གཞི་དེ་ལ་བརྟེན་ནས། ཡར་གནའ་གདངས་ལ་དེད་ནའང་འདྲ།
མར་དེང་རབས་ཀྱི་སྐད་གདངས་ལ་གཏུགས་པའམ། ཡང་ན་འཕྲེད་ངོས་སུ་བསྡུར་ནས་དཔྱད་ནའང་འདྲ། (བོད་ཡིག་ནི)[2]སྒྲ་སྦྱོར་མ་ཡིན་པའི་ཡི་གེ་ལས་སྟབས་བདེ་ཞིང་ཡིད་འཁེལ་རུང་བ་ཡིན། གསུམ་ན།
བོད་སྐད་ལ་ཡུལ་སྐད་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པོ་ཞིག་ཡོད་དེ།
བོད་རིགས་ནི་ཐ་གྲུ་ཡངས་ཤིང་། དུས་ཡུན་རིང་བོའི་ཁྲོད་རི་ཆུ་ཆེན་པོས་བར་ཆོད་དེ་འགྲིམ་འགྲུལ་སྟབས་ཀ་མི་བདེ་བས་ན།
ཡུལ་སྐད་ལུང་སྐད་ཆེ་ཆུང་མི་འདྲ་བ་མང་བོ་ཆགས་ཡོད།
ཡུལ་སྐད་ཀྱིས་སྐད་ཆའི་ལོ་རྒྱུས་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པོ་ཉར་འཛིན་བྱས་ཡོད་སྟབས།
ཡུལ་སྐད་རྒྱུན་གནས་སུ་ཡོད་པ་ལ་བསྔོག་ཞིབ་གཏིང་འགྲོ་བྱས་ན་སྐད་ཆ་འཕེལ་འགྱུར་གྱི་ལོ་རྒྱུས་དཔྱོད་རྟོག་བྱེད་པར་ཕན་ཐོགས་ཡོད་པ་ཡིན།
མདོར་ན། རྒྱ་བོད་སྐད་ཁོངས་ལ་ལོ་རྒྱུས་གཤིབ་སྡུར་གྱི་ཞིབ་འཇུག་བྱེད་པར།
བོད་སྐད་ནི་རྙེད་པར་དཀའ་བའི་དཔྱད་རྒྱུའི་ཐོན་ཁུངས་རིན་ཐང་ཅན་གྱི་གྲས་ཤིག་རེད།
ལིན་ཞི་ཡན། བོད་སྐད་ལ་ཡུལ་སྐད་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པོ་ཡོད་ཅེས་ཁྱེད་ཀྱིས་ད་ཅི་གསུངས་སོང་།
ངས་ཀྱང་བོད་ཀྱི་གཏམ་དཔེ་ཞིག་སྟེ་བླ་མ་རེ་ལ་ཆོས་ལུགས་རེ།
ལུང་བ་རེ་ལ་སྐད་ལུགས་རེ་ཞེས་པ་ཞིག་གོ་མྱོང་། བོད་ལ་ཡུལ་སྐད་མང་བོ་ཡོད་པ་སྟེ།
ས་ཆ་མ་འདྲ་བ་ལ་བརྟེན་ནས་ཁ་སྐད་མ་འདྲ་བ་མང་བོ་ཡོད་པ་ཡིན་ན།
རྒན་ལགས་ནས་བོད་ཀྱི་ཡུལ་སྐད་ཀྱི་བྱུང་བ་དང་། དབྱེ་བ།
དེ་བཞིན་ཡུལ་སྐད་དག་གི་ཁྱད་པར་བཅས་མདོར་བསྟན་ཞིག་ང་ཚོ་ལ་གསུང་རོགས་གནང་།
དགེ་རྒན་ཆེན་མོ་ཧུ་ཐན། ཡུལ་སྐད་ཀྱི་བྱུང་བ་ནི་ལོ་རྒྱུས་ཀྱིས་བསྐྱེད་པ་ཞིག་རེད།
སྔ་རབས་ཀྱི་བོད་ཡིག་ཡིག་ཆ་ལ་བལྟས་ན།
གནའ་རབས་བོད་སྐད་ལ་གནའ་རབས་དེ་དུས་ནས་ཡུལ་སྐད་དུ་གྱེས་པའི་རྣམ་པ་དོད་ཡོད།
སྤྱི་ལོའི་དུས་རབས་བདུན་པ་ནས་དགུ་བའི་བར་ཙམ་ན།
བཙན་པོའི་རྒྱལ་རབས་ཀྱིས་མངའ་དབང་གཅིག་ཏུ་གྱུར་བའི་རྒྱལ་ཁབ་བཙུགས་པ་དང་སྒྲ་སྦྱོར་ཡི་གེ་གསར་གཏོད་བྱས།
དེས་ཡུལ་སྐད་དག་ནང་ཕན་ཚུན་ཐག་ཇེ་ཉེ་དང་གཅིག་གྱུར་ཡོང་བ་ལ་སྐུལ་འདེད་བྱས་ཡོད།
འོན་ཀྱང་། སྟོབས་ཤུགས་རྒྱས་བཞིན་པའི་བཙན་པོའི་རྒྱལ་རབས་ཀྱིས་མངའ་ཁོངས་རྒྱ་བསྐྱེད་པ་དང་ཆབས་ཅིག
བོད་མིས་རྒྱ་ཆེ་བའི་མཚོ་བོད་མཐོ་སྒང་དུ་མ་ཟད།
མཐའ་བརྒྱུད་ཀྱི་ཡུལ་གྲུ་མང་བོ་ཞིག་ལའང་རྐང་རྗེས་བཞག་ཡོད།
འཛམ་གླིང་གི་སྒལ་སྟེང་དུ་གྲགས་པའི་མཐོ་སྒང་འདི་ཐ་གྲུ་རྒྱ་ཆེ་ཞིང་མི་གྲངས་ཉུང་ལ།
ཆུ་བྲག་ཁ་ཐུག་ཅིང་འགྲིམ་འགྲུལ་སྟབས་མི་བདེ་བ་བཅས་ཀྱི་རྐྱེན་པས་ཡུལ་སྐད་ཆགས་སླ་བ་ཡིན་ཁར།
དུས་རབས་དགུ་བའི་དུས་དཀྱིལ་སྨད་ཙམ་ན།
མངའ་དབང་གཅིག་ཏུ་གྱུར་པའི་བཙན་པོའི་རྒྱལ་ཁབ་ཞིག་འཐོར་སོང་ནས་བོད་ཀྱི་སྤྱི་ཚོགས་ནི་ཡུན་རིང་བོར་ཁ་ཐོར་དུ་གནས་པ་དེས་ལྷག་ཏུ་ཡུལ་སྐད་གྱེས་པ་ལ་ཤུགས་རྐྱེན་ཐེབས་ཡོད།
དུས་རབས་བཅུ་གཉིས་བཅུ་གསུམ་ཙམ་ན།
བོད་ཀྱི་ཆབ་སྲིད་པ་དང་རིག་གནས་པ་གྲགས་ཆེན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་《རོལ་མོའི་བསྟན་བཅོས》ཞེས་བྱ་བ་བརྩམས་ཏེ།
དེའི་ནང་དུ་བོད་མིས་སྒྲ་གདངས་འབྱིན་སྟངས་སྐོར་བཀོད་འབྲི་བྱས་ཡོད་དེ། ཇི་སྐད་དུ།
དབུས་པ་རྣམས་ཀྱིས་ལྡིར་ཞིང་འགྱུར། །གཙང་བ་འཚེར་ཞིང་གསལ་བ་ཡིན།
།གཙེར་ཞིང་མདུད་པ་མངའ་རིས་པ། །ཁམས་པ་རྣམས་ཀྱི་བརྗིད་ཅིང་གྱོང་།།
ཞེས་སུ་བཀོད་ཡོད་པར་གཞིགས་ན།
སྐབས་དེ་དུས་ནས་ཡུལ་སྐད་ཀྱི་ཁྱད་པར་མངོན་གསལ་དོད་པོ་ཆགས་ཡོད་པ་དང་།
དེ་ལ་མི་རྣམས་ཀྱིས་དོ་སྣང་ཡང་བྱེད་ཀྱི་ཡོད་པ་རྟོགས་སླ། དེ་ནས་ཉེ་རབས་སུ་སླེབས་ཚེ།
ཆབ་སྲིད་དཔལ་འབྱོར་ལ་འགྱུར་ལྡོག་བྱུང་ཞིང་འགྲིམ་འགྲུལ་སྟབས་ཀ་ཇེ་བདེར་སོང་ནས།
འབྲེལ་འདྲིས་རིམ་བཞིན་ཇེ་མང་ལ་སོང་བ་ན།
མི་རྣམས་ཀྱིས་ད་གཟོད་ཁ་སྐད་ལ་ལའི་ཁྱད་པར་ནི་ས་ཆ་ཕན་ཚུན་བར་གོ་བརྡ་མི་འཕྲོད་པའི་ཚད་དུ་ཐུག་ཡོད་པ་དེ་ཧ་གོ་བ་རེད།
དེང་རབས་བོད་སྐད་ལ་ཡུལ་སྐད་ག་ཚོད་ཡོད་མེད་ཐད།
རིག་པ་སྨྲ་བ་དག་ལྟ་བ་གཅིག་མཐུན་དུ་མ་ངེས་ཏེ།(དུས་རབས་གོང་མའི་)ལོ་རབས་ལྔ་བཅུ་བའི་ནང་རང་རྒྱལ་གྱི་རིག་གནས་པ་དག་གིས་རྟོག་ཞིབ་བྱས་པ་བརྒྱུད་རྒྱལ་ནང་གི་བོད་སྐད་ལ་དབུས་གཙང་གི་ཡུལ་སྐད།
ཁམས་ཀྱི་ཡུལ་སྐད། ཨ་མདོའི་ཡུལ་སྐད་བཅས་ཡུལ་སྐད་ཆེན་པོ་གསུམ་གྱི་ཚུལ་དུ་དབྱེ་བ་ཕྱེ་ཡོད།
དབུས་གཙང་ཡུལ་སྐད་ཀྱི་ཁྱབ་ཁོངས་གཙོ་བོ་བོད་རང་སྐྱོང་ལྗོངས་ཡིན་ལ།
ཁམས་ཀྱི་ཡུལ་སྐད་ཀྱི་ཁྱབ་ཁོངས་ནི་གཙོ་བོ་སི་ཁྲོན་དང་ཡུན་ནན་གྱི་བོད་རིགས་འདུས་སྡོད་ཀྱི་ས་ཆ་དང་།
བོད་ལྗོངས་ཀྱི་ནག་ཆུ་དང་ཆབ་མདོ་ས་ཁུལ་ཀྱི་སྐད་ཆ་ཡང་ཁམས་སྐད་ཀྱི་ཁོངས་གཏོགས་ཡིན།
ཨ་མདོའི་ཡུལ་སྐད་ནི་གཙོ་བོ་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་བོད་རིགས་འདུས་སྡོད་ཀྱི་ས་ཆ་ན་ཁྱབ་ཡོད་ལ།
སི་ཁྲོན་གྱི་རྔ་བ་དང་དཀར་མཛེས་ཁོངས་ཀྱི་ས་ཆ་ཁ་ཅིག་ནི་ཨ་མདོའི་ཡུལ་སྐད་ཀྱི་ཁྱབ་ཁོངས་ལ་གཏོགས།
ཡུལ་སྐད་ཆེན་པོ་གསུམ་གྱི་ནང་ནས། དབུས་གཙང་དང་ཨ་མདོའི་ཡུལ་སྐད་གཉིས་པོ་སོ་སོའི་ཁྱབ་ཁོངས་སུ་སྐད་ལུགས་འདྲ་སེ་ཡོད་ལ།
ཁམས་ཀྱི་ཡུལ་སྐད་ནི་རང་གི་ཁྱབ་
ཁོངས་ཀྱི་ས་ཆ་ཕན་ཚུན་བར་སྐད་ལུགས་མི་འདྲ་བའི་ཁྱད་པར་ཚེ་ཙམ་ཡོད་པས་ཁམས་ཀྱི་ཡུལ་སྐད་ལ་ད་དུང་ནང་གསེས་སུ་ཡུལ་སྐད་ཆུང་བ་དང་ཡན་ལག་གི་ཡུལ་སྐད་དབྱེ་དགོས་ཀྱི་ཡོད།
(བོད་སྐད་ལ)ཡུལ་སྐད་ཀྱི་དབྱེ་བ་འགོད་ཚེ་ད་དུང་རྒྱལ་སྤྱིའི་གནས་ཚུལ་ལ་ཡང་བསམ་བློ་གཏོང་དགོས་ཀྱི་ཡོད།
རོའི་རི་ཆི(罗里希)དང་ཉི་ཧྲི་ཐ་སུའོ(西田龙堆)གཉིས་ཀྱིས་ཡུལ་སྐད་ལྔ་ལ་དབྱེ་བ་ཕྱེ་ཡོད།
ཁོ་ཚོས་བོད་ལྗོངས་ཀྱིས་ལྟེ་བ་བྱས་ཏེ།
སྤྱི་ཡོངས་ཀྱི་བོད་སྐད་ནི་ཡུལ་སྐད་ལྔ་ཡི་རྣམ་གྲངས་ཅན་དུ་དབྱེ་འགོད་བྱས་ཡོད།
དེ་དག་ནི།1དབུས་རྒྱུད་ཀྱི་ཡུལ་སྐད།
དེ་ནི་ཧ་ལམ་དབུས་གཙང་གི་ཡུལ་སྐད་ཀྱི་ཚོད་དུ་ཁེལ་ཡོད། 2ཤར་ལྷོའི་རྒྱུད་ཀྱི་ཡུལ་སྐད།
དེ་ནི་ཁམས་ཀྱི་ཡུལ་སྐད་ཀྱི་ཚོད་དུ་ཁེལ་ཡོད། 3བྱང་ཤར་རྒྱུད་ཀྱི་ཡུལ་སྐད།
དེ་ནི་ཨ་མདོའིཡུལ་སྐད་ཀྱི་ཚོད་དུ་ཁེལ་ཡོད། 4ནུབ་རྒྱུད་ཀྱི་ཡུལ་སྐད།
དེ་ལདྭགས་ཀྱི་སྐད་དང་། སྦལ་ཏི་ཡི་སྐད། སྤྲིག་གི་སྐད། ལ་ཧུལ་གྱི་སྐད་སོགས་འདུ། 5ལྷོ་རྒྱུད་ཀྱི་ཡུལ་སྐད། དེ་ལ་སྤི་ཏི་ཡི་སྐད་དང་། ཀ་གད་ཀྱི་སྐད།
ཤར་བའི་སྐད། གྲོ་མོའི་སྐད་[3]སོགས་འདུ་བ་ཡིན།
ང་ཚོས་ད་ཡོད་ཀྱི་དཔྱད་གཞིའི་རྒྱུ་ཆ་གཞིར་བཟུང་ཐོག
རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་པའི་བོད་སྐད་ཀྱི་སྤྱི་ཁོག་གྲུབ་ཚུལ་གྱི་ཁྱད་པར་ལ་གཞིགས་ནས།
དེང་རབས་བོད་སྐད་ཀྱི་ཡུལ་སྐད་དབྱེ་སྟངས་ལ་གཤམ་གསལ་གྱི་ཇུས་གཞི་བཏོན་ཡོད། ཐོག་མར།
སྒྲའི་ང་རོ་གཞིར་བཟུང་ནས། བོད་སྐད་ལ་སྒྲའི་ང་རོ་ཡོད་པའི་ཡུལ་སྐད་དང་།
སྒྲའི་ང་རོ་མེད་པའི་ཡུལ་སྐད་གཉིས་སུ་ཕྱེ་ཡོད།
སྒྲའི་ང་རོ་ཡོད་པའི་ཡུལ་སྐད་ལ་དབུས་གཙང་དང་། ཁམས་དང་།
ལྷོ་ཕྱོགས་ཀྱི་ཡུལ་སྐད་དག་འདུ།
སྒྲའི་ང་རོ་མེད་པའི་ཡུལ་སྐད་ལ་ཨ་མདོ་དང་ནུབ་ཕྱོགས་ཀྱི་ཡུལ་སྐད་དག་འདུ་བ་ཡིན།
དེ་ནས་སླར་ཡང་བར་ཐག་ཉེ་རིང་ལ་བལྟས་ནས་ཡན་ལག་གི་ཡུལ་སྐད་དང་ཉིང་ལག་གི་ཡུལ་སྐད་ཆུང་བར་ཞིབ་དབྱེ་བྱས་ཡོད།
དཔེར་ན། དབུས་གཙང་གི་ཡུལ་སྐད་ལ་དབུས་སྐད་དང་གཙང་སྐད་གཉིས་སུ་ཕྱེ་ཞིང་།
ཁམས་ཀྱི་ཡུལ་སྐད་ཀྱང་ལྷོ་སྐད་དང་། བྱང་སྐད། འབྲོག་སྐད་བཅས་སུ་ཕྱེ་ཡོད་ལ།
དེ་བཞིན་ལྷོ་ཕྱོགས་ཀྱི་ཡུལ་སྐད་ལ་ཡང་ཀ་གད་ཀྱི་སྐད་དང་ཤར་བའི་སྐད་དུ་དབྱེ་ཡོད།
ཨ་མདོའི་ཡུལ་སྐད་ལ་རོང་སྐད་དང༌འབྲོག་སྐད་གཉིས་སུ་ཕྱེ་ཞིང་།
ནུབ་ཕྱོགས་ཀྱི་ཡུལ་སྐད་ལ་ཡང་ལ་དྭགས་ཀྱི་སྐད་དང་། སྦལ་ཏིའི་སྐད།
སྤྲིག་སྐད་བཅས་སུ་དབྱེ་ཡོད་མོད།
ཡུལ་སྐད་ལ་དབྱེ་བ་ཡང་དག་པ་ཞིག་འཁོད་རྒྱུ་ནི་ད་དུང་མུ་མཐུད་དུ་རྟོག་ཞིབ་ཟབ་པོ་བྱེད་རྒྱུ་ལ་རག་ལས་ཡོད།
ད་ནི་བོད་ཀྱི་ཡུལ་དག་གི་ཁྱད་པར་བརྗོད་པར་བྱ་སྟེ།
བོད་ཀྱི་ཡུལ་སྐད་དག་གི་ཁྱད་པར་གཙོ་བོ་སྐད་གདངས་[4]ཀྱི་ཐོག་ཏུ་ཡོད།
སྐད་གདངས་ཐོག་ནས་མང་བོ་ཡོད་ཀྱང་། ཤུགས་རྐྱེན་ཆེ་ཤོས་ཕྱོགས་གསུམ་ན་གནས།
དེ་དག་ནི་སྒྲའི་ང་རོ་ཡོད་མེད་དང་། མིང་གཞིའི་ཡི་གེ་[5]ལ་སྒྲ་ལྡན་སྒྲ་མེད་གཉིས་ཀ་ཡོད་མེད།
རྗེས་འཇུག་[6]གི་སྒྲའི་མང་ཉུང་བཅས་སོ།།
ཁྱད་པར་དོད་ས་དེ་གསུམ་གྱི་སྒོ་ནས་ཡུལ་སྐད་ཆེན་པོ་གསུམ་ལ་བལྟས་ཚེ།དབུས་དང་ཁམས་ཀྱི་ཡུལ་སྐད་ལ་སྒྲའི་ང་རོ་ཡོད་ཀྱང་།
ཨ་མདོའི་ཡུལ་སྐད་ལ་སྒྲའི་ང་རོ་མེད།
སྒྲ་ལྡན་སྒྲ་མེད་གཉིས་ཀ་ཚང་བའི་ཁྱད་ཆོས་ནི་ཁམས་དང་ཨ་མདོའི་ཡུལ་སྐད་ལ་ཡོད་ཀྱང་།
དབུས་གཙང་གི་ཡུལ་སྐད་ཀྱི་སྒྲ་གདངས་ཁྲོད་ནས་སྒྲ་ལྡན་འབའ་ཞིག་གི་མིང་གཞི་དག་སྒྲ་མེད་དུ་གྱུར་ཡོད་ལ།
སྒྲ་ལྡན་གྱི་རིགས་དེ་དག་ཀྱང་སྲོག་ཆེན་དང་སྲོག་ཆུང་དང་།
སྒྲའི་ང་རོ་དམའ་བ་ཅན་སོགས་ཀྱི་རྣམ་པར་ཆགས་ཡོད། རྗེས་འཇུག་གི་ཐད་ནས་བལྟས་ན།
ཨ་མདོ་དང་དབུས་གཙང་གཉིས་ཀྱི་ཡུལ་སྐད་ཉེ་མཚུངས་སུ་ཡོད་པ་སྟེ།
དེ་གཉིས་ཀར་རྗེས་འཇུག་གི་སྒྲ་མཅ་ཙམ་ཡོད་ཀྱང་།
ཁམས་ཀྱི་ཡུལ་སྐད་ཀྱིས་དེ་དག་གི་ལྡོག་ཕྱོགས་ནས་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་བཟུང་ཡོད་པ་ནི།
རྗེས་འཇུག་གི་སྒྲ་ལ་མགྲིན་གནས་ཀྱི་འགག་སྒྲ་[7]ཡོད་པ་མ་གཏོགས་གཞན་ཅི་ཡང་ལྷག་མེད། (ཁམས་ཀྱི་ཡུལ་སྐད)ཁྱད་ཆོས་དེའི་ཐད་ནས་དབྱི་སྐད་ཡན་ལག་པའི་སྐད་རིགས(彝语支语言)ཡོད།
ཡང་གོ་ཐུབ་ཚད་ཀྱི་ཐད་ནས་བལྟས་ན།
དབུས་དང་ཨ་མདོའི་ཡུལ་སྐད་གཉིས་ལ་ཁྱད་པར་ཆེ་བས་ཕན་ཚུན་བར་གོ་བརྡ་འཕྲོད་དཀའ་བའི་མཐའ་གཉིས་སུ་ཆད་ཡོད་ལ།
ཁམས་སྐད་ནི་དེ་གཉིས་ཀྱི་བར་ན་གནས་ཡོད།
ལིན་ཞི་ཡན། བོད་སྐད་ཀྱི་ཡུལ་སྐད་ཆེན་པོ་གསུམ་གྱི་མི་འདྲ་སའི་ཐད།
སྒྲའི་ང་རོ་ཡོད་མེད་དེ་མི་རྣམས་ཀྱིས་མཉམ་འཇོག་བྱེད་ས་གཙོ་ཆེ་ཤོས་ཤིག་རེད།
སྐད་རིགས་གཅིག་གི་ནང་དུ།
ཡུལ་སྐད་ལ་ལར་སྒྲའི་ང་རོ་ཡོད་པའི་སྣང་ཚུལ་དེ་རྒྱ་བོད་སྐད་ཁོངས་སུ་ཁྱོན་ནས་མེད་པ་མིན་ཡང་ཡོད་པ་དཀོན་པའི་ཚད་དུ་ཡོད།
འདིར་རྒན་ལགས་ནས་(ཚུལ་དེ་ལྟ་བུའི)བོད་སྐད་ཀྱི་སྒྲའི་ང་རོ་དེ་ཇི་ལྟར་བྱུང་བའི་སྐོར་མདོ་ཙམ་གསུང་རོགས་གནང་།
དགེ་རྒན་ཆེན་མོ་ཧུ་ཐན། སྒྲའི་ང་རོ་ནི་རྒྱ་བོད་སྐད་ཁོངས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་རེད།
རྒྱ་བོད་སྐད་ཁོངས་ཀྱི་སྐད་རིགས་དག་ལ་ཞིབ་འཇུག་བྱེད་ཚེ། སྒྲའི་ང་རོའི་རྣམ་པ་དང་དེའི་ལོ་རྒྱུས་ལ་རྟོག་ཞིབ་མ་བྱས་ནས་མི་འགྲིག
མི་རྣམས་ཀྱིས་སྔ་མོ་ཞིག་ནས་བོད་སྐད་ཀྱི་སྒྲའི་ང་རོའི་གནད་དོན་ལ་དོ་སྣང་བྱེད་ཀྱི་ཡོད།
སྒྲའི་ང་རོའི་བྱུང་རིམ་བྱུང་ལུགས་ལ་ངོས་འཛིན་གསལ་བོ་བྱེད་རྒྱུ་ནི།
བོད་སྐད་གདངས་ཀྱི་ལོ་རྒྱུས་ཞིབ་འཇུག་ཐད་ལ་གལ་ཆེན་ཡིན་པར་མ་ཟད། རྒྱ་བོད་སྐད་ཁོངས་ཀྱི་ལོ་རྒྱུས་གཤིབ་སྡུར་རིག་པའི་ཞིབ་འཇུག་ཐད་ལའང་རིན་ཐང་ཆེན་པོ་ཡོད།
ལོ་རྒྱུས་ཐོག་ནས་བལྟས་ན།
བོད་སྐད་ཀྱི་སྒྲའི་ང་རོ་ནི་ཕྱིས་སུ་བྱུང་བའི་སྣང་ཚུལ་ཞིག་སྟེ།
བྱུང་བ་ཕྱི་གྲས་ཤིག་རེད། ཕལ་མོ་ཆེའི་འདོད་པ་ལྟར་ན།
སྤྱི་ལོའི་དུས་རབས་བདུན་པའི་མཇུག་ཙམ་སྟེ་བོད་ཡིག་གསར་བཟོ་བྱེད་པའི་སྐབས་སུ།
བོད་སྐད་ནི་སྒྲའི་ང་རོ་མེད་པའི་སྐད་ཆ་ཞིག་རེད།
དེའི་སྐབས་སུ་(སྐད་གདངས་ཁྲོད་ཚིག་ཁྱིམ་གྱི་སྒྲ་ལ)མགོ་འཕུལ་དང་རྗེས་འཇུག་གི་སྒྲ་ཧ་ཅང་ཕོན་ཆེན་ཡོད།
(དེའི་རྗེས་སུ)ཡི་གེའི་གདངས་ཀྱི་མཐོ་དམའ་[8]ཡི་འགྱུར་བ་ནི་(ཚེག་ཁྱིམ་གྱི་སྒྲའི)འགྲོག་ཆོས་ཙམ་ཞིག་ཡིན་པ་ལས་རང་ཉིད་ལ་བརྡ་དོན་གྱི་ཁྱད་པར་འབྱེད་པའི་ནུས་པ་ད་དུང་ཆགས་མེད།
དེའི་རྗེས་ནས་ལོ་སྟོང་ཕྲག་གཅིག་ཙམ་གྱི་རིང་ལ།
བོད་སྐད་ཀྱི་འཕེལ་རྒྱས་འགྲོ་ཚད་ནི་ཡུལ་ཕྱོགས་དང་བསྟུན་ནས་མི་འདྲ་བ་བྱུང་ཡོད།
ཡུལ་སྐད་ལ་ལའི་སྐད་གདངས་ཀྱི་འཕོ་འགྱུར་འགྲོ་རིམ་ནང་རིམ་བཞིན་སྒྲའི་ང་རོའི་མ་ལག་འཕེལ་ཞིང་།
ཡུལ་སྐད་ལ་ལས་མགོ་འཕུལ་དང་རྗེས་འཇུག་གི་སྒྲ་མང་ཙམ་རྒྱུན་འཛིན་བྱས་ཡོད་པས།
(དེ་ལ)ད་ལྟའང་སྔར་བཞིན་སྒྲའི་ང་རོ་ཆགས་མེད།
ཨ་མདོའི་ཡུལ་སྐད་དང་ལ་དྭགས་ཀྱི་བོད་སྐད་ཀྱི་གནའ་གདངས་རྒྱུན་འཛིན་བྱས་པར་ཐུན་མོང་གི་ཆོས་དུ་མ་ཡོད་དེ།
དཔེར་ན། མིང་གཞིའི་ཡི་གེ་ལ་སྒྲ་ལྡན་དང་སྒྲ་མེད་ལྟོས་བཅས་སུ་གནས་ཡོད་ལ།
གསལ་བྱེད་འདུས་མ་[9]དང་རྗེས་འཇུག་གི་སྒྲ་ཕུན་སུམ་ཚོགས་པོ་ཡོད།
ཚེག་ཁྱིམ་[10]གྱི་སྒྲ་ལ་གོམས་གཤིས་ཙམ་གྱི་ང་རོ་ཡོད་ཀྱང་དེས་བརྡ་དོན་མི་འདྲ་བའི་ཁྱད་པར་འབྱེད་པའི་ལས་མི་བྱེད་པ་ཡིན།
ལོ་རྒྱུས་ཡིག་ཆ་དང་དེང་རབས་ཡུལ་སྐད་ལ་གཤིབ་སྡུར་གྱི་རྣམ་པས་བལྟས་ན།
དབུས་གཙང་དང་ཁམས་ཀྱི་ཡུལ་སྐད་ཀྱི་སྒྲའི་ང་རོའི་བྱུང་འཕེལ་ནི།
གཙོ་བོ་སྐད་གདངས་ཀྱི་ནང་རྒྱུ་སྟེ། རྗེས་འཇུག་གི་སྒྲ་མང་བོ་ཉམས་པའི་མཇུག་འབྲས་རེད།
དེའི་རྒྱུ་མཚན་གྱིས།
བོད་སྐད་ཀྱི་སྒྲའི་ང་རོའི་བྱུང་འཕེལ་ནི་ཕྱིའི་རྐྱེན་གྱིས་ཤུགས་རྐྱེན་ཐེབས་པས་མ་ཡིན་པར།
སྐད་གདངས་ནང་ལོག་གི་སྒྲིག་གཞི་ལ་སྒྲིག་སྐྱོར་ཐེབས་པའི་མཇུག་འབྲས་ཤིག་རེད།
ལྷ་སའི་ཁ་སྐད་ལ་དཔེ་བླངས་ནས་བཤད་ན།
སྒྲའི་ང་རོའི་རྣམ་པ་འབྱུང་ཞིང་དབྱེ་བ་འཕེལ་བ་ལ་རྒྱུ་རྐྱེན་སྣ་ཁ་གསུམ་སྟེ།
༡མིང་གཞིའི་ཡི་གེ་ལ་སྒྲ་ལྡན་དང་སྒྲ་མེད་ལྟོས་བཅས་སུ་ཡོད་པ་ཉམས་པ། ༢མགོ་འཕུལ་དག་གི་སྒྲ་ཟག་པ་སྟེ་ཉམས་པ།
༣རྗེས་འཇུག་གི་སྒྲ་ཡང་ཟོལ་དུ་ཕྱིན་པ་བཅས་སོ།།
ལྷ་སའི་ཁ་སྐད་ལ་དང་མགོར་སྒྲའི་ང་རོ་མཐོ་དམའ་གཉིས་སུ་བྱུང་ཞིང་།
དེ་ནི་(བཤད་མ་ཐག་པའི)འགྱུར་རྐྱེན་སྔ་མ་གཉིས་ལ་འབྲེལ་བ་ཡོད་ལ།
ང་རོ་མཐོ་དམའ་གཉིས་ལ་སླར་ཡང་ནང་གསེས་ཀྱི་དབྱེ་བ་ཐོན་པ་ནི་འགྱུར་རྐྱེན་གསུམ་པ་ལ་འབྲེལ་བ་ཡོད།
དེང་རབས་ལྷ་སའི་བོད་སྐད་ཀྱི་སྒྲའི་ང་རོ་དག་ཇི་ལྟར་བྱུང་ཞེ་ན།
དེ་ཡང་ང་རོ་མང་ཆེ་བ་ནི་གནའ་རབས་བོད་སྐད་ཀྱི་ཚེག་ཁྱིམ་མཇུག་མའི་ནང་གི་མགོ་རྔའི་ཆ་ཤས་(ལ་གནས་པའི་ཡི་གེ)ལ་དེ་བྱུང་འབྲེལ་གྱི་འབྲེལ་བ་ཡོད་ཅེས་བཤད་ཆོག
ལྷ་སའི་བོད་སྐད་དུས་ཡུན་རིང་བོའི་འཕོ་འགྱུར་འགྲོ་རིམ་ནང་།
མིང་གཞིའི་ཡི་གེར་སྒྲ་ལྡན་སྒྲ་མེད་ལྟོས་བཅས་སུ་ཡོད་པ་དེ་ཉམས་པ་དང་།
མགོ་འཕུལ་ཆད་ཅིང་རྗེས་འཇུག་དག་ཐོན་མེད་པར་སོང་བས་ན།
སྐད་གདངས་ཀྱི་མ་ལག་ནང་གི་(བརྡ་དོན་ཁྱད་པར་འབྱེད་པའི)གདངས་ཁྱད་ཧ་ཅང་ཉུང་དུ་སོང་ཡོད།
དེ་ལྟ་བུའི་གནས་ཚུལ་གྱི་འོག་ཏུ། གལ་ཏེ་(གདངས་ཁྱད་དོད་ཐབས་ལ)ཁ་གསབ་གང་འཚམས་ཤིག་མ་བྱས་ན།
སྒྲ་འདྲ་བའི་ཐ་སྙད་མང་དུ་སོང་ན་བསམ་བློ་བརྗེ་རེས་དང་འབྲེལ་འདྲིས་བྱེད་མི་བདེ་བ་ཡོང་།
གནད་དོན་ཐག་གཅོད་པའི་ཆེད་དུ།
ལྷ་སའི་སྐད་ལ་ཚེག་ཁྱིམ་གཉིས་ལྡན་གྱི་མིང་མང་དུ་བྱུང་བ་ཕུད།
ད་དུང་སྐད་གདངས་ཀྱི་ཁྲོད་དུ་དབྱངས་གསར་བ་དང་སྒྲའི་ང་རོ་བཀོལ་རྒྱུ་བྱུང་བ་རེད།
སྒྲའི་ང་རོ་ནི་སྒྲ་རྒྱུ་(音素)ལ་ལ་ཉམས་ནས་ཡལ་བའི་བྱེད་ཚབ་ཏུ་(རང་ཉིད་ཚེག་ཁྱིམ་གྱི་ནང་དུ)ཞོར་འགྲོགས་སམ་དོད་ལྷག་གི་ཚུལ་དུ་གནས་ཡོད་པ་ནས་རིམ་བཞིན་དུ་བརྡ་དོན་གྱི་ཁྱད་པར་འབྱེད་ནུས་ཅན་དུ་གྱུར་ནས།
རང་ཉིད་དབྱངས་དང་གསལ་བྱེད་ཀྱི་སྒྲ་ཚན་(音位)དང་ལྷན་དུ་འདུ་བ་རྐང་གསུམ་གྱི་ཚུལ་དུ་ཆགས་ཡོད།
(བརྡ་དོན་གྱི)ཁྱད་པར་འབྱེད་ནུས་པའི་སྒྲ་ཚན་ལ་དེ་ལྟ་བུའི་བརྗེ་སྤོར་ཡོང་བར་ཆ་རྐྱེན་དང་དུས་ཚོད་ངེས་ཅན་ཞིག་དགོས།
བརྗེ་སྤོར་བྱེད་པའི་བརྒྱུད་རིམ་ལ་མཚོན་ན།
རྟག་པར་(བརྗེ་བྱ་རྗེ་བྱེད་གཉིས་པོ)ལྷན་སྐྱེས་དང་མཉམ་གནས་བྱེད་ཅིང་།
དེ་ནས་གཅིག་(བརྗེ་བྱ)ཉམས་ནས་ཅིག་ཤོས་(རྗེ་བྱེད)སྨིན་ཡོང་བའི་བར་བརྒལ་གྱི་དུས་རིམ་ཞིག་བརྒྱུད་ཀྱི་ཡོད་པ་རེད།
ལྷ་སའི་སྐད་ལ་དཔེ་བླངས་ནས་བཤད་ན།
མིང་གཞིའི་སྒྲ་ལྡན་སྒྲ་མེད་ལྟོས་བཅས་སུ་ཡོད་པ་དག་ང་རོ་མཐོ་དམའ་ལྟོས་བཅས་སུ་ཡོད་པའི་རྣམ་པས་བརྗེས་པའམ་དེ་ལ་འགྱུར་ལྡོག་བྱུང་ཚར་ཞིང་།
རྗེས་འཇུག་ཉམས་དོད་དུ་བྱུང་བའི་སྒྲའི་ང་རོ་ལ་སླར་ཡང་དབྱེ་བ་ཐོན་པ་ནི་བར་བརྒལ་གྱི་དུས་རིམ་གནས་ཡོད།
རྗེས་འཇུག་ལ་ལའི་སྒྲ་ཉམས་ཞན་དུ་སོང་ན་ཡང་རྩ་བ་ནས་ཡལ་བའི་ཚད་དུ་སོང་མེད་(-s-d-g=?)དེ།
རྗེས་འཇུག་ལ་ལ་གོ་མེད་ཚོར་མེད་དུ་སོང་ཡང་རྗེས་ཤུལ་རྩ་བ་ནས་ཡལ་བ་མ་ཡིན་ཏེ། དཔེར་ན།
དབྱངས་ཀྱི་སྦུབས་སུ་(རྗེས་འཇུག་དེའི)སྒྲ་རྫས་ཅུང་ཟད་རེ་ལྷག་བསྡད་ཡོད་པ་ལྟ་བུ།
དེའི་སྟབས་ཀྱིས་མཉམ་སྐྱེས་ལྷན་གནས་ཀྱི་སྣང་ཚུལ་མང་བོ་ཡོད་པ་དཔེར་ན།
འགག་སྒྲའི་རྗེས་འཇུག་དང་ང་རོ་མཐོ་འབབ་གཉིས་ལྷན་སྐྱེའམ་མཉམ་གནས་སུ་ཡོད་པ་ལྟ་བུ་སྟེ།
གནས་ཚུལ་དེ་དག་གིས་སྐད་རིག་སྨྲ་བ་རྣམས་ལ་(སྒྲའི་ནུས་པའི)གཙོ་ཕལ་འབྱེད་པའི་དུས་སུ་མགོ་ན་རུ་འཇུག་གིན་ཡོད་པ་རེད།
དེའི་སྟབས་ཀྱིས་ལྷ་སའི་སྐད་ཀྱི་སྒྲའི་ང་རོ་དབྱེ་སྲོལ་མི་འདྲ་བ་མང་དུ་བྱུང་བ་སྟེ།
དེ་ཡང་འགའ་རེས་སྒྲ་བརྟག་ཚུལ་ནོར་ནས་དབྱེ་སྟངས་ཤིག་བཤད་ཀྱི་ཡོད་པ་ཕུད།
(དབྱེ་སྲོལ་མང་བའི་གནད་ཐུག་ས)གཙོ་བོ་(གཙོ་ཕལ་འབྱེད་དཀའ་བའི)གནད་དོན་དེ་ལ་འབྲེལ་བ་ཡོད་པ་རེད།
དབྱེ་སྲོལ་དེ་དག་ཅི་ཞིག་ལྟར་ན་ཡང་།
སྒྲའི་ང་རོ་ནི་ལྷ་སའི་སྐད་ཀྱི་སྒྲ་གདངས་མ་ལག་ཁྲོད་དུ་མེད་ཐབས་མེད་པའི་གྲུབ་ཆ་ཞིག་ཏུ་ཆགས་ཚར་བ་རེད།
(བོད་སྐད་ལ)སྒྲའི་ང་རོ་འཕེལ་བ་ནི་བོད་སྐད་(ཁམས་དང་དབུས་གཙང་གི་ཡུལ་སྐད)འཕེལ་འགྱུར་གྱི་ལོ་རྒྱུས་ཐོག་ཏུ་དུས་རབས་ཕྱེ་བའི་རྟགས་མཚན་ཞིག་ཡིན་ནོ།།
ལིན་ཞི་ཡན། དགེ་རྒན་ཧུ་ལགས།
བོད་སྐད་ལ་ཡུལ་སྐད་མང་ཞིང་། ཁྱད་པར་ཡང་ཆེ་ཙམ་ཡོད་ན་ཡང་།
བོད་ཡིག་གི་འབྲི་འགོད་བྱུང་ནས་ལོ་ཆིག་སྟོང་ལྷག་གི་འཕོ་འགྱུར་བརྒྱུད་རིམ་ནང་དུ།
ཐུན་མོང་གི་འགྱུར་ཆོས་ཏེ། འཕོ་འགྱུར་འགྲོ་སྟངས་ལ་གཅིག་གྱུར་གྱི་ཁ་ཕྱོགས་འདྲ་ཡོད་པ་རེད་དམ།
དགེ་རྒན་ཆེན་མོ་ཧུ་ཐན། བོད་སྐད་ཀྱི་སྤྱིའི་འཕོ་འགྱུར་འགྲོ་ཕྱོགས་ནི་མིང་གཞི་དང་རྗེས་འཇུག་ཉུང་སྟབས་སུ་འགྲོ་བ་དེ་རེད།
དེ་ཡང་ཉུང་སྟབས་སུ་འགྲོ་ཚད་མི་འདྲ་ན་ཡང་།
ང་ཚོ་ལ་ཧ་གོ་རྒྱུ་ཞིག་ཡོད་པ་དེ་ནི་ཡུལ་སྐད་གང་ལ་མཚོན་ནའང་དེའི་མིང་གཞི་དང་རྗེས་འཇུག་གི་མ་ལག་གྲུབ་ཚུལ་གནའི་བོད་སྐད་བཞིན་མང་འཛོམས་ཡོད་པ་ཞིག་མ་རེད།
(ཚེག་ཁྱིམ་ནང་དུ་སྒྲ་རྒྱུ་འདུ་ཚད)སྟབས་བདེར་ཕྱོགས་པའི་ཡུལ་སྐད་ལ་སྒྲའི་ང་རོ་འཕེལ་ཡོད་པ་དང་།
སྟབས་བདེར་ཕྱོགས་པ་ཉུང་ས་ཡིན་པའི་ཡུལ་སྐད་ལ་སྒྲའི་ང་རོ་བྱུང་མེད།
བོད་སྐད་ཀྱི་གནས་ལུགས་དེ་ནི་མི་རྣམས་ཀྱིས་ཧ་ཅང་དོ་སྣང་བྱེད་ས་ཞིག་རེད།
བོད་སྐད་ནི་ཐ་སྙད་ཕུན་སུམ་ཚོགས་པོ་ཡོད་པའི་སྐད་ཆ་ཞིག་རེད།
ལོ་ཟླ་རིང་མོའི་ནང་དུ། བོད་རིགས་ཀྱིས་མིང་བརྡ་ཕོན་ཆེན་གསར་སྐྲུན་བྱས་ཡོད་ལ།
གཡར་མིང་ཡང་ཚད་ངེས་ཅན་ཞིག་གཡར་ལེན་བྱས་ཡོད།
ཐ་སྙད་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ནས་བལྟས་ན།
བོད་སྐད་(གཙོ་བོ་ཡིག་སྐད)ཀྱིས་ཐ་སྙད་བཟོ་བའི་གཞི་འཛིན་ཕྱོགས་ནི་མ་སྐད་ནང་གི་མིང་རྒྱུ་བཀོལ་བ་དེ་ཡིན།
དེ་ཡང་རྒྱ་གར་གྱི་ནང་ཆོས་རིག་གནས་ནང་འདྲེན་བྱས་པའི་ཐད་ནས་ཡིན་འང་འདྲ།
དེང་རབས་ཚན་རིག་ལག་རྩལ་གྱི་མིང་བརྡའི་ཐད་ནས་ཡིན་ནའང་འདྲ།
གཡར་མིང་མི་ཉུང་བ་རེ་ཡོད་ནའང་།
རང་བཟོ་བྱས་པའི་མིང་བརྡ་ཡིས་གོ་ས་ཤུགས་ཆེན་བཟུང་ཡོད་པ་ཡིན་ཏེ། དང་ཐོག་གཡར་མིང་དུ་བྱུང་བའི་མིང་བརྡ་ཡིན་པ་ལ་ཕྱིས་སུ་བསྒྱུར་མིང་གིས་ཚབ་བྱས་པའང་མི་ཉུང་བ་རེ་སྣང་།
དམངས་ཁྲོད་ཀྱི་འབྲེལ་ཐུག་དང་ངག་ཐོག་གི་གཏམ་གླེང་ཁྲོད་དོགས་འཛེམས་བྱེད་དགོས་པ་མི་མང་།
ག་རེ་སྟབས་ཀ་བདེ་ན་ག་རེ་བཀོལ་ཆོག་པ་ཞིག་རེད།
གཡར་མིང་ལ་མཚོན་ན་རྒྱ་སྐད་ལས་གཡར་བའི་མིང་མང་ཤོས་རེད།
བརྡ་སྤྲོད་ཀྱི་ཐད་ནས།
སྒྲའི་རྣམ་འགྱུར་ནི་རྒྱ་ནག་གི་སྐད་ཆ་ལས་དར་རྒྱས་ཆེ་ན་ཡང་།
དེ་ཡང་གནའ་ནས་ད་བར་དུ་ཚད་མི་འདྲ་བའི་སྒོ་ནས་ཉུང་སྟབས་སུ་ཕྱིན་ཡོད།
ཚིག་གྲོགས་ཀྱི་ནུས་པ་ཅན་གྱི་རྐྱེན་མང་དུ་འགྲོ་བཞིན་ཡོད་ལ།
བརྟག་མཚན་ཅན་གྱི་བརྡ་ཐབས་[11](分析性手段)ཀྱིས་རིམ་བཞིན་རྟགས་འགྱུར་ཅན་གྱི་བརྡ་ཐབས་(综合性手段)ཀྱི་ཚབ་བྱེད་ཀྱི་ཡོད།
མིང་ཚིག་གི་མཐའི་རྣམ་དབྱེའི་ཕྲད་(名词后的助词)དང་བྱ་ཚིག་གི་མཐའི་ཚིག་གྲོགས་(动词后的助词)ནི་བོད་སྐད་ཀྱི་ཚིག་གི་བརྡ་དོན་དབྱེ་ཞིང་གོ་བའི་ཐབས་གཙོ་ཁག་ཅིག་ཡིན།
རྒྱུན་བཀོལ་ཚིག་གི་གྲུབ་ལུགས་རིགས་གསུམ་ཡོད་པར་བརྡ་ཐབས་ཀྱིས་ནུས་པ་ཐོན་སྟངས་ཀྱི་གཙོ་ཕལ་དེ་གོ་རིམ་དུ་བསྒྲིགས་ན།
ཚིག་གྲོགས་ཀྱི་ནུས་པ་ནི་ཨང་དང་བོ། ཚིག་ཕྲད་ཀྱི་ནུས་པ་ནི་ཨང་གཉིས་པ།
ཚིག་གི་གོ་རིམ་སྒྲིག་སྟངས་ཀྱི་ནུས་པ་ནི་ཨང་གསུམ་པ་ཡིན།
ཚིག་གྲུབ་སྣ་ཚོགས་ལས་བྱ་ཚིག་ཞུགས་པའི་ཚིག་གྲུབ་ཆེས་མང་ལ།
ཤུགས་རྐྱེན་ཆེ་ཤོས་ཀྱང་དེ་ཡིན། ལོ་རྒྱུས་བརྒྱུད་རིམ་ནང་དུ།
མིང་ཚིག་རང་བཞིན་གྱི་གསལ་ཚིག་དང་རྒྱན་ཚིག་རང་བཞིན་ཅན་གྱི་གསལ་ཚིག་[12]ལ་ལས་ཚིག་རྗེས་མཐུན་པ་ཡིན་(རེད)དང་།
ཡོད་(འདུག)ཅེས་པའི་ཚིག་མཐའ་རིམ་བཞིན་མང་དུ་འགྲོ་བཞིན་ཡོད་པ་དེས་བོད་སྐད་ནི་ཚིག་རྔ་བྱ་ཚིག་ཅན་གྱི་སྐད་རིགས་དཔེ་མཚོན་པ་ཞིག་ཡིན་པ་མཚོན་ཡོད།
ལིན་ཞི་ཡན། བོད་ཀྱི་ཁ་སྐད་བར་ལ་ཁྱད་པར་ཆེ་བ་ཁྱེད་ཀྱིས་གསུངས་པ་ནང་བཞིན་རེད།
ཡུལ་སྐད་ལ་ལའི་ཧེ་བག་ནི་ཕན་ཚུན་བར་གོ་བརྡ་འཕྲོད་མི་ཐུབ་པའི་ཚད་དུ་སླེབས་ཡོད།
ཡིན་ན་ཡང་ཡིག་སྐད་ནི་ཧ་ཅང་གིས་གཅིག་གྱུར་ཡིན་ལ།
དེ་ནི་དམངས་ཡོངས་ཀྱི་སྐད་ཆ་གཅིག་གྱུར་ཡིན་པའི་རྟགས་མཚན་ཡང་རེད།
གནས་ཚུལ་དེ་ལྟ་བུ་འབྱུང་བ་ལ་ངེས་པར་དུ་ལོ་རྒྱུས་ཀྱི་རྒྱུ་རྐྱེན་དམིགས་བསལ་བ་རེ་ཡོད་པ་ཡིན་ནམ།
དགེ་རྒན་ཆེན་མོ་ཧུ་ཐན། བོད་ལ་ཡི་གེ་བྱུང་བའི་ལོ་རྒྱུས་རིང་མོ་ཡོད།
བོད་ཡིག་གིས་བྲིས་པའི་ལོ་རྒྱུས་ཡིག་ཆ་གཞིར་བྱས་ན།
སྲོང་བཙན་སྒམ་པོ་(སྤྱི་ལོ་༦༥༠)ཁྲི་ལ་མ་འཁོད་སྔོན་བོད་ལ་ད་དུང་ཡི་གེ་བྱུང་མེད།
སྲོང་བཙན་སྒམ་པོས་ཆབ་སྲིད་བསྐྱངས་ཏེ། སྔ་ཕྱིར་ཀོང་བོ་དང་། ཉིང་བོ། དྭགས་པོ།
སུམ་པ་དང་ཞང་ཞུང་སོགས་དབང་དུ་བསྡུས་ཤིང་བོད་ཀྱི་སྲིད་དབང་གཅིག་གྱུར་བྱུང་བའི་བཙན་པོའི་རྒྱལ་རབས་ཐོག་མ་བཙུགས་ནས་མི་རིགས་གཞན་ལ་འབྲེལ་ཐུག་དང་དམག་འཐབ་བྱེད་པའི་རིང་དུ།
ཡི་གེ་མེད་པའི་དཀའ་ཁག་གི་མྱོང་བ་ཟབ་མོ་ཐོབ་ནས།
ཐོན་མི་སམ་བྷོ་ཊ་སོགས་གསེར་མང་བོ་དང་བཅས་བརྫངས་ཏེ།
རྒྱ་གར་དང་ནུབ་ཀྱི་རྒྱལ་ཁབ་གཞན་དག་ཏུ་སངས་རྒྱས་ཆོས་ལུགས་དང་སྒྲ་རིག་པ་སློབ་སྦྱོང་བྱེད་དུ་བཏང་།
ཐོན་མིས་སློབ་གཉེར་མཐར་ཕྱིན་ནས་ཕྱིར་བོད་དུ་ལོག་སྟེ། ལཉྫའི་ཡི་གེ་ཕྱིར་བྱས་ཤིང་།
བོད་སྐད་ཀྱི་དོན་དངོས་ལ་གཞིགས་ནས་བོད་ཡིག་བཟོས།
ཡི་གེ་དེའི་ཐོག་ནས་བོད་ཀྱི་ཡི་གེ་དང་སྒྲའི་བསྟན་བཅོས་བརྒྱད་བརྩམས།
སངས་རྒྱས་ཆོས་ལུགས་ཀྱི་གཞུང་ཡང་དུ་མ་ཞིག་བོད་ཡིག་ཏུ་བསྒྱུར་བས་ན།
ཕྱི་རབས་པས་ཁོང་ལ་ཡི་གེའི་བྱེད་པོ་ཞེས་པའི་མཚན་གསོལ་བ་ཡིན་ནོ།། ལོ་རྒྱུས་དེར་ངོ་མཚར་བའི་གཏམ་རྒྱུད་ཀྱི་ཤན་འདྲེས་ན་ཡང་།
ཁ་ཚོན་གཅོད་ཆོག་པ་ཞིག་ནི་བོད་ཡིག་གསར་དུ་བཏོད་པ་དེ་གནའ་རབས་བོད་ཀྱི་སྤྱི་ཚོགས་ཀྱི་ཡར་རྒྱས་ལ་འབྲེལ་བ་ཟབ་མོ་ཡོད་པ་སྟེ།
ཐུ་བྷོད་རྒྱལ་རབས་གཅིག་གྱུར་དང་སྟོབས་ཆེན་པོ་ཆགས་པ་ཡིས་ཡི་གེའི་གསར་གཏོད་ལ་སྐུལ་འདེད་ཐེབས་ཤིང་།
ཡི་གེའི་གསར་བཏོད་ཀྱིས་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་ལ་སྐུལ་འདེད་བྱུང་ཡོད་པ་ཡིན།
དེང་སང་ཉར་ཚགས་སུ་ཡོད་པའི་བོད་ཡིག་གི་ཡིག་ཆ་གསར་བཏོད་ཀྱིས་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་ལ་སྐུལ་འདེད་བྱུང་ཡོད་པ་ཡིན།
དེང་སང་ཉར་ཚགས་སུ་ཡོད་པའི་བོད་ཡིག་གི་ཡིག་ཆ་རྙིང་ཤོས་ནི་དུས་རབས་བརྒྱད་པ་དགུ་བའི་སྐབས་སུ་ཤུལ་བཞག་བྱུང་བའི་ཡིག་ཆ་ཡིན།
དེ་ལ་ཐུན་མོང་གི་འབོད་ཚུལ་དུ་བཙན་པོའི་དུས་སྐབས་ཀྱི་ཡིག་ཆ་ཞེས་ཟེར།
དེའི་རྣམ་པ་ལ་ཤིང་གི་བྱང་བུ་དང་ཁྲམ་བུ་ཡོད་ལ། ཤོག་དྲིལ་ཀོ་དྲིལ་དང་།
ལྕགས་དང་རྡོ་ལ་བརྐོས་པ་སོགས་ཡོད།
ནང་དོན་ལ་མནའ་འབྲེལ་བྱས་ཚུལ་དང་མཆོད་སྦྱིན་བཏང་རབས་ཡོད་ལ། ལོ་རྒྱུས་ཡིག་ཚག་དང་ནང་ཆོས་ཀྱི་གཞུང་སོགས་ནི་མང་ཤོས་ཡིན།
དཔེར་ན།
པོ་ཏ་ལའི་མདུན་གྱི་རྡོ་རིང་ཕྱི་མ་(ཞོལ་རྡོ་རིང་)དང་གཙུག་ལག་ཁང་སོགས་སྔོན་གྱི་ཁྲང་ཆིང་མནའ་འབྲེལ་རྡོ་རིང་།
ཏུན་ཧོང་གི་བྲག་ཕུག་ནས་ཐོན་པའི་བོད་ཡིག་ལག་བྲིས་མ་འབོར་ཆེན་དང་།
ཞིན་ཅང་གི་བྱེ་སའི་འོག་ནས་ཐོན་པའི་བོད་ཡིག་ཤིང་ཁྲམ་སོགས་ཀྱིས་མཚོན།
སྐབས་དེའི་བོད་ཡིག་ལ་དེང་རབས་བོད་ཡིག་དང་མི་འདྲ་བའི་ཁྱད་ཆོས་མང་བོ་ཡོད། དཔེར་ན།
ཡི་གེའི་དག་ཆ་གཏན་ཆགས་བྱུང་མེད་པས་ཡིག་ཐོབ་མ་འདྲ་བ་མང་ལ།
དེང་སང་སྤྱོད་རྒྱུན་ན་མཐོང་དུ་མེད་པའི་རྟགས་སམ་རྐྱེན་གྱི་ཡི་གེ་དང་།
སྒྲ་སྦྱོར་བྱེད་སྟངས་མ་འདྲ་བ་སོགས་ཡོད། མདོར་ན།
དུས་རབས་༧-༩བར་གྱི་བཙན་པོའི་དུས་སྐབས་ཀྱི་ཡིག་ཆ་ནི་བོད་ཀྱི་ཡིག་སྐད་སྤེལ་བའི་མགོ་མ་དང་རྨང་འདིང་བའི་དུས་རིམ་ཡིན་ལ།
གནའ་ཡིག་དེ་རིགས་ནི་གནའ་རབས་བོད་སྐད་ལ་ཞིབ་འཇུག་བྱེད་པར་ཆེས་རིན་ཐང་ཆེ་བའི་དཔྱད་གཞི་ཡིན།
སྔ་རབས་བོད་ཡིག་གི་སྤྱོད་སྒོ་གཙོ་བོ་ཞིག་ནི་ཆོས་གཞུང་བསྒྱུར་རྒྱུ་དེ་རེད།
བཙན་པོའི་རྒྱལ་གཞིས་སངས་རྒྱས་ཆོས་ལུགས་ལ་དད་གུས་ཆེ་བས།
ཆེད་དུ་སྒྲ་སྒྱུར་གླིང་བཙུགས་ཤིང་།
ལོ་ཙཱ་བ་གདན་འདྲེན་ཞུས་ནས་ནང་ཆོས་ཀྱི་གཞུང་མང་བོ་བོད་ཡིག་ཏུ་བསྒྱུར་རོ།།
(སྤྱི་ལོ་)༨༢༤ལོར་གྲུབ་པའི་དཀར་ཆག་ལྡན་དཀར་མ་ལ་འཁོད་པ་ལྟར་ན། (དེའི་སྐབས་ནས་)བསྒྱུར་གཞུང་སྣ་ཁ་(བམ་པོ་)དྲུག་བརྒྱ་བདུན་བརྒྱ་ཙམ་ཡོད་ལ།
དེའི་ནང་དུ་རྒྱ་ནག་གི་ཡི་གེ་ལས་བསྒྱུར་བ་ཁོ་ན་སྣ་ཁ་སུམ་ཅུ་སོ་གཅིག་ཙམ་ཡོད།
དུས་རབས་བཅུ་བཞི་བའི་ནང་བསྒྲིགས་པའི་བོད་ཡིག་གི་འགྱུར་མཛོད་ཆེན་མོ་སྟེ།
ཁག་གཉིས་སུ་ཕྱེ་བའི་བཀའ་འགྱུར་དང་བསྟན་འགྱུར་དག་གི་ནང་དུ་དཔེ་ཆ་སྣ་ཁ་༤༥༠༠ལྷག་བསྡུས་ཡོད།
དེ་ལྟ་བུའི་ལོ་ཙཱའི་བྱ་གཞག་ཆེན་མོའི་སྒྲིག་འཛུགས་ལོ་བརྒྱ་ཕྲག་དུ་མའི་རིང་ལ་རྒྱུན་འཁྱོངས་བྱས་པ་དེས།
བོད་སྐད་ཀྱི་ཡིག་སྐད་རྨང་ཆགས་པ་དང་དར་རྒྱས་འགྲོ་བ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།
གཞན་ཡང་། བོད་སྐད་ཀྱི་ལོ་རྒྱུས་ཐོག་ཏུ་མིང་གྲགས་ཡོད་པའི་ཡི་གེའི་བསྒྱུར་བཅོས་སམ།
བརྡ་ཆད་བཀས་བཅད་དམ། དག་ཡིག་ཚད་ལྡན་དུ་བཏང་བ་སོགས་བྱུང་བ་ལོ་ཙཱ་བའི་མཛད་རྗེས་ཡིན།
དེ་དག་ལས་ཤུགས་རྐྱེན་ཆེ་ཤོས་དང་ད་ཡོད་བོད་ཡིག་གི་རྨང་གཞི་བཏིང་བའི་བསྒྱུར་བཅོས་ཐེངས་གཅིག་བྱུང་བ་དེ་ནི་དུས་རབས་དགུ་བའི་ནང་ཡིན་ཏེ།
དེ་ཡང་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན།
ཞང་ཡེ་ཤེས་སྡེ་ཡིས་གཙོར་བྱས་པའི་སྐབས་ཐོག་དེའི་ལོ་ཙཱ་བའི་སྡེ་ཡིས་སྐབས་དེའི་ཡི་གེའི་སྦྱོར་ཀློག་དང་བྲིས་གཟུགས་ལ་རྙོག་འཛིང་ཡོད་པ་དང་།
བསྒྱུར་བའི་མིང་བརྡ་གཅིག་གྱུར་མིན་པ།
གནའ་དེང་གི་བརྡ་སྲོལ་ལ་ཁྱད་པར་ཡོད་པ་སོགས་ཀྱི་གནས་ཚུལ་ལ་ལྟོས་ནས།
འབྲི་གཟུགས་ཚད་ལྡན་གཏོང་རྒྱུ་དང་། བསྒྱུར་བའི་ཐ་སྙད་གཅིག་གྱུར་ཡོང་དགོས་པ།
ཀློག་མི་བདེ་ཞིང་གོ་དཀའ་བའི་བརྡ་རྙིང་སོགས་སྤངས་ནས།
ཡུལ་དུས་ཀྱི་དགོས་མཁོ་དང་བསྟུན་པའི་ཀློག་བདེ་ཞིང་གོ་སླ་བའི་ཐ་སྙད་བཀོལ་དགོས་པའི་ལྟ་ཚུལ་བཏོན་པ་ལ།
སྐབས་དེའི་སྲིད་སྐྱོང་བའི་མོས་མཐུན་དང་རྒྱབ་སྐྱོར་ཐོབ་སྟེ།
རྒྱལ་བོས་བཀའ་ཁྲིམས་བསྒྲགས་པའི་སྒོ་ནས་བསྒྱུར་བཅོས་ལག་ལེན་དུ་བསྟར་བ་རེད།
དེ་ལ་དཔེར་ན།
སྒྲ་སྒྱུར་གླིང་སོ་སོས་རང་འདོད་དང་ཡུལ་སྐད་གོམས་གཤིས་ཀྱི་ཐོག་ནས་བརྡ་ཆད་གསར་བ་བཟོ་མི་ཆོག་པ་དང་།
གལ་ཏེ་མིང་བརྡ་གསར་བ་བཟོ་དགོས་ཀྱི་ཡོད་ན། བརྡ་ཆད་དེ་སྐད་རིགས་དང་གཞུང་གང་ནས་བྱུང་ཙུལ་དང་དེ་ལྟར་བསྒྱུར་བཟོ་བྱེད་དགོས་པའི་རྒྱུ་མཚན་གྱི་གསལ་བཤད་དང་བཅས་པ་ཆོས་ཀྱི་མཁན་པོ་དང་ལོ་ཙཱ་བའི་སྤྱན་སྔར་ཕུལ་ནས་ཞུ་དག་གཏན་འབེབ་གནང་དུ་གསོལ་རྒྱུ་དང་།
ཞུ་དག་གཏན་འབེབ་ཐོབ་རྗེས་ད་གཟོད་(གསར་བཟོ་བྱས་པའི་མིང་བརྡ་)ཚིག་མཛོད་ཀྱི་དཀྱུས་སུ་འཇུག་ཆོག་པ་སོགས་གཏན་འབེབས་བྱས་པ་རེད།
བསྒྱུར་བའི་བརྡ་ཆད་གཅིག་གྱུར་ཡོང་བའི་ཆེད་དུ།
དེའི་རྗེས་སུ་སཾ་བོད་ཤན་སྦྱར་གྱི་ཚིག་མཛོད་དེ་《སྒྲའི་བྱེ་བྲག་རྟོགས་བྱེད་ཆེན་མོ》ཞེས་བྱ་བའང་བསྒྲིགས་ཡོད་ལ།
དེར་བརྡ་ཆད་ཁྲི་ལ་ཉེ་བ་ཙམ་བསྡུས་ཡོད་པ་རེད།
དག་ཡིག་འཛིན་བདེ་ཡོང་ཆེད་དང་བྲིས་གཟུགས་མི་འདྲ་བ་འདོར་བའི་ཆེད་དུ།
བསྒྱུར་བཅོས་དེའི་ཁྲོད་དུ་སྐད་ཆའི་འཕོ་འགྱུར་གྱི་འགྲོས་ལྟར་གནའ་གདངས་མི་ཀློག་པའི་ཡི་གེ་དང་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་བའི་ཡི་གེ་འགའ་རེ་དོར་ཡོད།
བོད་ཡིག་གི་ལོ་རྒྱུས་ཐོག་ཏུ།
ཐེངས་དེའི་བོད་ཡིག་ཚད་ལྡན་ཅན་དུ་གཏོང་བའི་ལས་འགུལ་ལེགས་འགྲུབ་བྱུང་བ་དེས་དུས་རབས་ཀྱི་མཚམས་ཕྱེ་བའི་ནུས་པ་ཐོན་ཡོད།
སྐབས་དེའི་བསྒྱུར་བཅོས་བརྒྱུད། བོད་ཡིག་གི་དག་ཡིག་རྩ་བའི་ཆ་ནས་གཞི་ཚུགས་ཤིང་།
འབྲི་སྟངས་མི་འདྲ་བའི་ཡིག་ཐོབ་ཕལ་ཆེར་དོར་ཐུབ་པ་བྱུང་ཞིང་།
ཆོས་གཞུང་བསྒྱུར་བའི་སྐད་ཆ་གཅིག་གྱུར་ཕྱོགས་སུ་བསྐྱོད་དེ།
ཡིག་སྐད་ནི་སྔར་ལས་ཀྱང་དར་རྒྱས་བྱུང་བ་ཡིན་ནོ།།
བོད་ཡིག་ཡོད་པ་ནས་བཟུང་།
བོད་ལ་ལོ་རྒྱུས་རིག་པ་དང་རྩོམ་རིག་ཕྱོགས་ཀྱི་བརྩམས་ཆོས་མང་བོ་ཐོན་ཞིང་།
གནམ་རིག་དང་། སྨན་དཔྱད་རིག་པ། སྐར་རྩིས་རིག་པ།
བརྡ་སྤྲོད་རིག་པ་སོགས་ཀྱི་ཕྱོགས་ནས་ཀྱང་མིང་གྲགས་ཡོད་པའི་བརྩམས་ཆོས་མི་ཉུང་བ་བྱུང་བ་སོགས་ཀྱིས་བོད་ཡིག་ཁྱབ་གདལ་གཏོང་བ་དང་།
བོད་ཀྱི་ཡིད་སྐད་ཕུན་སུམ་ཇེ་ཚོགས་དང་དར་རྒྱས་གོང་འཕེལ་འགྲོ་བ་ལ་ནུས་པ་ཆེན་པོ་ཐོན་ཡོད།
སྤྱི་ཚོགས་འཚོ་བའི་འགྱུར་ལྡོག་གི་འགྲོས་དང་བསྟུན་ནས།
བོད་ཡིག་གི་སྤྱོད་ཁོངས་ནི་ཆོས་ལུགས་རིག་གནས་དང་རྩོམ་རིག་གི་ཁོངས་ཙམ་མ་ཡིན་པར།
རིམ་བཞིན་ཆབ་སྲིད་དཔལ་འབྱོར་དང་ཚན་རིག་ལག་རྩལ་གྱི་ཁོངས་བརྟོལ་ནས།
བོད་ཀྱི་ཡིག་སྐད་ནི་ཚད་ཇེ་སྨིན།
ནུས་ཁྱབ་ཇེ་ཆེའི་ཁ་ཕྱོགས་སུ་དར་རྒྱས་འགྲོ་བཞིན་ཡོད་པ་སྟེ། ཡིག་སྐད་ལ་ཡུལ་སྐད་ཀྱི་བཀག་རྒྱ་མེད་ཅིང་།
སྤུས་ཚད་ཇེ་བཟང་།
རྒྱུན་སྐྱོང་ཐུབ་ངེས་ཀྱི་ཁྱད་ཆོས་མང་བ་སོགས་ཀྱི་སྟབས་ཀྱིས་སྤྱི་ཚོགས་ཀྱིས་ཡོངས་སུ་ལག་ལེན་བྱེད་ཀྱི་ཡོད་ལ།
དེ་ནི་དམངས་སྤྱིའི་སྐད་ཆ་གཅིག་གྱུར་ཡིན་པའི་རྟགས་མཚན་ཡང་ཡིན་ནོ།།
ལིན་ཞི་ཡན། བོད་ལ་ཞི་བས་བཅིངས་འགྲོལ་བཏང་རྗེས།
བོད་ལྗོངས་ཀྱི་སྤྱི་ཚོགས་ལ་ངོ་བོའི་སྒོ་ནས་འགྱུར་ལྡོག་བྱུང་ཞིང་།
ལྟ་རྒྱ་ཐོས་རྒྱའི་བཀག་སྡོམ་ལས་རིམ་བཞིན་གྲོལ་ཏེ།
སྲོལ་རྒྱུན་གྱི་ཁྲོད་ནས་རིམ་བཞིན་དེང་རབས་སུ་སྐྱོད། དེ་དང་ཆགས་ཅིག
བོད་ཀྱི་སྐད་དང་ཡི་གེ་དང་དེའི་བཀོལ་སྤྱོད་ལ་ཡང་འགྱུར་ལྡོག་རེ་བྱུང་ཡོད་པས།
མཇུག་མཐར་ཁྱེད་ཀྱིས་དུས་ཀྱི་འཕོ་འགྱུར་དང་བོད་ཀྱི་སྐད་ཡིག་གི་འཕེལ་རྒྱས་བར་གྱི་འབྲེལ་བ་དང་།
བོད་སྐད་ཡིག་དེར་དེང་རབས་ཅན་གྱི་བགྲོད་རིམ་ནང་གནད་དོན་ག་འདྲ་ཞིག་ལ་འཕྲད་ཀྱི་ཡོད་པ་བཅས་ཀྱི་སྐོར་ནས་གསུང་མོལ་ཞིག་གནང་རོགས་ཞུ།
དགེ་རྒན་ཆེན་པོ་ཧུ་ཐན། ཉེ་བའི་ལོ་དྲུག་ཅུའི་རིང་ལ།
བོད་སྐད་ལ་འགྱུར་ལྡོག་བྱུང་ཚུལ་གཙོ་བོ་ཁག་གཉིས་ནས་མངོན་ཡོད།
གཅིག་ནི་བོད་སྐད་གཞི་རྐང་གི་འགྱུར་ལྡོག་སྟེ་དེ་ལ་སྒྲིག་གཞི་ཇེ་བཟང་གི་འགྱུར་ལྡོག་ཀྱང་ཟེར།
དཔེར་ན་བརྡ་ཆད་གསར་བ་ཆར་ཤུལ་དུ་སྨྱུག་གསར་རྡོལ་བ་ལྟར་ཕོན་ཆེན་པོ་འཕེལ་ཡོད་ལ།
བརྡ་སྤྲོད་ཀྱི་རྣམ་པ་ནི་ཉིན་བཞིན་ཚགས་ཇེ་ཞིབ་དང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་པ་དེ་རེད།
གཉིས་ནི། སྐད་ཆའི་ནུས་པའི་འགྱུར་ལྡོག་སྟེ།
བོད་སྐད་བེད་སྤྱོད་གཏོང་མཁན་གྱི་མི་གྲངས་ཇེ་མང་ཡིན་པ་དང་།
བེད་སྤྱོད་གཏོང་ཡུལ་རྒྱ་ཇེ་ཆེ་ཡིན་པ།
བོད་ཡིག་ཤེས་པའི་མི་གྲངས་ཀྱི་བསྡུར་ཚད་ཡར་འཕར་གྱི་ཡོད་ལ།
དཔེ་བསྐྲུན་བྱས་པའི་ཡིག་རིགས་རྒྱ་ཆེར་འགྲེམས་ཤིང་སྤེལ་བཞིན་ཡོད། རྒྱང་བསྒྲགས་དང་།
བརྙན་འཕྲིན།
གློག་བརྙན་སོགས་དེང་རབས་སྨྱན་མང་ལག་རྩལ་ཁྲོད་དུ་བོད་སྐད་ཡིག་ཁྱབ་ཆེན་པོར་བཀོལ་གྱི་ཡོད་པ་དང་།
བོད་ཡིག་གི་ཆ་འཕྲིན་མ་ལག་གི་གཅོད་སྒྲིག་དང་།
ཚགས་ཞིབ་པར་སྒྲིག་ལག་རྩལ་གསར་གཏོད་བྱེད་ཀྱི་ཡོད་པ་སྟེ། ཚུལ་དེ་དག་གིས་བོད་སྐད་ཡིག་གི་སྤྱོད་ཁོངས་ནི་སྔ་ན་མེད་པའི་རྒྱ་ཇེ་ཆེ་དང་བེད་དུ་སྤྱོད་གྲངས་ལྡབ་ཀྱིས་ཇེ་མང་།
ཆ་འཕྲིན་གཏོང་སྤེལ་གྱི་མྱུར་ཚད་ཇེ་མགྱོགས་སུ་སོང་བ་ན།
དོན་དངོས་སུ་བོད་སྐད་ཡིག་བེད་ནུས་ཇེ་ཐོན་དུ་སོང་བ་ཡིན། དེ་དང་ཆགས་ཅིག
བོད་སྐད་ཡིག་སློབ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་དང་ཞིབ་འཇུག་གི་གོམ་བགྲོད་དང་ལྷན་དུ།
བོད་སྐད་ཡིག་གི་སློབ་དེབ། ལས་མཁོའི་དཔེ་དེབ། ཟུར་ལྟའི་དེབ།
སྒྱུ་རྩལ་བརྩམས་ཆོས་དང་གོ་བདེའི་ཀློག་དེབ།
ད་དུང་ཚན་རྩལ་སྐོར་གྱི་དཔེ་དེབ་དང་རིག་དེབ།
ཞིབ་འཇུག་ཆེད་རྩོམ་སོགས་རྣམ་པ་སྣ་ཚོགས་ཀྱི་གྲངས་ཀ་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།
རྒྱལ་ནང་གི་མི་རིགས་སློབ་གླིང་འགའ་རེས་ཆེད་དུ་བོད་སྐད་ཀྱི་ཆེད་ལས་བཙུགས་ནས།
བོད་སྐད་ཡིག་གི་སློབ་ཁྲིད་བྱེད་མཁན་དང་། ཚན་ཞིབ་པ།
ལོ་ཙཱ་བ་སྐྱེད་སྲིང་བྱེད་ཀྱི་ཡོད་ལ།
དེ་དག་ཀུན་གྱིས་བོད་སྐད་ཡིག་གི་བཀོལ་རྒྱ་ཇེ་ཆེ་དང་།
འཕེལ་རྒྱས་ཡག་པའི་འགྲོས་སྐྱོད་ལ་སྐུལ་འདེད་བྱས་ཡོད། བོད་ཀྱི་སྐད་ཡིག་ནི་ཉམས་རྒུད་དང་ནུབ་པའི་ཕྱོགས་སུ་མ་སོང་བར།
དེ་ལས་ལྡོགས་སྟེ་ཐ་སྙད་ཀྱི་ཚོགས་མུ་མཐུད་དུ་རྒྱ་སྐྱེད་ཀྱི་ཡོད་པ་དང་བྱེད་ནུས་མུ་མཐུད་དུ་ཇེ་བཟང་ལ་འགྲོ་བཞིན་ཡོད་པས་ན།
ང་ཚོས་རྒྱུ་མཚན་ཡོད་པའི་སྒོ་ནས་བོད་སྐད་ཡིག་ནི་དབྱར་མཚོ་རྒྱས་པ་ལྟ་བུའི་དུས་རིམ་ཞིག་ལ་བསླེབས་ཡོད་ཅེས་བཤད་ཆོག
ཁ་སང་དེ་རིང་།
བོད་ཀྱི་སྤྱི་ཚོགས་དེང་རབས་ཅན་གྱི་གོམ་བགྲོད་ཉིན་རེ་བཞིན་ཇེ་མགྱོགས་ཡིན་པ་དང་།
ཆ་འཕྲིན་བརྒྱུད་གཏོང་དང་བསམ་བློ་བརྗེ་རེས་ཀྱི་རྣམ་པ་དང་ནང་དོན་ནི་ཉིན་བཞིན་སྣ་མང་ཅན་དུ་འགྲོ་བཞིན་ཡོད།
དེའི་ཐད་ནས་བོད་ཀྱི་སྐད་ཡིག་ནི་འཕེལ་རྒྱ་འཕུར་སྐྱོད་ལྟར་མགྱོགས་པའི་དེང་རབས་རིག་གནས་ཀྱི་གོམས་འགྲོས་ལ་བསྟུན་དགོས་ཀྱི་ཡོད་ལ།
མུ་མཐུད་ཡར་རྒྱས་འགྲོ་བཞིན་པའི་སྤྱི་ཚོགས་ཀྱི་དགོས་མཁོ་ལའང་བསྟུན་དགོས་ཀྱི་ཡོད་པ་དང་།
དུས་རབས་གསར་བས་འགྲན་རྩོད་སློང་བཞིན་དུ་འོང་བ་སྔོན་བསུ་བྱེད་དགོས་ཀྱི་ཡོད།
མིག་སྔར། བོད་ཀྱི་སྐད་ཡིག་འདི་དེང་རབས་ཅན་གྱི་སྐྱོད་ལམ་ནང་ནས་གནད་དོན་འགའ་རེར་འཕྲད་ཀྱི་ཡོད།
དཔེར་ན་བོད་ཀྱི་ཡུལ་སྐད་དང་སྤྱི་སྐད་བར་གྱི་གནད་དོན།
ཡིག་ངག་གཉིས་ཀའི་བར་ཐག་ཇི་ལྟར་སྟུང་ཐབས། ཡི་གེ་མུ་མཐུད་ཚད་ལྡན་དུ་གཏོང་ཐབས།
ཡི་གེ་མུ་མཐུད་ཚད་ལྡན་དུ་གཏོང་ཐབས། བརྡ་ཆད་གསར་བཟོའི་གནད་དོན་དང་། ལྷག་པར་དུ་བོད་ཚན་རིག་གིས་དར་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་རིམ་ནང་དེང་རབས་ཀྱི་ཚན་རྩལ་ཁྱབ་སྤེལ་གཏོང་བ་ལ་བོད་སྐད་ཡིག་ཇི་ལྟར་བཀོལ་རྒྱུ་དང་།
ད་དུང་གློག་རྡུལ་ཅན་གྱི་དུས་རབས་ནང་བོད་ཡིག་གིས་ཆ་འཕྲིན་བརྒྱུད་གཏོང་བྱེད་ཐབས་ཀྱི་གནད་དོན།
གཞན་ཡང་། མི་རིགས་གཞན་དག་དང་འབྲེལ་འདྲིས་ཉིན་བཞིན་ཇེ་མང་དུ་འགྲོ་བ་དང་མཉམ་དུ།
སྐད་གཉིས་སློབ་ཁྲིད་དམ་སྐད་མང་སློབ་ཁྲིད་ཇི་ལྟར་ཇེ་བཟང་དུ་གཏོང་བ་སོགས་ཀྱི་དོན་དག་ཀྱང་ལས་ཀའི་བྱ་རིམ་གྱི་དཀྱུས་སུ་འཇུག་བཞིན་ཡོད།
མདོར་ན།
ལོ་རྒྱུས་ཡུན་རིང་ཡོད་པའི་བོད་ཀྱི་སྐད་ཡིག་གིས་བོད་མི་རིགས་ཀྱི་ལོ་སྟོང་ཕྲག་གི་ཤེས་རིག་ལོ་རྒྱུས་ཐེག་ཡོད་ལ།
ཀྲུང་གོ་རྒྱལ་ཁབ་དང་ད་དུང་འཛམ་གླིང་གི་རིག་གནས་བང་མཛོད་ནང་དུ་བྱས་རྗེས་ཆེན་པོ་བཞག་ཡོད།
མ་འོངས་པའི་ནང་དུ་བོད་ཀྱི་སྐད་ཡིག་གིས་དུས་རབས་ཀྱིས་འགྲན་རྩོད་སློང་འོང་བ་སྔུན་བསུ་བྱེད་ཞོར།
འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་དམ་འཛིན་དང་། བོད་མི་རིགས་དང་ལྷན་དུ་གནས་ཤིང་དར་བའི་སྒོ་ནས་བྱས་རྗེས་སྔར་ལས་ལྷག་པ་བསྐྲུན་ངེས་རེད།
དེ་རིང་གི་གླེང་རྒྱུ་དེ་ཙམ་ཞིག་བྱ་ཨེ་རེད།
ལིན་ཞི་ཡན། ལགས་སོ།།
ཁྱེད་ཀྱིས་རྨད་དུ་བྱུང་བའི་བཀའ་སློབ་གནང་བ་ལ་སླར་ཡང་ཐུགས་རྗེ་ཆེ་ཞུ་ལ།
རྒན་ལགས་མཆོག་དང་ནང་མི་ལྷན་རྒྱས་བདེ་ལེགས་ཁམས་བཟང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།
ཟླ་བ་གཞོན་ནུས་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ་ལས་ཁོལ་དུ་ཕྱུང་ཞིང་གཅིག་ཞུས་པ་དགེ་བར་གྱུར་ཅིག
#མཆན་བུ། ཧུ་ཐན་(胡坦)ལགས་ནི་པེ་ཅིན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཡིན་པ་དང་།
བོད་སྐད་ཀྱི་ཆེད་ལས་ཞིབ་འཇུག་པ་ཡིན།
ཁོང་གིས་བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་ལས་ལྷ་སའམ་དབུས་གཙང་སྐད་ལ་(བཅར་འདྲི་འདི་ལས་ཀྱང་འབྱུང་བ་ལྟར་)རྒྱ་སྐད་ལྟ་བུའི་སྒྲའི་ང་རོ་ཡོད་པའི་སྒྲུབ་བྱེད་བཏོན་ཏེ་རྒྱལ་སྤྱིའི་སྟེང་གྲགས་འགུལ་མི་ཉུང་བ་བཟོས་ཡོད།
ལྟ་ཚུལ་འདི་ལྟ་བུ་དང་ཕ་སན་སིའི་སྐད་བརྡ་རིག་པ་བ་གྲགས་ཅན་ནི་ཁོ་ལ་སི་ཏོག་ན་རྡག་(Tournadre)ལགས་ཀྱིས་བོད་སྐད་ལ་ཡུལ་སྐད་༢༢༠ཡོད་པར་བཤད་ཡོད་པ་སོགས་བོད་པ་ཞིག་ཡིན་པའི་ངོས་ཁས་ལེན་མི་ཐུབ་པའི་ཚོད་དུ་ཡོད་ཀྱང་།
ད་བར་འདི་དག་ལ་བོད་པའི་ཁྲོད་ནས་ལན་དོན་མཐུན་འདེབས་མཁན་མ་བྱུང་བར་སྣང་ལ།
འདི་རིགས་ལ་བོད་པ་རང་གིས་ཀྱང་རང་ངོས་ནས་ཐུགས་སྣང་དང་ཞིབ་འཇུག་མཐིལ་ཕྱིན་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་འདུག་གོ།
[1] ༄༅བསྟན་གོ།(1966-)བུ།
བོད་རིགས། ཕ་ཡུལ་སི་ཁྲོན་ཞིང་ཆེན་རྔ་བ།
བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་བ་གཞོན་པ།
ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་བོད་ཀྱི་སྐད་བརྡ་རིག་པ། མ་ཡིག་འབྱོར་དུས། ༢༠༡༠-༠༡-༡༨
[2] འདིའི་ཟླ་ཁྱིམ་དུ་བཅུག་པའི་(བོད་སྐད་ནི་)ཞེས་པ་དེ་སྐབས་དོན་གྱི་ཚིག་ལ་སྒྱུར་མཁན་གྱིས་ཁ་གསབ་བྱས་པའི་ཚིག་མཐུད་ཡིན་ཏེ།
མ་རྩོམ་གཞིར་བཞག་བྱས་ནས་བསྒྱུར་ན་ཚིག་དོན་འགའ་རེ་གོ་མི་བདེ་བ་ལྟར་དུ་ཡོད་པ་དཔེར་ན།
སྒྲ་སྦྱོར་མ་ཡིན་པའི་ཡི་གེ་ལས་སྟབས་བདེ་ཞིང་ཡིད་འཁོལ་རུང་བ་ཡིན་ཞེས་དེའི་བརྗོད་གཞི་ག་རེ་ཡིན་མིན་ཚིག་དེའི་ཐད་ཀའི་བསྟན་བྱ་ལ་མི་གསལ་ཞིང་།
གལ་ཏེ་ཚིག་དེའི་མགོ་བཙལ་ན་བརྗོད་གཞི་ག་རེ་ཡིན་མིན་འཚོལ་རྒྱུ་ཞིག་ཡོད་ངེས་ཀྱང་དེ་དང་སྐབས་ཚིག་གི་བར་ཐག་རིང་དྲགས་པའམ་བརྗོད་གཞི་ཤུགས་ནས་གོ་དགོས་པ་ལྟ་བུའི་རྗོད་སྟངས་ཅན་མ་རྩོམ་འདིའི་ནང་དུ་མི་ཉུང་བ་ཞིག་ཡོད་པ་དེ་དག་ཐད་ཀ་ནས་གོ་བར་ཕན་པའི་ཚིག་མཐུད་ཟླ་ཁྱིམ་དུ་བཅུག་པ་ཅན་མང་བོ་འོག་ཏུ་བཀོད་ཡོད་ན་དེ་དག་ཀྱང་རིགས་བསྒྲེས་ནས་གོ་བར་བྱའོ།།
[3] ཡུལ་སྐད་ལྔ་ལ་ཕྱེ་བའི་ཡ་གྱལ་ནུབ་རྒྱུད་དང་ལྷོ་རྒྱུད་ཀྱི་ཡུལ་སྐད་ལ་སླར་ཡང་ཡན་ལག་གི་ཡུལ་སྐད་འགའ་རེ་ཡོད་པ་ལས།
ནུབ་རྒྱུད་ཡུལ་སྐད་ཀྱི་ཡན་ལག་སྐད་སྤྲིག་གི་སྐད། ལ་ཧུལ་གྱི་སྐད་ཅེས་པ་གཉིས་དང་།
ལྷོ་རྒྱུད་ཡུལ་སྐད་ཀྱི་ཡན་ལག་སྐད་སྤི་ཏིའི་སྐད་དང་།
ཀ་གད་ཀྱི་སྐད་ཅེས་པ་དག་གི་མིང་བསྒྱུར་བའི་ཚེ་མ་ཡིག་ཁྲོད་ཀྱི་སྒྲ་དེ་དག་ཡིད་འཁེལ་བོ་ཞིག་མ་བྱུང་བས་སླར་ཡང་མ་རྩོམ་ནང་གི་མིང་འདྲེན་པ་བོ་དག་ལས་མིང་དེ་དག་གི་ལ་ཏིང་ཚབ་བྲིས་(sprig,
lahul, spiti, kagad)བླངས་ནས་དེ་དག་ཁ་གཏུག་ཏུ་བོད་ཡིག་གི་ཡིག་ཐོབ་ལ་བསྒྱུར་ནས་མིང་དེ་དག་གི་དག་ཆ་ཐོན་ཐབས་བྱས་ཡོད་ཀྱང་ཚབ་བྲིས་དེ་དག་གི་དག་ཆ་འགྲིག་ཡོད་པ་ཁག་ཐེག་བྱེད་མ་བདེ།
[4] སྐད་གདངས་ཞེས་པ་རྒྱ་སྐད་དུ་(语音)ཞེས་པའི་སྐད་བརྡ་རིག་པའི་བརྡ་ཆད་དེ་ཡིན་ལ།
དེ་ཡང་དེབ་རབས་སྐད་བརྡ་རིག་པའི་བརྡ་ཆད་ཀྱི་ལུགས་སུ་སྐད་སྒྲ་ཞེས་བསྒྱུར་ཞིང་བཀོལ་གྱི་ཡོད་ན་ཡང་།
བོད་སྐད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་མ་གཏོགས་དེང་རབས་སྐད་བརྡ་རིག་པར་གོམས་མེད་པ་དག་ལ་སྐད་གདངས་ཞེས་པའི་ཐ་སྙད་དེ་བཞག་ན་གོ་བདེ་བོ་ཡོད་ཕྱིར་འདིར་དེ་ལྟར་བྱས་པའོ།།
[5] མིང་གཞི་ཞེས་པ་ནི་རྒྱ་སྐད་དུ་(声母)ཞེས་པའི་ཐ་སྙད་དེ་སྐད་བརྡ་རིག་པའི་ཁོངས་སུ་བཀོལ་བ་ཞིག་སྟེ།
དེ་དོན་བསྒྱུར་བྱས་ན་སྒྲ་གཞིའམ་དབྱངས་གཞི་ལྟ་བུ་སོགས་སུ་བསྒྱུར་རུང་ལྟ་བུ་ཡིན་ཡང་འདིར་བོད་ལུགས་བརྡ་སྤྲོད་ལ་གོམས་པ་དག་གིས་ངེས་བདེ་ཕྱིར་མིང་གཞི་ཞེས་སུ་བཀོད་པ་ཡིན་ལ།
དེ་ཡང་འདིའི་སྐབས་ཀྱི་མིང་གཞི་དང་བོད་སྐད་བརྡ་སྤྲོད་སྐབས་ཀྱི་མིང་གཞི་ཞེས་པ་ལ་ཁྱད་པར་ཡོད་དེ།
འདིའི་སྐབས་ཀྱི་མིང་གཞི་ལ་མིང་གཞི་རྐྱང་བའམ་མིང་གཞི་ངོ་མ་དེ་ཡོད་པས་མི་ཚད།
ད་དུང་དེ་ལ་མིང་གཞི་མགོ་འཕུལ་འདོགས་ཡིག་གང་རུང་ཅན་ཡང་འདུ་བ་ཡིན།
[6] རྗེས་འཇུག་ཅེས་པ་འདི་ཡང་རྒྱ་སྐད་དུ་(辅音韵尾)ཟེར་གྱི་ཡོད་པའི་སྐད་བརྡ་རིག་པའི་བརྡ་ཆད་དེ།
དེ་དོན་སྒྱུར་བྱས་ན་དབྱངས་མཐའམ་དབྱངས་མཐའི་གསལ་བྱེད་ཅེས་སུ་བསྒྱུར་དགོས་ཀྱང་འདིར་བོད་སྐད་བརྡ་སྤྲོད་པ་དག་གི་ངོར་ངེས་བདེ་ཕྱིར་རྗེས་འཇུག་ཅེས་པའི་བརྡ་དེ་བཀོལ་བ་ཡིན་ནོ།།
[7] ཡི་གེའི་གདངས་ཀྱི་མཐོ་དམའ་ཞེས་པ་ནི་ཡི་གེའི་སྒྲའི་ང་རོ་ལ་ཟེར་གྱི་ཡོད་པ་རེད།
[8] མགྲིན་གནས་ཀྱི་འགག་སྒྲ་ཞེས་པ་ནི་སྐྱེ་གནས་མགྲིན་པ་དང་སྒྲ་འདོན་སྟངས་འགག་སྒྲ་ཡིན་པའི་ཡི་གེ་སྟེ།
དཔེར་ན་ཀ་ཁ་གྷ་ལྟ་བུ་ཡིན་ཞིང་།
རྗེས་འཇུག་གི་བྱེད་ལས་ལ་འཇུག་པའི་མགྲིན་གནས་ཀྱི་འགག་སྒྲ་ཞེས་རྗེས་འཇུག་ག་ཡི་སྒྲ་ཡིན་ལ།
དེ་ཡང་ཚེག་ཁྱིམ་ནང་དུ་ནུས་པ་ཐོན་པའི་སྒྲ་ནི་་[k]ལྟ་བུ་ཡིན།
[9] གསལ་བྱེད་འདུས་མ་ཞེས་པ་ནི།
ཚེག་ཁྱིམ་གཅིག་གི་ནང་དུ་དབྱངས་ཀྱི་སྔ་ལོགས་སམ་ཕྱི་ལོགས་སུ་གསལ་བྱེད་འདུས་མ་ཡོད་པ་སྟེ།
ཚེག་ཁྱིམ་ནང་དུ་གསལ་བྱེད་འདུས་མ་འདུ་སའི་གནས་ནི་མིང་གཞིའི་གོ་ས་ན་ཡོད་པ་དང་།
དབྱངས་མཐའི་གོ་ས་ན་ཡོད་པ་སྟེ། མིང་གཞིའི་གོ་ས་ན་ཡོད་པ་ལ་དཔེར་ན། མིང་གཞི་སྔོན་འཇུག་ཅན་ནམ།
མིང་གཞི་མགོ་ཡིག་ཅན་ནམ། མིང་གཞི་འདོགས་ཡིག་ཅན་ནམ། མིང་གཞི་འཕུལ་འདོགས་ཅན་ནམ།
མིང་གཞི་མགོ་འཕུལ་འདོགས་ཚང་ཅན་ལྟ་བུ་སོགས་དང་།
རྗེས་འཇུག་ཡང་འཇུག་གཉིས་ཀ་ཡོད་ན་དེ་ཡང་ཚེག་ཁྱིམ་གཅིག་གི་ནང་དུ་དབྱངས་མཐའི་གོ་ས་ན་གསལ་བྱེད་ཉིས་འདུས་ཡིན་པ་ལྟ་བུའོ།།
[10] ཚེག་ཁྱིམ་ཞེས་པ་ནི་རྒྱ་སྐད་དུ་(音节)ཞེས་པའི་བརྡ་ཆད་དེ།
དེང་རབས་སྐད་བརྡ་རིག་པའི་གཞུང་དུ་སྒྲ་ཚིགས་ཞེས་བསྒྱུར་ཡོད་ཀྱང་།
བོད་སྐད་བརྡ་སྤྲོད་པ་དག་ལ་ངེས་བདེ་ཕྱིར་འདིར་ཚེག་ཁྱིམ་ཞེས་བཀོད་པ་ཡིན།
[11] བརྟག་མཚན་ཅན་གྱི་བརྡ་ཐབས་ཞེས་པ་ནི་རྒྱ་སྐད་དུ་(分析性手段)ཞེས་པ་དེ་ཡིན་ལ། དེ་ནི་ཚིག་གི་གོ་རིམ་ལ་བརྟེན་ཐབས་དང་ཚིག་ཕྲད་ལ་བརྟེན་ཐབས།
ཚིག་གདངས་ལ་བརྟེན་ཐབས་སོགས་ཀྱི་བརྡ་སྤྲོད་ཐབས་ལམ་ཡིན་ལ།
རྟགས་འགྱུར་ཅན་གྱི་བརྡ་ཐབས་ཞེས་པ་ནི་རྒྱ་སྐད་དུ་(综合性手段)ཞེས་པ་དེ་ཡིན་ལ།
དེ་ནི་སྒྲའི་ཟུར་བརྗེ་ཐབས་དང་སྐྱར་ཟློས་བྱེད་ཐབས། མིང་མཐའ་སྣོན་ཐབས་སོགས་ཀྱི་བརྡ་སྤྲོད་ཀྱི་ཐབས་ལམ་ལ་ཟེར་བ་ཡིན་ནོ།།
[12] གསལ་ཚིག་ཅེས་པ་ནི་སྐད་བརྡ་རིག་པའི་ནང་དུ་ཚིག་གི་གྲུབ་ཚན་གྱི་བརྡ་སྟེ།
རྒྱ་སྐད་དུ་(谓语)ཞེས་པའི་བརྡ་ཆད་ཀྱི་བསྒྱུར་དོད་ཡིན་ལ།
སྐད་བརྡ་རིག་པའི་བསྒྱུར་གཞུང་གཞན་དུ་རྗོད་ཚིག་ཅེས་བསྒྱུར་ཡོད་དོ།།
ཨ་མདོ་བྱམས་པ་ལགས་སུ་དགེ་འདུན་ཆོས་འཕེལ་གྱི་སྐོར་བཅར་འདྲི།
ཨ་མདོ་བྱམས་པ། |
བོད་ཀྱི་སྲོལ་རྒྱུན་རི་མོ་མཁས་ཆེན་ཨ་མདོ་བྱམས་པ་མཆོག་ནི་སྤྱི་ལོ་༡༩༡༤ལོར་མཚོ་སྔོན་གཅན་ཚ་རྫོང་དུ་འཁྲུངས། ཁོང་ལ་བོད་ཀྱི་པི་ཁཱ་སོ་ཞེས་པའི་མཚན་སྙན་ལྡན། སྤྱི་ལོ་༡༩༢༡ལོར་ཁོང་གཅན་ཚ་རྫོང་གི་ངང་རུང་དགོན་པར་ཞུགས་ནས་རབ་ཏུ་བྱུང༌། སྐབས་དེ་ནས་བཟུང་དགོན་པའི་ལྡེབས་རིས་དང་ལྷ་སྐུ་དག་ལ་བརྟེན་ཏེ་བོད་ཀྱི་སྲོལ་རྒྱུན་རི་མོ་རང་སྦྱོང་བྱས། སྤྱི་ལོ་༡༩༣༦ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། སྤྱི་ལོ་༡༩༤༢ལོ་སྟེ་དགུང་ལོ་༢༨སྟེང་ལྷ་སར་གནས་མཇལ་དུ་སོང་སྟེ་འབྲས་སྤུངས་དགོན་པའི་ཆོས་གྲྭར་ཞུགས། སྤྱི་ལོ་༡༩༥༥ལོ་སྟེ་དགུང་ལོ་༤༡སྟེང་ཕོ་བྲང་པོ་ཏ་ལར་སླེབས་ནས་དེ་གའི་རི་མོ་པའི་འགན་བཞེས། སྤྱི་ལོ་༡༩༨༡ལོར་རིག་རྫས་དོ་དམ་ཨུ་ཡོན་ལྷན་ཁང་དུ་ཕྱག་ལས་གནང་ཞིང༌། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་དང༌། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་དང་བོའི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས། དགུང་ལོ་༨༥ལོན་པའི་ཁོང་ཉིད་ཀྱིས་སློབ་གྲྭ་དེའི་མགོ་འཛིན་དང་དགེ་རྒན་གྱི་འགན་བཞེས། སྤྱི་ལོ་༢༠༠༢ལོའི་ཟླ་༣པའི་ཚེས་༢༨ཉིན་ལྷ་སར་འགྲོ་བའི་ལམ་བར་དུ་སྐུ་གཤེགས།
ཨ་མདོ་བྱམས་པ་ལགས་སུ་དགེ་འདུན་ཆོས་འཕེལ་གྱི་སྐོར་བཅར་འདྲི།
(བཅར་འདྲི་འདི་ནི་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་གློག་བརྙན་བཟོ་མཁན་སྐུ་ཞབས་ལཱུག་ཞེ་ཌ་ལིར་(Luc Schaedler)ལགས་ཀྱིས་བཅར་འདྲི་ཞུས་པ་ཞིག་རེད། ཁོང་གིས་བཟོས་པའི་དགེ་ཆོས་སྐོར་གྱི་གློག་བརྙན་ལ་ལྟ་འདོད་ན། འདི་ནོན།)
དྲི་བ། དང་བོ་དེར་རྒན་ལགས་ཀྱི་མིང་དང་ལོ་ག་ཚོད་ཡིན་མིན་ལབ་རོགས་གནང་།
དེའི་རྗེས་ལ་རྒན་ལགས་ཀྱིས་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་ག་རེ་ཤེས་ཀྱི་ཡོད་པ་ཚང་མ་བཤད་རོགས་གནང་།
ལན། ངའི་མིང་ལ་ཨ་མདོ་བྱམས་པ་ཟེར།
ལོ་ ༨༥ ཡིན། ད་ལྟ་བར་དུ་རི་མོའི་ལས་ཀ་བྱས་ནས་བསྡད་པ་རེད། གཙོ་བོ་དེ་དགེ་འདུན་ཆོས་འཕེལ་དང་ངེད་གཉིས་ཀྱི་སྐོར་རེད།
ང་ལོ་ ༢༨ གྱི་ཐོག་འདིར་ཡོང་བའི་སྐབས་ལ་དགེ་འདུན་ཆོས་འཕེལ་མི་འདུག ཁོང་བཙོན་ཁང་ནང་དུ་འདུག
ང་འདིར་ཡོང་ནས་ལོ་གཅིག་གཉིས་ཤིག་གི་མཚམས་ལ་དགེ་འདུན་ཆོས་འཕེལ་བཙོན་ཁང་ནས་གློད་སོང་།
མར་གློད་པའི་རྗེས་ནས་ངེད་གཉིས་གཅིག་གཅིག་ལ་ངོ་ཤེས་པ་བྱས། ངེད་གཉིས་ཞེ་དྲག་གི་འགྲིག་པོ་ཡོད་པ་རེད།
དགེ་འདུན་ཆོས་འཕེལ་ངའི་སར་ལ་རྒྱུན་དུ་ཡོང་གི་ཡོད། དེའི་སྐབས་ལ་ང་ལ་གང་ཡང་མེད་པར་སྐྱོ་བོ་ཡོད་པ་རེད།
དགེ་འདུན་ཆོས་འཕེལ་ལ་ཡང་གང་ཡང་མེད་པར་སྐྱོ་བོ་རེད། སུ་ལ་ཡོད་ན་གཅིག་པ་རེད། ང་ལ་ཟ་ཡ་འདྲ་ཡོད་དུས་ཁོ་ངའི་ནང་ལ་ཡོང་ནས་ངེད་གཉིས་ཀྱིས་དེ་ཟོས།
ཁོ་རང་ལ་ཟ་ཡ་འདྲ་ཡོད་དུས་ང་ཁོ་ཡོད་སར་སོང་ནས་ངེད་གཉིས་ཀྱིས་དེ་ཟོས་པ་ཡིན། ངེད་གཉིས་ཞེ་དྲག་གི་འགྲིག་པོ་ཡོད་པ་རེད།
ཁོ་བཙོན་ཁང་ནས་གློད་རྗེས་ནས་ངེད་གཉིས་ལོ་གསུམ་གྱི་རིང་དེ་འདྲ་བྱས་ནས་མཉམ་དུ་བསྡད་པ་རེད།
དེ་ནས་ཁོ་གྲོངས་པ་རེད། གྲོངས་པའི་དུས་ལ་ལོ་ ༤༧ རེད། ༡༩༥༡ ཡིན་པ་འདྲ། ད་འདི་ཧོར་ཁང་གིས་བཤད་བཞག་པ་དང་།
ཨ་ལགས་རཀ་ར་ཡིས་བཤད་བཞག་པ་ཚང་མ་ཁུངས་ལུང་ཏན་ཏན་ཏིག་ཏིག་རེད། ང་ལ་དེ་ཞེ་དྲག་ངོས་ཀྱི་མི་འདུག
དགེ་འདུན་ཆོས་འཕེལ་གྲོངས་པའི་ལོ་དང་དགེ་འདུན་ཆོས་འཕེལ་ཨ་མདོ་ནས་ལྷ་སར་ཕེབས་པའི་ལོ་དེ་དག་ཧོར་ཁང་གིས་ལོ་རྒྱུས་དེའི་གསལ་བོ་ཞེ་དྲག་བཤད་འདུག
ད་ངས་གང་ཤེས་པ་དེ་དེ་རེད། དགེ་འདུན་ཆོས་འཕེལ་ཐོག་མར་འཁྲུངས་ས་དེ་ཞོ་འཕང་ཕྱི་རེད། ཁོ་རང་ཡིན་པ་དེ་བླ་མ་ཞིག་གི་སྤྲུལ་སྐུ་རེད།
བླ་མ་དེའང་བླ་མ་ཕལ་བ་ཞིག་མ་ཡིན་པར་ཁོ་རང་ཚོ་གདུང་རྒྱུད་དེ་རྡོ་བྲག་མཁན་པོ་ཟེར་བ་དེ་རེད།
རྡོ་བྲག་མཁན་པོ་ཟེར་བའི་བླ་མ་དེའི་དགོན་པ་ཨ་མདོ་རེབ་གོང་ན་ཡ་མ་བཀྲ་ཤིས་འཁྱིལ་ཟེར་བ་ཞིག་ཡོད་པ་རེད།
ཁོ་དགོན་པ་དེའི་རེད། དགེ་འདུན་ཆོས་འཕེལ་ཁོ་རང་དགོང་ལོ་ཆུང་ཆུང་ཡིན་དུས་ནས་དགོན་པ་དེའི་ནང་གི་དགོན་བདག་རེད།
ཨ་མདོ་ནས་ཁོ་རང་མིང་ལ་ཨ་ལགས་རྡོ་བྲག་ཅེས་འབོད་ཀྱི་ཡོད་པ་རེད། མང་ཆེ་བས་ཨ་ལགས་རྡོ་བྲག་དང་དྷི་ཚ་སྐམ་པོ་ཡང་ཟེར་གྱི་འདུག་ལ།
དགེ་འདུན་ཆོས་འཕེལ་ཡང་ཟེར་གི་རེད། ཁོ་ལ་མིང་གསུམ་ཡོད་པ་རེད། དྷི་ཚ་སྐམ་པོ་ཟེར་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན་ཁོ་རང་ལོ་བདུན་གྱི་སྒང་ནས་ཨ་མདོ་དྷི་ཚ་དགོན་པ་ཟེར་བ་ཡོད་པ་རེད།
ཁོ་རང་ཕ་ཡིས་ཁོ་དགོན་པ་དེར་ཁྲིད་ནས་གྲ་བ་བྱས་པ་རེད། གྲ་བ་བཟོ་མཁན་གྱི་བླ་མ་དེའི་མིང་ལ་ཞྭ་དམར་པཎྜི་ཏ་ཟེར།
དྷི་ཚ་ནས་ཡོད་པའི་དུས་སྐབས་ལ་ཁོའི་མིང་ལ་དྷི་ཚ་སྐམ་པོ་ཟེར་བ་རེད། དྷི་ཚ་ཟེར་བ་དགོན་པ་དེའི་མིང་རེད།
སྐམ་པོ་ཟེར་བ་ཁོ་རང་ཤ་སྐམ་པོ་སྐམ་པོ་ཞིག་ཡོད་པ་རེད། སྤྱིར་བཏང་གི་མང་ཆེ་བ་ཞིག་གིས་རྡོ་བྲག་མཁན་པོ་ཟེར་གི་རེད།
ཁོ་རང་གི་ཆོས་མིང་དགེ་འདུན་ཆོས་འཕེལ་རེད། ཁོ་རང་ལ་མིང་གསུམ་ཡོད་པ་རེད། དྷི་ཚ་དགོན་པ་ནས་ཁོ་རྒྱུན་རིང་བོ་མ་བསྡད་ཟེར།
སྐབས་ཤིག་ནས་ཁོ་རང་དྷི་ཚ་དགོན་པ་ནས་ལོག་འདུག ལོ་བདུན་གྱི་སྒང་ལ་དྷི་ཚ་དགོན་པར་ཕྱིན་པ་དང་།
དེ་ནས་ལོ་བརྒྱད། དགུ། བཅུ། ཕལ་ཆེར་ལོ་ ༡༥ བར་དུ་མ་གཏོགས་དེའི་ལྷག་ལ་བསྡད་མི་འདུག དེ་ནས་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་ལ་ཡོང་བ་དང་།
བཀྲ་ཤིས་འཁྱིལ་ནས་ཁོ་རང་གིས་དཔེ་ཆ་བལྟས་པ་རེད། ཁོ་རང་གིས་བླ་བྲང་བཀྲ་ཤིས་ནས་སློབ་གཉེར་བྱས་པའི་སྐོར་དེ་ཁྱོད་རང་ཚོའི་དེབ་ནང་དུ་བྲིས་ཚར་ཡོད་པས་ངས་འདིར་མི་བཤད་པ་བྱེད།
དེ་ནས་ཁོང་ལྷ་སར་སླེབས་པ་རེད།
ལྷ་སར་སླེབས་ནས་ཁོ་རང་སྡོད་སའི་དགོན་པ་འབྲས་སྤུངས་དགོན་པ་རེད། གྲྭ་ཚང་སྒོ་མང་གྲྭ་ཚང་རེད།
ཁང་ཚན་ཀླུ་འབུམ་ཁང་ཚན། ངེད་གཉིས་ཁང་ཚན་གཅིག་རེད། འབྲས་སྤུངས་ལ་ཡོང་ནས་ཀྱང་དཔེ་ཆར་བལྟས་པ་རེད།
དཔེ་ཆར་བལྟས་ནས་ཁོ་རང་ཨང་ཀི་དང་བོ་ཆགས་པ་རེད། ག་དུས་ཡིན་ནའང་རྩོད་པ་རྒྱག་དུས་ཁོ་རང་ལ་རྒྱལ་ཁ་ཐོབ་ཐོབ་པ་རེད།
ཁོ་དངོས་གནས་ཀྱི་པཎྜི་ཏ་རེད། དེའི་སྐོར་བཤད་དགོས་པ་ཞེ་དྲག་མི་འདུག
དྲི་བ། ང་ཚོས་གང་ཤེས་འདོད་ཡོད་པ་དེ་ནི་རྒན་ལགས་དང་དགེ་འདུན་ཆོས་འཕེལ་གཉིས་ག་དུས་ཐུག་པ་དང་།
ཁྱེད་རང་གཉིས་གྲོགས་པོ་ཆགས་དུས་སྐད་ཆ་ག་རེ་བཤད་པ་སོགས་ཀྱི་སྐོར་རེད།
ལན། ཁོ་བཙོན་ཁང་ནང་ནས་མར་གློད་པའི་རྗེས་ནས་ངེད་གཉིས་གྲོགས་པོ་ཆགས་པ་རེད།
ཐོག་མ་དགེ་འདུན་ཆོས་འཕེལ་བཙོན་ཁང་ནང་ནས་མར་གློད་པ་དང་། ད་ཁོ་དགེ་འདུན་ཆོས་འཕེལ་ཟེར་དུས་མིང་གྲགས་ཆེན་པོ་ཞེ་དྲག་རེད།
དེའི་སྔོན་ལ་ངེད་གཉིས་ཐུག་མྱོང་ཡོད་པ་མ་རེད། དེ་ནས་ཉིན་གཅིག་ལ་ངས་མི་ཞིག་ལ་དགེ་འདུན་ཆོས་འཕེལ་ལགས་ངའི་སར་ཁྲིད་ཤོག་ཅེས་མི་དེས་དགེ་འདུན་ཆོས་འཕེལ་ངའི་སར་ཁྲིད་ཡོང་བ་རེད།
ངས་ཉིན་མོ་དེར་མོག་མོག་ཅིག་བཟོས་པ་ཡིན། གང་མཚམས་ཤིག་ལ་ཁོ་སླེབས་སོང་། མི་སྐམ་པོ་སྐམ་གྱོང་ཞིག་རེད།
ཕྱུ་བ་ཐེར་མ་རྒྱ་སྨུག་ཅིག་གྱོན་ཞིང་། ཞྭ་མོ་དམག་མིས་གྱོན་པའི་ལི་མོ་ཆེན་པོ་ཞིག་གྱོན་འདུག
དེ་འདྲ་གྱོན་ཏེ་ལ་གེ་ལུག་གེ་འདྲ་ཞིག་བྱས་ནས་ངའི་སར་སླེབས་སོང་། ངས་སྐབས་དེར་ནང་ལ་པར་ཆེན་པོ་གསུམ་བཀལ་ནས་ཡོད།
པར་ཆེན་པོ་གསུམ་དེ་ངས་བྲིས་པ་ཡིན། གཅིག་དེ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་གཞོན་ནུའི་སྐབས་ལ་རྒྱལ་བུ་གཞོན་ནུ་དོན་གྲུབ་ཀྱི་ཆ་བྱད་བྱས་ནས་རྒྱལ་བོའི་ཆ་བྱད་བྱས་ནས་ངས་གཅིག་བྲིས་ཡོད་པ་རེད།
གཉིས་དེ་རྒྱ་ནག་གི་གོང་མ་ཁང་ཞི་རེད། ཁྱད་མཚར་ང་སྐབས་དེར་ཁང་ཞི་ཟེར་བ་ཨོག་ཚོམ་རིང་བོ་ཞིག་ཡོད་པ་དེ་ལ་དགའ་བོ་ཞེ་བོ་ཞིག་ཡོད་སྐབས་དེ་ཟུར་གཅིག་ལ་བཀལ་ནས་ཡོད།
ཕྱོགས་གཅིག་ལ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་སྐུ་པར་བཅས་པར་གསུམ་བཀལ་བཞག་ཡོད།
པར་གསུམ་པོ་དེའི་གཤམ་ལ་རྩོམ་རྒྱབ་ཡོད་པ་རེད། རྩོམ་རྒྱག་མཁན་དེ་ཕ་བོང་ཁ་རིན་པོ་ཆེ་ཟེར་མཁན་བླ་མ་མཚན་སྙན་ཆེན་པོ་ཞིག་ཡོད་པ་དེའི་དྲུང་ཡིག་བློ་བཟང་རྡོ་རྗེ་ཟེར་བ་ཞིག་ཡོད་པ་དེ་རེད།
དེས་རྩོམ་གང་འདྲ་བརྒྱབས་ཡོད་པ་རེད་ཟེར་ན། ད་རྒྱལ་བུ་གཞོན་ནུ་དོན་གྲུབ་རེད། སྟོན་པ་ཐུགས་རྗེ་ཅན་རབ་ཏུ་མ་བྱུང་གོང་ཁྱིམ་ལ་བཞུགས་པའི་གནས་སྐབས་དེར་རྩོམ་ཡིག་འདི་ལྟར་བརྒྱབས་ཡོད་པ་རེད།
སྲས་གཙང་སྲས་བུ་གཞོན་ནུ་གསོ།། དོན་ཀུན་གྲུབ་པ་ལྷ་ཡི་ལྷ།། ཞེས་རྩོམ་བརྒྱབས་ཡོད་པ་རེད།
རྒྱ་ནག་གི་གོང་མ་ཁང་ཞི་ལ། ས་འདི་སྟོབས་ཀྱི་འཁོར་ལོས་བསྒྱུར།། ཁང་ཞི་གོང་མ་བདག་པོ་ཆེ།།
དེ་ནས་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་ལ། གངས་ཅན་ལྷ་གཅིག་པད་དཀར་འཆིང་།། ཐུབ་བསྟན་རྒྱ་མཚོ་འགྲོ་བའི་མིག།
ཅེས་བརྒྱབས་ཡོད་པ་རེད། ཁོས་ལམ་སེང་མཐོང་མ་ཐག་པར་དེར་བལྟས་སོང་། རྩོམ་འདི་སུས་བརྒྱབས་པ་རེད་ཟེར།
དེ་ནས་ངས་ཕ་བོང་ཁ་བ་རིན་པོ་ཆེའི་དྲུང་ཡིག་རེད་ལབ་པ་ཡིན། དེ་ནས་ཁོས་དྲུང་ཡིག་དེའི་མིང་ལ་ག་རེ་ཟེར་གྱི་ཡོད་པ་རེད་ཅེས་བྲིས་པར།
བློ་བཟང་རྡོ་རྗེ་ཟེར་གྱི་ཡོད་པ་རེད་ལབ་པ་ཡིན། དེར་ཁོས་རྩོམ་ཡག་པོ་འདུག་ག རྩོམ་ཡག་པོ་བརྒྱབས་འདུག་ཟེར།
ཁོས་ཐོག་མ་ཐོག་མ་ངའི་པར་དེའི་གཤམ་གྱི་རྩོམ་དེར་བལྟས་ནས་ཧ་ལས་སོང་། ཁོ་ལངས་ནས་བལྟས་བསྡད་དེ་རྩོམ་དངོས་གནས་ཡག་པོ་བརྒྱབས་འདུག་ཟེར།
དེ་རྗེས་གཞི་ནས་མར་བསྡད་དེ་མོག་མོག་འདྲ་ཟོས། དེ་ནས་ངས་ཁྱོད་གང་ལ་བསྡད་ཡོད་དྲིས་པར་ཁོ་ཨ་མདོ་ཁང་གསར་ནང་ལ་བསྡད་ཡོད་ཟེར།
རོགས་པ་ཡོད་དམ་ཞེས་དྲིས་པར། རོགས་པ་འདྲ་ཞིག་ཡོད་ཟེར། དེ་ནས་ངེད་ཚོས་སྐད་ཆ་ཕར་བཤད་ཚུར་བཤད་དུས་ཁོ་རང་གི་ཟླ་བོ་དེ།
བཙོན་ཁང་འདིའི་ནང་ནས་ཁོ་གཉིས་གཉེན་སྒྲིག་བྱས་པ་ཞིག་རེད། བུ་མོ་དེ་ཁམས་མོ་ཞིག་རེད། མིང་ལ་ཆོས་སྒྲོན་ཟེར་གི
ལོ་བཅོ་བརྒྱད་བཅུ་དགུ་ཞིག་རེད་འདུག ལོ་ཆུང་ཆུང་ཞིག་རེད། དེ་བཙོན་ཁང་ནང་ནས་གཉེན་སྒྲིག་བྱས་ཏེ་མར་ཁྲིད་ཡོང་ནས་ནང་ལ་ཡོད་ཟེར།
དེ་ནས་ངས་མོ་རང་སྐད་བཏང་ཤོག ང་ཚོས་འདིར་མོག་མོག་བཟའ་ཞེས་ལབ་པར་ད་དེ་གཡུག་ཤོག ཁྲིད་མ་ཡོང་ཟེར།
དེའི་ཉིན་མོ་དེ་དེ་འདྲ་བྱས་ནས་ངེད་གཉིས་ཐོག་མར་ངོ་ཤེས་པ་ཡིན། དེའི་རྗེས་ནས་ངེད་གཉིས་ཕར་འགྲོ་ཚུར་ཡོང་བྱས་ནས་ངེད་གཉིས་ཀྱི་འབྲེལ་བ་དེ་ཞེ་དྲག་གི་ཡག་པོ་ཡོད་པ་རེད།
ངེད་གཉིས་ལྟ་བ་སྤྱོད་པ་སོགས་གང་ཅིའི་ཕྱོགས་ནས་ཕན་ཚུན་མཐུན་པོ་ཞེ་དྲག་འདུག ཁོ་རང་ཡང་རྒྱུ་ཅ་ལག་ཞེ་དྲག་མི་དགོས་པར་སྤྲང་བོ་ནང་བཞིན་འདུག་པའི་བསམ་པ་དེ་ཡོད་པ་རེད།
ང་ལ་ཡང་བསམ་བློ་དེ་འདྲ་ཞིག་ཡོད་པ་རེད། རི་མོ་འདྲ་ཞིག་བྲིས་ཏེ་དེ་རིང་དེ་རིང་དང་། སང་ཉིན་སང་ཉིན་བྱེད་པ་དང་།
དེ་རིང་འཚོ་བ་འདྲ་བོ་བསྐྱལ་རྒྱུ་བྱུང་ན་མ་གཏོགས་སང་ཉིན་ལ་བསམ་བློ་གཏོང་གི་ཡོད་པ་མ་རེད།
ངེད་གཉིས་ཀྱི་ལྟ་ཚུལ་འདྲ་བོ་ཞེ་དྲག་མཐུན་གི དེ་ཡིན་སྐབས་ངེད་གཉིས་ཀྱི་འབྲེལ་བ་དེ་ཉིན་རེ་བཞིན་ཡག་ཏུ་ཡག་ཏུ་འགྲོ་བ་དང་།
མཚམས་ཤིག་ལ་ད་ཁོ་ཕལ་ཆེར་ངའི་ནང་ལ་ཡོང་ནས་བསྡད་འདུག་གི ཁོ་རང་གི་དགེ་ཕྲུག་དེ་དུས་ཙམ་ལ་རིག་གནས་སློབ་མཁན་མང་བོ་འདུག
དགེ་ཕྲུག་མང་ཆེ་བ་དེར་ཡོང་ནས་དཔེ་ཆ་འདྲ་སྦྱང་། དཔེ་ཆ་འདྲ་བོ་ཁྲིད་ཡ་དེ་ཞེ་དྲག་ཁྲིད་ཀྱི་མ་རེད་སྐད་ཆ་འདྲ་བཤད་ནས་བསྡད།
རྩེད་མོ་འདྲ་བོ་རྩེས། བསྟན་བཤིག་འདྲ་བོ་འཁྲབ་དེ་འདྲ་བསྡད་ཀྱི་མ་གཏོགས་དངོས་གནས་ཚད་ལྡན་གྱི་དཔེ་ཆ་ཁྲིད་པ་དེ་འདྲ་བྱེད་ཀྱི་མ་རེད།
རྒྱུན་ལྡན་མིའི་རང་བཞིན་གང་འདྲ་ཞིག་ཡོད་པ་རེད་ཟེར་ན་མཚམས་མཚམས་ཏེ་ཉིན་ལྔ་དྲུག་བདུན་བརྒྱད་རེའི་མཚམས་ལ་མ་གཏོགས་ཁྲུས་རྒྱག་གི་མ་རེད།
མལ་སའི་ནང་ནས་ཡར་ལངས། སྤྱིར་ཡར་ལངས་ཡ་ལངས་ཀྱི་མ་རེད། རྐང་སྣམ་ཀྱང་གྱོན་གྱི་མ་རེད། མལ་ཆས་འདྲ་བོ་དེ་འདྲ་ཞིག་བྱས་ནས་གྱོན།
སྒང་ལ་རྒྱ་གར་ནས་ཁྱེར་ཡོང་བའི་ཀམ་པ་ལི་ལྗང་ཁུ་ཞིག་གྱོན་ཡོད་པ་དེ་གྱོན་ནས་བསྡད་ཀྱི་རེད།
འོག་ལ་སྟོད་ཐུང་གྱོན་གྱི་མ་རེད། རྐང་སྣམ་ཡང་གྱོན་གྱི་མ་རེད། ད་དཔེ་ཆ་སློབ་མཁན་འཁྲིས་ན་མི་ག་ཚོད་ཡོད་ན་དེ་དེ་ག་རེད།
གཅིན་པ་གཏོང་གི་འགྲོ་དུས་ལམ་སེང་ཡར་ལངས་ནས་ཀམ་པ་ལི་དེ་གྱོན་ནས་འགྲོ་བ་རེད། ཁོ་རང་རྐང་སྣམ་གྱོན་མི་འདུག་ཅེས་འཕྱ་ལེ་གཏོང་མཁན་ཀྱང་ཡོད་པ་མ་རེད།
ཁོ་གོམས་འདྲིས་རེད། ཁོའི་མིའི་རང་བཞིན་དེ་འདྲ་ཞིག་ཡོད་པ་རེད། མཚམས་རེར་ད་ངེད་གཉིས་བར་སྐོར་ལ་འགྲོ་ཟེར་གྱི་རེད།
ད་ངེད་གཉིས་བར་སྐོར་ལ་ཕྱིན་པ་རེད། བར་སྐོར་ལ་ཕྱིན་པའི་སྐབས་ལ་ཁོ་རང་གི་ཆོས་སྒྲོན་ཟེར་བའི་བུ་མོ་དེ་རྗེས་མ་ང་ཚོའི་ཀླུ་འབུམ་ཁང་ཚན་གྱིས་དེ་ཡག་པོ་མི་འདུག་ཅེས་ཕྱིར་འབུད་བྱས་སོང་།
ཁུངས་ལུང་མེད་པའི་བུ་མོ་དེ་འདྲ་ཁྱོད་རང་འདྲ་བོ་བྱས་ནས་དེ་ཁྱོན་ནས་ཡག་པོ་མི་འདུག ཀླུ་འབུམ་ཁང་ཚན་གྱིས་ཕྱིར་འབུད་བྱས་སོང་། དེའི་རྗེས་ལ་ཆབ་མདོ་ནས་ཡིན་པ་ཨ་ཅེ་ཚེ་བརྟན་གཡུ་སྒྲོན་ཟེར་བ་ཞིག་ལ་འབྲེལ་བ་བྱས་ཏེ་དེ་དང་མཉམ་དུ་གཉེན་སྒྲིག་བྱས་ནས་བསྡད་པ་རེད།
ཚེ་བརྟན་གཡུ་སྒྲོན་བཟའ་ཚང་བྱས་པའི་སྐབས་ལ་ད་ཁོ་བར་སྐོར་ལ་འགྲོ་དུས་དངུལ་ཞེ་དྲག་དཀོན་པོ་རེད།
ད་ཁོ་ཁྲོམ་ལ་འགྲོ་དུས་གཞི་ནས་ཡར་ལངས་ཏེ་རྐང་སྣམ་གྱོན། ཕྱུ་བ་འདྲ་གྱོན་སྐེ་རགས་བཅིངས་དེ་འདྲ་བྱེད་ཀྱི་རེད།
མཚམས་རེར་ངས་ངེད་གཉིས་ཡིན་གཅིག་མིན་གཉིས་བར་སྐོར་ལ་འགྲོ་ཞེས་ངས་ཨུ་ཚུགས་བརྒྱབས་ནས་ངེད་གཉིས་འགྲོ་ཡི་ཡོད།
འགྲོ་བའི་སྐབས་ལ་ཁོར་ཕྱུ་བ་ལྗང་སྨུག་ཞིག་དང་དམག་མིའི་གོན་པའི་ཞྭ་ལེབ་མོ་ཞིག་གྱོན་རྒྱུ་ཡོད་པ་རེད།
ཕྱུ་བ་དེ་ཡང་ཁོ་རང་ཨ་ཅེས་སྐེ་རགས་མ་བཅིངས་ཚེ་ཁོ་རང་གིས་བཅིངས་ཤེས་ནི་མ་རེད། ཕྱུ་བ་དང་ཞྭ་མོ་གྱོན་རྗེས་ཨ་ཅེ་ལ་དངུལ་སློང་གི་རེད།
དངུལ་ཡོད་པ་མ་རེད། སྐབས་དེར་ང་ཚོའི་དངུལ་དེ་བོད་དངུལ་རེད། བོད་དངུལ་ཞོར་བེ་ཟེར་བ་ཞིག་ཡོད་པ་རེད།
ཞོར་བེ་བཅུ་ཐམ་པ་སྲང་གང་རེད། ཞོར་བེ་བཅོ་ལྔ་གྲངས་ཀ་གཅིག་རེད། ཚེ་བརྟན་གཡུ་སྒྲོན། ཚེ་བརྟན་གཡུ་སྒྲོན་ང་ལ་དངུལ་ཞིག་སྤྲོད་རོགས་ཟེར་གྱི་རེད།
ཚེ་བརྟན་གཡུ་སྒྲོན་གྱིས་ཕར་ཚུར་བཙལ་བཙལ་ནས་གྲངས་ཀ་བཅུ་སྟེ་ཞོར་བེ་བཅུ་ཐམ་པ་སྤྲོད་ཀྱི་རེད།
ད་ཞོར་བེ་བཅུ་ཐམ་པ་སྤྲོད་དུས་ཙམ་ལ་ཁོར་བླུགས་ས་འདྲ་གཅིག་ཀྱང་ཡོད་པ་མ་རེད། པད་ཤག་བླུགས་སའི་ཁུག་མ་ཟེར་བ་འདྲ་བོ་དེ་འདྲ་ཁྱོན་ནས་ཡོད་པ་མ་རེད།
དེའི་རྗེས་ལ་ང་ལ་དངུལ་འདི་བླུགས་ས་ཞིག་སྤྲོད་རོགས་ཟེར་གྱི་རེད། ཚེ་བརྟན་གཡུ་སྒྲོན་གྱིས་མུ་ཟིའི་སྒམ་ཆུང་ཞིག་གི་ནང་ལ་དངུལ་དེ་ནས་བླུགས་ནས་སྤྲོད་ཀྱི་རེད།
དེ་ནས་ངེད་གཉིས་ཁྲོམ་ལ་འགྲོ་བ་རེད། ཁྲོམ་ལ་ཕྱིན་པའི་སྒང་ལ་ཁོ་རང་སྒོ་ནས་མར་བཏོན་ནས་ནང་ལ་ཡར་མ་སླེབས་པར་དུ་ལྟ་ས་གཅིག་ལ་བལྟས་ཏེ་འགྲོ་བ་མ་གཏོགས།
ཡར་མར་ལ་ལྟ་བ་འདྲ་བོ་དང་ཚོང་ཁང་འདྲ་ནང་གི་ཅ་ལག་ལ་ལྟ་བ། ཡང་མི་ལ་ལྟ་བའམ་སྐད་ཆ་བཤད་པ་དེ་འདྲའི་ལུགས་སྲོལ་ཡོད་པ་མ་རེད།
ཐག་རིང་བོར་ལྟ་བ་དང་ཁོའི་འགྲོ་སྟངས་ཀྱང་ཡག་པོ་མ་རེད། ངེད་གཉིས་ཀྱིས་ག་ལེ་ག་ལེར་ལྷ་སའི་བར་སྐོར་ལ་སྐོར་བ་གཅིག་མ་བརྒྱབས་པའི་ས་དེར་བསུར་བསངས་ཡོད་པ་རེད།
དེར་སྐྱེས་དམན་རྨོ་མོ་ཞིག་གིས་ཤ་བག་ལེར་བསྲེགས་ཀྱི་ཡོད་པ་རེད། ཤ་བག་ལེབ་ཡོད་ས་དེར་སོང་ནས་དུས་རྒྱུན་དུ་ཁོས་ཤ་བག་ལེབ་གསུམ་རེ་གསུམ་རེ་ཉོ་བ་རེད།
ཁོ་དེར་ཕྱིན་ནས་ང་ལ་ཤ་བག་ལེབ་གསུམ་དགོས་ཀྱི་ཡོད་ཟེར་གྱི་རེད། རྨོ་ལགས་དེས་ཤ་བག་ལེབ་གསུམ་བསྲེགས་ཏེ་ཤོག་བུ་འདྲའི་ཁུག་ལའང་མ་བཏུམས་པར་དེ་ག་ནང་བཞིན་སྟེར་གྱི་རེད།
ཁོས་ཤ་བག་ལེབ་གསུམ་དེ་ལག་ལ་བཟུང་ནས་གཅིག་དེ་ཁོ་རང་སར་བསྡད་པའི་སྐབས་དེར་བཟའ་ཡི་རེད།
གཅིག་ང་ལ་སྤྲོད་ཀྱི་རེད། ཡིན་ནའང་ངས་ལེན་གྱི་མེད། ང་ངོ་ཚ་བ་རེད་པ། སྐབས་དེར་ལྷ་སའི་མི་རྣམས་ཀྱིས་སྤྲང་བོ་ཞིག་ཡིན་ན་མ་གཏོགས་ཁྲོམ་ནས་འགྲོ་ཡིན་འགྲོ་ཡིན་དུ་ཟ་མ་ཟ་བ་མ་རེད།
དངོས་གནས་ཚུལ་ལྡན་གྱི་མི་ཞིག་གིས་ཁྲོམ་ནས་ཟ་བ་མ་རེད། དེ་འདྲ་བྱས་ནས་ཁོས་གཅིག་བཟས་རྗེས་ཡར་ལངས་ཀྱི་རེད།
ཡར་ལངས་ནས་ད་དངུལ་སྤྲོད་དགོས་པ་རེད། ཁོའི་དངུལ་མུ་ཟིའི་སྒམ་ཆུང་ཞིག་གི་ནང་དུ་ཡོད་པ་དེ་ཕྱུ་བ་ཆེན་པོ་དེའི་ཨམ་ཕྲག་ནང་ལ་བླུགས་ཡོད་སྐབས་ཁོས་མ་རྙེད་པར་ག་ས་ག་བར་བཙལ་ཏེ།
བྱམས་པ། ངའི་དངུལ་མི་འདུག ངའི་དངུལ་མི་འདུག་ཟེར་གྱི་རེད། དེ་ནས་རྨོ་ལགས་དེས་ཨོ་ཙི་སྐུ་ཕྱོགས་དངུལ་གང་ལ་ཡོད་པ་རེད།
ངས་བཙལ་ཆོག་ཟེར་གི་རེད། རྨོ་ལགས་དེས་བཙལ་བཙལ་ནས་ཕྱུ་བ་དེའི་རུམ་ཁུག་ནས་མུ་ཟིའི་སྒམ་ཆུང་དེ་བཏོན་ཡོང་གི་རེད།
དེ་ནས་ཁོས་དངུལ་གྲངས་ཀ་བཅུ་ཡོད་པ་དེའི་ནང་ནས་ཤ་བག་ལེབ་གསུམ་ལ་ག་ཚོད་སྤྲོད་དགོས་པ་དེ་སྤྲད།
ཡར་ལངས། ཤ་བག་ལེབ་དེའི་གཅིག་ལག་པར་བཟུང་། གཅིག་དེ་ལམ་ཁ་ནས་འགྲོ་དུས་ཟ་བ་རེད། བྱམས་པ་ཟོ་ཟེར་གྱི་རེད།
ངས་ཟ་ཡི་མེད། ལམ་ཁ་ནས་ཤ་བག་ལེབ་དེ་ཉི་མར་བསྟན་ཏེ། བྱམས་པ། དཀོན་མཆོག་གསུམ་ལྟོས་དང་།
གྲོ་བྱེ་འདི་ཡག་པོ་ཞེད་པོ་ཞིག་རེད། གྲོ་བྱེ་འདི་ཕར་ཉི་མར་བསྟན་ན་ནང་ནས་ཉི་མ་མཐོང་གི་འདུག་ཟེར་བ་འདྲ་བོ་ཆོ་མེད་པའི་སྐད་ཆ་བཤད་ཀྱི་རེད།
མི་ཚང་མས་བལྟས་ཏེ་མི་འདི་སྨྱོན་པ་ཞིག་ཡིན་པ་འདྲ་ཟེར་གྱི་རེད། མིས་ག་རེ་བཤད་མ་བཤད་དེ་ཁོས་མཐོང་གི་ཡོད་པ་མ་རེད་ལ།
དེར་ཁྱོན་ནས་དོ་སྣང་ཁོ་རང་ཡོད་པ་མ་རེད། ཁོ་རང་གིས་བག་ལེབ་ནང་གི་ཤ་དེར་འགྲེལ་བཤད་བརྒྱབས་ནས།
བལྟོས་དང་གྲོ་བྱེ་འདི་ཡག་པོ་ཞེད་པོ་ཞིག་རེད། གྲོ་བྱེ་འདིའི་ནང་ནས་ཤ་མཐོང་གི་འདུག་ཟེར་བ་འདྲ་བོ་ཆོ་མེད་པའི་སྐད་ཆ་བཤད་ཀྱི་རེད།
མི་ཚང་མ་གད་མོ་ཤོར་གྱི་རེད། ང་རྦད་དེ་ངོ་ཚ། དེ་འདྲ་དེ་འདྲ་བྱས་ནས་ངེད་གཉིས་ནང་ལ་སླེབས་འགྲོ་བ་རེད།
ནང་ལ་འགྲོ་དུས་ཤ་བག་ལེབ་གཉིས་ཁོ་རང་གིས་ཟོས་པ་རེད། ཤ་བག་ལེབ་གཅིག་དེ་ཁོ་རང་ཟླ་བོ་ཚེ་བརྟན་གཡུ་སྒྲོན་ལ་ཁྱེར་ཡོང་བ་རེད།
ཚེ་བརྟན་གཡུ་སྒྲོན་ལ་སྤྲད་དེ་འདི་ཟོ་དང་འདི་ཞིམ་པོ་ཞེད་པོ་ཞིག་འདུག་ཟེར་བ་རེད། དེ་དག་ཚང་མ་རྒྱུན་ལྡན་གྱི་གནས་ཚུལ་རེད།
མཚམས་རེར་ཡང་ངས་ངེད་གཉིས་གཙུག་ལག་ཁང་ལ་མཆོད་མཇལ་འགྲོ་ཟེར་གྱི་ཡོད།
ཁོས་མིན་མིན་མཆོད་མཇལ་ལ་འགྲོ་ཡི་མིན། གང་ལ་ཡོད་པ་རེད་ཟེར་གྱི་རེད། ངས་མཆོད་མཇལ་ལ་ཅིག་འགྲོ
དེ་ལྷ་ས་ནས་སྙེ་ཐང་ལ་འགྲོ་དགོས་པ་རེད། མཚམས་རེར་མཆོད་མཇལ་ལ་སོང་ན་ཡག་པོ་ཡོད་པ་རེད་ཅེས་ངས་ཁོ་ཁྲིད་འགྲོ་ཡི་ཡོད།
ཁྲིད་དུས་ཙ་ན་ངས་ཁོ་ལ་ཁས་ལེན་མང་བོ་ཞིག་བྱེད་དགོས་པ་རེད། ལྷ་མང་བོ་མང་བོར་མ་མཇལ། ལྷའི་མདུན་ནས་སྨོན་ལམ་བརྒྱབས་ནས་རྒྱུན་རིང་བོར་མ་སྡོད།
མགྱོགས་པོ་མགྱོགས་པོ་མཇལ་ནས་ཚུར་ལོག་ཡོང་ན་ཡག་པོ་ཡོད་པ་རེད། སྨོན་ལམ་བརྒྱབས་ནས་སྡོད་པ་དེ་ཡག་པོ་མི་འདུག་ཟེར་གྱི་རེད།
དེ་ནས་ངས་སྨོན་ལམ་བརྒྱབས་ནས་རྒྱུན་རིང་བོར་མི་འདུག ང་མགྱོགས་པོ་ཚུར་ལོག་ཡོང་ཆོག་ཅེས་ངས་ཁས་ལེན་བྱས་ཏེ།
ངེད་གཉིས་མཆོད་མཇལ་ལ་འགྲོ་ཡི་རེད། ལྷ་ཁང་ཆུང་ཆུང་འདྲའི་ནང་ལ་འགྲོ་དུས་ལྷ་ལ་མཇལ་ཁ་ཞུ་ཡི་མ་རེད།
ལྷའི་གདོང་ལ་བལྟས་ནས་འགྲོ་ཡི་རེད། གཙུག་ལག་ཁང་ལ་སོང་སྟེ་ཇོ་བོ་རིན་པོ་ཆེ་སྐུ་མདུན་ལ་འགྲོ་དུས་ཇོ་བོ་རིན་པོ་ཆེ་ལ་ཐོད་པ་གཏུག་གི་འདུག
གཞན་མཆོད་ཁང་གཞན་པའི་ནང་གི་ལྷ་དེ་ཚོར་ཞེ་དྲག་དོ་སྣང་མེད་པའི་བཟོ་འདྲ་བྱས་ནས་ཞེ་དྲག་གང་ཡང་བྱེད་ཀྱི་མ་རེད།
ཡང་ཉིན་གཅིག་བོད་ཀྱི་རྒྱལ་བོ་ཏེ་ལུང་བྲག་རེད།
ཏེ་ལུང་བྲག་གི་ཕྱག་མཛོད་ཆེན་མོ། ཏེ་ལུང་བྲག་བོད་ཀྱི་རྒྱལ་བོ་རེད་མ་གཏོགས་བོད་ཀྱི་སྡེ་བ་གཞུང་གི་དབང་ཆ་ཡོད་ན་མེད་ན་དེ་ཕྱག་མཛོད་ཆེན་མོའི་ལག་ལ་ཡོད་པ་རེད།
ཕྱག་མཛོད་ཆེན་མོའི་སྒང་ལ་མ་གཞི་ཡོད་པ་བཀའ་ཤག་འདྲ་བོ་ཡོད་པ་རེད། ཡིན་ནའང་དོན་དག་ཆེན་པོ་དེ་འདྲ་ཡོད་དུས་ཕྱག་མཛོད་ཆེན་མོ་མེད་དུས་ཐག་ཆོད་གི་མ་རེད།
དགེ་འདུན་ཆོས་འཕེལ་གྱིས་ཕྱག་མཛོད་ཆེན་མོ་ལ་རིག་གནས་འདྲ་ཁྲིད་དེ་ཕྱག་མཛོད་ཆེན་མོ་དགེ་འདུན་ཆོས་འཕེལ་གྱི་དགེ་ཕྲུག་རེད།
ཕྱག་མཛོད་ཆེན་མོ་ཡིས་མཚམས་མཚམས་ལ་དགེ་འདུན་ཆོས་འཕེལ་སྐད་གཏོང་གི་ཟེར། ངས་དགེ་འདུན་ཆོས་འཕེལ་ཁྱོད་ཕྱག་མཛོད་ཆེན་མོའི་སར་འགྲོ་དུས་མི་ལ་ཆེ་མཐོང་འདྲ་བོ་བྱས།
མི་ལ་གུས་ཞབས་འདྲ་བོ་དེ་འདྲ་བྱེད་ཀྱི་ཨེ་ཡོད་ཅེས་དྲིས་པར་མེད། ངས་དེ་འདྲ་བྱེད་ཀྱི་མེད་ཟེར།
དེ་ག་རེ་ཡིན་ནམ་ཞེས་དྲིས་པར། ངས་མི་ལ་ཆེ་མཐོང་འདྲ་བོ་དང་མི་ལ་གུས་ཞབས་འདྲ་བོ་དེ་འདྲ་རྩ་ནས་བྱས་མ་མྱོངས་ཟེར།
ཞུས་མ་མྱོངས་ནའང་དེ་རིང་སང་ཉིན་སྡེ་བ་གཞུང་ཡར་བྱས་ན་མར་བྱས་ན་ཕྱག་མཛོད་ཆེན་མོའི་ལག་རེད།
མིའི་ཀུན་སྤྱོད་ཟེར་བ་དང་མི་ཆོས་ཟེར་བ་དེ་ཡིན་གཅིག་མིན་གཅིག་ཚང་མ་ལ་བསྟུན་དགོས་པ་ཞིག་རེད།
དེ་མིའི་ཀུན་སྤྱོད་དང་མཐུན་པ་ཞིག་བྱེད་དགོས་པ་རེད་ཅེས་ལབ་པར། ཕྱིར་གང་ཡང་ལབ་ཀྱི་མི་འདུག
ངས་ཁྱེད་རང་ཕྱིན་པའི་སྐབས་ལ་ཕྱག་མཛོད་ཆེན་མོ་ཡིས་རྣམ་འགྱུར་གང་འདྲ་སྟོན་གྱི་འདུག་ཞེས་དྲིས་པར།
ང་ཕྱིན་པའི་སྐབས་ལ་ཕྱག་མཛོད་ཆེན་མོ་ལམ་སེང་ཡར་ལང་གི་རེད་ཟེར། དེ་དུས་ཤིང་གི་བཞུགས་སྒྲོམ་སྒང་ལ་རི་མོ་བྲིས་པ་དེ་ཡག་པོ་ཞེ་བོ་ཡོད་པ་རེད།
ཁོ་སླེབས་དུས་ཕྱག་མཛོད་ཆེན་མོ་ལམ་སེང་མར་བབ་སྟེ་དགེ་འདུན་ཆོས་འཕེལ་ལགས་ཡར་བཞུགས་རོགས་ཟེར་གྱི་རེད་ཟེར།
ང་ལམ་སེང་ཕྱིན་ཏེ་དེར་བསྡད་པ་ཡིན་ཟེར། ཨོ་ཕྱག་མཛོད་ཆེན་མོ་བཞུགས་སར་ཁྱོད་ལམ་སེང་བཞུགས་ཏེ་ཐེ་ཚོམ་ཙམ་ཡང་མེད་པར།
ཁྱོད་ལ་དེ་འདྲའི་སྙིང་ཆེ་བ་ལ་ཅེས་ལབ་པར། ང་མི་ཡིན་སྐབས་ངས་མིའི་ཐོབ་ཐང་རྩོད་ལེན་བྱེད་ཀྱི་རེད་ཟེར།
ཁོའི་སྐད་ཆ་དེར་བལྟས་པའི་སྒང་ལ་མི་ཆེན་པོ་སུ་འདྲ་ཞིག་ཡིན་ནའང་ཁོ་ལ་དེར་མིའི་འདུ་ཤེས་མེད་པ་འདྲ།
ཕལ་ཆེར་ཅིག་ང་ཡིན་བསམ་པ། འཇིག་རྟེན་འདིར་མཁས་པ། འཇིག་རྟེན་འདིའི་ཡིན་མིན་གྱི་རྣམ་དབྱེ་ཤེས་མཁན་ང་གཏོགས་མེད་སྙམ་པའི་འདུ་ཤེས་ཤིག་ཡོད་པ་འདྲ།
ཡང་ཉིན་གཅིག་ལ་ཁོས་སྐུ་དྲག་མང་བོ་ཞིག་ལ་དཔེ་ཆ་ཁྲིད་པའི་སྐབས་ལ།
ཁོ་རང་ལ་ཞི་མི་ནག་པོ་ཞིག་ཡོད་པ་རེད། ཞི་མི་ནག་པོ་དེ་དུས་རྒྱུན་དུ་པང་ལ་ཉར་ནས་སྡོད་ཀྱི་རེད།
དཔེ་ཆ་ཁྲིད་པའི་ཞོར་ལ་ཁྱོད་རང་ཚོ་ཚང་མས་ང་ལ་དགེ་འདུན་ཆོས་འཕེལ་ཤེས་རབ་ཆེན་པོ་རེད། དགེ་འདུན་ཆོས་འཕེལ་ཡོན་ཏན་ཆེན་པོ་རེད་ཅེས་ང་ལ་དེ་འདྲ་བཤད་ཀྱི་ཡོད་པ་རེད།
དེ་དངོས་གནས་རེད། ང་ལ་ཤེས་རབ་ཆེན་པོ་དང་ཡོན་ཏན་ཆེན་པོ་རེད། རེད་དེ་ངས་ཤེས་རབ་ཆེན་པོ་དང་ཡོན་ཏན་ཆེན་པོ་ལ་འབད་བརྩོན་ཞེ་དྲག་བྱེད་ཀྱི་ཡོད་པ་རེད།
དུས་རྒྱུན་དུ་ངས་སེམས་འདི་རྦད་དེ་གཡེང་ནས་བསྡད་མེད། ངས་སེམས་འདི་གཞི་རྩ་གཅིག་གི་སྒང་ལ་བཞག་ནས་བསམ་བློ་གཏོང་ས་གཅིག་ལ་བསམ་བློ་བཏང་ནས་བསྡད་ཡོད་པ་རེད་མ་གཏོགས།
ཁྱེད་རང་ཚོ་ནང་བཞིན་སེམས་འདི་རྒྱ་ཡན་དུ་བཏང་ནས་སེམས་འདི་གང་བྱུང་མང་བྱུང་རྩ་བ་ནས་མེད་ཟེར།
ཁྱེད་རང་ཚོས་དངོས་གནས་དྲང་གནས་ང་དང་ཁྱེད་རང་ཚོ་བསྡུར་ན། སྙིང་རྗེ་ངའི་ཞི་མི་འདི་རེད།
ང་དངོས་གནས་མི་རེད། ཁྱེད་རང་ཚོ་དང་བསྡུར་ན། ཁྱེད་རང་ཚོར་ངའི་ཞི་མི་འདི་ནང་བཞིན་གྱི་འཆར་སྣང་དང་ཤེས་རྒྱ་མ་གཏོགས་ཡོད་པ་མ་རེད།
ཞོགས་པར་ཞི་མི་འདིའི་མིག་ལ་བལྟས་པའི་སྒང་ལ་ཞི་མི་འདིའི་མིག་གི་ནང་གི་འབྲས་བུ་འདི་རིལ་རིལ་ཞིག་ཡོད་པ་རེད།
ཉིན་གུང་བལྟས་པའི་སྒང་ལ་ཞི་མིའི་མིག་ནང་གི་འབྲས་བུ་འདི་ཁབ་ནང་བཞིན། ཞོགས་པར་ཐད་ལ་ཡོད་པ་ཡིན་ན།
ཉིན་གུང་འདི་ལྟར་ཡར་མར་སྟེང་འོག་ཏུ་བརྗེས་ནས་བསྡད་ཡོད་པ་རེད། རྣོ་ཕྲ་མོ་ཕྲ་མོ་ཁབ་ནང་བཞིན་ཞིག་ལས་ཡོད་པ་མ་རེད།
ཞི་མིའི་མིག་གི་རྣོ་དེར་འདི་ལྟར་འགྱུར་ལྡོག་བྱུང་བའི་སྒང་ལ་ང་ཚོ་མིའི་མིག་གི་མཐོང་སྟངས་དང་ཞི་མིའི་མིག་གི་མཐོང་སྟངས་གཉིས་རྩ་བ་ཉིད་ནས་འདྲ་ཡི་མ་རེད།
ང་ཚོས་འདི་ལྟར་ཕར་ལྷ་སའི་བུམ་པ་རི་ལ་བལྟས་པའི་སྒང་ལ། རི་ཕ་གི་བུམ་པ་རི་རེད། ངས་བལྟས་ན་བུམ་པ་རི་རེད།
ཁྱེད་རང་གིས་བལྟས་ནའང་བུམ་པ་རི་རེད། ཚང་མས་བལྟས་ན་བུམ་པ་རི་རེད། མི་ཚང་མས་གཅིག་མ་གཏོགས་གཉིས་མཐོང་གི་མ་རེད།
ཞི་མི་འདི་ཁ་གྲགས་པ་ཤེས་པ་ཞིག་ཡིན་ཚེ་ཁོར་དྲིས་པ་ཡིན་ན། ཞི་མིའི་མཐོང་ཚུལ་དང་མིའི་མཐོང་ཚུལ་གཉིས་ཁག་ཁག་རེད།
ཞི་མིས་དེ་བུམ་པ་རི་མ་རེད་ཟེར་གྱི་རེད། དེ་མིན་པའི་རྒྱུ་མཚན་གང་ཡིན་ཟེར་ན་ཞི་མིའི་མིག་གི་འབྲས་བུ་དང་མིའི་མིག་གི་འབྲས་བུ་གཉིས་བཟོ་ལྟ་ལོགས་ཀ་རེད།
རྣམ་འགྱུར་ལོགས་ཀ་རེད་ཟེར། དེ་ག་ནང་བཞིན་ང་ཚོའི་མདུན་གྱི་ཀ་བ་འདི་རེད། ང་ཚོ་ཚང་མས་ཀ་བ་འདི་ལ་བལྟས་པའི་སྒང་ལ་ཀ་བ་འདི་རིལ་རིལ་རེད་དམ་གྲུ་བཞི་རེད་ཅེས་འདྲི་དུས།
ཚང་མས་གྲུ་བཞི་རེད་ཟེར་གི་རེད། གྲུ་བཞི་ཡིན་པ་ཁྱོད་རང་གིས་གང་འདྲ་བྱས་ནས་ཧ་གོ་སོང་ཟེར་དུས་སྒང་ལ།
ངས་བལྟས་ནས་ཧ་གོ་སོང་ཟེར་གྱི་རེད། ངས་བལྟས་ན་རེད། ཁྱོད་ཀྱིས་བལྟས་ན་རེད། འདི་ལ་མི་བརྒྱ་ཡོད་པ་ཡིན་ན་ཚང་མས་བལྟས་ན་གྲུ་བཞི་མ་གཏོགས།
གཞན་དངོས་པོ་རིལ་རིལ་དེ་འདྲ་རྩ་བ་ཉིད་ནས་མ་རེད། ཚང་མའི་ཁས་ལེན་གཅིག་གྱུར་རེད། ང་ཚོ་མི་ལ་སྣང་བའི་ཕ་རོལ་གྱི་ཡུལ་ག་འདྲ་ཞིག་ཡིན་ནའང་སྣང་བའི་སྣང་བྱ་དེ་ཙོག་ཙོག་ཡིན་ན་ཙོག་ཙོག
རིལ་རིལ་ཡིན་ན་རིལ་རིལ། གྲུ་བཞི་ཡིན་ན་གྲུ་བཞི་གཅིག་མ་གཏོགས་ཡོད་པ་མ་རེད། ང་ཚོ་མིའི་མིག་གི་ལྟ་སྟངས་འདི་འདྲ་ཞིག་ཡོད་པ་རེད།
དེ་གང་ཡིན་ཟེར་ང་ཚོ་མིའི་མིག་དེ་འདི་ལྟར་ཐད་ཀར་ཡོད་པའི་རྐྱེན་གྱིས་རེད། མིག་ཐད་ཀར་ཡོད་པ་རིགས་མཐའ་དག་གིས་ཀ་བ་འདིར་བལྟས་པ་ཡིན་ན་དེ་གྲུ་བཞི་རུ་མཐོང་གི་ཡོད་པ་རེད།
ཡང་མིག་གཉིས་སྟེང་འོག་ཅིག་བརྗེས་ནས་ཀ་བ་འདིར་ལྟས་པ་ཡིན་ན། ཀ་བ་འདི་གྲུ་བཞི་མ་རེད། བཟོ་ལྟ་མི་འདྲ་བ་ཞིག་མཐོང་གི་རེད།
དེའི་རྒྱུ་མཚན་གང་ཡིན་ཟེར་ན་ཁོ་རང་མིག་གཉིས་སྟེང་འོག་ཏུ་ཕྱིན་ཚར་བ་རེད། ང་ཚོ་མིག་གཉིས་ཐད་ཀར་ཡོད་པ་ཚོས་བལྟས་ན་གྲུ་བཞི་རེད།
མིག་གཉིས་སྟེང་འོག་ཏུ་ཕྱིན་པའི་མི་ཡིས་ཀ་བ་འདིར་བལྟས་པ་ཡིན་ན་ཀ་བ་འདིའི་བཟོ་ལྟ་འགྱུར་ཚར་བ་རེད་ཟེར།
དེ་ག་ནང་བཞིན་འཇིག་རྟེན་འདིའི་ཕྱིའི་སྣོད་དང་ནང་བཅུད་གང་དང་གང་ཡིན་ནའང་སོ་སོས་གང་མཐོང་བ་དེ་གཞི་ལ་བཞག་ནས་འདི་རེད་དང་འདི་མ་རེད་ཅེས་ཐ་སྙད་ཚད་མར་བཞག་པ་རེད་མ་གཏོགས།
དེ་ལས་རྒྱུ་མཚན་གཞན་གང་ཡང་ཡོད་པ་མ་རེད་ཟེར།
དྲི་བ། དགེ་འདུན་ཆོས་འཕེལ་གྱིས་རྒན་ལགས་དང་མཉམ་དུ་སྐད་ཆ་བཤད་པ་ཡིན་ན་ཁོང་ག་རེ་བྱས་ནས་བཙོན་ཁང་ནང་བཅུག་པ་ཡིན་པའི་སྐོར་སྐད་ཆ་བཤད་སོང་ངམ།
ལན། དེ་ཁོ་དམར་བོའི་གསང་མྱུལ་རེད་ཅེས་བཅུག་པ་རེད་ཟེར།
ཁོ་རྒྱ་གར་ལ་སོང་ནས་རི་མོ་ཅུང་ཙམ་བསླབས་པ་ཡིན་ཟེར། རི་མོ་སློབ་སའི་དགེ་རྒན་དེ་ཨུ་རུ་སུ་དཀར་བོ་མིང་ལ་རའོ་རིཀ་ཟེར་བ་ཞིག་ཡིན་ལ།
ཁོའི་འཁྲིས་ལ་ཟླ་བ་དྲུག་དག་དག་ལ་རི་མོ་དང་དབྱིན་ཇིའི་སྐད་བསླབས་པ་ཡིན་ཟེར། དེའི་དོགས་པ་ཡིས་བཟུང་བ་རེད་ཟེར།
རའོ་རིཀ་སྐབས་དེར་ཨུ་རུ་སུའི་ནང་ལོགས་ལ་ཨུ་རུ་སུ་དམར་བོ་ལངས་ཏེ་ཨུ་རུ་སུ་དཀར་བོ་བྲོས་ཏེ་ཁོ་རྒྱ་གར་ལ་ཡོང་ནས་བསྡད་ཡོད་པ་རེད།
སྐབས་དེར་རྒྱ་གར་དབྱིན་ཇི་ཡིས་བཟུང་བསྡད་ཡོད་པ་རེད། ལྷག་པར་དུ་ཁོས་རྒྱ་གར་ནས་བོད་ཀྱི་ལོ་རྒྱུས་སྐོར་ལ་ཞིབ་འཇུག་མང་བོ་བྱས་པ་ཡིན་ཟེར།
གནའ་སྔ་མོ་བོད་ཀྱི་བཙན་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡི་དུས་ལ་ཆུ་བོ་གངྒཱ་སོགས་ཚང་མ་བོད་ཀྱི་ས་ཆ་རེད།
ཡིན་པའི་རྟགས་མང་བོ་འདུག་ཟེར། རྡོ་རིང་འདུག ལྷག་པར་དུ་ལྕགས་ཀྱི་ཀ་བ་གཉིས་ཀྱི་སྒང་ལ་སྔོན་མ་བོད་ཀྱི་རྒྱལ་བོའི་དབང་སྒྱུར་གྱི་ས་ཆ་ཡིན་པའི་ཁུངས་སྐྱེལ་ལུང་སྐྱེལ་འདུག་ཟེར་མོད།
ཁོས་ཀ་བ་དེ་གཉིས་བཙལ་ནས་ཐུག་མ་སོང་ཟེར། ཁོ་མེ་འཁོར་ནང་ནས་ཕར་འགྲོ་དུས་མེ་འཁོར་གྱི་འབབ་ཚིགས་ལ་ཁེལ་མི་འདུག་པས་དེར་ཁོས་དབྱེ་འབྱེད་བྱེད་ཐུབ་མ་སོང་ཟེར།
ཡང་བོད་ཀྱི་རྒྱལ་བོས་བཙུགས་པའི་ཀ་བ་གཅིག་འདུག་པ་དེར་དབྱེ་འབྱེད་བྱས་པ་ཡིན་ཟེར། ཡིན་པ་སྔོན་མ་དེ་ཕལ་ཆར་རྡོ་ཨེ་ཡིན་ན་བསམ་པ་ཞིག་འདུག
རྗེས་མ་ཁོས་ཞིབ་འཇུག་བྱེད་དུས་ཅ་ལག་རྙིང་བ་ཚང་མར་སྐྱོན་བཏང་འདུག དེའི་སྒང་ལ་ཁྲོ་བླུགས་འདུག
ཡི་གེ་ཚང་མ་གསལ་མི་གསལ་ཞིག་འདུག་སྐབས་དེར་ཞིབ་འཇུག་ཡག་པོ་ཞིག་བྱེད་ཐུབ་མ་སོང་ཟེར། དེ་ནས་རྒྱ་གར་གྱི་ལྡི་ལི་དེ་ཡང་གནའ་སྔ་མོ་བོད་ཀྱི་ས་ཆ་རེད།
ལྡི་ལི་ཟེར་བའི་སྐད་དེའང་སྐད་ཟུར་ཆགས་པ་ཞིག་ཡིན་ཞིང་ང་ལ་ཅིག་བཤད་སོང་མོད་ངས་དྲན་གྱི་མི་འདུག དོན་དངོས་ཐོག་བོད་སྐད་ཅིག་རེད་ཟེར། ཡང་རྒྱ་གར་གྱི་ས་ཆ་གང་ཞིག་ཡིན་ན་ཅིག་ན་གཉན་ཆེན་ཐང་ཟེར་བ་ཞིག་འདུག
གཉན་ཆེན་ཐང་ཟེར་བ་དེ་སྔོན་མ་བོད་ཀྱི་རྒྱལ་བོས་རྒྱ་གར་ལ་དམག་རྒྱག་པའི་དུས་ལ་བྱང་གི་གཉན་ཆེན་ཐང་ལྷ་ཡིས་དམག་མང་བོ་བསྡུས་དེ་རྒྱ་གར་ལ་དམག་བརྒྱབ་པ་དང་།
དེ་རྒྱ་གར་གྱི་ས་ཆ་ནས་གཞིས་ཆགས་ཏེ་ལུས་སོང་བ་ཞིག་རེད། གང་ཡིན་ཟེར་ན་ཁོ་རང་ཚོའི་ཁྱིམ་གྱི་སྒང་ལ་དར་ཆ་དཀར་བོ་སྟེ་བོད་ཀྱི་དར་ཆ་རེ་བཙུགས་འདུག
ནང་ན་ཡི་གེ་མི་འདུག འདི་ག་རེ་རེད་ཅེས་དྲིས་པར། འདི་གནའ་སྔ་མོ་སྔ་མོ་ང་ཚོའི་ཁྱིམ་ཚང་གང་འདྲ་ཞིག་ཡིན་ནའང་ཐོག་ལ་དར་ཆ་དཀར་བོ་དེ་འཛུག་གི་རེད་ཟེར།
ཁོ་ཉིན་གཅིག་དེའི་ཉེ་འགྲམ་ཞིག་ཏུ་ངལ་གསོ་བརྒྱབ་ནས་ཉལ་བསྡད་པའི་དུས་ལ་མི་ཞིག་གིས་གླུ་ལེན་གྱི་འདུག
ཕལ་ཆེར་ཁམས་དང་ཨ་མདོའི་གླུ་འདྲ་བོ། སྐད་སྙན་པོ་ཞེད་པོ་ཞིག་འདུག ཁོའི་སེམས་དེ་སྐྱོ་བ་འདྲ་ཞིག་སྐྱེས།
ཡ་མཚར་འདི་གང་འདྲ། བོད་ཀྱི་མི་འདྲ་ཡིན་ནམ་སྙམ་ནས་ག་ལེ་ག་ལེར་ཁོ་ཡོད་སར་ཕྱིན་དེ་ཁོ་ལ་ཐུག་སོང་།
དེ་ནས་ཁོ་གཉིས་སྐད་ཆ་བཤད་དེ་ཁྱོད་ཀྱི་གླུ་དེ་སྙན་པོ་ཞེ་དྲག་འདུག གླུ་དེ་ཁྱོད་ཚོའི་ལུང་བའི་གླུ་རེད་དམ་ཞེས་དྲིས་པར།
རེད། ང་ཚོའི་ལུང་བའི་གླུ་རེད། གནའ་སྔ་མོ་འདི་བོད་ཀྱི་གླུ་རེད་ཅེས་བཤད་སྲོལ་ཡོད་པ་རེད།
དེང་སང་ང་ཚོའི་ལུང་བའི་གླུ་འདི་རེད་ཟེར་གི བོད་ཀྱི་གླུ་འདྲ་བོ་མ་གཏོགས་རྒྱ་གར་གྱི་གླུའམ་གཞས་ཡི་རྣམ་པ་གང་ཡང་མི་འདུག
དེར་བལྟས་ཚེ་ས་ཆ་འདི་གནའ་སྔ་མོ་བོད་ཀྱི་རྒྱལ་བོའི་ཆབ་འབངས་ཀྱི་ས་ཆ་རེད་ཟེར།
དྲི་བ། བཙོན་ཁང་ནང་ནས་ཁོང་གིས་སྡུག་མྱངས་པ་འདྲ་བོ་དེ་འདྲའི་ལོ་རྒྱུས་བཤད་སོང་ངམ།
ལན། བཙོན་ཁང་ནང་གི་སྐད་ཆ་བཤད་སོང་།
ཕྱི་རྒྱལ་གྱི་མགྲོན་ཁང་ཞིག་ལས་སྡེ་བ་གཞུང་གི་བཙོན་ཁང་སྐྱིད་པོ་ཡོད་པ་རེད་ཟེར། སྡེ་བ་གཞུང་གི་བཙོན་ཁང་ལ་བཙོན་པ་ནག་ཆེན་ཡོང་ན་ཁོ་ནག་ཉེས་ཚར་ནས་རྒྱུགས་ཟེར་ན་ཁོ་འགྲོ་ཡི་མ་རེད་ཟེར།
ལྷ་སར་སྐོར་བ་འདྲ་བརྒྱབས། ཁོ་རང་ཚོའི་འཚོ་བ་བསྐྱལ་བ་ཁག་པོ་ཡོད་སྐབས་ཡང་བསྐྱར་ཡར་བཙོན་ཁང་ནང་འཛུལ་ཡོང་ནས།
སྐུ་མཁྱེན། ང་བཙོན་ཁང་ནང་ནས་ཅུང་ཙམ་ཉལ་འཇུག་རོགས་ཅེས་སྡོད་མཁན་ཡང་འདུག་ཟེར། ང་བཙོན་ཁང་ནང་ནས་འཚོ་བ་སྐྱིད་པོ་ཞེ་དྲག་བྱུང་ཟེར།
ཙོ་ཙོ་མེས་དང་ཨ་ལགས་རཀ་ར་དང་། སྐུ་དྲག་འདྲ་བོ་དེ་འདྲ་འཚོ་བ་སྐྱལ་ཡོང་མཁན་ཡོད་སྐབས་ངས་རང་གིས་ཟོས་པ་དང་མི་ལའང་སྤྲད་པ་ཡིན་ཟེར།
ལྷག་པར་དུ་ངས་བཙོན་ཁང་ནང་ཐང་ཀ་བྲིས་པ་དང་བུ་མོ་ཆོས་སྒྲོན་ཟེར་བ་དེ་དང་མཉམ་འབྲེལ་བྱས་ནས་མོར་སྤྱི་ཚོགས་སྟེང་ལ་བཙོང་གི་བཅུག
འཚོ་བ་སྐྱིད་ཐག་ཆོད་ཡིན་ཟེར། བཙོན་ཁང་གི་ཐ་སྙད་ཙམ་མ་གཏོགས་བཙོན་ཁང་དེའི་ནང་དངོས་གནས་སྐྱིད་པོ་ཡོད་པ་རེད་ཟེར།
དགོང་དྲོཉི་མ་ནུབ་མ་ནུབ་དེ་ལ་བཙོན་པ་ཚང་མ་བཙོན་ཁང་གི་ཐོག་ཁ་ནས་ཕོ་བྲང་ཡོད་སར་ཁ་འཁོར་ནས་སྒྲོལ་མ་ཚར་ཉི་ཤུ་རྩ་གཅིག་བཏོན།
མ་ཎི་བཏོན། ཕྱག་འཚལ་བྱས་ཏེ་བཙོན་པ་ཚང་མ་སོ་སོའི་བཙོན་ཁང་ནང་འགྲོ་གི་རེད། བཙོན་ཁང་ནང་མཱ་ཅང་རྒྱག་ཡ་ཡོད་པ་རེད།
བཙོན་ཁང་ནང་མཱ་ཅང་རྒྱག་པའི་སྐབས་སུ་རྣམ་རྒྱལ་གྲྭ་ཚང་གི་གྲྭ་བ་ཚོ་བཙོན་ཁང་ནང་ལ་མཱ་ཅང་རྒྱག་གི་ཡོང་གི་རེད།
དེ་གང་འདྲ་བྱས་ནས་ཧ་གོ་བ་རེད་ཟེར་ན། བཙོན་ཁང་ནང་དུ་དེ་དགོང་མཱ་ཅང་རྒྱག་གི་ཡིན་ན། བཙོན་ཁང་གི་ཐོག་དེར་གཟན་དམར་པོ་ཞིག་བཏིང་ནས་འཇོག་གི་རེད་ཟེར།
དེར་རྣམ་རྒྱལ་གྲྭ་ཚང་གི་གྲྭ་བ་ཚོ་མར་བཏོན་ཡོང་བའི་དུས་ལ་བཙོན་ཁང་ནང་ལ་དེ་དགོས་མཱ་ཅང་ཡོད་པ་འདྲ་བསམ་ནས།
དགོང་མོ་རྣམ་རྒྱལ་གྲྭ་ཚང་གི་གྲྭ་བ་ཚོ་བཙོན་ཁང་ནང་ལ་མཱ་ཅང་རྒྱག་གི་ཡོང་གི་རེད་ཟེར། དེ་འདྲའི་སྐྱིད་པོ་རེད་ཟེར།
ང་ཐོག་མར་ལས་ཁུངས་ནང་བཀག་ལ་བཅུག་པ་རེད་ཟེར། དེར་བཅུག་པའི་སྐབས་སུ་ང་ལ་ནག་ཉེས་འདྲ་བོ་ཁྱོན་ནས་བཤད་ཡོད་པ་མ་རེད།
ནག་ཉེས་ངས་ཚོད་དཔག་བྱས་སྐབས་ངས་ཤེས་ནི་རེད། ག་རེ་བྱས་པ་ཡིན་ཟེར་ན་དབྱིན་ཇིས་སྡེ་བ་གཞུང་བཀའ་ཤག་ལ་ང་ལ་ནག་ཉེས་ཆེན་པོ་ཞིག་ཡོད་པ་རེད་ཅེས་གསང་བརྡ་ཞིག་སྤྲད་ཡོད་པ་ཐག་ཆོད་རེད་ངས་དེ་བསམས་སོང་།
གང་ཡིན་ཟེར་ན་ངས་རྒྱ་གར་ནས་ལོ་བཅུ་གཉིས་བཅུ་གསུམ་ཞིག་ལ་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱས་པ་རེད།
དབྱིན་ཇིས་ཚང་མ་ཧ་གོ་ནས་བསྡད་ཡོད་པ་རེད། ངའི་རྗེས་ལ་གསང་མྱུལ་བ་ཡོད་པ་རེད། ངས་ག་རེ་བྱས་དང་མ་བྱས་ཚང་མས་ཤེས་ཀྱིན་ཡོད་པ་རེད།
ང་རྒྱ་གར་ནས་ཚུར་ཡོང་དུས་མོན་རྟ་ཝང་ནས་ཡོང་བ་ཡིན། མོན་རྟ་ཝང་ནས་ལྷ་སར་མ་སླེབས་པར་དུ་ཁོ་རང་ཚོའི་གསང་མྱུལ་ཡོད་པ་རེད།
ངའི་ནག་ཉེས་དེ་གཞུག་ལ་དབྱིན་ཇིས་བཀའ་ཤག་ལ་ལབ། དེ་ནས་ང་འཇུས་པ་རེད་བསམས་སོང་། ངའི་བསམ་བློའི་ནང་དེ་འདྲའི་འཆར་སྣང་ཞིག་ཡོད་ཟེར།
དེ་ཡིན་སྐབས་ངའི་སེམས་ཤིག་ལ་ངའི་ནག་ཉེས་དེ་གསང་མྱུལ་གྱི་ནག་ཉེས་རེད། ངས་གསང་མྱུལ་ལས་ཀ་བྱས་ཡོད་པ་མ་རེད།
གསང་མྱུལ་གྱི་ལས་ཀ་བྱས་མེད་པ་ཞིག་ལ་གསང་མྱུལ་གྱི་ལས་ཀ་བྱས་པ་རེད་ཟེར་བའི་སྒང་ལ་ངས་མ་བྱས་པའི་དཔང་རྟགས་ཁོ་ཚོར་ཡོད་པ་མ་རེད།
ངས་དངོས་གནས་བྱས་ཡོད་པ་མ་རེད། ད་ཡང་ན་ངའི་ལག་པ་གཅོད་ཀྱི་རེད། ཡང་ན་ངའི་མིག་འདོན་གྱི་རེད་བསམ་ནས་ང་ལ་ཞེད་སྣང་ཞེད་པོ་ཞིག་སླེབས་སོང་།
སྐབས་དེར་ངས་སྒྲོལ་མ་ཞེ་དྲག་བཏོན་པ་ཡིན། ང་སྡོད་ས་དེ་བཙོན་ཁང་མ་ཡིན་པར་བཙོན་ཁང་གི་ཐོག་ནས་ཁང་བོ་འོག་ཤིང་ལེབ་སྒྲིག་ཡོད་པ་སྒང་ཁང་བ་བྱས་སྤྱིར་བཏང་གི་མི་དྲག་པ་དེ་འདྲའི་ཁང་བ་ཞིག་གི་ནང་ལ་བཅུག་སོང་ཟེར།
སྐབས་དེར་ང་ལ་ཕྲེང་བ་མེད་སྐབས་སྒྲོལ་མ་ཚར་རེ་བཏོན་ཏེ་ཤིང་གི་སྒང་ལ་རྟགས་རེ་བརྒྱབས་ཏེ་ཕལ་ཆེར་རྟགས་བརྒྱབས་པ་དེས་ཁང་བ་ཁེངས་འདུག་ཟེར།
དེ་འདྲའི་སྐབས་ལ་ཉིན་ཞིག་མི་དཔོན་གྱིས་ཡར་སྐད་བཏང་སོང་། ཉིན་མོ་དེ་རིང་ནས་བཟུང་ཁྱོད་ལྷ་ས་ནས་སྡོད་ཀྱི་མ་རེད།
ཁྱོད་ཞོལ་བཙོན་ཁང་དེའི་ནང་ལ་འགྲོ་དགོས་པ་རེད། ཞོལ་བཙོན་ཁང་ལ་འགྲོ་བའི་དུས་ལ་ཁྱོད་ལ་རྟ་ལྕག་ལྔ་བཅུ་ཐམ་པ་གཞུ་ཡི་རེད།
ཁོ་ཚོར་དེ་ལྟར་ཁྱབ་བསྒྲགས་བྱས་སོང་ཟེར། སྐབས་དེར་བཀའ་བློན་ཟུར་ཁང་གིས་ཧ་གོ ཟུར་ཁང་གིས་ང་ལ་ཡག་པོ་བྱེད་ཀྱི་རེད།
ཟུར་ཁང་གིས་ཧ་གོ་ནས་ཟུར་ཁང་ཁོ་རང་གི་སྤུན་མདའ་དཔོན་ཟེར་བ་ཞིག་ཡོད། མདའ་དཔོན་དགེ་འདུན་ཆོས་འཕེལ་གྱི་སློབ་མ་རེད།
ཟུར་ཁང་ཡང་དགེ་འདུན་ཆོས་འཕེལ་གྱི་སློབ་མ་རེད། ཁོང་གཉིས་ཀ་ངའི་སློབ་མ་ཡིན་སྐབས་ང་ལ་རྟ་ལྕག་གཏོང་བའི་ཉིན་མོ་དེར་རྟ་ལྕག་གཏོང་མཁན་སྒོ་ལྕགས་པ་བྱས་ནས།
རྐང་བཙུགས་ནས་མི་ནག་ཅན་ལ་ཁྲིམས་གཅོད་བྱེད་མཁན་མགོ་ལ་ཞྭ་མོ་འབོག་ཐོ་གྱོན་མཁན་ཞིག་ཡོད་པ་རེད།
དེས་མི་ནག་ཅན་གང་འདྲ་ཡིན་ནའང་ཁ་སྦུབས་བྱས་ནས་ཉལ་བཅུག་སྟེ་རྐུབ་ལ་རྟ་ལྕག་གིས་གཞུ་ཡི་རེད།
དེར་ཟུར་ཁང་དང་མདའ་དཔོན་གཉིས་ཀྱིས་རྟ་ལྕག་གཏོང་མཁན་ལ་དངུལ་སྤྲད་དེ། ཁོའི་རྐུབ་ལ་རྟ་ལྕག་གིས་མ་ཁེལ་བ་བྱོས།
ལྕགས་སྣེ་ས་ལ་ཁེལ་བ་བྱོས་ཅེས་བཤད་དེ་ཁོ་ལ་རྟ་ལྕག་རེག་མ་སོང་། དེ་ཟུར་ཁང་གི་བཀའ་དྲིན་ཡིན་ཟེར།
དེའི་རྗེས་ལ་ཞོལ་གྱི་བཙོན་ཁང་ནང་ལོ་གསུམ་ལ་བསྡད་པ་ཡིན། ལོ་གསུམ་བསྡད་པའི་སྒང་ལ་གཞི་ནས་ཀླུ་འབུམ་ཁང་ཚན་གྱིས་དགེ་འདུན་ཆོས་འཕེལ་སྔོན་མ་ཀླུ་འབུམ་ཁང་ཚན་གྱི་གྲ་བ་ཡིན་སྐབས་ཁོ་ཚོས་ཤུགས་བརྒྱབ་སྟེ།
ཁོ་ལ་ནག་ཉེས་ཆེན་པོ་བཀལ་ཡོད་པ་མ་རེད། ད་ཁོ་མར་གློད་རོགས་གནང་། དགེ་འདུན་ཆོས་འཕེལ་གྱིས་ཕལ་ཆེར་ཡག་ག་སྡུག་ག་དེ་འདྲ་མི་བྱེད་ཅེས་ཀླུ་འབུམ་ཁང་ཚན་ཁས་ལེན་ལ་བསྡད་ནས་ཁོ་མར་གློད་པ་རེད།
གློད་པའི་ཉིན་མོ་དེར་སྡེ་བ་གཞུང་གི་ཁྲིམས་ཀྱི་བཀའ་ཡིག་མར་ཀློག་དགོས་པ་རེད། བཙོན་པ་ཚང་མས་ཉན་དགོས་པ་རེད།
ཀློག་པའི་སྐབས་ལ་དགེ་འདུན་ཆོས་འཕེལ་ཁོ་ནག་ཉེས་ཆེན་པོ་རེད། ཁོ་ཨུ་རུ་སུ་དམར་བོའི་གསང་མྱུལ་བ་རེད།
རྐང་བཙུགས་ནས་ཨུ་རུ་སུ་དམར་པོས་བཏང་བའི་གསང་མྱུལ་བ་རེད། ཡིན་ནའང་ལོ་དེར་རྒྱལ་བ་རིན་པོ་ཆེ་དགོངས་ལོ་
༡༣ ལ་ཕེབས་ཡོད་པ་དང་། རྒྱལ་བ་རིན་པོ་ཆེ་དགོངས་ལོ་ ༡༣ ལ་ཕེབས་པའི་སྐུ་བགེགས་ཡོད་སྐབས་ཁོ་རང་ཚེ་ཐར་ཡིན་ཞེས་ཁྱབ་བསྒྲགས་བྱས་སོང་།
ཉིན་མོ་དེར་ཁྱབ་བསྒྲགས་བྱས་ཏེ་ཁོ་མར་གློད་པ་རེད། ཁོ་ལ་ནག་ཉེས་ཡོད་ན་མེད་ན་དེ་གསང་མྱུལ་ཞེས་པ་དེ་རེད།
གསང་མྱུལ་བ་རེད་ཟེར་མཁན་དབྱིན་ཇི་རེད། རྒྱ་གར་ནས་ལོ་ ༡༢ ལ་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱས།
དཔེར་ན། ལྡི་ལི་དང་ཆུ་བོ་གངྒཱ་ཟེར་བ་འདྲ་བོ་ཚང་མ་བོད་ཀྱི་ས་ཆ་རེད་ཅེས་ལབ་པ་རེད། དེ་ག་ནང་བཞིན་ས་གནས་ས་ཐོག་གི་སྐད་དང་ཡི་གེ།
རྟགས་ཚང་མ་ལ་ཁོས་ཞིབ་འཇུག་བྱས་པ་དབྱིན་ཇིས་ཤེས་ཡོད་པ་རེད། རྗེས་ནས་དབྱིན་ཇི་ཁྲིམས་ཁང་ནང་ལ་བསྐྱལ་བ་རེད་ཟེར།
དྲི་བ། དགེ་འདུན་ཆོས་འཕེལ་རྒྱ་གར་གྱི་ཀ་བློན་སྦུག་ཅེས་པའི་ས་ཆ་ཞིག་ཡོད་པ་དེར་སྡོད་སྐབས་སྦོམ་མདའ་རབ་དགའ་དང་ཀུན་འཕེལ་ལགས་དང་།
ལྕང་ལོ་ཅན་ཁོ་ཚོ་གསུམ་པོས་མཉམ་དུ་བོད་ཀྱི་ཚགས་པར་ཞིག་བཏོན་པ་ཡིན་ཟེར་བ་དེའི་སྐོར་ལ་སྐད་ཆ་འདྲ་བཤད་སོང་ངམ།
ལན། དེའི་སྐོར་ལ་བཤད་ཀྱི་མི་འདུག
དགེ་འདུན་ཆོས་འཕེལ་གྱིས་ང་དེའི་གྲས་ན་མེད་ཟེར། ཡང་ཁོ་རང་ཚོར་ཚོགས་པ་ཡོད་ཟེར་གྱི་མི་འདུག
དགེ་འདུན་ཆོས་འཕེལ་གྱིས་ང་དེའི་གྲས་ལ་མེད་ཟེར། ང་རྒྱ་གར་ལ་ལོ་ ༡༣ ལ་སྡོད་པའི་དུས་ལ་སྒང་ལ་འཚོ་བ་སྐྱོ་བོ་ཞེ་དྲག་ཅིག་རེད།
ཉིན་མོ་གཅིག་ལ་ང་ལ་རྒྱ་གར་གྱི་པད་ཤག་གཅིག་ཀྱང་མེད་པར་བསྡད་མྱོང་ཟེར། ང་འཚོ་བ་སྐྱོ་བོ་ཞེ་དྲག་སོང་ཙང་མི་ཚང་མས་ཧ་གོ་ནས་ཁ་ཤས་ཀྱིས་ང་ལ་ཁྱོད་སློབ་གྲྭ་ཞིག་གི་དགེ་རྒན་བྱོས་དང་།
འཚོ་བ་འདི་ལས་ཡག་པོ་ཅིག་སྐྱེལ་ཐུབ་ཀྱི་རེད། ཁྱོད་ལ་ཟླ་བ་རེ་རེར་གླ་ཆ་ཆེན་པོ་སྟེར་མཁན་འདུག་ཟེར།
དེ་ངས་མི་དགོས། ང་སློབ་གྲྭ་གཅིག་གི་དགེ་རྒན་བྱས་ན་སློབ་གྲྭ་དེའི་ཤེས་ཡོན་ལ་སོགས་པར་ལྟ་རྟོག་བྱས་ནས་དེར་བསྡད་དགོས་པ་རེད་མ་གཏོགས།
བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་དུས་ཚོད་ཡོད་པ་མ་རེད་བསམས་ནས་མ་བསྡད་ཟེར། ཡང་ཁ་ཤས་ཀྱིས་ང་ཚོའི་ནང་ལ་བུ་མོ་ཡག་པོ་ཞེད་པོ་ཡོད།
དབྱིན་ཇི་ཞིག་གིས་ང་ཚོའི་ནང་ལ་བུ་མོ་ཡག་པོ་ཞེད་པོ་ཞིག་ཡོད། ང་རང་ཚོ་རྒྱུས་ཡོད་ཆེན་པོ་ཞེ་དྲག་ཡིན་ཞེས་བཤད་པར་ངས་དེ་ཡང་མ་བྱས།
ཡང་རྒྱ་གར་གྱི་བྷ་བྷུ་དེ་འདྲ་ཡིས་ང་ཚོའི་ནང་ལ་བུ་མོ་ཡག་པོ་ཡོད། ཁྱོད་ངེད་ཚང་ནས་མག་པར་སྡོད་ཟེར་མཁན་འདུག
དེར་ཡང་མ་བསྡད་ཟེར། ཡང་ཁམས་པའི་ཚོང་དཔོན་འདྲ་བོ་དེ་འདྲ་ཡིས་ང་ཚོའི་ནང་ལ་སྡོད་དང་། ང་ཚོར་བུ་མོ་ཡག་པོ་དང་འཚོ་བ་ཡག་པོ་ཞེ་བོ་ཞིག་ཡོད་ཟེར།
དེར་ཡང་ང་མ་བསྡད་ཟེར། ཁོས་དེ་དག་བཤད་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། ཉིན་མ་གཅིག་ལ་སྐུ་དྲག་མང་བོ་ཞིག་ཡོད་པ་དེ་དག་གིས་དགེ་འདུན་ཆོས་འཕེལ་འདི་ཐབས་སྐྱོ་བོ་ཞེ་བོ་ཞིག་རེད།
ཨ་ཅག་ཡག་པོ་གཅིག་ལའང་འཕྲད་ཐུབ་ཡོད་པ་མ་རེད། སྔོན་མ་ཆོས་སྒྲོན་རེད། སྣ་བུག་ཡོད་པ་མ་རེད།
དེང་སང་ཡང་ཚེ་བརྟན་གཡུ་སྒྲོན་རེད། ངོ་ནི་ངོ་ཡག་པོ་ཡོད་པ་མ་རེད། རྐུབ་ནི་རྐུབ་ཆེན་པོ་འདི་འདྲ་ཞིག་ཡོད་པ་རེད།
ད་དགེ་འདུན་ཆོས་འཕེལ་ལ་ག་རེ་བྱེད་དགོས་པ་རེད། ཨ་ཐབས་སྐྱོ་བོ། ཞེས་དགེ་འདུན་ཆོས་འཕེལ་ལ་ཨ་ཅག་ཡག་པོ་གཅིག་ཀྱང་རེག་ཡོད་པ་མ་རེད་ཅེས་ལབ་པ་དེའི་ལན་ལ་དགེ་འདུན་ཆོས་འཕེལ་གྱིས་དེ་ལྟར་ལབ་པ་རེད།
ང་ལ་ཨ་ཅག་མ་རེག་པ་མ་རེད། ངས་ཨ་ཅག་འཚོལ་གྱི་ཡོད་ན་དབྱིན་ཇིའི་བུ་མོ་དང་རྒྱ་གར་བྷ་བྷུ་ཡི་བུ་མོ།
ཁམས་པའི་ཚོང་དཔོན་གྱི་བུ་མོ་སྙིང་རྗེ་བོ་དེ་འདྲ་མང་བས་ང་ལ་ཚུར་རེ་བ་འདོན་མྱོང་ཡོད་པ་རེད་དེ།
ངས་ཁྱོན་ནས་མ་བྱས། ལྷག་པར་དུ་བཀྲས་མཐོང་གི་སྲས་མོ། ཨ་ལགས་རཀ་ར་ཡི་འོག་མ་བུ་མོ་ཞིག་ཡོད་པ་འདྲ།
དེས་དགེ་འདུན་ཆོས་འཕེལ་ལ་འདོད་པ་ཞེ་དྲག་ཅིག་བྱེད་ཀྱི་ཡོད་པ་འདྲ། ཨ་ལགས་རཀ་ར་ཡི་འོག་མ་བུ་མོ་དེས་ང་ལ་ཞེ་དྲག་འདོད་པ་བྱས་པ་རེད།
དགེ་འདུན་ཆོས་འཕེལ་ལ་ཆང་ས་རྒྱག་རྒྱུ་མ་བྱུང་ན་ང་ཨ་ནེ་བྱེད་ཀྱི་ཡིན་ཞེས་བཤད་མོད། ངས་ཁྱོན་ནས་འདོད་པ་མ་བྱས།
ཡང་ཁྲི་བྱང་རིན་པོ་ཆེ་ཡིས་ར་ཚ་ཞག་གི་ཨ་ནེ་སྙིང་རྗེ་བོ་ཞིག་ཡོད་པ་འདྲ། ར་ཚ་ཞག་གི་ཨ་ནེ་ཁྱེད་གཉིས་ཆང་ས་བརྒྱབ་ན་ཡག་པོ་ཡོད་པ་རེད་ཅེས་ང་ལ་བཤད་ཀྱང་ངས་ཁྱོན་ནས་ཁ་ལ་མ་ཉན།
ང་ལ་མང་བོ་ཞིག་གིས་ཚུར་རེ་བ་བཏོན་ནའང་ངས་ཁས་ལེན་མ་བྱས། ངས་ཁས་ལེན་མ་བྱས་པ་འདིའི་རྒྱུ་མཚན་ཁྱོད་རང་ཚོས་ཤེས་ཀྱིན་ཨེ་ཡོད།
ཁྱོད་ཚོས་རྒྱུ་མཚན་ཤེས་ཀྱིན་མ་རེད། ང་དགེ་འདུན་ཆོས་འཕེལ་འདི་མིའི་རང་དབང་རྩོད་ལེན་བྱེད་མཁན་ཞིག་རེད།
ང་ལ་རང་དབང་ཆ་ཚང་དགོས་སྟབས་ངས་ཁོ་རང་ཚོའི་འདོད་པ་མ་བསྐངས་པ་རེད། དཔེར་ན། བཀྲས་མཐོང་བའི་བུ་མོ་དེ་དང་ངེད་གཉིས་ཆང་ས་རྒྱག་གི་ཡིན་ན་མོ་ང་ལ་དགའ་བོ་ཞེད་པོ་ཞིག་ཡོད་པ་རེད།
མོ་སྙིང་རྗེ་བོ་ཡང་ཡོད་པ་རེད། མོ་རང་ལྷ་ས་བ་རེད། སྐུ་དྲག་གི་སྲས་མོ་རེད། ང་ཨ་མདོ་ནས་རེད།
མི་ཕལ་བ་ཞིག་རེད། ཨ་མདོ་ཞིག་དང་ལྷ་ས་བ་ཞིག་ཆང་ས་བརྒྱབ་ན་འགྲིག་གི་མ་རེད། ཁོ་ཚོའི་གོམས་འདྲིས་དང་ལྟ་བ་སྤྱོད་པ་ཚང་མ་སྐུ་དྲག་གི་ལས་སྟངས་རེད།
ང་སྤྲང་བོ་རེད། ཨ་མདོ་རེད། ད་དཔེར་ན་ངེད་གཉིས་ཆང་ས་འདྲ་རྒྱག་ཁུལ་བྱས་པ་ཡིན་ན་ང་ལ་གཅེས་ཀྱིན་རེད།
དགེ་འདུན་ཆོས་འཕེལ་ལགས། ཁྱེད་རང་ཕྱུ་བ་གྱོན་སྟངས་འདི་རྩ་བ་ནས་ཡག་པོ་མི་འདུག ཕྱུ་བ་འདི་འདྲ་གྱོན་རྒྱུ་ཡོད་པ་མ་རེད་ཅེས་ང་ལ་ཕྱུ་བ་གྱོན་སྟངས་སློབ་ཀྱིན་རེད།
ཡང་དགེ་འདུན་ཆོས་འཕེལ་ཁྱོད་རང་འགྲོ་སྟངས་ཡག་པོ་མི་འདུག་ཅེས་ང་ལ་འགྲོ་སྟངས་སློབ་ཀྱི་རེད།
ཡང་དགེ་འདུན་ཆོས་འཕེལ་ཁྱོད་རང་སྐད་དེ་ཨམ་སྐད་མ་ཡིན་པ་དང་ལྷ་སའི་སྐད་ཡང་མ་ཡིན་པ་བྱས་ཁྱོད་རང་སྐད་དེ་ཡག་པོ་མི་འདུག་ཅེས་ལབ་ཀྱི་རེད།
ད་ངའི་གོན་པ་གྱོན་སྟངས་དང་། སྐད་ཆ་བཤད་སྟངས། ཟ་མ་ཟ་སྟངས་ཚང་མ་བསྒྱུར་དགོས་པ་རེད། ང་རྒྱ་གར་ལ་སྡོད་དུས་ངའི་མིང་ལ་མ་ཧཱ་པཎྜི་ཏ་དགེ་འདུན་ཆོས་འཕེལ་ཞེས་ང་ལ་པཎྜི་ཏའི་མིང་ཡོད་པ་རེད།
རྗེས་དེ་ལ་སྐྱེས་དམན་ཞིག་གིས་ང་ལ་འདི་ལྟར་ཆ་ཚང་སློབ་དགོས་ན་དེ་ཐབས་སྐྱོ་བོ་རེད། དེའི་རྐྱེན་གྱིས་ངས་མ་ཉན།
ག་དུས་ཡིན་ན་ཆང་ས་མ་བརྒྱབ་པའི་སྔོན་དེ་ལ་འདོད་ཕྱོགས་དེ་ཆ་ཚང་བཤད་ན་འགྲིག་གི་རེད། ཆང་ས་བརྒྱབས་ཚར་ནས་གཅིག་གིས་གཅིག་ལ་བསྟུན་དགོས་པ་རེད།
སྐྱེས་པས་བུད་མེད་ལ་བསྟུན། བུད་མེད་ཀྱིས་སྐྱེས་པ་ལ་བསྟུན་ན་མ་གཏོགས་སྣང་བ་གང་དྲན་བྱས་ན་དེ་མ་རབས་ཀྱི་ལས་ཀ་རེད།
ངས་བཀྲས་མཐོང་གི་བུ་མོ་དེ་ཡག་པོ་ཡོད་མེད་ཤེས་ཀྱི་རེད། ངའི་སྐད་ཆ་དེའི་ནང་ན་སྐྱག་རྫུན་རྩ་བ་ནས་མེད།
ང་མང་བོ་དེ་འདྲས་བཤད་ནའང་ངས་མ་བྱས་པ། ཁྱོས་བཤད་པའི་ཆོས་སྒྲོན། ཚེ་བརྟན་གཡུ་སྒྲོན་རྐུབ་ཆེན་པོ་དེ་ཚོའི་གདོང་ལ་ལྟ་དགོས་པའི་རྒྱུ་མཚན་ག་རེ་རེད།
ཁོ་ཚོ་མཉམ་དུ་བསྡད་ན་ང་ལ་རང་དབང་ཆ་ཚང་ཡོད་པ་རེད། ང་དེ་རིང་དམར་ཧྲེང་བྱས་ནས་འགྲོ་ཡི་ཡོད་ན་ཁོ་ཚོས་མ་འགྲོ་ཟེར་གྱི་མ་རེད།
ངས་སྐད་ཆ་གང་བྱུང་མང་བྱུང་བཤད་ནའང་ཁོ་ཚོས་ངའི་ཁ་འགོག་གི་མ་རེད། ང་ལ་རང་དབང་ཆ་ཚང་ཡོད་པ་རེད།
འཇིག་རྟེན་གྱི་མིའི་བདེ་བ་ཡོད་ན་མེད་ན་མིའི་རང་དབང་ཟེར་བ་དེ་མིའི་བདེ་བ་རེད། ཁྱོད་ཚོས་མིའི་རང་དབང་ཟེར་བ་དེ་ཤེས་ཀྱི་ཡོད་དམ།
ངས་མིའི་བདེ་བ་དེ་ཤེས་ཀྱི་ཡོད་པ་རེད། ཅེས་ཉིན་གཅིག་ལ་དགེ་འདུན་ཆོས་འཕེལ་གྱིས་སྐད་ཆ་དེ་འདྲ་བཤད་པ་རེད།
དྲི་བ། དགེ་འདུན་ཆོས་འཕེལ་བཙོན་ཁང་ནས་མར་གློད་དེ་བཅིངས་འགྲོལ་དམག་མི་རྣམས་བོད་ནང་ཡོང་བའི་སྐོར་ལོ་རྒྱུས་ཅུང་ཙམ་བཤད་ཐུབ་བམ།
ལན། ད་ངས་བང་རིམ་བཞིན་མ་ཡིན་པར་ག་ས་གར་ནས་ཐར་རེ་ཐོར་རེ་བྱས་ནས་བཤད་ཀྱི་ཡིན།
བང་རིམ་བཞིན་ངའི་བསམ་བློའི་ནང་ལ་འཁོར་གྱིན་མི་འདུག ཉིན་ཞིག་ཁོས་ང་ཚོའི་པོ་ཏ་ལའི་མདུན་གྱི་རྡོ་རིང་འདི་རྩ་ཆེན་པོ་ཞེད་པོ་ཞིག་རེད།
རྡོ་རིང་འདི་བོད་ལ་བཀའ་དྲིན་ཆེན་པོ་རེད། རྡོ་རིང་འདིའི་མཐའ་ལ་གསེར་གྱི་མཐའ་སྒྲོམ་ཞིག་སྤྲད་པ་ཡིན་ནའང་ད་དུང་རྡོ་རིང་འདིའི་བཀའ་དྲིན་མཇལ་ཐུབ་ཀྱི་མ་རེད།
བོད་པས་རྩ་བ་ནས་ཤེས་ཀྱིན་ཡོད་པ་མ་རེད། རྡོ་རིང་སྒང་ལ་ཡི་གེ་ཡོད་པ་དེར་ཁ་ཤས་ཀྱིས་རྡོ་གཞུས་ནས་བཅག་པ་སོགས་ཚང་མ་ཀོང་ཀོང་བཟོས་ཡོད་པ་རེད་ཟེར།
ཀོང་ཀོང་བཟོས་ཡོད་པ་ང་ཚོས་ཧ་གོ་གི དེང་སང་རྡོ་རིང་ལ་ལྕགས་རི་བསྐོར་ཚར་བ་རེད། སྔོན་མ་ལྕགས་རི་ཡོད་པ་མ་རེད།
ད་བྱིས་པ་བསམ་མེད་དེ་འདྲ་ཡིན་རྒྱུ་རེད་རྡོ་འཁྱེར་སོང་ནས་ཡི་གེ་ཡོད་སར་རྟགས་བྱས་ནས་ལྕགས་ཁྱེར་ཤོག
མར་ཁྱེར་ཤོག་ཅེས་རྡོ་རིང་རྦད་དེ་ཀོང་ཀོང་དེ་འདྲ་ཞིག་བཟོས་ཡོད་པ་རེད། ཡི་གེ་གནད་ཆེན་པོ་མང་བོ་ཞིག་དེ་ལྟར་བསུབས་བཞག་འདུག
རྡོ་རིང་འདི་དངོས་གནས་བོད་ལ་བཀའ་དྲིན་ཆེན་པོ་རེད། རྡོ་རིང་འདིའི་དྲིན་ལན་འདིའི་མཐའ་ལ་གསེར་གྱི་མཐའ་སྒྲོམ་ཞིག་སྤྲད་པ་ཡིན་ནའང་ད་དུང་རྡོ་རིང་འདིའི་བཀའ་དྲིན་མཇལ་ཐུབ་ཀྱི་མ་རེད།
དཔེར་ན། ང་ཚོའི་བོད་འདི་དེང་སང་རྒྱ་ཅོག་གྲུ་བཞི་ཞིག་གི་སྒང་ལ་ཡོད་པའི་ཚལ་སྡེར་མ་གང་ནང་བཞིན་རེད།
རྒྱ་ཅོག་གྲུ་བཞི་ཞིག་གི་སྒང་ལ་ཚལ་སྡེར་མ་གང་བཞག་པ་དང་དེའི་ཕྱོགས་བཞི་ལ་ཐུར་མ་བཞི་བཞག་ནས་ད་ཐུར་མ་རྣམས་ལག་ལ་བཟུང་ནས་ཚལ་དེ་ཟ་དགོས་བསམ་ནས་བསྐོར་བསྡད་ཡོད་པ་རེད།
བོད་འདི་འདི་ལྟར་གནས་ཀྱི་མ་རེད། ག་རེ་བྱས་ནའང་ཅིག་གིས་ཐུར་མ་རྒྱག་གི་རེད། ངས་བལྟས་ན་ཕལ་ཆེར་རྒྱ་མིས་རྒྱག་གི་རེད།
དེའི་སྐབས་ལ་རྒྱ་མི་ཡོད་པ་མ་རེད། རྒྱ་མིའི་སྐོར་རྣ་བའི་ནང་རྒྱ་མིའི་ནང་ལོགས་ན་ལངས་ཀྱིན་ཡོད་པ་རེད་ཅེས་པའི་གཏམ་ཙམ་ལས་ཡོད་པ་མ་རེད།
ཕལ་ཆེར་ཕྱོགས་བཞི་བོའི་ནང་ནས་རྒྱ་མིས་ཐུར་མ་རྒྱག་གི་རེད། དེ་ནས་མའོ་ཙེ་ཏུང་ཟེར་བ་དེའི་སར་ཨ་མི་རི་ཁའི་གསར་འགྱུར་འགོད་མཁན་ཞིག་ཕྱིན་འདུག
དེ་ཚོས་ཕར་ཚུར་སྐད་ཆ་བཤད་སྟངས་དང་ག་རེ་ཡིན་ན་འདྲ། དེང་སང་མའོ་ཙེ་ཏུང་ཟེར་བ་དེ་ཞེ་དྲག་གི་མི་ཐབས་མཁས་པོ་དང་གཡོ་སྒྱུ་ཆེན་པོ།
རྦད་དེ་མི་གཉོམ་ཆུང་དང་སྐྱོ་བོའི་སྤྱོད་པ་དང་མཐུན་པའི་མི་དེ་འདྲ་ཞིག་ཡིན་པའི་རྣམ་པ་བསྟན་ཡོང་གི་ཡོད་པ་རེད།
ད་ཆར་ཁོ་རང་གི་གོས་ལའང་ལྷན་པ་བརྒྱབས་ནས་གྱོན་འདུག ཞྭ་མོ་རྩེ་ཞྭ་རལ་བསྡད་པ་ཞིག་གྱོན་འདུག
དེའི་ཁོའི་ཕྱིའི་རྣམ་པ་མ་རེད། ཕྱིའི་རྣམ་པ་འདི་འདྲ་ཞིག་རེད། གཞུག་ལ་ཁོ་རང་གིས་དམག་བརྒྱབས་ནས་རྒྱལ་ཁ་ཐོབ་པ་ཞིག་ཡིན་ན་ཏན་ཏན་ཁོ་རང་གི་སྤྱོད་པ་དེར་འགྱུར་ལྡོག་འགྲོ་བ་རེད།
རྒྱ་མི་ཟེར་བ་དེ་རང་བཞིན་གྱིས་ཁོ་ཉམས་ཅན་བྱེད་པ་ལ་ཞེ་བོ་ཞིག་ཡོད་པ་རེད། དཔོན་ཉམས་འཛིན་པ་ལ་དགའ་བོ་ཞེ་བོ་ཞིག་ཡོད་པ་རེད།
དེ་རིང་སང་ཉིན་མའོ་ཙེ་ཏུང་ཁོའི་རྣམ་འགྱུར་དེ་ཁོའི་ཕྱིའི་རྣམ་པ་ཙམ་རེད་མ་གཏོགས་ཁོ་ལ་རྒྱལ་ཁ་ཆ་ཚང་ཐོབ་པའི་རྗེས་ལ་ཁོས་དེ་ལྟར་བྱེད་ཀྱི་མ་རེད།
ཏན་ཏན་ཁོའི་སྤྱོད་པ་ལམ་སེང་འགྱུར་འགྲོ་བ་རེད། ང་ཚོ་བོད་སྡེ་བ་གཞུང་ཟེར་བ་འདི་དེ་རིང་སང་ཉིན་གནས་ཚུལ་དང་།
དེ་རིང་སང་ཉིན་གྱི་དུས་ཡུན་འདིར་སྡེ་བ་གཞུང་ཟེར་བ་འདིར་གནས་ཚུལ་དང་ནུས་པ་གང་འདྲ་ཞིག་ཡོད་པ་རེད་ཟེར་ན།
ནུས་པ་ཡོད་པ་མ་རེད། ནུས་པ་མེད་པའི་རྒྱུ་མཚན་གང་ཡིན་ཟེར་ན། ཏཱ་ལའི་བླ་མ་བྱིས་པ་ཆུང་ཆུང་ཞིག་ལས་ཡོད་པ་མ་རེད།
དེའི་མཐའ་དང་ཕྱི་རོལ་ཏུ་མི་ཆེན་པོ་དག་གིས་བསྐོར་བསྡད་ཡོད་པ་རེད། ཏཱ་ལའི་བླ་མ་རྦད་དེ་ར་བ་མང་བོ་ཞིག་གི་ནང་ལ་བཅུག་ནས་བསྐོར་བསྡད་ཡོད་པ་རེད།
ཁོ་རང་བྱིས་པ་ཡིན་སྐབས་གང་ཡང་ཤེས་ཀྱིན་མ་རེད། དེའི་འོག་ན་ཧ་ལས་པའི་མི་བློ་རིག་རྒོད་པོ།
མི་ཤེས་རབ་ཅན། མི་དེ་འདྲའི་རིགས་འོག་ན་ཡོད་པ་རེད་དེ། དེའི་གྲས་དེ་ཡར་འགྲོ་བཅུག་གི་མ་རེད།
ཏཱ་ལའི་བླ་མའི་མཐའ་སྐོར་གྱི་མི་དེ་དག་ལག་གདང་བཅིངས་ནས་འོག་གི་དེ་དག་ཁྱོན་ནས་ཡར་ཤོར་འཇུག་གི་མ་རེད།
གནས་ཚུལ་འདི་འགྱུར་ལྡོག་མ་བཏང་ན་བོད་ཟེར་བ་འདི་ཕལ་ཆེར་ལོ་བཞི་ལྔ་ལ་མ་གཏོགས་གནས་ཀྱིན་མ་རེད།
ཉིན་གཅིག་ཁོས་ང་ལ་དེ་འདྲ་ཞིག་ཀྱང་བཤད་མྱོང་།
དྲི་བ། དགེ་འདུན་ཆོས་འཕེལ་བཙོན་ཁང་ནང་ནས་མར་གློད་ནས་ཆང་མང་བོ་འཐུང་བ་དང་ཐ་མག་མང་བོ་འཐེན་པ་འདིའི་ཐད་རྒན་ལགས་ཀྱིས་ག་རེ་བསམ་གྱིན་འདུག
ལན། དེ་དགེ་འདུན་ཆོས་འཕེལ་ཁོ་རང་གིས་ཟེར་བ་ལ་ང་བཟུང་བ་དེ་སྡེ་བ་གཞུང་གིས་བཟུང་བ་རེད།
སྡེ་བ་གཞུང་གི་ནང་ལ་སྐབས་དེར་ ཀ་ཤོད་ཟེར་བ་ཞིག་ཡོད་པ་རེད། དབྱིན་ཇིས་བོད་གཞུང་བཀའ་ཤག་ལ་ཡི་གེ་བཏང་བ་དེ་ཕལ་ཆེར་ཀ་ཤོད་བཀའ་བློན་ཡིན་པའི་སྐབས་དེ་ཡིན་པ་འདྲ།
ཡིན་གཅིག་མིན་གཉིས་ང་འཛིན་མཁན་དེ་ཀ་ཤོད་ཡིན་ཟེར། ཀ་ཤོད་ཀྱིས་དེ་དུས་སྐད་ཆ་མང་བོ་དེ་བསྣོགས་བསྣོགས་ནས་ང་བཙོན་ཁང་ནང་བཅུག་པ་རེད།
ང་བཙོན་ཁང་ནང་བཅུག་པའི་སྐབས་ལ་ཀ་ཤོད་སོགས་ཁོ་ཚོ་མི་རེ་གཉིས་ཤིག་མ་གཏོགས། འོག་གི་མི་ཚོས་ཞེ་དྲག་ཞེ་དྲག་ཧ་གོ་ཡོད་པ་མ་རེད།
ང་བཟུང་བ་སྡེ་བ་གཞུང་གིས་བཟུང་བ་རེད། དེ་ནས་ངའི་སེམས་སྐྱིད་པོ་མེད་པ་ཆགས་ནས་ཆང་འཐུང་།
ཐ་མག་འཐེན། གང་འདྲ་བྱས་ནས་ཤི་ན་ཤི། གང་ལྟར་ཤི་ནི་ཤི་དགོས་པ་རེད། ཕལ་ཆེར་གསོད་ནི་གསོད་ཀྱི་རེད་བསམས་པའི་བསམ་བློ་དེ་འདྲ་ཞིག་ཁྱེར་ནས་ང་སྨྱོན་པ་ཆགས་པ་རེད་ཟེར།
ཉིན་གཅིག་སྟོད་ལུང་བྲག་རྒྱ་ཐོག་སྒང་ལ་ཕྱག་མཛོད་ཆེན་མོས་སྡེ་བ་གཞུང་གི་སྐུ་དྲག་ཚང་མར་ཐུགས་སྤྲོའི་ཞལ་ལག་ཅིག་བཏང་བ་རེད།
དེའི་སྐབས་སུ་དགེ་འདུན་ཆོས་འཕེལ་སྐད་བཏང་བ་རེད། སྐུ་དྲག་དེ་ཚོ་གོ་རིམ་བཞིན་སྐུ་དྲག་ཆེན་པོ་ཚོ་གོང་དང་སྐུ་དྲག་འབྲིང་བ་དེའི་འོག་དང་།
མར་ཡོང་གིན་ཡོང་གིན་སྐུ་དྲག་དཀྱིལ་མ་དེ་འདྲ་མ་གཏོགས་ཡོད་པ་མ་རེད། བཀའ་ཤག་ལབ་ན་སྐུ་དྲག་གི་ནང་ནས་མཐོ་ཤོས་དེ་རེད།
དགེ་འདུན་ཆོས་འཕེལ་བཀའ་ཤག་གི་དཀྱིལ་དེར་བསྡད་ཡོད་པ་རེད། དགེ་འདུན་ཆོས་འཕེལ་ལ་མགྲོན་བརྡ་བཏང་ནས་ཤོག་ཅེས་ལབ་པ་དང་།
དགེ་འདུན་ཆོས་འཕེལ་གྱིས་ང་ཡོང་གིན་ཡིན་ཞེས་ཕྱུ་བ་སོགས་གོན་པ་དང་། ཚེ་བརྟན་གཡུ་སྒྲོན་ལ་དེ་རིང་ད་འགྲོ།
དེ་རིང་སྡེ་བ་གཞུང་གི་སྟོན་མོ་རེད། དེ་རིང་ཟ་རྒྱུ་ཡོད་པ་རེད། འགྲོ་ཞེས་ལབ་པར། ཚེ་བརྟན་གཡུ་སྒྲོན་གྱིས་ཨ་མ།
ཨ་མ། ང་ངོ་ཚ་གི ང་འགྲོ་ཡི་མིན་ཞེས་ལབ་པར། དགེ་འདུན་ཆོས་འཕེལ་གྱིས་ངོ་ག་རེ་བྱས་ནས་ཚ་དགོས་པ་རེད།
སྟོན་མོར་ཡིན་གཅིག་མིན་གཅིག་འགྲོ་དགོས་ནི་རེད། ངས་ཁྱོད་ཁྲིད་ཆོག ང་སྐད་བཏང་ན་ཁྱོད་ཡིན་གཅིག་མིན་གཅིག་ངས་རོགས་པར་འཁྲིད་དགོས་པ་རེད་ཅེས་ཚེ་བརྟན་གཡུ་སྒྲོན་ཁྲིད་པ་རེད།
སྟོན་མོ་དེ་མིས་ཁེངས་བསྡད་འདུག དགེ་འདུན་ཆོས་འཕེལ་འདི་ལྟར་ཡར་ཡོང་དུས་བར་མཚམས་ཤིག་ནས་ཚེ་བརྟན་གཡུ་སྒྲོན་བཀག་ནས།
དེ་ལ་གོ་རིམ་ཡོད་པ་རེད། ཚེ་བརྟན་གཡུ་སྒྲོན་བུ་མ་རེད། སྐུ་ལྕམ་ལགས། སྐུ་ལྕམ་ལགས་ཁྱེད་རང་འདིར་བཞུགས་རོགས་ཞེས་དེར་རྐུབ་སྟེགས་ཤིག་བཞག་ནས་བསྡད་དུ་བཅུག་པ་རེད།
དགེ་འདུན་ཆོས་འཕེལ་གྱིས་ཕྱི་མིག་མ་བལྟས་པར་ཕྱིན་འདུག ཁོའི་རྗེས་ལ་ཚེ་བརྟན་གཡུ་སྒྲོན་གཡུ་སྒྲོན་ཡོད་བསམས་ནས་ཁོ་རང་བཀའ་ཤག་གི་དཀྱིལ་དེར་བསྡད་པ་རེད།
བཀའ་དེར་བཀའ་ཤག་གི་མི་བཞི་དང་། དེ་ནས་ཛ་སག་ཟེར་བ་འདྲ་བོ། མཐོ་རིས་མཐོ་ཚད་དག་དེར་ཡོད་པ་རེད།
དེའི་འཁྲིས་ལ་དགེ་འདུན་ཆོས་འཕེལ་བཞག་པ་རེད། དེ་ནས་ཁ་ལག་བཏང་བ་རེད། དགེ་འདུན་ཆོས་འཕེལ་གྱིས་ཚེ་བརྟན་གཡུ་སྒྲོན་ཁོའི་འཁྲིས་ལ་ཡོད་བསམས་ནས་མོ་འོག་ནས་བཀག་འགོག་བྱས་པ་དེའི་སྐོར་སྣང་ངོར་བྱུང་ཡོད་པ་མ་རེད།
ད་ཞལ་ལག་བཏང་བའི་སྒང་ལ་ཞལ་ལག་སྔ་ཚལ་ཡིན་ན། ཤ་ཡིན་ན་གང་ལྟར་ཞིམ་པོ་འདྲ་ཞིག་ཡོད་པ་འདྲ།
ཞིམ་པོ་དེ་དགེ་འདུན་ཆོས་འཕེལ་གྱིས་འདི་ལྟར་ཟོས་ཏེ། ཚོད་ཚོད་ཅིག་ལ་ཁོས་ཚེ་བརྟན་གཡུ་སྒྲོན་ལགས།
ཝ་ཡེ། ཚེ་བརྟན་གཡུ་སྒྲོན། ཚེ་བརྟན་གཡུ་སྒྲོན། ཚལ་འདི་ཞིམ་པོ་འདུག ཚལ་འདི་ཞིམ་པོ་འདུག་ཅེས་བལྟ་བའི་སྒང་ལ་ཚེ་བརྟན་གཡུ་སྒྲོན་ཡོད་པ་མ་རེད།
དེ་ནས་སྐད་བརྒྱབས་ནས། ཨོ་ཙི། ཚེ་བརྟན་གཡུ་སྒྲོན་མི་འདུག ཚེ་བརྟན་གཡུ་སྒྲོན་གང་ལ་ཕྱིན་སོང་།
མོ་མགྱོགས་པོ་འདིར་ཤོག་ལོབ་དང་། མགྱོགས་པོ་ཤོག མགྱོགས་པོ་ཤོག་དང་འདི་ཚལ་ཞིམ་པོ་འདུག
འདི་ཞལ་ལག་ཞིམ་པོ་རེད་ཅེས་ལབ་པར། ཕྱག་མཛོད་ཆེན་མོ་ཡིས་དགེ་འདུན་ཆོས་འཕེལ་ལགས། སྐུ་ལྕམ་ལགས་མ་གིར་བཞུགས་འདུག་ཅེས་ལབ་པར།
མིན། མིན། མོ་འདིར་ཁྲིད་ཤོག ཞལ་ལག་འདིར་ཞིམ་པོ་འདུག་ཅེས་མི་མང་བོ་དེ་འདྲ་ཡོད་ས་ནས་དེ་ལྟར་ལབ་པ་རེད།
དེ་ནས་ཚང་མས་ལགས་རེད། ཁྲིད་ཤོག སྐུ་ལྕམ་ལགས་ཡར་གདན་འདྲེན་ཞུས་ཤིག ཡར་གདན་འདྲེན་ཞུས་ཞེས་མོ་ཡར་ཁྲིད་ཡོང་ནས་དགེ་འདུན་ཆོས་འཕེལ་གྱི་འཁྲིས་ལ་བཞག་པ་རེད།
ཁོ་གཉིས་ཀྱི་ཁ་ཐུག་ན་ཡོད་པ་མི་ཆེན་པོ་རྐྱང་རྐྱང་རེད། ཁོ་རང་གིས་སྐུ་དྲག་ཆེན་པོ་དེ་འདྲ་ཡོད་པ་ཕལ་ཆེར་སྣང་ངོར་ཤར་གྱི་མེད་པ་འདྲ།
ཚལ་འདྲ་ཡོད་ན་སྡེར་མའི་ནང་བླུགས་ནས་ཚེ་བརྟན་གཡུ་སྒྲོན་ལ་འདི་ཞིམ་པོ་འདུག དེ་ཞིམ་པོ་འདུག་ཅེས་ཁོ་རང་ལ་ཁོ་རང་གི་ཚེ་བརྟན་གཡུ་སྒྲོན་མ་གཏོགས་ཉིན་དེར་མི་གཞན་པ་གཅིག་ཀྱང་མཐོང་གི་མི་འདུག
དེ་དངོས་གནས་ཡ་མཚན་ཞིག་རེད་བསམ་གི དེ་སྤྱོད་པ་རེད། ཁོ་རང་གིས་མི་དེ་ཚོར་མིའི་འདུ་ཤེས་ཤིག་མཐོང་གི་མེད་པ་འདྲ།
ཡང་མིན་ན་ཁོ་རང་རྦད་དེ་མིའི་འདུ་ཤེས་ཤིག་མེད་པ་དང་། ང་ཚོ་བྱིས་པ་ཚོའི་ནང་ལ་འགྲོ་དུས་བྱིས་པ་ཚོ་མིའི་གྲངས་ཀ་ནང་ལ་གཏོང་གི་མ་རེད།
དེ་འདྲ་ཞིག་ཡིན་པའམ། ཡང་ན་ཁོ་རང་གི་སེམས་ཀྱི་རྟོགས་པ་དེ་ཞེ་དྲག་གི་མཐོན་པོར་བསླེབས་འདུག
ང་ཟེར་བ་དེ་ཁྱོན་ནས་མི་འདུག ང་ངོ་ཚ་གི་འདུག་ཟེར་བ་འདྲ་བོ། ང་ལ་མི་ཡིས་ཅིག་བཤད་ཨེ་ཡོང་ཟེར་བ་འདྲ་བོ་སྣང་བ་ཁོ་རང་བཞག་གི་མི་འདུག
ཁོའི་ཚེ་བརྟན་གཡུ་སྒྲོན་ཟེར་བ་དེར་རྣམ་པ་ཞིག་ཡོད་ན་ཡིན་རུང་། མདོག་ཉེས་པོ་ཞེད་པོ་ཞིག་ཡོད་པ་རེད།
དེ་ཡར་ཤོག་ཅེས་ཁོ་རང་གི་འཁྲིས་དེ་ལ་བཞག་པ་རེད། དེ་དངོས་གནས་ཡ་མཚན་ཞིག་རེད་བསམས་ནས་ངས་རྗེས་རྗེས་དེ་ལ་མི་ཚོར་ཁོའི་འདུ་ཤེས་འདྲ་བོ་དེ་བཤད་སྐབས་དེ་དངོས་གནས་སྤྱོད་པ་ཡ་མཚན་རེད་ཟེར།
མི་སུ་འདྲ་ཞིག་ཡིན་ནའང་མི་ཆེན་པོའི་མདུན་ལ་འགྲོ་དུས་འཁུམས་འགྲོ་བ་རེད། མི་ཚང་མ་དཔའ་འདྲ་བོ་ཞུམ་ནས་མི་ཆེན་པོ་ཆེན་པོའི་མདུན་ལ་འགྲོ་དུས་ཙམ་ལ་དཔའ་འདྲ་བོ་ཞུམ་ནས་རྣམ་འགྱུར་སྟོན་གྱི་རེད།
དགེ་འདུན་ཆོས་འཕེལ་དཔའ་ཞུམ་པ་ཕར་ཞོག དེའི་རིགས་དེ་ཚོ་ཁོར་མིའི་གྲངས་ཀའི་ནང་མི་འདུག
ཁོའི་སྤྱོད་པ་དེ་འདྲ་ཞིག་རེད། དེ་དངོས་གནས་ཡ་མཚན་པོ་ཞིག་རེད། ཁོ་རང་རྦད་དེ་དུས་རྒྱུན་དུ་མི་ཆེན་པོ་ང་ཡིན་ཟེར་མཁན་ཞིག་ཡོང་ནའང་རྩ་བ་ནས་ཁ་གྲགས་ཀྱི་མ་རེད།
ཐ་མག་ལ་མེ་ཁ་འདྲ་གསོས། བསམ་བློ་འདྲ་ཞིག་བཏང་ནས་རྩ་བ་ནས་ཁ་གྲགས་ཀྱི་མ་རེད། མི་གཉོམ་ཆུང་དང་སྤྲང་བོ་དེ་འདྲ་ཞིག་ཡོང་ན་ཕལ་ཆེར་དེ་དང་ཁོའི་ལྟ་བ་དང་སྤྱོད་པ་གཅིག་པ་ཡིན་སྐབས་ཁོ་རང་གི་ནང་ཚགས་འདྲ་བོ་བྱས་ནས།
ཟ་རྒྱུ་འཐུང་རྒྱུ་ཡོད་ན་སྤྲད། ཁ་བརྡ་གློད། སྐད་ཆ་འདྲ་མི་འདྲ། སྤྱོད་པ་འདྲ་མི་འདྲ། ད་ཁོ་རང་འཁྲབ་ཀྱི་རེད།
ཁོའི་སྤྱོད་པ་དེ་འདྲ་ཞིག་རེད། དགེ་འདུན་ཆོས་འཕེལ་དེའི་ཉིན་མོར་གནས་ཚུལ་དེ་ངོ་མ་ཡ་མཚན་པོ་ཞིག་རེད།
སྡེ་བ་གཞུང་ལ་ཡོད་ན་མེད་ན་དག་དེར་ཡོད་པ་རེད། དེའི་འཁྲིས་ལ་ཁོ་རང་གིས་དགའ་བོ་བྱེད་ས་ཁོ་རང་གི་ཨ་ཅག་དེ་མ་གཏོགས་བཤད་རྒྱུ་ཡོད་པ་མ་རེད།
གཞན་དེ་ཚོ་ཁོས་མིའི་གྲངས་ཀའི་ནང་མ་བཞག་པ་རེད། དེ་དངོས་གནས་ཡ་མཚན་ཞིག་རེད།
དྲི་བ། དགེ་འདུན་ཆོས་འཕེལ་གྱིས་ཁོའི་སློབ་མ་དང་གཞན་མི་འདྲ་ཐུག་འཕྲད་ལ་ཡོང་དུས།
སྟོན་པའི་སྐུ་ཞིག་ཡོད་པ་དེར་ཐ་མག་གི་མེ་བཙུགས་པ་སོགས་བྱེད་ཀྱི་རེད་ཟེར། དེ་རྒན་ལགས་ཀྱིས་ཤེས་སམ།
ལན། དེ་ཡོད་པ་རེད། དགེ་འདུན་ཆོས་འཕེལ་རྒྱ་གར་ནས་ཚུར་བསླེབས་ཏེ།
དེ་དུས་དགེ་འདུན་ཆོས་འཕེལ་བཙོན་ཁང་ནང་ལ་ཕྱིན་ཡོད་པ་མ་རེད། ད་ཚང་མས་དགེ་འདུན་ཆོས་འཕེལ་སྔོན་མ་འབྲས་སྤུངས་ནས་དཔེ་ཆའི་ཐད་སྐད་གྲགས་ཆེན་པོ་རེད།
རྒྱ་གར་ནས་ཚུར་སླེབས་དུས་དགེ་འདུན་ཆོས་འཕེལ་གྱི་ལྟ་བ་ལོག་འདུག་ཟེར། དགེ་འདུན་ཆོས་འཕེལ་ཆོས་ལ་དད་པ་མི་འདུག
ཁོ་ཚོའི་འཛིན་གྲྭ་ནང་གི་དགེ་བཤེས་རྒྱལ་རོང་སྐྱོར་དཔོན་ཟེར་བ་འདྲ་བོ། ཚེ་ཁང་བླ་མ་ཟེར་བ་འདྲ་བོ།
མི་ཉག་སྐྱོར་དཔོན་ཟེར་བ་འདྲ་བོ་དེ་འདྲའི་དགེ་བཤེས་མང་བོ་ཞིག་ཡོད་པ་རེད། ཁོ་ཚོ་དགེ་འདུན་ཆོས་འཕེལ་གྱི་ཉམས་ཚོད་ལེན་དུ་ཡོང་བ་རེད།
དགེ་འདུན་ཆོས་འཕེལ་སྐབས་དེར་དེང་སྐབས་ཀྱི་ ཁྲོམ་གཟིགས་ཁང་གི་འཁྲིས་དེར་ཨ་མདོ་སྤེན་པ་ཟེར་བ་ཞིག་ཡོད་པ་རེད།
དེང་སང་ཁང་བ་དེ་བཤིག་ཚར་བ་རེད། དགེ་འདུན་ཆོས་འཕེལ་ཨ་མདོ་སྤེན་པའི་ནང་ཡོད་པ་རེད། ཁོ་ཚོས་སྐབས་ཤིག་དེ་ཧ་གོ་ནས།
དེ་དུས་ཁོ་ཚོ་འབྲས་སྤུངས་ཀྱི་དགེ་བཤེས་ཡོད་ན་མེད་ན་དག་རེད། རྒྱལ་རོང་སྐྱོལ་དཔོན། ཚེ་ཁང་བླ་མ།
མི་ཉག་སྐྱོར་དཔོན། ལྷ་ས་སྨན་ཁང་ནང་ན་རྩིས་པའི་རྒན་ལགས་ཟེར་བ་ཞིག་ཡོད་པ་རེད། ཁོ་ལ་རིག་གཞུང་ཕྱོགས་ནས་ཞེ་དྲག་གི་ཡོད་པ་རེད།
ཁོ་ཚོ་མི་བཞི་དེ་དགེ་འདུན་ཆོས་འཕེལ་ལ་ཉམས་ཚོད་ལེན་དུ་ཕྱིན་པ་རེད། དགེ་འདུན་ཆོས་འཕེལ་ལྟ་བ་ལོག་འདུག་ཟེར།
ང་ཚོ་ཕྱིན་ནས་སྐད་ཆ་འདྲ་བཤད་ན་ལྟ་བ་ལོག་ཡོད་མེད་ཅུང་ཙམ་ཧ་གོ་གི་རེད་ཅེས་ཕྱིན་པ་རེད།
དེ་དུས་ཟླ་བ་བཞི་བའི་ནང་རེད། ལོ་དེར་ཆར་བ་ཁྱོན་ནས་མ་བཏང་བར་ཐན་པ་བྱུང་། ལྷ་སའི་ནང་གི་ཆུ་མིག་ཡོད་ཚད་ཚང་མའི་འགྲམ་ལ་གྲ་བ་བཞི་ལྔ་རེ་ཕྱིན་ནས་ཆར་འབེབ་བྱེད་ཀྱི་ཡོད་པ་རེད།
དེ་འདྲའི་སྐབས་ལ་ཁོ་ཚོ་ཕྱིན་པ་རེད། ཁོ་ཚོ་ཨ་མདོ་ཁང་ཚན་གྱི་རྒྱལ་སྒོ་ནས་ཡར་འཛུལ་སྐབས་དགེ་འདུན་ཆོས་འཕེལ་ཐོག་ག་ནས་མར་བབས་ཡོང་གི་ཟེར།
ཁོ་ཚོ་མཐོང་བ་དང་ཁ་ཅི་ཡང་མི་གྲགས་པར་བལྟས་ནས་འདུག་གི ཡ་ད་ཁོ་ཚོ་ངའི་སར་ཡོང་བ་རེད་བསམས་པ་འདྲ།
དེ་ནས་ནང་ལ་ཕྱིན་སོང་ཟེར། རྗེས་དེ་ལ་ཁོ་ཚོ་ཁོའི་ནང་ལ་ཕྱིན་པ་ཡིན། ནང་ལ་ཕྱིན་པའི་སྒང་ལ་ཁང་བའི་ནང་ལ་གདན་ཞིག་བཏིངས་འདུག
དེ་མ་གཏོགས་ཅི་ཡང་མི་འདུག་ཟེར། གོང་དེ་ལ་དཔེ་སྒམ་ཞིག་བཞག་འདུག དཔེ་སྒམ་དེའི་ཐོག་ལ་གསེར་ཟངས་ཀྱིས་བཞེངས་པའི་སྟོན་པའི་སྐུ་ཞིག་དང་དེབ་ཅིག་བཞག་འདུག་ཟེར།
ཁོ་རང་ལམ་སེང་ཕྱིན་དེ་དེར་བསྡད་སོང་། ཁོ་ཚོར་ཡ་མེད་བྱས་ཏེ་ཁ་ཡང་གྲགས་ཀྱི་མི་འདུག་ཟེར།
ད་ཁོ་རང་ཚོ་ཁ་ཤས་རྐུབ་སྟེགས་སྒང་དང་ཁ་ཤས་ས་གདན་གྱི་སྒང་ལ་བསྡད་པ་ཡིན་ཟེར། ཁོ་ཚོས་དགེ་འདུན་ཆོས་འཕེལ་ལ་ཕར་སྐད་ཆ་མ་བཤད་པ་དང་།
དགེ་འདུན་ཆོས་འཕེལ་གྱིས་ཚུར་སྐད་ཆ་མ་བཤད་པར་དགེ་འདུན་ཆོས་འཕེལ་གྱིས་ལམ་སེང་ཐ་མག་ཅིག་ལ་མེ་སྒྲོན་ཞིང་།
ཁ་ཁྱོན་ནས་གྲགས་ཀྱི་མི་འདུག་ཟེར། ད་ཁོ་ཚོ་ཚང་མ་ཁ་རོག་གེར་བསྡད་པ་འདྲ། བར་མཚམས་ཤིག་ལ་དགེ་འདུན་ཆོས་འཕེལ་གྱིས།
ཨ་ཨ། ད་ལོ་ཐན་པ་ཡོང་ནས་གནམ་འདི་མེ་བསྲེག་ཐེབས་སོང་ང་ཟེར། དེ་ནས་ཁོ་ཚོས་དེ་ག་རང་རེད།
ད་ལོ་ཐན་པ་ཞེད་པོ་ཞིག་བསྟན་སོང་། ད་ལོའི་གནམ་གཤིས་འདི་ག་རེ་ཡིན་ནམ། ཚ་བ་འདི་འདྲ་དང་ཐན་པ་འདི་འདྲ་བསྟན་མ་མྱོང་ཞེས་ལན་སློག་པ་འདྲ།
ལན་དེ་སློག་པ་དང་དགེ་འདུན་ཆོས་འཕེལ་གད་མོ་ཞིག་ཤོར་ཏེ་ལས་འབྲས་མེད་པའི་རྟགས་རེད་ཟེར།
གང་ལགས་ཞེ་ན་ཐན་པ་ཐོན་པའི་སྒང་ལ་ལྷ་སའི་ཆུ་མིག་ཡོད་ཚད་པའི་སྒང་ལ་དགེ་འདུན་པ་གསུམ། བཞི།
ལྔ་དང་དྲུག་ནས་ཆར་འབེབ་བྱེད་ཀྱི་ཡོད་པ་རེད། ཆར་འབེབ་ག་ཚོད་བྱས་ཀྱང་ཆར་བ་གཏོང་གི་མི་འདུག
དེ་ལས་འབྲས་མེད་པའི་རྟགས་རེད། ཆར་འབེབ་གཏོང་བ་ནི་ཆར་བ་འབབ་པའི་རྒྱུ་རེད། རྒྱུ་དེ་ལ་འབྲས་བུ་ཆར་བ་ཡིན་གཅིག་མིན་གཅིག་གཏོང་དགོས་ནི་རེད་དེ་ཆར་བ་གཏོང་གི་མི་འདུག
ལས་འབྲས་མེད་པའི་རྟགས་རེད། ཁོས་དེ་ལྟར་ལབ་ཀྱིན་འདུག་ཟེར། སྐད་ཆ་དེ་ལབ་པ་དང་མི་ཉག་སྐྱོར་དཔོན་གྱིས།
ཨོ་ཙི། དགེ་འདུན་ཆོས་འཕེལ་ལགས། དེ་འདྲ་མ་གསུངས་རོགས། ལས་འབྲས་མེད་པའི་རྟགས་ལ་ཆར་བ་མ་འབབ་པ་ཡིན་རྒྱུ་མ་རེད།
ཅེས་སྐད་ཆ་དེ་བཤད་སོང་ཟེར། དེ་ནས་དགེ་འདུན་ཆོས་འཕེལ་གྱིས་ཐ་མག་འཐེན་ཞོར་དུ་སྔས་མགོར་ཡོད་པའི་སྟོན་པའི་སྐུ་དེ་ལ་ཐ་མག་གི་དུ་བ་དེ་གཏོང་གི་ཟེར།
དེ་ནས་མི་ཉག་སྐྱོར་དཔོན་གྱིས་དགེ་འདུན་ཆོས་འཕེལ་ལ། ཨོ་ཙི། དགེ་འདུན་ཆོས་འཕེལ་ལགས། ཁྱོད་རང་མཁས་པ་ཆེན་པོ་ཞིག་དང་མ་འདྲ་བར།
ཐ་མག་ཟེར་བ་འདི་ང་ཚོའི་ལྟོ་ཡི་ནང་གི་བཙོག་ཤོས་དེ་རེད། ཁྱོད་ཀྱི་སྔས་མགོར་བཞུགས་པ་དེ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྣང་བརྙན་རེད།
ལྟོ་ཡི་ནང་གི་བཙོག་ཤོས་དེ་ཁྱོད་རང་གིས་སྟོན་པ་བཅོམ་ལྡན་འདས་ཀྱི་སྣང་བརྙན་ལ་ཕུལ་བ་དེ་མ་འགྲིག་པ་ཞིག་རེད་ཅེས་ལབ་སོང་ཟེར།
དགེ་འདུན་ཆོས་འཕེལ་ཕྱིར་གད་མོ་ཞིག་ཤོར་ཏེ། ང་སྔོན་མ་འབྲས་སྤུངས་ན་ཡོད་དུས་ཁྱོད་དང་ང་ཕལ་ཆེར་འཛིན་གྲྭ་གཅིག་པ་རེད།
ང་ཚོ་འཛིན་གྲྭ་ཡར་མར་རེད་ལ། ཁྱོད་ཀྱིས་སྔོན་མ་ནས་ཅིག་ཤེས་མདོག་གིས་སྐད་ཆ་བཤད་སྲོལ་ཡོད་མོད།
ཁྱོད་ཀྱིས་ཅི་ཡང་ཤེས་ཀྱི་མེད། དེ་རིང་སང་ཉིན་ཡང་ཁྱོད་ཀྱིས་ཅི་ཡང་ཤེས་མི་འདུག ད་ཁྱོད་ཀྱིས་འབྲས་སྤུངས་ནས་མདོ་ལ་སློབ་གཉེར་བྱས་ནས་ལྷ་རམས་པའི་དམ་བཅའ་བཞག་པ་རེད།
ལྷ་རམས་པའི་དམ་བཅའ་བཞག་དུས་ཨང་དང་བོ་རེད། ཁྱོད་རྒྱུད་ལ་ཕྱིན་པ་རེད། རྒྱུད་ལ་འགྲོ་དུས་ཁྱོད་ཀྱིས་སྔགས་ཀྱི་དམ་བཅའ་བཞག་པ་རེད།
སྔགས་ཀྱི་དམ་བཅའ་བཞག་ནས་ཀྱང་ཁྱོད་ཨང་དང་བོ་རེད། དེ་རིང་སང་ཉིན་ཁྱོད་རྒྱུད་སྟོད་པའི་བླ་མ་དབུ་མཛད་རེད།
རྒྱུད་སྟོད་པའི་བླ་མ་དབུ་མཛད་ཀྱི་རྗེས་ནས་ཁྱོད་དགའ་ལྡན་ཁྲི་བ་ལ་འགྲོ་ཡི་རེད། ཁྱོད་ཀྱིས་མདོ་མཐར་ཕྱིན་ནས་སྔགས་ལ་སློབ་སྦྱོང་བྱས།
སྔགས་མཐར་ཕྱིན་ནས་བླ་མ་དབུ་མཛད་བྱས་པ་རེད། ཁྱོད་གང་འདྲ་བྱས་ནས་ཕྱིན་པ་ཡིན། ཁྱོད་ཀྱིས་ད་དུང་གཅིག་ཀྱང་ཤེས་ཀྱིན་མི་འདུག
ངས་ཐ་མག་གི་དུ་བ་དེ་བཅོམ་ལྡན་འདས་ལ་ཕུལ་བ་དེ་ངས་སངས་རྒྱས་ལ་མཆོད་པ་ཕུལ་བ་རེད། ས་སྐྱ་པཎྜི་ཏས་མཆོད་པའི་ནང་གི་མཆོག་དང་ཕུལ་དུ་བྱུང་བ་དེ་རང་ཉིད་དགའ་བའི་ལྟོ་དེ་དཀོན་མཆོག་ལ་ཕུལ་དེ་ཡིན་ཞེས་གསུངས་ཡོད་པ་རེད།
ངས་ཐ་མག་དེ་སྟོན་པ་ལ་མཆོད་པར་ཕུལ་བ་ཡིན། ཐ་ན་ངས་སྟོན་པར་མཆོད་པ་ལ་ཆང་ཡང་ཕུལ་གྱིན་ཡོད།
དེ་རིང་ང་ལ་ཆང་མི་འདུག མཚམས་མཚམས་ལ་ངས་ཆང་ཉོས་པའི་སྐབས་ལ་ངས་ཆང་རྫ་ཁོག་འདི་འདྲ་ཞིག་གི་ནང་ཉོས་ཏེ་སྟོན་པ་ཆང་གི་ནང་ལ་གཡུག་བཞག་པ་ཡིན།
ངས་ཐ་མག་གི་དུ་བ་འདི་སྟོན་པ་ཐུགས་རྗེ་ཅན་ལ་མཆོད་པར་ཕུལ་བའི་སྐབས་ལ་ངའི་ངོས་ནས་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་མཆོག་ཏུ་གྱུར་བ་དེ་ཕུལ་བ་རེད།
སྟོན་པའི་ངོས་ནས་ཀྱང་སངས་རྒྱས་ལ་གང་སྣང་བ་ཐམས་ཅད་དག་པ་རབ་འབྱམས་པ་འབའ་ཞིག་རེད། སངས་རྒྱས་ལ་སྣང་ཚད་ཀུན་དག་པ་རབ་འབྱམས་པ་འབའ་ཞིག་རེད་མ་གཏོགས།
ཐ་མག་གི་ངོ་བོ་བཙོག་པ་དེ་འདྲ་སྣང་གི་མ་རེད། ཨ། ཁྱོད་ཀྱི་མགོ་ཡི་སྐྲ་ཕུད་ནས་དམར་བོ་ཆགས་འདུག
ད་དུང་ཁྱོད་ཀྱིས་གཅིག་ཀྱང་ཤེས་ཀྱིན་མི་འདུག ད་དུང་དགའ་ལྡན་ཁྲི་བར་འགྲོ་འདོད་ནས་ཁ་གདངས་ནས་བསྡད་འདུག
ཁྱོད་ངོ་མི་ཚའམ་ཞེས་སྐད་ཆ་དེ་འདྲ་བྱུང་བ་ཟེར།
ཐོག་མར་དགེ་འདུན་ཆོས་འཕེལ་ལྷ་སར་བསླེབས་ཚར་ནས་འབྲས་སྤུངས་ཀྱི་དགེ་བཤེས་གསུམ་དགེ་འདུན་ཆོས་འཕེལ་ལ་འཚམས་འདྲི་དང་ཞོར་ལ་དགེ་འདུན་ཆོས་འཕེལ་གྱི་ཉམས་ཚོད་ལེན་པར་ཡོང་བ་རེད།
དགེ་འདུན་ཆོས་འཕེལ་རྗེས་དེ་ལ་ ༡༩༥༡ ལོའི་ཟླ་བ་ ༨ ཚེས་ ༡༡ ལ་གཤེགས་པ་རེད། ཧོར་ཁང་གི་ལོ་རྒྱུས་དེའི་ནང་ལ་གསལ་བོ་རེད།
ཁོའི་ན་ཚ་དེ་ཆུ་བསགས་སོང་ནས་རྦད་དེ་གཟུགས་པོ་ཚང་མ་བསྐྲངས་ཤིང་། སྨན་རྩིས་ཁང་གིས་སྨན་བཏང་སོང་།
དེའི་སྐབས་དེར་རྒྱ་མི་ཐོག་མར་བོད་ལ་སླེབས་པའི་སྐབས་རེད། དགེ་འདུན་ཆོས་འཕེལ་ལ་དེ་དགོང་སྨན་བྱིན་ན་ཆུ་མར་འབབ་གི
སང་ཉིན་ཡང་ཆུ་གསོག་གི སྨན་རྩིས་ཁང་གིས་སྨན་བཏང་བ་དེས་ཀྱང་མ་ཕན་པར། ང་དུས་རྒྱུན་དུ་དེར་འགྲོ་ཡི་ཡོད་རེད།
ཉིན་གཅིག་ཁོས་ང་ལ་བྱམས་པ་ཁྱོད་ལ་མོ་རྒྱག་མཁན་དེ་འདྲ་ཨེ་ཡོད་ཟེར། ང་ལ་མོ་བ་ཡག་པོ་དེ་འདྲ་ཡོད་ཅེས་པར།
ཁྱོད་སོང་ནས་ང་ལ་མོ་ཞིག་རྒྱོབས་དང་། ང་ལ་ཆུ་ཡི་ན་ཚ་འདིས་སྡུག་པོ་བཏང་ཐལ། ཁྱོད་ལ་མོ་བ་སུ་ཡོད་ཟེར།
ཏྲེ་ཧོར་བཀའ་འགྱུར་རིན་པོ་ཆེ་ངས་ངོ་ཤེས་ཀྱིན་ཡོད། ང་དེར་སོང་ནས་མོ་བརྒྱབ་ན་གང་འདྲ་ཡིན་ནམ་ཞེས་དྲིས་པར།
ཨོ། ཨོ། ཁོ་ད་ལྷ་ས་ནས་མོ་བ་སྐད་གྲགས་ཆེ་ཤོས་རེད། འོ་ན་ཁྱོད་སོང་ནས་མོ་ཞིག་རྒྱག་རོགས་ཞེས་ང་དེར་མོ་རྒྱག་གི་ཕྱིན་པ་ཡིན།
ང་མོ་རྒྱག་གི་འགྲོ་དུས་བཀའ་འགྱུར་རིན་པོ་ཆེ་ལ་ངས་ཆ་ཚང་ཞུས་པ་ཡིན། དགེ་འདུན་ཆོས་འཕེལ་ལ་ཆུ་བསག་ནས་ན་ཡིན་འདུག
ད་ལྟ་ཡག་པོ་དྲག་གི་མི་འདུག དེ་གང་འདྲ་ཡིན་མིན། ཚེ་སྲོག་ལ་བགེགས་དང་བར་ཆད་འདྲ་ཡོད་དང་མེད་ཅེས་ཞུས་པར།
ཏྲེ་ཧོར་བཀའ་འགྱུར་རིན་པོ་ཆེ་ཡིས། ཨ། རེད་ལགས། རེད་ལགས། པཎྜི་ཏ་ཆེན་པོ་དགེ་འདུན་ཆོས་འཕེལ་ལ་ངས་མོ་བརྒྱབ་ནས་རེ་བ་འདྲ་ཡོང་གི་མ་རེད།
དགེ་འདུན་ཆོས་འཕེལ་ལགས་ང་ལ་ཡིད་ཆེས་ཡོད་པ་མ་རེད། ངས་མོ་བརྒྱབ་ནའང་དགེ་འདུན་ཆོས་འཕེལ་ང་ལ་ཡིད་ཆེས་ཀྱི་མ་རེད་ཟེར།
དེ་ཡིད་ཆེས་ཀྱི་རེད། ཏན་ཏན་ཡིད་ཆེས་ཀྱི་རེད། དགེ་འདུན་ཆོས་འཕེལ་ཁོ་རང་གིས་ང་སོང་ནས་མོ་ཞིག་རྒྱོབས་དང་ཞེས་ང་མོ་རྒྱག་གི་ཡོང་བ་ཡིན།
སྐུ་མཁྱེན། དེ་ལ་ཅིག་རིམ་གྲོ་འདྲ་བོ་དེ་འདྲ་དང་། ཡང་ན་ཚེ་སྲོག་ལ་བགེགས་དང་བར་ཆད་འདྲ་ཡོད་དང་མེད་མོ་ཅིག་རྒྱགས་རོགས་ཞེས་བཤད་པ་དང་།
དེ་ནས་མོ་བརྒྱབ་སོང་། ངའི་མོ་ལྟར་ཡིན་ན་ཚེ་སྲོག་ལ་སྐྱོན་ཆ་འདྲ་ཆེན་པོ་མི་འདུག ངའི་མོ་ཡིན་ན།
ཨ་ཙི། ད་དགེ་འདུན་ཆོས་འཕེལ་ལ་ཅིག་བྱོས་ཞེས་ན་བྱེད་ཀྱི་མ་རེད། སྐྱབས་འགྲོ་བཏོན་པ་ཡིན་ན་དེ་ཕན་པོ་འདུག
སྐྱབས་འགྲོ་དང་དོ་དགོང་ར་མོ་ཆེ་ཚེ་དཔག་ལྷ་ཁང་ནང་མཆོད་མེ་མཚན་ཐུབ་ཅིག་བཞག སྐྱབས་འགྲོ་འདྲ་བཏོན་པ་ཡིན་ན་དེ་ཅུང་ཕན་པ་མི་ཡོང་ངམ་ཟེར།
དེ་ནས་ངས་ལན་དེ་ཁྱེར་ནས་ཡོང་དུས་དགེ་འདུན་ཆོས་འཕེལ་གྱིས་ག་རེ་ཟེར་གྱི་འདུག་ཟེར། ད་དེ་འདྲ་དེ་འདྲ་ཟེར་གི
སྐྱབས་འགྲོ་ཐོན་ཟེར་གི དོ་དགོང་ར་མོ་ཆེའི་ཚེ་དཔག་མེད་ལ་མཚན་འཁྱོངས་ཕུལ་ཟེར་གི་ཅེས་ལབ་པར།
ཡ་ཡ་ཞེས་ལམ་སེང་ཚེ་བརྟན་གཡུ་སྒྲོན་ལ་ཧོར་ཁང་གིས་ཁྱེར་ཡོང་བའི་མར་དེ་ཅིག་ཅིག་ལ་ཡོད།
དེའི་སྒང་ནས་མར་ཁུ་བཞུས། མཆོད་ཀོང་ཆེན་པོ་ཞིག་གི་ནང་མཆོད་མེ་མཚན་ཐུབ་ཅིག་བླུགས་ཏེ་དོ་དགོང་ཚེ་དཔག་མེད་ཀྱི་ལྷ་ཁང་ནང་ཕུལ་ཞོག་ཅེས་ལབ་སོང་།
སྐབས་དེར་ང་ཚོས་ལྷ་སའི་ལུགས་སྲོལ་ལྟར་ལག་ལ་འཕྲེང་བ་རེ་བཟུང་བསྡད་ཡོད་པ་རེད། ངའི་ལག་ན་འཕྲེང་བ་ཡོད།
དགེ་འདུན་ཆོས་འཕེལ་གྱིས་ཁྱོད་ཀྱི་ཕྲེང་བ་ང་ལ་གཡོར་དང་ཟེར། ག་རེ་བྱེད་ཀྱི་ཡིན་ཞེས་པར།
ངས་སྐྱབས་འགྲོ་འདོན་གྱི་ཡིན་ཟེར། དེ་ནས་ངས་ཕྲེང་བ་ཁོའི་ལག་ལ་བཞག་ཅིང་ཁོས་སྐྱབས་འགྲོ་འདྲ་ཞིག་འདོན་གི
ད་གང་ཤེས་གང་འདྲ་ཞིག་འདོན་གྱི་ཡོད་མེད། སྐྱབས་འགྲོ་ཕལ་ཆེར་ཚར་ལྔ་བཅུ་དྲུག་ཅུ་ཞིག་བཏོན་མེད།
དེ་ནས་ང་ལ་ཕྲེང་བ་སྤྲད་དེ་ད་མི་འདོན་ཟེར། ཨོ་ཙི། ཐོན་དང་། དེ་འདྲ་ཞིག་གིས་ག་ལ་ཡོང་གི་རེད་ཅེས་པར།
མ་རེད། མ་རེད། ཆོས་ཟེར་བ་དེ་མང་བོ་བྱེད་རྒྱུ་ཡོད་པ་མ་རེད། ཆོས་ལ་དཀོན་པའི་འདུ་ཤེས་ཟེར་བ།
ཆོས་ཟེར་བ་འདི་ཧ་ཅང་དཀོན་པོ་མ་གཏོགས་དེ་མང་བཔ་བྱས་ན་ཡག་པོ་ཡོད་པ་མ་རེད་ཟེར། དེ་ལེའུ་གཅིག་རེད།
ཡང་དེའི་ཕྱིའི་ཉིན་མོ་ཞིག་ལ་ང་ཕྱིན་པའི་དུས་ལ་ན་ཚ་སྡུག་ཏུ་སྡུག་ཏུ་འགྲོ་ཡི་འདུག
གཟུགས་པོ་ཚང་མ་བསྐྲངས་འདུག ད་ཁང་བ་འདིའི་སྦུག་བྱས། འདིའི་མདོ་དེ་ལ་ཀ་སྤེ་བཟོ་འདྲ་ཞིག་འདུག
ཀ་སྤེ་ནང་ལ་ཉི་མ་བསྟན་གི མདོ་འདི་བ་ནས་ཀ་སྤེ་ནང་ལ་འཁྱེར་བ་ལ་མི་བཞི་ཡིས་གདན་གྱི་སྒང་ནས་ཁྱེར་འགྲོ་བ་མ་གཏོགས་ཁོ་རང་འགུལ་ལྕོག་གཏོང་ཐུབ་ཀྱིན་མི་འདུག
ང་ཡང་ཀ་སྤེ་ནང་ལ་བསྡད་པ་ཡིན། བསྡད་པའི་སྐབས་ལ་ཁོ་རྦད་དེ་སྣང་བ་སྐྱིད་པོ་སྔོན་མ་ནང་བཞིན་རེད་མ་གཏོགས་སྡུག་བསྔལ་འདྲ་བོ་ཁྱོན་ནས་མི་འདུག
ཕྱི་ལོགས་ཀྱི་ཀ་སྤེ་བཟོ་འདྲ་བོ་དེའི་ནང་ལ་མི་བཞི་ཡིས་བཀྱགས་ནས་ཡོང་དགོས་པ་རེད། དེར་བཞག་ནས་ང་ཚོ་དེར་བསྡད་ན་ཁོ་ཚོ་ཚང་མ་ཕྱིན་སོང་།
དེ་ནས་ང་གཅིག་པོ་བྱས་ངེད་གཉིས་བསྡད་པའི་སྒང་ལ། ཝ་ཡེ། བྱམས་པ། ཁྱོད་རང་གིས་བལྟས་ན་ང་དྲག་གི་རེད་ལ་དྲག་གི་མ་རེད་ཟེར།
དྲག་དང་དྲག སྐྱོན་ཡོད་ནི་མ་རེད། ན་ཚ་གཞན་ལྗིད་མོ་འདྲ་མ་རེད། ཆུའི་ན་ཚ་རེད། ཆུ་མར་བབས་ན་དེ་ག་རེད།
དྲག་གི་རེད། དེ་དྲག་གི་རེད་ཅེས་པར། ཁོ་གད་མོ་ཞིག་ཤོར་ནས་དྲག་གི་མ་རེད། དེ་དྲག་གི་མ་རེད་ཟེར།
དེ་དྲག་གི་རེད། མི་དྲག་པའི་རྒྱུ་མཚན་གང་ཡང་མི་འདུག་ག ན་ཚ་ནི་ཆུའི་ན་ཚ་རེད། ཆུ་ཕབ་བཞག་ན་ན་ཚ་དྲག་པ་མ་རེད་དམ་ཞེས་པར།
མ་རེད། མ་རེད། ད་རེ་ན་ཚ་འདི། ང་བསོད་ནམས་ཆེན་པོ་རེད། ད་རེའི་ན་ཚ་འདི་ང་ལ་ཕོགས་པ་རེད།
ང་བསོད་ནམས་ཆེན་པོ་རེད་ཟེར། མི་ལ་ན་ཚ་ཕོགས་ན་བསོད་ནམས་ཆེན་པོ་ཨེ་ཡིན། འདི་གང་འདྲ་བྱས་ནས།
ན་ཚ་ཕོགས་ན་སྡུག་པ་རེད་མ་གཏོགས་ཡག་པོ་གང་ཡང་མ་རེད་པ་ཅེས་པར། མ་རེད། མ་རེད། ང་བསོད་ནམས་ཆེན་པོ་སོང་ཙང་ང་ལ་ན་ཚ་འདི་ཕོགས་པ་རེད།
མི་བསོད་ནམས་ཆེན་པོའི་རིགས་མཐའ་དག་ལ་ཆུའི་ན་ཚ་ཕོག་གི་རེད། ཆུའི་ན་ཚ་ཟེར་བ་འདི་ལས་སླ་བོར་ཕོགས་པ་ཡོད་པ་མ་རེད།
སྨོན་ལམ་བརྒྱབ་ན་མ་གཏོགས་འདི་ལས་སླ་བོ་ཕོག་གི་མ་རེད་དེ། ངས་སྨོན་ལམ་གཅིག་ཀྱང་མ་བརྒྱབ།
ང་ལ་ཆུའི་ན་ཚ་ཕོག་པ་རེད་ཟེར། ཨ་ཅེས་པར། སྔོན་མ་དགའ་ལྡན་པའི་དགེ་བཤེས་རྣམས་ཀྱིས་ཆུ་ནད་ཕོགས་ནས་ཤི་བར་གྱུར་ཅིག་ཅེས་སྨོན་ལམ་རྒྱག་གི
དགའ་ལྡན་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཤི་བའི་ན་ཚ་དེ་ཆུ་ཕོགས་ནས་ཤི་བར་གྱུར་ཅིག་ཅེས་སྨོན་ལམ་ཞེ་དྲག་རྒྱག་གི
ངས་སྨོན་ལམ་གཅིག་ཀྱང་མ་བརྒྱབ། སྨོན་ལམ་མ་བརྒྱབ་ནའང་ང་ལ་ན་ཚ་དེ་ཕོག་ཡོང་བ་རེད། ང་བསོད་ནམས་ཆེན་པོ་རེད་ཟེར།
ཨོ་ཅེས། དེས་ན་དགའ་ལྡན་པའི་དགེ་བའི་བཤེས་གཉེན་པ་རྣམས་ཀྱིས་ཆུ་ཡི་ན་ཚ་ང་ལ་འཕོག་པར་ཤོག་ཅིག་ཅེས་སྨོན་ལམ་རྒྱག་དགོས་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་པར།
དེ་ལ་རྒྱུ་མཚན་ཞེ་དྲག་ཡོད་པ་རེད་ཟེར། རྒྱུ་མཚན་ག་རེ་ཡོད་པ་རེད་ང་ལ་ཅིག་ཤོད་དང་ཞེས་པར།
རྒྱུ་མཚན་ཞེ་དྲག་ཡོད་པ་རེད། ཆུའི་ན་ཚ་དང་། ཆུ་ཟེར་བ་འདི་ཁོ་རང་བསིལ་བའི་རང་བཞིན་རེད།
ཁོ་ཉག་གེ་ཉོག་གེ་མ་ཡིན་པར་དྭངས་མོ། ཆུའི་ན་ཚ་འདི་ཕོག་ན་བསིལ་བའི་རང་བཞིན་རེད། རྗེས་མ་ཤི་ཁ་དེར་རིམ་གྱིས་རིམ་གྱིས་འོད་བསྡུས་ནས་འགྲོ་བའི་སྒང་ལ་རིམ་གྱིས་རིམ་གྱིས་འབྱུང་བ་བཞི་བསྡུ་བའི་སྐབས་ལ།
རྗེས་ལ་ཆུ་སེར་ཕྲ་མོ་ཟེར་བ་ཞིག་མངོན་དུ་གྱུར་ཡོད་པ་རེད། ཆུ་སེར་ཕྲ་མོ་མངོན་དུ་གྱུར་བའི་སྐབས་ལ་ཆུའི་ན་ཚ་ཕོགས་ནས་ཤི་བའི་རིགས་མཐའ་དག་སེམས་དེ་ཞེ་དྲག་གི་གསལ་བོ་ཡོད་པ་རེད།
སེམས་དེ་གསལ་བོ་ཞེ་བོ་ཞིག་ཡོད་པ་རེད། ཉག་གེ་ཉོག་གེ་མེད་པ་དང་། སེམས་ལ་ད་ལྟ་ཅིག་དྲན་གྱིན་དྲན་གྱིན་ཡང་བསམ་བློ་གཞན་པ་འདྲ་ཡོང་བ་དེ་འདྲ་བྱུང་གི་ཡོད་པ་མ་རེད།
སེམས་དེ་བརྟན་པོ་དང་སེམས་དེ་གསལ་བོ་ཞེད་པོ་ཞིག་ཡོད་པ་རེད། སེམས་དེ་གསལ་ཆ་ཡོད་པའི་སྐབས་དེར་སྨོན་ལམ་གང་ཞིག་བརྒྱབ་པ་ཡིན་ནའང་སྨོན་ལམ་འགྲུབ་ཀྱི་རེད་ཟེར།
ཁྱད་ཆོས་དེ་ཡོད་པ་རེད་ཟེར། ཨོ་ཙི། དེ་ཡིན་དུས་ཆུ་ཟེར་བ་དེ་ལས་སླ་བོ་མི་འདུག རྒྱུ་མཚན་འདྲ་བོ་ཞེ་དྲག་འདུག་ཅེས་པར།
ཁོ་གད་མོ་ཤོར་གི བསྐྲངས་ནས་འདི་རེད། གད་མོ་ཤོར་གི ན་ཚ་གང་ཡང་མི་འདུག་གམ་ཞེས་པར། མཚམས་མཚམས་ལ་ན་ཚ་འདུག་ཟེར།
རྒྱུན་དུ་ན་ཚ་མི་འདུག དགོང་མོ་གཉིད་ཡག་པོ་ཁུག་གི་ཟེར། དེའི་ཉིན་མོ་དེ་དེ་རེད།
ཡང་དེའི་ཕྱིའི་ཉིན་མོ་ཕྱིན་པ་ཡིན།
སྡུག་ཏུ་ཕྱིན་འདུག བྱམས་པ་ཞེས་འབོད་གི ཨ་ཞེས་པར། བདེ་བ་ཅན་གྱི་ཞིང་ཟེར་བ་དེ་ཡོད་པ་རེད་དམ་ཡོད་པ་མ་རེད་ཟེར།
གང་ལབ་ཀྱིན་ཡོད་ན་བསམས་ནས་ངས་ག་རེ་བྱས་ནས་ཤེས་ཀྱི་རེད། ཁྱོད་རང་མཁས་པ་ཆེན་པོ་རེད། ཁྱོད་རང་གིས་ཤེས་ཀྱིན་རེད་ཅེས་པར།
མ་རེད། མ་རེད། ཁྱོད་རང་གིས་བསམས་ན་བདེ་བ་ཅན་གྱི་ཞིང་ཡོད་པ་རེད་དམ་ཡོད་པ་མ་རེད་ཟེར།
དེ་ཡོད་ཀྱི་རེད། ཆོས་ལུགས་ལོ་རྒྱུས་དང་རྒྱལ་རབས་ལོ་རྒྱུས་གང་ལ་བལྟས་པ་ཡིན་ནའང་བདེ་བ་ཅན་གྱི་ཞིང་ཟེར་བ་དེ་ཡོད་པ་ཙམ་མ་ཟད།
དེར་ཐག་རིང་ཐུང་། ཞེང་གི་རྒྱ་ཁྱོན་ཆེ་ཆུང་། མི་ཚང་མས་གསུང་འབུམ་ནང་གསལ་བོ་གསུང་འདུག
ཁྱོད་རྦད་དེ་དགེ་བཤེས་ཆེན་པོ་ཞིག་གིས་ང་ལ་དྲིས་ནས། དེ་ཡོད་དང་ཡོད་ཅེས་པར། ཡ་ཡ། དེ་ཡོད་པ་ཡིན་ན་ང་དེ་ནས་སྐྱེ་ཡི་རེད་ཟེར།
ཁྱོད་རང་དེ་ནས་སྐྱེ་བའི་གདེང་ཚོད་ཡོད་དམ་ཞེས་པར། ང་ལ་གདེང་ཚོད་ཡོད་ཟེར། ཁྱོད་ལ་གདེང་ཚོད་ག་རེ་ཡོད་དམ་ཞེས་པར།
ང་མཁས་པ་རེད། གལ་ཏེ་བདེ་བ་ཅན་གྱི་ཞིང་ཟེར་བ་ཞིག་ཡོད་པ་ཡིན་ན་མཁས་པ་དེར་སྐྱེ་ཡི་རེད་མ་གཏོགས་བླུན་པོ་དེར་སྐྱེ་ཡི་མ་རེད་ཟེར།
ང་མཁས་པ་ཆེན་པོ་རེད། ང་དེར་སྐྱེ་ཡི་རེད་ཟེར། ཁྱད་མཚར། དེ་ཁོས་ཏན་ཏན་དེ་ཟེར་གི དེང་སང་ངས་འདི་ལྟར་བསམ་བློ་བཏང་བའི་སྒང་ལ་ཨ་ཡ་མཚན།
དངོས་གནས་རེད། གལ་ཏེ་བདེ་བ་ཅན་གྱི་ཞིང་ཁམས་ཟེར་བ་ཞིག་ཡོད་ན། མཁས་པ་དེར་སྐྱེ་ཡི་རེད་མ་གཏོགས་བླུན་པོ་དེར་སྐྱེས་གི་མ་རེད་ཟེར།
ཁྱད་མཚར། ཁོའི་སྐད་ཆ་དེ་ཚོར་དངོས་གནས་གོ་རྒྱུ་ཆེན་པོ་འདུག་བསམ་པ་འདྲ་ཞིག་དེང་སང་ངའི་བསམ་བློའི་ནང་འཁོར་ཡོང་གི
ཁོ་འཆི་ཁ་དེར་སྐད་ཆ་དེ་བཤད་སོང་། གཞན་ལོ་རྒྱུས་གཞན་དང་གཞན་པའི་ནང་འཆི་ཁ་དེར་ད་ཅིག་དཔེ་ཆ་ཀློག་ཟེར་བ་འདྲ་བོ།
འཇུ་མི་ཕམ་གྱིས་ཅིག་ཟེར་བ་འདྲ་བོ། རྗེ་རིན་པོ་ཆེའི་རྟེན་འབྲེལ་བསྟོད་པ་འདྲ་བོ། དེ་ལྟར་ཡོད་པ་མ་རེད།
ང་དུས་རྒྱུན་དུ་ཁོའི་འཁྲིས་ལ་ཡོད་པ་རེད། ཁོའི་མཐའ་མ་མཐའ་མའི་སྐད་ཆ་དེ་དེ་རེད། བདེ་བ་ཅན་གྱི་ཞིང་ཟེར་བ་ཞིག་ཡོད་ན་དེ་མཁས་པ་སྐྱེས་ས་རེད་མ་གཏོགས་བླུན་པོ་སྐྱེས་ས་མ་རེད།
ང་མཁས་པ་རེད། ང་དེར་སྐྱེ་ཡི་རེད་ཟེར།
ཡང་ཉིན་ཞིག་ཁོས་ང་ལ་དེང་སང་ངའི་སེམས་འདི་ལ་སྐྱོ་སྣང་དང་ཕངས་སྣང་ཞེ་དྲག་འདུག
ཕངས་པའི་བློ་དང་སྐྱོ་སྣང་ཞེ་དྲག་ཅིག་འདུག་ཟེར། ག་རེ་བྱས་པ་རེད་ཅེས་པར། ང་ཤི་ཡི་རེད་ཟེར།
དེ་ནས་ཁྱོད་ཤི་བ་ལ་དེ་འདྲའི་ཞེད་སྣང་ཞིག་འདུག་གམ་ཞེས་པར། མ་རེད། མ་རེད། ཤི་རྒྱུ་རང་ལ་དེ་འདྲའི་ཞེད་སྣང་སྐྱེ་ཡི་མ་རེད།
ཨ་ཙི། ངའི་ཤེས་རབ་ཆེན་པོ་འདི་འཇིག་འགྲོ་གི་རེད་བསམས་ནས་ང་དེ་ལ་ཕངས་སྣང་འདུག་ཟེར། ང་ཤེས་རབ་ཤེས་ཆེན་པོ་རེད།
དངོས་གནས་དྲང་གནས་ང་ཤེས་རབ་ཆེན་པོ་རེད། ང་འཇིག་པའི་སྒང་ལ་ངའི་བློ་དེའང་འཇིག་འགྲོ་བ་རེད།
ང་དེ་ལ་ཕངས་སྣང་འདུག་ཟེར། ཁོའི་སྐད་ཆ་དེ་ཚོ་ལས་སླ་བོ་མ་རེད། རྟོགས་པ་འདྲ་བོ་མཐོན་པོར་སླེབས་པའི་སྐད་ཆ་ཞིག་མིན་འགྲོ་བསམ་གི
དྲི་བ། དགེ་འདུན་ཆོས་འཕེལ་གྲོངས་པའི་ཉིན་མོར་རྒན་ལགས་མཉམ་པོར་ཡོད་པ་རེད་དམ་ཡོད་པ་མ་རེད།
ལན། གྲོངས་པའི་ཉིན་མོར་ང་མེད།
དྲི་བ། དགེ་འདུན་ཆོས་འཕེལ་གྲོངས་དུས་ཙམ་ལ་རྒན་ལགས་གང་ལ་ཡོད་པ་རེད་དམ།
ལན། ང་ལྷ་སར་ཡོད་པ་རེད།
གྲོངས་པའི་ཉིན་མོར་ང་ཁོའི་ནང་ལ་མ་ཕྱིན་པ་རེད། ང་ཕྱིན་པའི་སྒང་ལ་ཁོ་རང་གྲོངས་ཚར་འདུག
གྲོངས་པའི་སྐབས་ལ་སྤྱིར་བཏང་གི་ཕུང་བོ་ནང་བཞིན་རེད་མ་གཏོགས། དེང་སང་བླ་མ་ཚོ་ཅིག་ཙོག་ཙོག་འདྲ་ཞིག་བྱས་པ་དེ་འདྲ་གང་ཡང་ཡོད་པ་མ་རེད།
མི་ཕལ་བ་ནང་བཞིན་རེད།
དྲི་བ། ཁོ་རང་གྲོངས་པ་རྒན་ལགས་ཀྱིས་གང་འདྲ་བྱས་ནས་གོ་སོང་བ་དང་།
དེ་ནས་གྲོངས་པའི་རྗེས་དེ་ལ་ག་རེ་བྱས་སོང་བའི་སྐོར་ཅིག་བཤད་རོགས།
ལན། ང་དེའི་ཕྱི་ཉིན་ཕྱིན་པ་རེད།
སྔ་མོ་ནས་འགྲོ་ཡི་རེད། ཡིན་ནའང་ཁོ་དེའི་དགོང་མོ་གྲོངས་པ་རེད། ང་ཕྱིན་པའི་སྐབས་ལ་གྲོངས་ཚར་འདུག
གྲོངས་ཚར་ནས་ཀླུ་འབུམ་ཁང་ཚན་མར་ཡོང་། ཧོར་ཁང་སྐབས་དེར་ཡོད་པ་མ་རེད། ཧོར་ཁང་ཆབ་མདོར་ཕྱིན་ཚར་ནས་ཡོད་པ་མ་རེད།
ཧོར་ཁང་ཆབ་མདོ་མ་རེད། གང་ལ་ཕྱིན་སོང་བ་ཡིན་ན། དེ་ནས་ཀླུ་འབུམ་ཁང་ཚན་གྱི་གྲ་བ་འཇམ་དབྱངས་ལགས་ཟེར་བ་དེས་མགོ་ཁྲིད་ནས་ནང་གི་རྗེས་འཇུག
ཞབསབརྟན་གནང་དགོས་པ་རེད། དེའི་འགྲོ་གྲོན་ཚང་མ་གཏོང་མཁན་ཕལ་ཆེར་ཀླུ་འབུམ་ཁང་ཚན་མིན་འགྲོ་བསམ་གི
དེ་ཡང་རྒྱ་ཆེན་པོ་ཞིག་བྱས་ཡོད་པ་མ་རེད། མི་གཉོམ་ཆུང་གི་བཟོ་འདྲ་ཞིག་བསྡུས་བསྡུས་ཞིག་བྱས་པ་རེད་མ་གཏོགས།
ཁོ་རང་གི་ཕུང་བོ་དེ་ཚུར་ལ་བཞག ཚུར་ལ་བཞག་ཕར་ཕྱིན་ནས་ཕུང་བོ་གཏོར་བཞག་པ་རེད། ཁོ་རང་གི་ཀ་པ་ལི་དེ་ལས་ཁུངས་རྣམ་བཞག་གི་དྲུང་ཡིག་བསོད་རྡོར་ཁོ་རང་གིས་ཁྱེར་ཕྱིན་པ་རེད།
ད་བསོད་རྡོར་ཁོ་རང་ཡང་གྲོངས་ཚར་ནས་ཡོད་པ་མ་རེད། ད་ཀ་པ་ལི་དེ་ཡང་ཡོད་པ་མ་རེད། མི་གཉོམ་ཆུང་གི་འགྲོ་སྟངས་དེ་བྱས་པ་རེད་མ་གཏོགས་ཅིག་མཁས་པ་ཆེན་པོ་དགེ་འདུན་ཆོས་འཕེལ་གྱི་འགྲོ་སྟངས་རེད་ལ།
མི་ཕལ་བ་རེད། དེ་འདྲ་བྱས་པ་རེད།
དྲི་བ། ང་ཚོས་སྐད་ཆ་འགའ་ཤས་དྲིས་པ་རེད།
ད་ང་ཚོས་སྐད་ཆ་མ་དྲིས་པ་དེ་འདྲ་རྒན་ལགས་ཁྱོད་རང་གིས་བཤད་འདོད་ཡོད་པ་དེ་འདྲ་ཡོད་དམ།
ཡོད་ན་ཅིག་ཤོད་དང་།
ལན། ད་དེ་ག་རང་རེད།
རོབ་ཙམ་ཞུས་ན་དེ་འདྲ་རེད། ད་དུང་ཡོད་པ་ཞེ་དྲག་ཡོད་པ་རེད། ཡོད་པ་རེད་དེ། ཕལ་ཆེར་ཆོས་ཀྱི་སྐོར་དེ་འདྲ་རེད།
ད་འདི་དུས་རྒྱུན་དུ་ངེད་གཉིས་ཀྱི་འཚོ་བའི་ནང་གི་རགས་བསྡུས་ཙམ་རེད། ཞེ་དྲག་ཞེ་དྲག་ལབ་ན་ཉག་གེ་ཉོག་གེ་མང་བོ་རེད།
དགེ་འདུན་ཆོས་འཕེལ་ཁོ་རང་འབར་མ་དང་སིངྒ་ལ་སོགས་ལ་ཕྱིན་པའི་ལོ་རྒྱུས་ཀྱང་ཞེ་དྲག་ཡོད་པ་རེད།
དེ་ཚོ་རིང་བོ་རེད། ཉིན་གཅིག་ལ་དགེ་འདུན་ཆོས་འཕེལ་གྱིས་ངེད་གཉིས་སྤྲང་བོ་ནང་བཞིན་བྱས་ནས་ལྷ་སར་རྩམ་པ་སློང་གི་འགྲོ་ཟེར།
ཁོ་རང་བཞིན་གྱིས་སྤྲང་བོ་དང་མི་སྐྱོ་བོ་ཡི་ལས་ཀ་བྱེད་པར་དགའ་བོ་ཞེད་པོ་ཞིག་ཡོད་པ་རེད།
ཁྱོད་རྩམ་པ་སློང་གི་འགྲོ་བ་ཡིན་ན་ཁྱོད་ཀྱིས་སློང་ནུས་ཀྱིན་འདུག་གམ་ཟེར། ང་འགྲོ་ནུས་པ་མི་འདུག་ཅེས་པར།
དེ་སྐྱིད་པོ་ཡོད་པ་རེད་ཟེར། ངས་རྩམ་པ་སློང་ནས་སྤྲང་བོ་བྱས་ནས་འདི་ལ་འདའ་མ་ཞིག་གཡར་ནས།
ང་ལ་གཡོར་ས་ཡོད། མགོ་ཡི་ཞྭ་མོ་ཙོག་ཙོག་འདྲ་བོ་དེ་འདྲ་ཞིག་ངས་ཅིག་ལ་གཡར། མགོ་ལ་བཏུམས་རིལ་བརྒྱབ།
ངེད་གཉིས་རྩམ་པ་སློང་གི་འགྲོ་བ་ཡིན་ན་སྐྱིད་པོ་ཞེད་པོ་ཡོད་པ་རེད་ཟེར། ངེད་གཉིས་ཀྱིས་ལྷ་སའི་ཤར་ཕྱོགས་ནས་རྩམ་པ་བསླངས་ནས་ཡོང་ན།
ནང་ཞག་གི་དྲུང་ཡིག་བསོད་རྡོར་ལགས་ཟེར་བ་དེ་ལྷ་སའི་ཤར་ཕྱོགས་ན་ཁོ་རང་གི་མི་ཚང་དེར་ཡོད་པ་རེད།
ཡིན་གཅིག་མིན་གཉིས་ཁོ་རང་གི་སྒོ་འགྲམ་ངེད་གཉིས་ཙམ་པ་སློང་གི་འགྲོ། ཁོ་རང་གིས་རྩམ་པ་ཞིག་ཁྱེར་ཡོང་གི་རེད།
ད་དུང་ཡང་ཅིག་གནང་རོགས་ཞེས་ཨུ་ཚུགས་རྒྱག་དགོས། ཁོས་སྟེར་གྱི་མ་རེད། ཡང་ངེད་གཉིས་ཀྱིས་ཨུ་ཚུགས་རྒྱག་དགོས།
ཁོས་ངེད་གཉིས་ལ་གཤེ་གཤེ་གཏོང་གི་རེད། དེ་ཉོས་ཉོས་རེད། ཏན་ཏན་ངེད་གཉིས་གཅིག་འགྲོ་ནི་འགྲོ་ཟེར།
ངས་དངོས་གནས་ཡིན་ནམ་ཞེས་པར། ཁོས་དངོས་གནས་ངེད་གཉིས་ཅིག་འགྲོ་ཟེར། དེའི་རྗེས་དེ་ལ་དེ་ག་རེད།
ང་ཡང་ཅིག་འགྲོ་འདོད་མེད་པ་ཡིན་ན། དེ་ལྟར་ཡལ་སོང་།
ཉིན་གཅིག་ཡང་ངེད་གཉིས་ཀྱིས་སྒྱེ་ཁུག་རེ་ཁྱེར།
སྤྲང་བོ་ཚང་མས་སྒྱེ་ཁུག་རེ་ཁྱེར་ཡོད་པ་རེད། ཁམས་པའི་གནས་སྐོར་བ་དེ་ཚོས་ནང་ལ་རྩམ་པ་བླུགས་ནས་སྒྱེ་ཁུག་རེ་ཁྱེར་ཡོང་གི་འདུག་ག
ངེད་གཉིས་ཀྱིས་དེ་འདྲ་ཞིག་ཁྱེར། ཧ་ཡང་གི་རྡིག་གུ་འདྲ་བོ་དེ་འདྲ་ཆུང་ཆུང་ཞིག་ཁྱེར། ལྕང་ལྡིང་སྣ་ཁ་སྐབས་དེར་ཆ་ཚང་སྤང་རེད།
ཚང་མ་སྤང་མ་གཏོགས་མི་རྡོག་གཅིག་ཀྱང་ཡོད་པ་མ་རེད། ད་ངེད་གཉིས་དེ་གར་ཕྱིན་ནས་ཇ་སྐོལ་ཞིང་ཇ་ཞིག་འཐུང་བ་ཡིན་ན།
ཨ་ཧོ། ཅི་འདྲའི་སྐྱིད་པོ་ཞེད་པོ་ཞིག་ཡོད་པ་རེད་ཟེར། རྩམ་པ་བསླང། དེ་ནས་ཇ་སྐོལ་དེ་འདྲ་བྱས་ན་སྐྱིད་པོ་ཞེད་པོ་ཞིག་ཡོད་པ་རེད་ཟེར།
ཡིན་ནའང་དེར་འགྲོ་ཐུབ་མ་སོང་། དེ་ཁོ་རང་གི་ལྟ་བ་རེད། སྤྱོད་པ་འདྲ་བོ་དེ་རེད། ད་ཅིག་སྤྲང་བོ།
མི་ཆུང་ཆུང་གི་གོམས་གཤིས་དང་འཚོ་བར་སྤྱོད་སྟངས་ལ་དགའ་པོ་ཞེད་པོ་ཞིག་ཡོད་པ་རེད། མི་ཆེན་པོ་ཡི་འཚོ་བ་སྤྱོད་སྟངས་དང་གོམས་གཤིས་དེར་ཁོ་རང་དོ་སྣང་ཡོད་པ་མ་རེད།
དགའ་བ་བྱེད་ཀྱིན་མ་རེད། སྐད་ཆ་ཡིན་ནའང་དེ་རེད་མི་རྦད་དེ་སྐྱོ་བོ་དང་མཐུན་པའི་སྐད་ཆ་དང་དེ་དང་སྤྱོད་པ་མཉམ་པའི་གཏམ་བཤད་ཀྱི་རེད་མ་གཏོགས་དེ་ལ་སྐད་ཆ་བཤད་མ་འདོད་པ་དང་།
དེ་ལ་མཐོང་ཆུང་འདྲ་བོ་ཁྱོན་ནས་ཡོད་པ་མ་རེད། ཁོའི་རང་བཞིན་དེ་འདྲ་ཅིག་ཡོད་པ་རེད། མིའི་རང་བཞིན་ཡག་པོ་ཞེད་པོ་ཅིག་ཡོད་པ་རེད།
མི་དྲང་པོ་དང་ཁ་རི་ཁ་ཐུག དྲང་བོ་དྲང་བོ་རེད། སྐད་ཆ་གཅིག་བཤད་ན་ཁོ་ལམ་སེང་ཡིད་ཆེས་ཀྱིན་རེད།
ཁོ་དེ་འདྲའི་མི་དྲང་བོ་ཞིག་རེད། ཁོ་རང་གིས་ཟེར་གྱི་རེད་ང་ཚོ་བོད་པས་དྲང་བོ་བྱེད་དགོས་ས་དང་མི་དགོས་ས་ཧ་གོ་གི་མ་རེད་ཟེར།
ཕྱི་རྒྱལ་གྱི་མི་ཡིན་ན་དྲང་བོ་བྱེད་དགོས་ས་དང་མི་དགོས་ས་ཧ་གོ་གི་རེད། ཕྱི་རྒྱལ་གྱི་མི་གཅིག་ལ་ཁོའི་ནང་གི་འཚོ་བ་སྤྱོད་སྟངས་དང་རྒྱུ་མཚན་འདྲ་བོ་དྲིས་པ་ཡིན་ན།
ཁོས་དྲང་བོར་བཤད་ཀྱི་རེད། ཁ་རི་ཁ་ཐུག་གི་སྐད་ཆ་དེ་དྲང་བོར་བཤད་ཀྱི་རེད་མ་གཏོགས་ཁོས་ཀྱོག་ཀྱོག་བྱས་ནས་བཤད་ཀྱི་མ་རེད།
དངོས་གནས་དྲང་གནས་ཅིག་ཕྲ་མའི་གཡོ་སྒྱུ་ཡི་སྐད་ཆ་དེ་འདྲ་ཕྱི་རྒྱལ་ལ་བཤད་པ་ཡིན་ན་ཁོས་ལམ་སེང་ཧ་གོ་འགྲོ་ཡི་རེད།
ལམ་སེང་ང་ཚོས་ཁོ་ལ་ག་རེ་དྲིས་པ་ཡིན་ན་ཁོས་ལམ་སེང་ཧ་གོ་འགྲོ་ཡི་རེད། ཁོས་ལམ་སེང་དེ་ལ་ལན་ཞིག་སློག་གི་རེད།
ང་ཚོ་བོད་པ་དེ་མ་རེད། དྲང་བོ་བྱེད་དགོས་ས་ལ་དྲང་བོ་བྱེད་ཀྱི་མ་རེད། དྲང་བོ་བྱེད་མི་དགོས་པར་སྤྱོད་པ་སློག་ས་ལ་སྤྱོད་པ་སློག་ཐུབ་ཀྱི་མ་རེད།
ང་ཚོ་བོད་པ་ལ་དེ་འདྲའི་སྐྱོན་ཞིག་ཡོད་པ་རེད། ཁོས་དུས་རྒྱུན་དུ་དེ་འདྲ་བཤད་ཀྱིན་འདུག་མོད།
ཡིན་ནའང་ཁོ་རང་གི་རང་བཞིན་དེ་མི་དྲང་བོ་ཞེ་དྲག་ཡོད་པ་རེད། མི་ལ་མགོ་སྐོར་གཏོང་བ་འདྲ་བོ་ཕྲ་མའི་གཡོ་སྒྱུ་རྩ་བ་ཉིད་ནས་ཡོད་པ་མ་རེད།
དྲི་བ། ང་ཚོ་ཐེངས་དང་བོར་ཡོང་དུས་རྒན་ལགས་ཀྱིས་དགེ་འདུན་ཆོས་འཕེལ་དངོས་གནས་ཐོག་མཁས་པ་གསུམ་ཡོད་པ་རེད་ཟེར།
འབྲི་བ་དང་རྩོད་པ་རྒྱག་པ་དེ་འདྲའི་ནང་ལ་རེད་ཟེར། དེ་ནས་དེའི་ནང་ལ་མི་མ་འདྲ་བ་དེ་འདྲ་ཡོད་པ་ཡིན་ན་དོ་སྣང་གཅིག་ཀྱང་བྱེད་ཀྱི་མ་རེད།
ཡང་བུད་མེད་ཀྱི་སྐོར་ནས་སྐད་ཆ་འདྲ་བཤད་པ་ཡིན་ན་དོ་སྣང་བྱེད་ཀྱི་རེད་ཟེར།
ལན། ཁོས་བཟའ་ཚང་གི་སྐོར་དང་།
གཤང་བཙོང་མ་དེ་འདྲའི་སྐོར་དང་། དེ་ནས་བུ་མོ་ཚོའི་གཟུགས་པོ་ཡག་མིན་གྱི་སྐོར་དེ་འདྲ་ལ་ཞེ་དྲག་གི་དོ་སྣང་བྱེད་གི་རེད།
དགེ་འདུན་ཆོས་འཕེལ་གྱིས་འདོད་པའི་བསྟན་བཅོས་བརྩམས་ཡོད་པ་རེད་ལ། འདོད་པའི་བསྟན་བཅོས་ཀྱི་ནང་ལ་བལྟས་པའི་སྒང་ལ་དེ་ག་རང་ཁོ་རང་གི་ཉམས་མྱོང་འདྲ་བོ་བསགས་བཞག་འདུག
ཁོ་བུད་མེད་ལ་དགའ་བོ་ཞེད་པོ་ཞིག་རེད། ཁོ་ལ་བུད་མེད་སྙིང་རྗེ་བོ་དགོས་པ་མ་རེད། ཁོ་རང་མིའི་རང་བཞིན་འདྲ་བོ་དེ་འདྲ་རེད།
ང་ལ་ལོ་བདུན་ཅུ་བརྒྱད་ཅུ་དེ་འདྲ་ཡིན་ན་འགྲིག་ག་ཟེར་གྱི་རེད། དངོས་གནས། ཁོ་ལ་འགྲིག་ག་ཟེར་གྱི་རེད།
མཚམས་མཚམས་ལ་ཁོས་ཆང་འདྲ་བོ་འཐུང་། དགོང་མོ་མཚན་ལ་རྦད་དེ་ཨ་ཅག་ཁྲིད་ཤོག་ཅེས་ཁོས་ཞེ་དྲག་བྱེད་ཀྱིརེད།
ད་ཨ་ཅག་ཡོད་པ་མ་རེད། མཚན་ཚང་ནས་ད་ལམ་ཕྱེད་ལ་སླེབས་ཚར་སོང་། ད་གཙུག་ལག་ཁང་གི་འགྲམ་དེ་ལ་སྤྲང་བོ་འདྲ་བོ་སྤོ་བོ་རྨོ་མོ་དེ་འདྲ་ཡོད་པ་རེད་མ་གཏོགས་གཞན་ཁྱོན་ནས་ཡོད་པ་མ་རེད་ཅེས་ལབ་ན།
དེ་ཡིན་ནའང་ང་ལ་ཁྲིད་ཤོག ང་ལ་དགོས་ཟེར་གྱི་རེད། ཁྲིད་ཡོང་མཁན་ཡོད་པ་མ་རེད་དེ་ཁོ་རང་གིས་དེ་འདྲ་ཟེར་གྱི་རེད།
སྔོན་མ་འཛམ་གླིང་གི་བུད་མེད་ཚང་མ་འཚོགས་འདུ་འཚོག་གི་རེད། འཚོགས་འདུ་འཚོག་པའི་སྒང་ལ་ཁོ་ཚོའི་ཚོགས་འདུ་དེའི་གྲོས་གཞི་འདྲ་བོ་སྐྱེས་པ་དང་བུད་མེད་བཟའ་བ་བྱེད་པའི་སྐབས་ལ་བདེ་བ་ཅིག་ཡོད་པ་རེད།
བདེ་བ་དེ་མྱོང་སྟངས་གང་འདྲ་ཡིན་མིན། ཁོ་ཚོས་དེ་ཞིབ་འཇུག་བྱེད་ཀྱི་རེད། ཧྥ་རན་སིའི་ཨ་ཅག་ཅིག་ཡོད་པ་རེད།
དེ་འཛམ་བུ་གླིང་གི་བུད་མེད་ཀྱི་འཚོགས་འདུའི་སྒང་ལ་མོ་རང་ཕྱིན་པ་རེད། ཕྱིན་ནས་ཚོགས་འདུ་དེའི་ནང་ནས་བུད་མེད་རེ་རེ་ཡིས་བསམ་ཚུལ་རེ་རེ་བཤད་ཀྱི་རེད།
ད་ཁ་ཤས་ཀྱིས་རྦད་དེ་ཁྱོ་ག་སྙིང་རྗེ་བོ་ཡོད་ན་སྐྱིད་པོ་འདུག་ཟེར་བ་འདྲ་བོ། ཁ་ཤས་ཀྱིས་འདྲ་མི་འདྲ་མང་བོ་བཤད་ཀྱི་རེད།
བདེ་བ་བཙལ་བའི་སྒང་ལ་རྒྱུན་རིང་ན་སྐྱིད་པོ་འདུག་ཟེར་བ་འདྲ་བོ། ཁ་ཤས་ཀྱིས་རྒྱུན་ཐུང་ན་སྐྱིད་པོ་འདུག་ཟེར་བ་འདྲ་བོ།
ཁ་ཤས་ཀྱིས་ལོ་ཆུང་ན་སྐྱིད་པོ་འདུག་ཟེར་བ་འདྲ་བོ། ཁ་ཤས་ཀྱིས་ལོ་ཆེ་ཆུང་དེ་ང་ལ་ཁྱད་མི་འདུག་འོག་གི་མཚན་མ་གཙོ་བོ་གཙོ་བོ་དེ་ལ་ཐུག་འདུག
དེ་ཡག་ན་བདེ་བ་འདུག་ཟེར་བ་འདྲ་བོ་འདྲ་མི་འདྲ་མང་བོ་བཤད་པ་རེད། ཧྥ་རན་སིའི་ཨ་ཅག་ཅིག་གིས་ང་ལ་ཁྱོ་ག་ཅིག་ཡོད།
ངེད་གཉིས་ལན་པོ་རེད། ཁྱོ་ག་སྙིང་རྗེ་བོ་ཞེ་དྲག་འདུག གདོང་བ་སྙིང་རྗེ་བོ་རེད། ངེད་གཉིས་ཀྱིས་འདོད་པ་བྱེད་དུས་མཚན་ལ་བྱེད་ཀྱི་མེད།
ཉིན་གུང་། ཉིན་གུང་ཁ་ལག་བཟས་ཚར་ནས་ངེད་གཉིས་འདོད་པ་བྱེད་ཀྱི་ཡོད། དེ་སྐྱིད་པོ་ཞེ་དྲག་འདུག
མཚན་མོར་ཡག་པོ་མི་འདུག ཉིན་གུང་དེ་ཡག་པོ་རེད་ཅེས་ད་རྦད་དེ་སྐྱིད་པོའི་མཐར་ཐུག་པ་དེ་བུད་མེད་དམར་ཧྲེང་ལ་བུད།
སོ་སོའང་དམར་ཧྲེང་བྱས་ནས་ཉལ་སའི་ནང་ཕྱིན་དེ། གཅིག་གཅིག་ལ་བྱིལ་བྱིལ་བྱས། ཁྱོ་ག་དེ་རྦད་དེ་རང་དབང་མེད་པར་ཁོ་རང་ལ་འདོད་ཆགས་སྐྱེས་ནས།
འདོད་ཆགས་སྐྱེས་པའི་སྒང་ལ་ཁྱོ་ག་ཡི་ཕོ་རྟགས་དེ་ཕར་སླེབས་གྲབས་སླེབས་གྲབས་བྱེད་དུས།
ཡང་ཕར་ཕུད་རྒྱག་བཏང་ནས་མི་དགོས་ཟེར་ནས་ཕུད་རྒྱག་བཏང་། དེ་ནས་ཡང་བསྐྱར་བྱིལ་བྱིལ་བྱས་པ་སོགས་བར་ལམ་ཞིག་ནས་ཁྱོ་ག་ཡིས་རྦད་དེ་བཟོད་མི་ཐུབ་པ་ཞིག་ཡོང་གི
དེའི་སྐབས་དེར་ཁྱོ་ག་རྦད་དེ་གློད་བཞག་ན་དེའི་སྐབས་ཀྱི་འདོད་པ་བྱེད་པ་དེ་ལས་སྐྱིད་པ་ཞིག་མི་འདུག
ཧྥ་རན་སིའི་ཨ་ཅག་གིས་དེ་ལྟར་ལབ་སྐབས་ཚང་མ་གད་མོ་ཤོར་བ་རེད་ཟེར། དེ་གྲོས་གཞིའི་ནང་གི་གྲོས་གཞི་ཡག་ཤོས་དེར་ཚད་མར་བཟུང་བ་རེད་ཟེར།
དྲི་བ། མི་མང་བོ་ཞིག་གིས་དགེ་འདུན་ཆོས་འཕེལ་མཁས་པ་ཆེན་པོར་བརྩི་ཡིན་ཡོད་པ་རེད་ལ།
རྒན་ལགས་ཁྱེད་རང་གིས་བལྟས་ན་གང་གི་ཕྱོགས་ནས་མཁས་པ་རེད།
ལན། ངས་དགེ་འདུན་ཆོས་འཕེལ་ལ་བལྟ་སྟངས་ཤིག་ཡོད་པ་རེད་ལ།
ངའི་ལྟ་སྟངས་བྱས་པ་ཡིན་ན་དགེ་འདུན་ཆོས་འཕེལ་ཕྱོགས་ཐམས་ཅད་ནས་མཁས་པ་རེད་བསམ་གི ཁོ་ང་ཚོའི་ནང་བ་སངས་རྒྱས་པའི་ཆོས་ཀྱི་ལུགས་སྲོལ་ལ་དངོས་གནས་མཁས་པ་རེད།
མཁས་པའི་ནང་གི་མཁས་པ་རྩེར་སོན་པ་དེ་རེད། མཁས་པའི་ནང་གི་ཨང་དང་བོ་དེ་རེད། དེ་མ་ཡིན་པའི་ཁོ་རྦད་དེ་རིག་བྱེད་ཀྱི་རིགས་མཐའ་དག་ལ་མཁས་པ་རེད་བསམ་གི
ཁོ་རི་མོ་ལའང་མཁས་པོ་རེད། ཁོ་མི་ལ་བལྟས་ནས་འབྲི་བ་དེ་འདྲ་ལ་མཁས་པ་རེད། ཁོ་མདུན་མདུན་ནས་མ་རེད་དེ་ཁོས་ཡག་པོ་འབྲི་ཡི་རེད།
ཁོས་རི་མོ་སྦྱོང་བརྡར་བྱས་མེད་པས་ཞེ་དྲག་ཞེ་དྲག་ཤེས་ཀྱི་མ་རེད། དེ་ག་ཙམ་ལག་བསྟར་བྱས་ནས་བྲིས་པ་རེད།
ཁོས་ང་ལ་ཟེར་གྱི་རེད། བྱམས་པ་ཁྱོས་རི་མོ་བྲིས་པའི་སྒང་ལ་ཁྱོས་རི་མོ་འབྲི་བ་ཡི་མི་དེར།
དང་བོར་མི་དེ་ལ་ལྟ་དགོས་པ་རེད། རི་མོ་འབྲི་བའི་མི་དེ་ཧོབ་སྟེ་མཐོང་མ་ཐག་ཁོའི་མི་དེའི་རྣམ་འགྱུར་གང་འདྲ་ཡིན་མིན་དེ་གཞི་ལ་བཞག་ནས་བྲིས་ན་ལམ་སེང་ཁོ་འདྲ་བོ་ཡོང་གི་རེད་ཟེར།
མཐོང་མ་ཐག་གི་མི་དེའི་ཉམས་འགྱུར་འདྲ་བོ། ཡང་ན་སྐྲ་སོབ་སོབ་འདྲ་བོ། ཡང་ན་གདོང་སྐམ་པོ་འདྲ་བོ།
ཡང་ན་ཤ་རྒྱགས་པ་འདྲ་བོ་དེ་འདྲ། མཐོང་མ་ཐག་གི་མི་དེ་གཞི་ལ་བཞག་ནས་རི་མོ་གང་བྲིས་ནའང་ཡག་པོ་ཡོང་གི་རེད་ཟེར།
དེ་རི་མོ་འབྲི་སྟངས་ཀྱི་ཡུལ་ལ་ལྟ་སྟངས་ཀྱི་རྒྱུ་མཚན་འདྲ་བོ་ཁོར་ཞེ་དྲག་གི་བཤད་རྒྱུ་འདུག
ལྷག་པར་དུ་མི་རྒན་པོ་དང་མི་ཆུང་ཆུང་གཉིས་འབྲི་སྟངས་རྦད་དེ་ལོགས་ཀ་རེད། མཚོན་ལོགས་ཀ་རེད་ཟེར།
མི་རྒན་པོ་འབྲི་སྟངས་དེར་ཡིན་གཅིག་མིན་གཉིས་མཚོན་དེ་མཚོན་གྱི་ནང་གི་དམར་བོ་ཟངས་སྐྱ་དེ་མང་བོ་ཡོད་ན་རྒན་པོ་དེར་རྒན་ཉམས་ཀྱི་རྟགས་དེ་ཡོང་གི་རེད་ཟེར།
མི་གཞོན་པ་ཡིན་ན་ཡིན་གཅིག་མིན་གཉིས་ཁོ་མཚོན་གྱི་ནང་གི་ལྗང་ཁུ་དགོས་པ་རེད། ལྗང་ཁུ་ག་ཚོད་མང་ན་ཁོ་གཞོན་པའི་རྣམ་འགྱུར་དེ་གསོན་པོར་ཐོན་གྱི་རེད་ཟེར།
ང་བླ་བྲང་ན་ཡོད་དུས་ཁོ་རང་གི་དགེ་རྒན་གུང་ཐང་ཨ་ཁུ་བློ་གྲོས་རེད། གུང་ཐང་བློ་གྲོས་ཀྱི་པར་ཞིག་ངས་བྲིས་པ་ཡིན།
ངས་གདོང་ལ་བལྟས་ནས་འབྲི་ཐུབ་ཀྱི་མ་རེད་དེ་གདོང་དེ་ངའི་ཡིད་ལ་འཆར་གྱི་རེད། ངས་བསམ་བློ་བཏང་ནས་བྲིས་པ་དེ་མི་ཚོར་བསྟན་པའི་སྒང་ལ་གུང་ཐང་ཨ་ཁུ་བློ་གྲོས་རེད་ཟེར་གི
འདྲ་བོ་བྱུང་འདུག་དེ་འདྲ་ཟེར་གི་ཟེར། དེ་ངས་ཀྱང་ཤེས་ཀྱི་ཡོད། ང་བླ་བྲང་ན་ཡོད་དུས་དགེ་འདུན་ཆོས་འཕེལ་གྱིས་གུང་ཐང་བློ་གྲོས་བྲིས་པ་རེད་ཟེར་བ་དེ་འདྲ་བླ་བྲང་ན་སྐད་ཆ་ཤོད་མཁན་དེ་འདྲ་ཞིག་འདུག
རི་མོའང་ཁོས་དེ་འདྲ་ཤེས་ཀྱི་འདུག ལྷག་པར་དུ་ཡང་ཁོ་ཅིག་དེང་རབས་ཀྱི་འཕྲུལ་ཆས་ཀྱི་སྐོར།
སྔོན་མ་ཁོ་བླ་བྲང་ན་ཡོད་དུས་ཁོའི་བསམ་བློ་འཁོར་ཕྱོགས་ཤིག་གིས་མོ་ཊ་ཟེར་བ་འདྲ་བོ། གྲུ་གཟིངས་རྒྱ་མཚོའི་ནང་འགྲོ་བ་ཟེར་བ་འདྲ་བོ་དེ་འདྲ་བཟོ་བ་ཡི་བསམ་བློ་ཞིག་རང་བཞིན་གྱིས་ཁོ་རང་ལ་འཁོར་ནས།
ཁོ་རང་གིས་ཤིང་གི་གྲུ་གཟིངས་ཆེ་ཆུང་ཚད་རན་པོ་འདྲ་ཞིག་བཟོས། དེའི་ནང་ལ་ཆུ་ཚོད་འཁོར་ལོའི་ནང་གི་རྒྱུ་མ་འདྲ་བོ་དེ་ཕར་འཐེན་ཚུར་འཐེན།
ཁོ་རང་གིས་བསམ་བློ་གཏོང་གིན་གཏོང་གིན་གྲུ་གཟིངས་ཤིག་བཟོས་འདུག གྲུ་གཟིངས་དེ་བཟོས་ནས་བླ་བྲང་དགོན་པའི་མཐའ་དེར་མཚོ་འཁྱིལ་ཟེར་བའི་མཚོ་ཆུང་ཆུང་ཞིག་ཡོད་པ་རེད།
ད་ཆུ་འཁྱིལ་བཞག་པ་ཞིག་རེད། མཚོ་འཁྱིལ་ནང་ལ་གྲུ་གཟིངས་གློད་པའི་སྒང་ལ་དགའ་ཆེན་འགྲོ་གི་ཟེར།
དགའ་ཆེན་འགྲོ་ནས་ལམ་སེང་མར་རྡིབ་འགྲོ་གི་ཟེར། ཁོས་དེའི་བར་དུ་བཟོ་ཐུབ་པ་རེད་ལ། ལྷག་པར་དུ་ཁོ་རྦད་དེ་འཛམ་བུ་གླིང་གི་འཕྲུལ་ཆས་ཚང་མ་བཟོ་སྟངས།
ངས་རྐང་བཙུགས་ནས་ཁོ་ལ་སྐད་ཆ་དྲིས་ཡོད་པ་མ་རེད་དེ། ཁོའི་ཞོར་ཞོར་ལ་སྐད་ཆའི་ནང་ཤོར་འགྲོ་གི
མེ་འཁོར་བཟོ་མཁན་དབྱིན་ཇི་ཞིག་ཡོད་པ་རེད། ཁོས་ཚེ་མཇུག་ལ་སྐྱིད་པོ་ཞེ་དྲག་བྱས་འདུག ཁོས་མེ་འཁོར་བཟོ་བའི་སྒང་ལ་ཁོ་སྤྲང་བོ་གང་ཡང་མི་འདུག
ཁོ་ལ་ཆ་རྐྱེན་གང་ཡང་མེད་སྐབས་ཆ་རྐྱེན་ཚང་མ་སློང་བར་ཕྱིན། དབྱིན་ཇི་ཟེར་བ་དེ་སྐབས་དེར་རྦད་དེ་ཉམས་ཆེན་པོ།
ཁོ་སྐུ་དྲག་གི་རང་བཞིན་བཅས་ཡུ་རོབ་ཀྱི་ནང་ནས་ཉམས་ཆེ་ཤོས་དེ་དབྱིན་ཇི་རེད་ཟེར། ད་སློང་གི་འགྲོ་མཁན་དེས་ངས་མེ་འཁོར་ཞིག་བཟོ་གིན་ཡོད་ཀྱང་ང་ལ་དངུལ་ཁྱོན་ནས་མི་འདུག
ང་ལ་ཞལ་འདེབས་ཤིག་སྟེར་རོགས་ཞེས་སློང་སྐབས་དེ་ཚོས་ཁྱོན་ནས་ཡག་པོ་སྤྲད་མི་འདུག་ཟེར།
སྐབས་དེར་དབྱིན་ཇི་གང་ཡིན་ན་ཅིག་ལ་སློང་གི་ཕྱིན་འདུག སློང་གི་ཕྱིན་ནས་དེའི་དངུལ་དེ་ལ་བལྟས་བཞག་དུས་ད་ཁོ་དེ་ཉམས་ཕྱིན་ནས་ཁོ་དེར་བློ་ཕམ་པོ་ཞེ་དྲག་བྱུང་འདུག
ཁོ་རང་དབྱིན་ཇིའི་དཔོན་པོ་དེའི་རྩིབ་ལ་འགྲོ་བའི་སྒང་ལ། དེ་ཚོ་ཁ་ལག་བཟའ་བའི་སྒང་ལ་འདོན་པའང་མང་བོ་འདོན་གི
སློང་མཁན་དེ་ཁོ་ག་དུས་ཡིན་ཀྱང་མེ་འཁོར་དེ་ལ་བསམ་བློ་འཁོར་ནས། ཁོའི་བསམ་བློའི་ནང་ལ་མེ་འཁོར་དེ་མ་གཏོགས་ཁྱོན་ནས་ཡོད་པ་མ་རེད།
ཁ་ལག་མདུན་ལ་བཞག་པ་རེད། ལམ་སེང་རྦད་དེ་ཁོ་རང་ཚོས་འདོན་པ་མ་ཚར་གོང་ལ་ཁ་ལག་དེ་ཟོས་བཞག་པ་རེད།
ཁོ་ཚོས་ཁོར་སྤྲང་བོ་རེད་ཅེས་གཤེ་གཤེ་ཞེ་དྲག་བཏང་འདུག ལྟོ་ཡང་བཟའ་ཤེས་ཀྱི་མི་འདུག་ཅེས།
རྗེས་ལ་དངུལ་ཏོག་ཙམ་སྤྲད་འདུག མེ་འཁོར་བཟོ་མཁན་དེས་དང་བོ་དང་བོ་དེར་ཤིང་གི་མེ་འཁོར་བཟོས་པ་རེད།
ཤིང་གི་མེ་འཁོར་དེའི་ནང་དབྱིན་ཇིའི་རྒྱལ་མོ་གདན་འདྲེན་ཞུས་ནས་རྒྱལ་མོ་དེ་མེ་འཁོར་ནང་ནས་ཕྱིན་ཏེ་ཁོ་ལ་དངུལ་རྦད་དེ་ཁ་མེད་མིག་མེད་ཅིག་སྤྲད་འདུག ཁོ་སྐྱིད་པོ་བྱུང་འདུག དེ་མ་གཏོགས་འཛམ་བུ་གླིང་གི་འཕྲུལ་ཆས་ཀྱི་རིགས་བཟོ་མཁན་མཐའ་དག་སྐྱོ་བོ་རེད།
ཚང་མ་སྐྱོ་བོ་བྱས་ནས་ཤི་འདུག་ཅེས་འདི་འདྲ་བོ་མང་བོ་བཤད་རྒྱུ་ཡོད་པ་རེད། འཕྲུལ་འཁོར་གྱི་རིགས་མཐའ་དག རྒྱ་གར་གྱི་ལོ་རྒྱུས་ལ་ཉམས་ཞིབ་ལེན་བྱས་ནས་མི་སེར་གྱི་དཔྱད་པ་བྱུང་བ།
རྒྱ་གར་ནས་ཁོ་སིངྒ་ལར་ཕྱིན་པ་ཡིན་ཟེར། སིངྒ་ལར་ཕྱིན་དུས་རྒྱ་མཚོའི་ནང་ནས་འགྲོ་དགོས་ཀྱི་འདུག་ཟེར།
བལ་ཡུལ་ནས་ཡིན་པའི་བུ་ཞིག་ངའི་མཉམ་དུ་ཕྱིན་པ་ཡིན་ཟེར། བལ་ཡུལ་གྱི་བུ་དེས་ང་ལ་དབྱིན་ཇིའི་སྐད་རྒྱག་གི དེ་ནས་ངས་ཀྱང་ཕར་དབྱིན་ཇིའི་སྐད་བརྒྱབ་པ་ཡིན་ཟེར།
ངའི་དབྱིན་ཇིའི་སྐད་ཆའི་སྒྲ་དེ་བུ་དེས་དབྱིན་ཇིའི་སྒྲ་དང་བསྡུར་ན་ངས་ཁོ་ལ་དོ་ཡི་མི་འདུག་ཟེར།
ཁོ་རང་གི་སྒྲ་དེ་ཞེ་དྲག་གི་ཡག་གི ང་ལོ་ཆེན་པོ་ཡིན་དུས་དབྱིན་ཇིའི་སྐད་སླབས་པ་ཡིན་སྐབས་སྒྲ་དེ་ཞེ་དྲག་ཡག་པོ་མི་འདུག
ངེད་གཉིས་གྲུ་གཟིངས་ནང་ནས་ཕར་རྒྱ་མཚོའི་ནང་འགྲོ་དུས་ང་ལ་རྒན་ལགས། ཁྱོད་རང་གིས་དབྱིན་ཇི་སློབ་སྦྱོང་གནང་ནས་ལོ་ག་ཚོད་བསྡད་པ་ཡིན་ཞེས་ང་ལ་ཚུར་སྐད་ཆ་འདྲི་གི
ངས་སྐད་ཆ་དྲང་བོ་བཤད་པ་ཡིན། ང་དབྱིན་ཇིའི་སློབ་གྲྭའི་ནང་མ་བསྡད། ངས་མ་གཞི་སློབ་སྦྱོང་རི་མོ་སློབ་སྦྱོང་བྱས་པ་ཡིན།
དེའི་ཞོར་ལ་དབྱིན་ཇི་ཟླ་བ་དྲུག་ལ་སྦྱངས་པ་ཡིན་ཞེས་པར། རེད་རེད། རྒན་ལགས་ཀྱིས་ང་ལ་ཞལ་རྩེད་གནང་གིན་ཡོད་པ་འདྲ་ཟེར།
མ་རེད། མ་རེད། དེ་འདྲ་མ་རེད། ཁྱོད་ཞེ་དྲག་གི་དབྱིན་ཇི་མཁས་པོ་རེད་འདུག་ཟེར། ཁྱོད་རང་གིས་ཞེས་ན་ངའི་དབྱིན་ཇིའི་སློབ་སྦྱོང་གི་ཚད་ག་འདྲ་འདུག་ཅེས་པར།
ངས་བྱས་ན་ཁྱོད་ལོན་གྲོན་གྱི་སློབ་གྲྭ་ཆེན་མོ་ཞིག་གི་ནང་ནས་སློབ་སྦྱོང་བྱས་པའི་མི་ཞིག་རེད་འདུག་ཅེས་དེ་འདྲ་ཟེར་གི་ཟེར།
ཡང་ཉིན་གཅིག་ཕར་འགྲོ་བའི་སྐབས་ལ་གྲུ་གཟིངས་ནང་ཁམས་པ་ཞིག་ཡོད། ཁོས་དབྱིན་ཇི་ཤེས་ཀྱིན་མི་འདུག
ད་ཁོས་དབྱིན་ཇི་ཤེས་ཀྱིན་ཡོད་མདོག་བྱས་ནས་རྦད་དེ་འགྲོ་གི་ཟེར། འདུག་སྟེགས་ཀྱི་ཡི་གེ་འདྲ་བོ་དེ་དུས་ཚང་མ་དབྱིན་ཇི་རེད།
ཁོས་ཁ་མུག་མུག་ཀློག་གི ཁོའི་ཀློག་སྟངས་འགྲིག་གི་མི་འདུག དབྱིན་ཇིར་ཡི་གེ་མང་བོ་ཡོད་ནའང་དོན་ལ་ཚིག་གཅིག་ལ་འདུས་པའང་ཡོད་པ་རེད།
ཁོ་རང་གིས་ཡི་གེ་མང་བོ་ཡོད་ཙང་དོན་དག་ཀྱང་མང་བོ་ཅིག་བཤད་པའམ་ཁ་མང་བོ་སྡེབ་གི ཡ་་་་་ད་འདིས་ཧ་གོ་གི་མེད་པ་འདྲ་ཞེས་ཚོད་དཔག་བྱས་ནས་ཧ་གོ་སོང་།
རྗེས་ནས་ཁོས་དངོས་གནས་ཧ་གོ་གི་མི་འདུག་ཟེར། དེ་ནས་ང་སིངྒ་ལར་ཕྱིན་པ་ཡིན། ཨ། ད་དངོས་གནས་དྲང་གནས་ནང་བ་སངས་རྒྱས་པའི་ཆོས་ཀྱི་བསྟི་གནས་ཧ་ལས་པ་ཞིག་རེད།
གྲ་བ་དེ་དག་གི་ལྟ་བ་དང་སྤྱོད་པ་དངོས་གནས་དྲང་དངོས་ཡ་མཚན་པོ་འདུག ང་སིངྒ་ལར་ཕྱིན་ནས་མ་གཞི་ང་་གྲ་བ་བྱེད་འདོད་ཀྱི་བསམ་པ་ཡོད་དེ།
སིངྒ་ལ་ནས་དགེ་སློང་བྱེད་ཐུབ་ཀྱི་མི་འདུག དགེ་སློང་གི་འདུལ་ཁྲིམས་དེ་རྦད་དེ་གཙང་མ་དང་དམ་པོ་ཡོད་ཙང་།
ངས་དེ་ཡོང་གི་མི་འདུག ང་དགེ་བསྙེན་བྱས་པ་ཡིན། དགེ་སློང་ཚང་མའི་གཟན་སོགས་སེར་བོ་རེད།
དགེ་བསྙེན་ཚང་མས་ཕྱུ་བའི་བཟོ་འདྲ་ཞིག་གྱོན་གི གཟན་མ་རེད། རྫ་མདོག་དང་རྒྱ་སྨུག་བཟོ་འདྲ་དེ་འདྲ་རེད།
དེ་གྱོན་ནས་ལོ་གཉིས་ཡིན་ན་གསུམ་ཡིན་ན་ཅིག་བསྡད་པ་ཡིན། དེ་དངོས་གནས་ཧ་ལས་པ་རེད། དགེ་འདུན་གྱི་འདུལ་ཁྲིམས་དེ་གཙང་བ་ལ།
གཙང་བ་ལ། ལྷག་པར་དུ་དེ་ཚོར་སིངྒ་ལའི་མི་ཚང་ཆེན་པོ་འདྲ་བོ་དེ་འདྲ་ཡིས་ཉིན་གུང་དག་དག་ལ་དགེ་འདུན་ཉི་ཤུ་སུམ་ཅུ་དང་།
བཞི་བཅུ་ལྔ་བཅུ། དྲུག་ཅུ་བདུན་ཅུསྡེབ་གཅིག་ལ་བསོད་སྙོམས་ལ་གདན་འདྲེན་ཞུ་མཁན་འདུག དགེ་སློང་སོང་ཙང་ཉིན་གུང་མ་གཏོགས་ཁ་ལག་ཟ་ཆོག་གི་མ་རེད་པ།
ཉིན་གུང་གི་ཁ་ལག་ལ་གདན་འདྲེན་ཞུ་མཁན་འདུག ཁོ་ཚོ་ཁྱིམ་ལ་མ་སླེབས་པའི་ས་དེར་དགེ་འདུན་པ་རྣམས་ཕེབས་སའི་ལམ་ཁ་ལ་རས་དཀར་བོ་བཏིངས།
ཕྱོགས་ཕྱོགས་ནས་སྒང་ལ་འཐེན་པའི་བལ་བྲེ། རས་ཀྱིས་བཟོས་པའི་བལ་བྲེ་འཐེན་ཞིང་ཕྱོགས་ཕྱོགས་ནས་རྒྱུགས་པ་ཡིས་ཡར་གཏད།
ཡང་སྨྱུག་མ་ཡིས་བཟོས་པའི་གཟེབ་འདྲ་བོ་དེ་འདྲའི་ནང་ལ་མེ་ཏོག་ཁྱེར་ཡོང་ནས་དགེ་འདུན་པ་རྣམས་བང་སྒྲིག་ནས་ཁྱིམ་གྱི་ཉེ་འདབས་ལ་ཐོན་པའི་སྐབས་སུ།
ཚང་མས་སྐད་བརྒྱབས་ཤིང་མེ་ཏོག་གི་ཆར་བ་གཏོར། ཨ། ད་དེ་དངོས་གནས་སྔར་སྟོན་པ་ཐུགས་རྗེ་ཅན་སངས་རྒྱས་བཞུགས་ཡོད་དུས་འདི་འདྲ་ཞིག་ཡིན་རྒྱུ་རེད་བསམས་ནས་མིག་ཆུ་རང་དབང་མེད་པར་ཡོང་གི
རང་དབང་མེད་པར་མིག་ཆུ་ཡོང་གི དེའི་ལྟ་བ་དང་སྤྱོད་པ་སོགས་ཧ་ལས་པ་ཞིག་རེད། དེར་བལྟས་ནས་ངས་རྦད་དེ་སྟོན་པ་ཐུགས་རྗེ་ཅན་སངས་རྒྱས་ཟེར་བ་དེ་ངས་ཞེ་དྲག་དྲན་གི
སངས་རྒྱས་ཟེར་བ་དེ་གང་འདྲ་ཞིག་ཡོད་མེད་ངས་ཞེ་དྲག་དྲན་གི སངས་རྒྱས་ཟེར་བ་དེས་བསྟན་པ་དེ་དངོས་གནས་དྲང་གནས་སེམས་ཅན་ལ་ཕན་ཐོགས་པ་དང་སྙིང་རྗེའི་བསྟན་པ་ཡིན་ཟེར་གི་ཡོད་པ་རེད་ལ།
ཡིན་ཐག་ཆོད་རེད། དེ་ཡིན་པའི་རྒྱུ་མཚན་སྟོན་པ་ཐུགས་རྗེ་ཅན། མཉན་ཡོད་གྱི་གྲོང་ཁྱེར་ན་བཞུགས་པའི་སྐབས་ལ།
ཁོང་ཁྱིམ་ན་བཞུགས་པའི་གནས་སྐབས་ཀྱི་བཙུན་མོ་གྲགས་འཛིན་མ་ཡི་སྲས་སྒྲ་གཅན། སྲས་སྒྲ་གཅན་ཟེར་བ་དེ་སྟོན་པ་ཐུགས་རྗེ་ཅན་གྱི་སྲས་རེད་ལ།
སྟོན་པ་ཐུགས་རྗེ་ཅན་དགུང་ལོ་ ༢༩ ཡི་སྟེང་རབ་ཏུ་བྱུང་བ་རེད། བཙུན་མོ་གྲགས་འཛིན་མ་ཡིས་སྲས་སྒྲ་གཅན་ཁྲིད་ནས་བཅོམ་ལྡན་འདས་ཀྱི་སྐུ་མདུན་ལ་བཅར་འདུག
དེ་ནས་སྲས་སྒྲ་གཅན་གྱིས་ཨ་མ་རང་དོ་དགོང་ལོགས་སོང་། ང་དོ་དགོང་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཉལ་གྱི་ཡིན་ཞེས་སྲས་སྒྲ་གཅན་དགོང་མོ་དེར་བསྡད་འདུག
བསྡད་པ་སོང་ཙང་སྟོན་པས་དེ་གསུངས་པ་རེད། ང་དགེ་སློང་རབ་ཏུ་བྱུང་བ་ཞིག་རེད། ཁྱོད་ཁྱིམ་པ་རེད།
ངེད་གཉིས་ལྷན་གཅིག་ཏུ་ཉལ་ན་འགྲིག་གི་མ་རེད། སྒྲ་གཅན་འཛིན་དགོང་མོ་དེར་སྟོན་པ་བཅོམ་ལྡན་འདས་ཀྱི་ཆབ་གསང་གནང་ས་དེར་དགོང་མོ་ཉལ་དུ་བཅུག་པ་རེད།
དགེ་སློང་དང་ལྷན་གཅིག་ཏུ་ཉལ་མ་ཆོག་པ་སོང་ཙང་སྟོན་པ་་་་་་་་་་་་་་་་་་
——————
གཅིག་ཞུས། མ་ཡིག་ལ་གཟིགས་འདོད་ན། འདི་ནོན།