-->

Nov 20, 2020

ཀ་ལཱ་པའི་མཚམས་སྦྱོར་ལྔ་བའི་ལག་ལེན་བདུད་རྩིའི་ཉིང་ཁུ།

 

ཀ་ལཱ་འི་མཚམས་སྦྱོར་ལྔ་འི་ལག་ལེན་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། །

༄༅།།བྱཱཀརཎཀཱཏནྟྲཱཎཱཾཔཉྩསནྡྷེཡཔརྱཡོཿམྲྀཏསཱརནཱམབིཧརཏིསྨ།


༄༅། །ལུང་སྟོན་པ་ཀ་ལཱ་པའི་མཚམས་སྦྱོར་ལྔ་བའི་ལག་ལེན་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། །

༈སྡེབ་སྦྱོར་མི་མཉམ་པའི་བྲྀཏྟ་ལས། ཁ་སྒོ་ཕན་པ་ཞེས་བྱའི་པྲ་སྟཱ་རས་མཛེས་པར་བྱས་པའོ། །

ཨོཾསྭསྟིཤྲེཡསྟུ།

༄༅། །བདེ་ལེགས་སུ་གྱུར་ཅིག

ཛྙཱེཡཏཏྭབིཏཱདྲཀྵཱིཏ྄། །མཁྱེན་པས་ཤེས་བྱའི་དེ་ཉིད་གཟིགས། །

ཀྲྀཔཱབྷིརྫྫགཏོཏྱཀྱྀཏ྄། །བརྩེ་བས་འགྲོ་ཀུན་འདོར་མི་མཛད། །

ཤཀྟིནཱམདནཾགྷཱཏཻ། །ནུས་པས་ལོག་འདྲེན་གཞོམ་མཛད་པ། །

ཤྩིཏྟེཤྲཱིགུརུམརྩྩཏི། །དཔལ་མགོན་བླ་མ་སྙིང་དབུས་མཆོད། ། 

གང་མཚན་ངོ་མཚར་ནོར་བུའི་ཏམྦུ་ར། །སུ་ཞིག་སྒྲ་འཛིན་བཅུད་དུ་སིམ་ཙམ་གྱིས། །དགེ་མཚན་ཕན་བདེའི་དགའ་སྟོན་རྒྱས་མཛད་པའི། །དཀོན་མཆོག་རིན་ཆེན་གསུམ་གྱིས་དགེ་ལེགས་སྩོལ། །མཁྱེན་རབ་རལ་གྲི་འབར་བའི་གཟི་བྱིན་གྱིས། །རྨོངས་ཆེན་བློ་ཡི་དྲ་བ་ཀུན་གཅོད་ཅིང་། །བློ་མཆོག་སྤོབས་པའི་གཏེར་མཛོད་དབྱེ་མཛད་པའི། །འཇམ་དཔལ་སྨྲ་བའི་སེང་གེ་སྙིང་དབུས་རོལ། །ཇི་སྙེད་སྒྲ་དབྱངས་དྭངས་མ་བསྡུས་པའི་དཔྱིད། །སྙན་ངག་ཆུ་བོ་སྟོང་གི་འབྱུང་ཁུངས་མཆོག །ཤེས་རབ་ཕར་ཕྱིན་འཕགས་མ་དབྱངས་ཀྱི་རྒྱལ། །མགྲིན་པའི་འོ་མཚོར་རྟག་པར་བཞུགས་མཛོད་ཀྱེ། །རྣམ་དག་སྒྲ་གཞུང་ཚངས་པའི་རལ་ཀླུང་འབུམ། །རྣམ་དཔྱོད་ལྟོ་བར་ཧུབ་ཀྱིས་བསྐྱིལ་ནས་སླར། །ལེགས་བཤད་རྒྱུན་བཟང་ཕྱོགས་མཐར་ཁྱབ་མཛད་པ། །པཎ་ཆེན་མཐུ་སྟོབས་ཡབ་སྲས་སྤྱི་བོས་མཆོད། །སྒྲ་གཞུང་རྒྱ་མཚོ་བསྲུབས་ལས་ཉེར་ཐོན་པའི། །ལེགས་བཤད་ཆ་ཤས་ཡོངས་རྫོགས་རི་བོང་ཅན། །བློ་གསལ་ཡིད་ཀྱི་ཀུ་མུད་བཞད་ནུས་པའི། །མཚམས་སྦྱོར་ལག་ལེན་མཁས་པའི་གསུང་བཞིན་བྲི། །

ཞེས་མཆོད་པར་བརྗོད་པ་དང་དམ་བཅའ་བ་སྔོན་དུ་སོང་ནས། གཞུང་དོན་དངོས་ལ་འཇུག་པ་ལས། དང་བོ་འདི་ལྟར་ཐོས་ཏེ། སྔོན་ལྷའི་ཡུལ་ན། སརྦ་ཛྙཱ་ཞེས་ཐམས་ཅད་མཁྱེན་པར་གྲགས་པའི་སྒྲ་མཁན་ཆེན་པོ་ཞིག་བྱུང་བར་བརྟེན། དབང་བོས་བརྡའ་སྤྲོད་པའི་གཞུང་ལུགས་བྱས་ནས། དྲང་སྲོང་ཕུར་བུ་ལ་བསླབས་ཏེ། གཞོན་ནུའི་ཚོགས་ཀྱི་སློབ་དཔོན་དུ་བསྐོས་པ་ལྷའི་བླ་མར་གྲགས། དེ་ལས་མང་དུ་མཆེད་པའི་གཙོ་བོ་ནི། གཞོན་ནུ་གདོང་དྲུག་ཡིན་པ་གང་ཞིག འཕགས་ཡུལ་ན་རྒྱལ་བོ་བདེ་སྤྱོད་ཀྱི་ཞང་བོ་དབང་ཕྱུག་གོ་ཆས་གྲུབ་ནས། སྒྲ་རིག་པའི་ཡ་གྱལ་ཉི་ཟླ་ལྟར་གྲགས་ཆེ་བ་ཆ་བསགས་ཀྱི་མདོའི་མཆོག་བྱིན་ཏེ་མི་ཡུལ་དུ་དར་བར་བྱས་པ་ནས་བཟུང་དེང་གི་བར་དུ་འཆད་ཉན་གྱི་སྲོལ་མ་ནུབ་བོ་ཞེས་དཔྱོད་ལྡན་རྣམས་ཀྱི་གཏམ་དུ་སྙན་པ་འདི་བརྗེད་དུ་ཕངས་ནས་འཆད་པ་ལ་དྲན་པ་ཉེ་བར་གཞག་པར་བྱའོ། །

དེ་ལ་རྒྱ་གར་སྐད་དུ། ཀ་ལཱ་པ་སཱུ་ཏྲ། བོད་སྐད་དུ། ཀ་ལཱ་པའི་མདོ་ཞེས་བྱ་བ་སྒྲ་རང་སོར་བཞག་པ་སྟེ། ད་ལམ་རྟེན་འབྲེལ་གྱི་ཆེད་དུ་སྒྲའི་ཁམས་བྱིངས་སྒྲུབ་བྱེད་ན། ཀ་ལ་ཆ་ཤས་ལའོ། །ཞེས་པའི་བྱིངས་བཞག བྱིངས་མཐར་དབྱངས་རྣམས་མི་སྦྱོར་རོ། །ཞེས་པས། བྱིངས་མཐའི་ཨ་ཕྱིས། ཧ་ལནྟ་བྱས། ཨཙ྄འོ། །ཞེས་པས། ཀྲྀཏ྄་རྐྱེན་ཨཙ྄་བྱིན་ཙ྄་དབྱངས་དོན་ཡིན་པས་ཕྱིས། གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲོངས་ཞེས་པས། ཀ་ལའི་ལ྄་སྲོག་མེད་དེ་ཨའི་སྟེང་དུ་དྲངས་པས། ཀ་ལ་གྲུབ། ཨཱཔླྀ་ཁྱབ་པ་ལའོ། །ཞེས་ཁྱབ་པ་ལའོ་ཞེས་པའི་བྱིངས། ལྀ་རྗེས་འབྲེལ། ཨཙ྄་སྦྱར། ཙ྄་ཕྱིས། པ྄་དབྱངས་མེད་ཨ་ལ་དྲངས་པས། ཨཱ་པ་གྲུབ། དེ་དང་སྔ་མའི་ཀ་ལ་ལ་མཚམས་སྦྱོར་བའི་མདོར། རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ། །ཞེས་པས། ལའི་སྲོག་གི་དབྱངས་ཨ་ཕྱིར་ཕྲལ། མཚུངས་པ་འདྲ་བའི་ཡི་གེ་ལ་རིང་བོར་འགྱུར་ཏེ། ཞེས་པས། ཨཱ་སྔ་མ་རིང་། ཕ་རོལ་ལའང་དབྱིའོ། །ཞེས་པས། ཕ་རོལ་གྱི་ཨཱ་ཕྱིས། ཨཱ་སྔ་མ་དེར། ལ྄་དབྱངས་མེད་དྲངས་པས། ཀ་ལཱ་པ་གྲུབ་པ། བོད་སྐད་ཕྱོགས་གཅིག་ལ། ཆ་བསགས་ཏེ་ལུང་དུ་སྟོན་ནུས་པའི་བརྗོད་བྱ་ལེགས་པའི་ཆ་ཤས་ཐམས་ཅད་བསགས་པའོ། །

སཱུ་ཏྲ་དཀྲི་བ་ལའོ། །ཞེས་པའི་བྱིངས་བཞག བྱིངས་མཐའི་ཨ་རྗེས་འབྲེལ་ཡིན་པས་ཕྱིས། ཙུ་ར་སོགས་ཀྱི་ཨཏ྄་མཐའ་ལས་ཨིན྄འོས། ཨིན྄་བི་ཀ་ར་ཎ་བྱིན། ཨི་ལས་ཨ་ཙ྄འོ། །ཞེས་པས་ཨ྄ིནའི་ཕ་རོལ་ཏུ་ཨཙ྄་བྱིན། དེའི་དོན་གྱིས་ཨིན྄་ཕྱིས། ཨཙ྄འི་ཙ྄་ཡང་རྗེས་འབྲེལ་ཡིན་པས་བསུབ། ཏ྄་སྲོག་མེད་དེ་ཨའི་སྟེང་དུ་དྲངས་པས་སཱུ་ཏྲ་གྲུབ་པ། མདོ་ཞེས་བྱ་སྟེ་སྒྲའི་རབ་བྱེད་མང་བོ་ཕྱོགས་གཅིག་ཏུ་བསྡོམས་པའི་ཕྱིར་ན་མདོའོ། །དེས་ན། ཀ་ལཱ་པ་སཱུ་ཏྲ་བསྒྱུར་ན། ཆ་བསགས་ཀྱི་མདོའམ། ཀཱ་ཏནྟྲ་སྟེ། གཞུང་འདིར་རྒྱུད་ཉུང་ངུར་ཡང་འབོད་པ་ཡིན་ནོ། །

གཉིས་སུ་མེད་པར་གསུངས་པ་སངས་རྒྱས་ལ་ཕྱག་འཚལ་ལོ། །

ཞེས་པ་གཞུང་འདི་ཐོག་མར་བསྒྱུར་པའི་ཚེ་མཁས་པ་ཤོང་ལོ་རྡོ་རྗེ་རྒྱལ་མཚན་གྱིས་འགྱུར་ཕྱག་མཛད་པ་སྟེ། རྫུན་མེད་དྲང་བོར་གསུངས་པ་སངས་རྒྱས་བཅོམ་ལྡན་འདས་ཏེ་བདག་ཅག་གི་སྟོན་པ་མཆོག་ལ་འདུད་ཕྱག་བཙལ་བའོ། །དགོས་ཆེད་གནས་སྐབས་བར་ཆད་སེལ་བ་དང་མཐར་ཐུག་བདེ་བར་གཤེགས་པའི་གོ་འཕང་སྒྲུབ་པའོ། །གྲུབ་པའི་ཡི་གེ་ཡང་དག་པའི་མན་ངག་གོ །ཞེས་སྔོན་བཤད་ལྟར་གྲགས་ཤིང་གྲུབ་པའི་ཡི་གེ་དབྱངས་དང་གསལ་བྱེད་ལས་འཕྲོས་པའི་བྱིངས་རྣམས། རང་བཞིན་དང་། རྐྱེན་དང་། རྣམ་འགྱུར་གསུམ་གྱིས་ཡང་དག་པར་བརྗོད་པའི་མན་ངག་གོ །ཞེས་པས་བཤད་བྱའི་ངོ་བོ་བཀོད་ནས། བཤད་པར་དམ་བཅས་པའི་དགོས་འབྲེལ་སྟོན་པའོ། །

རྐང་བ་དང་བོ་ཡི་གེའི་བརྡ་ཁྱད་བཤད་པ།

༈མཚམས་སྦྱོར་རྐང་བ་དང་བོ་ཡི་གེའི་བརྡ་ཁྱད་བཤད་པ་ནི། སྤྱིར་སྒྲ་གཞུང་གཞན་དུ་དབྱངས་དང་གསལ་བྱེད་ཀྱི་བགྲང་ཚུལ་མི་འདྲ་བ་དུ་མ་འབྱུང་ཡང་། དེ་ལ་དང་བོར་བཅུ་བཞི་རྣམས་དབྱངས་སོ། །ཞེས་པས། འདིར་དབྱངས་བཅུ་བཞི་ཡིན་ཏེ། གང་ཞེ་ན། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། རྣམས་སོ། །དེའི་ནང་གསེས་བཅུ་རྣམས་མཚུངས་པའོ། །ཞེས། ཨ་ཡིག་ནས་ལཱྀའི་བར་ཏེ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། རྣམས་ཐུང་རིང་མཚུངས་པའོ། །དེ་རྣམས་ཀྱི་གཉིས་གཉིས་དག ཕན་ཚུན་གྱི་འདྲ་བའི་ཡི་གེ་དག་གོ །ཞེས་པས། མཚུངས་པའི་དབྱངས་བཅུ་བོ་དེའི་ནང་ཕན་ཚུན་གཉིས་རེ་འདྲ་བའི་ཡི་གེར་བརྗོད་པ་ཡིན་ལ། སྔ་མ་ཐུང་ངུའོ། །ཕྱི་མ་རིང་བོའོ། །དེ་ཡང་སྔ་མ་རྣམས་ཐུང་བ་དང་། ཕྱི་མ་ཀུན་རིང་ཆ་ཡོད་པ་ནི་སྨོས་མ་དགོས་སོ། །ཨའི་ཡི་གེ་བོར་བའི་དབྱངས་ནཱ་མིན྄འོ། །ཞེས་པ་ཐོག་མའི་ཨ་ཐུང་རིང་གཉིས་མི་བརྩི་བའི་དབྱངས། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། བཅུ་གཉིས་པོར་མིང་ལ་ནཱ་མིན྄འི་ཡི་གེ་ཞེས་བྱའོ། །ཨེ་ཡིག་ལ་སོགས་པ་མཚམས་སྦྱོར་གྱི་ཡི་གེའོ། །ཨེ་ཡིག་ཐོག་མར་སྨོས་པའི་སོགས་ཁོང་ནས། ཨཻ་ཨོ་ཨཽ་བཞི་ལ་མཚམས་སྦྱོར་གྱི་ཡི་གེ་བཞི་ཞེས་པ། ཨ་དང་ཨི་མཚམས་སྦྱོར་བས་ཨེ། ཨ་དང་ཨེ་འགྲེང་བུ་གཅིག་ཅན་དང་གཉིས་ཅན་གང་རུང་མཚམས་སྦྱར་བས་ཨཻ། དེ་བཞིན་དུ། ཨ་དང་ཨུ་མཚམས་སྦྱར་བས་ཨོ། ཨ་དང་ཨོ་ཀེ་ཤ་ཅན་དག་སྦྱོར་བས། ཨཽ་གྲུབ་པ་སྟེ། དུས་རྒྱུན་པར་ལེགས་སྦྱར་ལ་འགྲེང་བུ་དང་ན་རོ་ཡོད་པར་འ་ཆུང་མི་འབྱུང་བ་སྟེ། ཇི་སྐད་དུ། འགྲེང་བུ་ན་རོ་བྱུང་གྱུར་ན། །རིང་བོ་ཉིད་ཕྱིར་འ་འདོགས་འཁྲུལ། །ཞེས་བཤད་པས་སོ། །གཉིས་པ། ཀ་ལ་སོགས་པ་རྣམས་གསལ་བྱེད་དོ། །ཞེས་པས། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། སྟེ་གྲངས་སོ་གསུམ་མོ། །དེ་རྣམས་ཀྱི་ལྔ་ལྔ་བ་རྣམས་སྡེ་པའོ། །ཞེས་པ། ཀ་སྡེ། ཙ་སྡེ། ཊ་སྡེ། ཏ་སྡེ། པ་སྡེ་ལྔ་རྣམས་ལ་ནང་ཚན་ཡི་གེ་ལྔ་ལྔ་ཡོད་པས་དེ་ལྟར་སྨོས་པའོ། །སྡེ་པ་རྣམས་ཀྱི་དང་བོ་དང་། གཉིས་པ་དང་། ཤ་ཥ་ས་རྣམས་སྒྲ་མེད་པའོ། །ཞེས་སྨོས་མ་ཐག་པའི་སྡེ་པ་དེ་རྣམས་ཀྱི་དང་བོ། ཀ་ཙ་ཊ་ཏ་པ་ལྔ། གཉིས་པ་ཁ་ཚ་ཋ་ཐ་ཕ། ལྔ་བསྡོམས་པས་བཅུ། དེའི་ཁར་ཤ་ཥ་ས་གསུམ་བསྣན་པས་སྒྲ་མེད་པའི་ཡི་གེ་བཅུ་གསུམ་སྟེ། ཁ་ནས་བརྗོད་ཚེ་སྒྲ་ཤུགས་ཆུང་བས་དེ་ལྟར་བཏགས་པའོ། །གཞན་རྣམས་སྒྲ་དང་ལྡན་པའོ། །ཞེས་པས། དེ་འཕྲོས། ག་གྷ་ང་། ཛ་ཛྷ་ཉ། ཌ་ཌྷ་ཎ། ད་ངྷ་ན། བ་བྷ་མ། ཡ་ར་ལ་ཝ་ཧ་རྣམས་སྒྲ་ལྡན་གྱི་ཡི་གེ་ཉི་ཤུ་ཡིན། དེ་ཡང་འདོན་དུས་སྒྲ་ཤུགས་ཆེ་བས་དེ་ལྟར་བརྗོད་དོ། །ང་ཉ་ཎ་ན་མ་རྣམས་རྗེས་སུ་སྣ་ལྡན་ནོ། །ཞེས་ང་ཉ་ཎ་ན་མ་ལྔ་བོ་བརྗོད་པའི་ཚེ་སྣ་ནང་ནས་སྒྲ་འབྱིན་པས་སྣ་ལྡན་ཟེར་རོ། །ཡ་ར་ལ་ཝ་རྣམས་མཐར་གནས་སོ། །ཞེས་ཡ་ར་ལ་ཝ་བཞི་ནི། ཡ་བཏགས་ཀྱ། ར་འདོགས་ཀྲ། ལ་བཏགས་ཀླ། ཝ་ཟུར་ཀྭ་བྱས་པ་ལྟ་བུ་རྣམས་ཏེ་ཡི་གེའི་མཐར་གནས་པ་བཞིའོ། །ཤ་ཥ་ས་ཧ་རྣམས་དྲོ་བའོ། །ཞེས་པ། ཤ་ཥ་ས་ཧ་བཞི་བརྗོད་པའི་ཚེ་དབུགས་ཕྱིར་འབྱིན་པའི་ཚེ་ཁ་རླངས་ཀྱིས་དྲོ་བས་དྲོ་བའི་ཡི་གེར་གྲགས་སོ། །ཨཿཞེས་པ་རྣམ་པར་བཅད་བྱའོ། །ས྄་དང་ར྄་སྲོག་མེད་ཀྱིས་ཐིག་ལེ་བྱས་པ་ནུ་མ་ཟུང་གི་རྣམ་པ་ཅནཿའདི་འདྲ་བ་ལ་རྣམ་བཅད་ཅེས་བྱ་སྟེ། ཕྱི་མ་རྗེས་སུ་ང་རོའི་ༀ་དང་འདིའི་ཨ་ནི་བརྗོད་པའི་རྟེན་ཙམ་དུ་བཞག་པའོ། །ྈྐ་ཞེས་པ་ལྕེ་རྩ་ཅན་ནོ། །ྉྤ་ཞེས་པ་མཆུ་ཅན་ནོ། །རྣམ་བཅད་དེ་ཀ་ཁ་དང་མཚམས་སྦྱོར་དུས་ྈ་ཌ་མ་རུའི་དབྱིབས་ཅན་ྈྐ་ྈྑ་ནི་ལྕེ་རྩ་ཅན་དང་། པ་ཕ་དང་འཕྲད་དུས་གླང་བོའི་མྱོས་བུམ་གྱི་རྣམ་པ་ཅན་ལ་འ་མཆུ་ཅན་ཞེས་བརྗོད། ྈྐྉྤ་འདོན་དུས་ྈྐ་ཨཀ྄་དང་། ྉྥ་པོབ་ལྟ་བུར་ཀློག་པར་འཐད་དོ། །ཨཾ་ཞེས་པ་རྗེས་སུ་ང་རོའོ། །ཀི་དབྱངས་གསལ་བྱེད་གང་གི་སྟེང་དུའང་མ྄་ན྄་སྲོག་མེད་ལས་བྱུང་བའི་ཀླད་ཀོར་བྱས་པ་བུག་པའི་རྣམ་པ་ཅན། འདི་འདྲ་ལ་རྗེས་སུ་ང་རོ་ཟེར། དེའི་འོག་ཏུ་ཟླ་ཚེས་ཕྱེད་པ་ཨཱུྃ་ཀྲུྃ་ལྟ་བུ་ཡང་སྒྲ་གཞུང་གཞན་དུ་བཤད་དོ། །དེ་ལྟར་རྣམ་བཅད་དང་། ལྕེ་རྩ་ཅན། མཆུ་ཅན། རྗེས་སུ་ང་རོ་རྣམས་ལ་གསལ་བྱེད་ཙམ་པོ་བ་ཞེས་གཞན་དུ་མིང་འདོགས་ཡོད་འདུག  འདི་ཡན་གྱི་བརྡ་ཁྱད་རྣམ་གྲངས་རྣམས་བློ་ལ་བྱང་ཆུབ་པར་བྱས་ན་གདོད་རི་མོ་འབྲི་དུས་ཕན་བསྐྱེད་ཆེ་བ་ལགས་སོ། །

སྔ་མ་དང་ཕྱི་མ་དག་གི་དོན་ཉེ་བར་དམིགས་པ་ན་ཚིག་གོ །དེ་ཡང་བྱིངས་ལ་ཀྲྀཏ྄་རྐྱེན་སྟེར་བས་མིང་ངམ་རྟགས་སུ་གྲུབ་པའི་སྐད་དོད་དེའི་མཐར། ཕྱི་མ་སི་སོགས་ཀྱི་རྣམ་དབྱེ་ཉེར་བཞི་གང་རུང་རྣམས། རྟགས་གསུམ་སོ་སོའི་མཐའ་མ་ནོར་བའི་སྦྱོར་ལུགས་གང་དགོས་བྱས་པ་ཚིག་ཏུ་གྲུབ་པ་དང་། སྔ་མ་བྱིངས་སྡེ་ཚན་གང་ཡིན་དེ་ལ། རྟ་མཱ་ན་སོགས་བྱིངས་ཐམས་ཅད་པ་བཞི་ལ་བར་རྐྱེན་རྣམས་སྦྱོར་ཚུལ། ཨདྱ་ཏ་ནཱི་སོགས་ཀུན་བཤད་ཀྱི་རྣམ་དབྱེ་བརྒྱ་བརྒྱད་ཅུ་བོ་སྦྱོར་ཚུལ་མ་འཁྲུགས་པ་རྟོག་དཔྱོད་ཞིབ་མོར་བྱས་ནས་ཚིག་ཏུ་གྲུབ་པ་ཡིན་ཏེ། འཆད་འགྱུར་གྱི་མིང་ལེ་རྐང་བ་དྲུག    ཀུན་བཤད་རྐང་བ་བརྒྱད་རྣམས་ཀྱི་སྐབས་སུ་རྒྱས་པར་སྟོན་ནོ། །གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲོངས། །ཞེས་པས་ཚུ་རོལ་ཏུ་གསལ་བྱེད་སྲོག་མེད་བྱུང་ན། དེའི་ཕ་རོལ་ཏུ་དབྱངས་ཡིག་འདུག་ཚེ་ངོ་ཐོག་དེའི་སྟེང་དུ་ཕར་དྲངས། དབྱངས་དེ་སྲོག་ཏུ་བཅུག་པས། འ་ཆུང་། གི་གུ། འགྲེང་བུ། ན་རོ་སོགས་ཅི་འདུག་ནའང་གསལ་བྱེད་དེར་འདོགས། ཡང་གསལ་བྱེད་དབྱངས་མེད་དེའི་ཕ་རོལ་ཏུ་གསལ་བྱེད་སྣང་ན་དེའི་མགོ་བོར་དྲངས་པ་སྟེ། དཔེར་ན། སམ྄་ཡང་དག་པ། ཨིནྡྲ་དབང་བོ། སཏ྄་དམ་པ། ངྷརྨ་ཆོས་རྣམས་མདོ་དེས་དྲངས་པས། སམིནྡྲ་ཡང་དག་དབང་བོ། སདྡྷརྨ་དམ་པའི་ཆོས་ལྟ་བུའོ། ། (སདྡྷརྨ་དང་མཚམས་སྦྱོར་བའི་ཚེ། ཏ྄་ཡིག་ནི་སྡེ་བའི་ཚིག་མཐའ་རྣམས་དབྱངས་དང་སྒྲ་ལྡན་རྣམས་ལ་གསུམ་པ་རྣམས་སོ། །ཞེས་པས། ཏ྄་དར་བསྒྱུར་ནས་དྲངས་པའི་ལུགས་ཡིན།) རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ། །ཚུ་རོལ་གསལ་བྱེད་ཀྱི་ཁོངས་སུ་དབྱངས་བཅུ་བཞི་གང་རུང་ཡོད་པ། དེའི་ཕ་རོལ་ཏུ་ཡང་། དབྱངས་བཅུ་བཞི་ཐོག་མ་ཅན་གང་རུང་སྣང་ན། སྔོན་མའི་དབྱངས་དེ་ཡར་མར་གང་དུའང་མི་བྲི་བར་ཐད་ཀ་དེར་ཕྱིར་ཕྲལ་ནས་བྲི་བ་སྟེ། དཔེར་ན། ཛ་ཡ་རྒྱལ་བ། ཨཱི་ཤྭ་ར་དབང་ཕྱུག་མདོ་དེས་ཕྲལ་ནས། ཛ་ཡ྄་ཨ་ཨཱི་ཤྭ་ར་ལྟ་བུའོ། །གསལ་བྱེད་དབྱངས་མེད་རྟགས། ཧ་ལནྟ་སྦྱར་བ་ལ། རིམ་པ་ལས་མ་འདས་པ་ཟེར། ཧ་ལནྟ་ཟེར་བ་བོད་སྐད་དུ་སྲོག་མེད་མཐའ་ཡིན་ཏེ། ཙནྡྲའི་སྒྲ་གཞུང་གི་བསྡུ་བའི་སྐབས། དབྱངས་ལ་ཨཙ྄་དང་། གསལ་བྱེད་ལ་ཧལ྄་ཟེར་བ་དང་། ཨནྟ་མཐའ་སྟེ། ཧལ྄འི་ལ྄་དེ་ཨནྟའི་ཨ་ལ་དྲངས་པའི་གཟུགས་སོ། །འཇིག་རྟེན་པའི་ཉེ་བར་སྤྱོད་པ་ལས་འཛིན་པ་གྲུབ་བོ། །ཀ་ལཱ་པའི་སྒྲ་མདོ་འདིའི་ནང་ནས་མ་བཤད་པ། འཕགས་ཡུལ་གྱི་སྒྲ་གཞུང་། པཱ་ཙཱན྄་སོགས་སུ་བཤད་པའི་བྱ་བ་གང་འོས་པའང་འཇིག་རྟེན་པའི་ཉེ་བར་སྤྱོད་པ་སྟེ་དེ་རྣམས་ཀྱང་འདིར་བྱེད་ཆོག་པ་ཡིན་ཞེས་གཞན་དུ་ཁ་འཕང་བའོ། །ཞེས་པ་མཚམས་སྦྱོར་རྐང་བ་དང་བོ་རྫོགས་སོ། །

རྐང་བ་གཉིས་པ་དབྱངས་ཀྱི་མཚམས་སྦྱོར།

༈རྐང་བ་གཉིས་པ་དབྱངས་ཀྱི་མཚམས་སྦྱོར་ལས། ཐོག་མར་མཚུངས་འདྲའི་མཚམས་སྦྱོར་མདོར། མཚུངས་པ་འདྲ་བའི་ཡི་གེ་ལ་རིང་བོར་འགྱུར་ཏེ་ཕ་རོལ་ཡང་དབྱིའོ། །ཞེས་པའི་ལག་ལེན་ནི། དཔེར་ན། བུདྡྷ་སངས་རྒྱས། ཨཱཀར་འབྱུང་གནས་ལ། མདོ་སྔ་མ། རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ། །ཞེས་པས། ངྷའི་སྲོག་གི་དབྱངས་ཨ་ཕྲལ། དྷ྄་སྲོག་མེད་དུ་སོང་། དེ་ནས་མདོ་དངོས། མཚུངས་པ་འདྲ་བའི་ཡི་གེ་ལ་རིང་བོར་འགྱུར་ཏེ། ཞེས་པས། ཨ་སྔ་མ་རིང་། ཕ་རོལ་ཡང་དབྱིའོ། །ཞེས་པས་ཕ་རོལ་གྱི་ཨ་ཕྱིས་པར། བུད྄དྷ྄+ཨཱཀར་དེ་ནས་གསལ་བྱེད་དབྱངས་མེད་ཕྱིར་དྲངས་པས། བུདྡྷཱ་ཀ་ར་གྲུབ་པ། རྒྱལ་བའི་འབྱུང་གནས་ཡིན་པས་མཚོན། ཚུ་རོལ་ཏུ་དབྱངས་ཨ་ནས་ལཱྀ་བར་བཅུ་བོ་ཐུང་རིང་གང་རུང་ཡོད་པར། ཕ་རོལ་ཏུ་དེ་དང་གཟུགས་འདྲ་བའི་མཚུངས་པའི་དབྱངས་རིང་ཐུང་གང་ཡོད་ཀྱང་མཚུངས་འདྲ་སྟེ་སྔ་མ་རིང་། ཕྱི་མ་ཕྱིས་པས་ཆོག་པ་ལྟ་བུའི་འཕྲུལ་ཤེས་པར་བྱས་ནས། ༼ཨ༽བུདྡྷ་སངས་རྒྱས། ཨངྷིཥྛཱན྄+ཤས྄་བྱིན་རྗེས། བྱིན་རླབས་རྣམས་ལ། ༈སིངྷ་སེངྒེ་། ཨཱ་ས་ན་གདན་ནམ་ཁྲི། ཛྭ་ལ་འབར་བ། ཨ་ན་ལ་མེ། ༈མ་མ་བདག་གི། ཨཱཡུས྄་ཚེ། པདྨ་པདྨ། ཨཱ་ཀ་ར་འབྱུང་གནས། ༈ངྷརྨ་ཆོས། ཨ་ཏྲ་(རྣམ་དབྱེ་བདུན་པའི་དོན་དེ་ཕན་གྱི་ཏྲ་བྱིན་པ་ཡིན)འདིར། ཤྲདྡྷཱ་དད་པ། ཨསྟི་ཡོད་རྣམས་མཚུངས་འདྲ་བྱས་པས། བུདྡྷཱདྷིཥྛཱན྄་སངས་རྒྱས་བྱིན་རླབས་རྣམས་ལ། སིཾཧཱསན་སེང་ཁྲི། ཛྭལཱནལ་འབར་བའི་མེ། མམཱཡུས྄་བདག་གི་ཚེ། པདྨཱ་ཀ་ར་པདྨ་འབྱུང་གནས། ངྷརྨཱཏྲ་ཆོས་འདིར། ཤྲདྡྷཱསྟི་དད་པ་ཡོད། ༼ཨི༽ མུ་ནི་ཐུབ་པ། ཨིནྡྲ་དབང་བོ། ནྲྀཏིགར། ཨཱིཤྭར་དབང་ཕྱུག དདྷི་ཞོ། ཨིཥུ་འདོད་པ། སྭསྟི་བདེ་ལེགས། ཨིདཾ་འདི། ཨཽཥདྷི་སྨན། ཨིཀྵུ་བུར་ཤིང་། པཀྵི་འདབ་ཆགས། ཨིནྡྲ་དབང་བོ། དེ་བི་ལྷ་མོ། ཨིནྡྲནཱི་དབང་མོ་རྣམས་མཚམས་སྦྱར་བས། མུནཱིནྡྲ་ཐུབ་དབང་། ནྲྀཏཱིཤྭར་གར་གྱི་དབང་ཕྱུག  དདྷཱིཥུཿཞོ་འདོད་པ། སྭསྟཱིདཾ་ལེགས་པ་འདི། ཨཽཥདྷཱིཀྵུ་སྨན་བུར་ཤིང་། པཀྵཱིནྡྲ་འདབ་ཆགས་དབང་བོ། དེབཱིནྡྲཎཱི་ལྷ་མོའི་དབང་བོའོ། ༈༼ཨུ༽བ་ཡུ་རླུང་། ཨུ་ད་ཡ་དར་བ། མདྷུ་མངར་བ། ཨུ་ད་ཀ་ཆུ། གུ་རུ་བླ་མ། ཨུཏྟར་མཆོག སུ(ཉེར་བསྒྱུར)བཟང་བོ། ཨུཀྟི་སྨྲས། ཨཾཤུ་འོད་ཟེར། ཨུ་ཤན་པ་སངས། རྣམས། བ་ཡཱུ་ད་ཡ་རླུང་དར་བ། མདྷཱུ་ད་ཀ་མངར་བའི་ཆབ། གུརཱུཏྟར་བླ་མ་མཆོག སཱུཀྟཾ་བཟང་བོར་སྨྲས། ཨཾཤཱུཤན་འོད་ཟེར་པ་སངས། ༈༼རྀ༽པིཏྲྀ་ཕ། རྀཥབྷ་ཁྱུ་མཆོག ཤསྟྲྀ་སྟོན་པ། རྀཥབྷ་ཁྱུ་མཆོག  ཧོཏྲྀ་སྲེག་བླུགས་མཁན། རྀཥི་དྲང་སྲོང་། པོཏྲྀ་དག་བྱེད། རྀཀཱར་རྀ་ཡིག  ནྲྀ་མི། རྀཥབྷ་ཁྱུ་མཆོགརྣམས་མཚུངས་འདྲ་མཚམས་སྦྱོར་བས། པིཏྲཱྀཥབྷ་ཕ་ཁྱུ་མཆོག  ཤསྟྲཱྀ་ཥབྷ་སྟོན་པ་ཁྱུ་མཆོག  ཧོཏྲཱིཥིདྲང་སྲོང་སྲེག་བླུགས་མཁན། པོཏྲཱྀ་ཀཱར་དག་བྱེད་རྀ་ཡིག ནྲཱྀཥབྷ་མི་ཁྱུ་མཆོག  ༼ལྀ༽ཀླྀ་ནུས་པ། ལྀ་ཀཱར་ལྀ་ཡིག  མཚུངས་འདྲ་བྱས་པས། ཀླཱྀཀཱར་ནུས་པའི་ལྀ་ཡིག ལཱྀཀཱར་ལྀ་ཡིག་སྟེ། ལཱྀ་འདིའི་དཔེར་བརྗོད་དཀོན་ཞིང་གཞན་དུ་ལྀ་ཡིག་རིང་བོ་མི་བཞེད་ཀྱང་། འདིའི་འགྲེལ་པ་སློབ་ཕན་ལས་རིང་བོ་བཤད་པའང་འགལ་བར་མི་སེམས་སོ། །(༈ ཡང་དབྱངས་ཡིག་ཨ་ཐུང་རིང་དང་། དབྱངས་གཞན་རྣམས་མཚམས་སྦྱོར་བའི་མདོ། དེ་བཞིན་དུ་འོག་མ་རྣམས་ཀྱི་མགོར་ཡང་། ཨའི་ཡི་གེ་ཞེས་སྦྱོར་ན་གོ་བ་ཆགས་པར་འདུག)༈ཨའི་ཡི་གེ་ཨིའི་ཡི་གེ་རྣམས་ལ་ཨེའོ། །ཨུའི་ཡི་གེ་ལ་ཨོའོ། །རྀའི་ཡི་གེ་ལ་ཨར྄་རོ། །ལྀའི་ཡི་གེ་ལ་ཨལ྄་ལོ། །ཨེ་ཡིག་ལ་ཨཻ་སྟེ། ཨཻ་ཡིག་ལའང་ངོ་། ཨོ་ཡིག་ལ་ཨཽ་སྟེ། ཨཽ་ཡིག་ལའང་ངོ་། །ཞེས་ཚུ་རོལ་ཏུ་དབྱངས་ཨ་རིང་ཐུང་གང་རུང་ཡོད་ལ། དེའི་ཕ་རོལ་ཏུ། ཨི་རིང་ཐུང་། ཨུ་རིང་ཐུང་། རྀ་རིང་ཐུང་། ལྀ་རིང་ཐུང་། ཨེ། ཨཻ། ཨོ། ཨཽ་རྣམས་ཐོག་མ་ཅན་གང་རུང་བྱུང་ན། སྔོན་མའི་རྟགས་མཐའི་ཨ་རིང་ཐུང་གང་ཡོད་དེ་རིམ་བཞིན། ཨེ། ཨོ། ཨར྄། ཨལ྄། ཨཻ། ཨཽ། སོ་སོར་བྱེད་ཅིང་། ཕྱི་མ་དབྱི་བ་དང་། སྔ་མའི་ཨ་ལ་འ་ཆུང་འདུག་ན་དབྱི་དགོས་སོ། །དེ་རྣམས་ཀྱི་དཔེར་བརྗོད་པ་ཡང་རིམ་བཞིན་འབྲི་བར། ལོཀ་འཇིག་རྟེན། ཨཱིཤྭར་དབང་ཕྱུགསུར་ལྷ། སུར་ལྷ། ཨིནྡྲ་དབང་བོ། ཡཐཱ་ཇི་ལྟར། ཨིདཾ་འདི། ལོཀེཤྭར་འཇིག་རྟེན་དབང་ཕྱུག  སུརེནྡྲ་ལྷའི་དབང་བོ། ཡཐེདཾ་ཇི་ལྟར་འདིའོ། ༈ པདྨ་པདྨ། ཨུཥྞཱིཥ་གཙུག་ཏོར། ལོ་ཀ་འཇིག་རྟེན། ཨུཏྟར་མཆོག  མ་མ་བདག་གི། ཨུདཀ་ཆུ། པདྨོཥྞཱིཥ་པདྨ་གཙུག་ཏོར། ལོཀོཏྟར་འཇིག་རྟེན་མཆོག  མམོདཀབདག་གི་ཆུའོ། ༈ མཧཱ་ཆེན་པོ། རྀཥི་དྲང་སྲོང་། པུརུཥ་སྐྱེས་བུ། རྀཥབྷ་ཁྱུ་མཆོག  མཧཪྵི་དྲང་སྲོང་ཆེན་པོ། པུརུཥཪྵབྷ་སྐྱེས་བུའི་ཁྱུ་མཆོག ༈ཏབ་ཁྱོད། ལྀཀཱར་ལྀ་ཡིག  ཏབལ྄ཀཱར་ཁྱོད་ཀྱི་ལྀ་ཡིག  ཨེཀགཅིག ཏབ་ཁྱོད། ཨཻཌིཀ་ལུག ཨེཀཻཀ་རེ་རེའམ་གཅིག་གཅིག ཏབཻཌིཀཁྱོད་ཀྱི་ལུག་གོ ། ༈ཤུདྡྷ་དག་པ། ཨོདན་ཟས། ཁཊྭཱ་ཁྲི། ཨོཔ་ག་བ་ཉེ་བའི་བ་ལང་། ཤུདྡྷཽདན་ཟས་གཙང་སྲས། ཁཊྭཽཔ་ག་བ་ཁྲི་དང་ཉེ་བའི་བ་ལང་ངོ་། །ཡང་། ཨིའི་ཡི་གེ་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཡ྄་སྟེ། ཕ་རོལ་དབྱི་བའང་མ་ཡིན་ནོ། །ཨུའི་ཡི་གེ་བ྄འོ། །འདྲ་བའི་ཡི་གེ་མ་ཡིན་པ་ལ་རིམ་བཞིན་འགྲེ། རྀའི་ཡི་གེ་ར྄འོ། །ལྀའི་ཡི་གེ་ལ྄འོ། །ཨེཨཡ྄འོ། །ཨཻཨཱཡ྄འོ། །ཨོ་ཨབ྄འོ། །ཨཽ་ཨཱབ྄འོ། །ཞེས་པས། ཕ་རོལ་ཏུ་དབྱངས། ཨི་རིང་ཐུང་། ཨུ་རིང་ཐུང་། རྀ་རིང་ཐུང་། ལྀ་རིང་ཐུང་། ཨེ་ཨཻ་ཨོ་ཨཽ་རྣམས་ཡོད་པར་ཕ་རོལ་ཏུ་རང་གཟུགས་དེ་མིན་པ་ལ་ཨ་རིང་ཐུང་སོགས་དབྱངས་གཞན་བཅུ་གཉིས་གང་རུང་བྱུང་ན། རིམ་པ་ལྟར། སྔ་མའི་དབྱངས་རྣམས། ཡ྄། བ྄། ར྄། ལ྄། ཨཡ྄། ཨཱཡ྄། ཨབ྄། ཨཱབ྄་རྣམས་སུ་གོང་གི་མདོ་སོ་སོས་བསྒྱུར་ནས། འདི་ཕྱིན་ཆད་ཕ་རོལ་དབྱངས་མ་ཕྱིས་པའི་ཐོག་ཏུ་དྲངས་པ་སྟེ། དཔེར་ན། ཨཱདི་གདོད་མ། ཨནུཏྤནྣ་མ་སྐྱེས་པ། ཧརི་སེདྒེ་། ཨཱསན་གདན། ནརཱི་མི་མོ། ཨརོཀྵ་དབང་བོའི་སྤྱོད་ཡུལ་མིན་པ། དེབཱི་ལྷ་མོ། ཨུཔསྠཱན་ཉེ་བར་གནས་པ། དེ་རྣམས་མཚམས་སྦྱོར་བས། ཨཱདྱནུཏྤནྣ་གདོད་ནས་མ་སྐྱེས་པ། ཧཪྱཱསན་སེང་ཁྲི། ནཪྱརོཀྵ་མི་མོ་དབང་ཡུལ་མིན་པ། དེབྱུཔསྠཱན་ལྷ་མོ་ཉེ་བར་གནས་པའོ། །ངྷཏུ་ཁམས། ཨཱཡཏན་སྐྱེ་མཆེད། ཨཐཁལུ་དེ་ནས། ཨཱཡུསྨཱན྄་ཚེ་དང་ལྡན་པ། སམནུ་ཡང་དག་པ་རྗེས་སུ། ཨཱཧརནྟུ་དགོངས་སུ་གསོལ། གུརུ་བླ་མ། ཨེཀ་གཅིག མནུ་ཡིད། ཨིནྡྲ་དབང་བོ། སུ་བཟང་བོ། ཨཏི་ཕུལ་བྱུང་། སུ་བདེ་ལེགས། ཨསྟི་ཡོད་པ། ཏནུ་རྒྱས་པ། ཨཻཌིཀ་ལུག པཊུ་མཁས་པ། ཨདྒ་ཡན་ལག་རྣམས་སྦྱར་ཚེ། ངྷཏྭཱ་ཡ་ཏན་ཁམས་དང་སྐྱེ་མཆེད། ཨཐཁལྭཱཡུསྨཱན྄་དེ་ནས་ཚེ་དང་ལྡན་པ། སམནྭཱཧརནྟུ་ཡང་དག་པར་རྗེས་སུ་དགོངས་སུ་གསོལ། གུརྭེཀ་བླ་མ་གཅིག་པུ། མནྭིནྡྲ་ཡིད་ཀྱི་དབང་བོ། སྭཏི་བཟང་བོ་ཕུལ་བྱུང་། སྭསྟི་བདེ་ལེགས་ཡོད་པ། ཏནྭཻཌིཀ་ཕྱུག་པོའི་ལུག པཊྭཱངྒ་མཁས་པའི་མན་ངག་གོ ༈ བིཤྭམཏྲྀ་སྣ་ཚོགས་ཡུམ། ཨུདཡ་དར་བ། པིཏྲྀ་ཕ། ཨིཧ་འདིར། མཏྲྀ་ཡུམ། ཨེཀགཅིག  པིཏྲྀཕ། ཨོཔག་ཉེ་བའི་བ་ལང་རྣམས་མཚམས་སྦྱོར་འབྲས། བིཤྭམཏྲུདཡ་སྣ་ཚོགས་ཡུམ་དར་བ། པིཏྲཱིཧ་ཡབ་འདིར། མཏྲེཀ་ཡུམ་གཅིག པིཏྲོཔགབ་ཕ་དང་ཉེ་བའི་བ་ལང་ངོ་། ༈ ལྀ། ཨནུབནྡྷ་རྗེས་སུ་འཆིང་བ། ལྀཨཱཡུཿཚེ། ལྀཨིཥུ་འདོད་པ། ཀླྀ་ནུས་པ། ཨཱིཤྭར་དབང་ཕྱུག ཀླྀ་ནུས་པ། ཨུཔ་ཉེ་བ། ཀླྀ་ནུས་པ། ཨེཏཿའདི། རྣམས་མཚམས་སྦྱར་བས། ལནུབནྡྷལྀ་རྗེས་སུ་འཆིང་བ། ལཱཡུཿལྀའི་འཚོ་བ། ལིཥུ་ལྀ་འདོད་པ། ཀླཱིཤྭར་ནུས་པའི་དབང་ཕྱུག  ཀླུཔ་ནུས་པ་ཉེ་བ། ཀླེཏཿནུས་པ་འདིའོ། ༈ ཏེ་དེ་རྣམས། ཨཧུ་སྨྲས་པ། རཻ་ནོར། ཨིཤྭར་དབང་ཕྱུག་རྣམས་བསྒྲུབས་འབྲས། ཏ་ཡ་ཧུ་དེ་རྣམས་སྨྲས། རཱཡིཤྭར་ནོར་གྱི་དབང་ཕྱུག་གོ །༈ཡང་གཽ་བ་ལང་། ཨཀྵ་མིག  ཏཽ་དེ་དག ཨིཧ་འདིར། གཱབཀྵ་བ་ལང་མིག ཏཱབིཧ་དེ་འདིར། དེ་བཞིན་དུ་དབྱངས་གཞན་ལའང་རིགས་བསྒྲེ་བའོ། །ཨཡ྄་ལ་སོགས་པ་རྣམས་ཀྱི་ཡ྄་བ྄་དབྱི་བ་ཚིག་མཐའ་ལ་ཏེ་ཡང་ན་མ་ཡིན་ཞིང་ཕྱིས་པ་ལ་ནི་རང་བཞིན་ནོ། །ཞེས་བྱིངས་ལ་ཀྲྀཏ྄་བྱིན་པའི་རྟགས་མཐར། མིང་ལེའི་རང་བཞིན་སི་སོགས་ཀྱི་རྣམ་དབྱེ་བྱིན་པས། ཨེ་ཨཻ་ཨོ་ཨཽའི་མཐའ་བྱུང་ན་ཚིག་མཐའ་ཟེར། དེའི་ཕ་རོལ་དབྱངས་བཅུ་གཉིས་གང་བྱུང་ཡང་རུང་མཚམས་སྦྱོར་གྱི་སྐབས། སྨོས་མ་ཐག་པའི། ཨཡ྄། ཨཱཡ྄། ཨབ྄། ཨཱབ྄་བྱས་པ་ལ། སྐབས་འགར། ཡ྄བ྄་ཕྱིས་ན། སླར་ཕ་རོལ་གྱི་དབྱངས་དང་མཚམས་མི་སྦྱོར་བ། རང་བཞིན་དུ་འཇོག་པའི་དོན་ཡིན། དཔེར་ན། མོ་རྟགས། ཤྲདྡྷཱརྣམ་དབྱེ་གཉིས་པའི་ཨཽ་དང་། བཞི་བའི་ངེ་བྱིན། ཚིག་ཏུ་བསྒྲུབས་པས། ཤྲདྡྷཽ་དད་པ་དག་ལ། ཤྲདྡྷཱཡཻ་དད་པའི་ཆེད་དུ། ༈ཡང་སྐྱེས་པའི་རྟགས་ཨ་ཐུང་མཐའ། ཛཡལ་རྣམ་དབྱེ་དང་བོའི་གཉིས་ཚིག་ཨཽ་སྦྱར་བས། ཛཡཽ་རྒྱལ་བ་དག ཨཽ་ཨཱིའོསཨཱིར་བསྒྱུར་མཚམས་སྦྱོར། ང་ལྡན་རྣམས་ཡེཡཱས྄ཡཱས྄ཡཱམ྄་མོ་ཞེས་པས། ངེ་ཡཻ་རུ་བསྒྱུར་བ་རེད། གྲུབ་པ་རྣམས་ཏེ། ཤྲདྡྷཱ་ཚིག་ཏུ་བསྒྲུབས་པ་དེ་གཉིས། ཨཱཧུ་དང་། ཛཡཽ་ཨཱ་ཀར་དང་མཚམས་སྦྱོར་བ། གོང་གི་མདོས། ཡ྄་བ྄་དབྱི་ཚར་རྟིང་མཚམས་སྦྱོར་མི་ཐོབ་པས་འདི་ལྟར་བཞག ཤྲདྡྷཱཨཱཧུ་དད་པ་དག་ལ་སྨྲས། ཛཡཱཨཱ་ཀར་རྒྱལ་བ་དག་གི་འབྱུང་གནས། ཛཡཱབཱ་ཀར་རྒྱལ་བ་དག་གི་འབྱུང་གནས་ལྟ་བུར་འགྲེ་བར་བྱའོ། །ཚིག་མཐའ་ཡིན་ན། རྟགས་མཐར་ཡ྄་བ྄་དབྱི་རྒྱུ་མེད་དོ། །ཚིག་མཐར་ཨེཏ྄་ཨོཏ྄་ལས་ཕ་རོལ་གྱི་ཨ་ཡིག་དབྱིའོ། །ཞེས་པ་ཨི་ཐུང་མཐར་སི་དང་། ཨུ་ཐུང་མཐར་བོད་སི་བྱིན་པའི་ཨེཏ྄་མཐའ་སྟེ་ཚིག་ཏུ་གྲུབ་པ་དེའི་ཕ་རོལ་ཏུ་ཨ་ཐུང་བྱུང་ན་དབྱི་ཞིང་པླུ་ཏ་བྲི་བའོ། །དཔེར་ན། བུདྡྷ་ལ་རྣམ་དབྱེ་དང་བོའི་སི་བྱིན། སིའི་ཨི་ཡིག་རྗེས་འབྲེལ་ཡིན་པས་ཕྱིས། ས྄་དེ་རེ་ཕ་དང་ས་དག་གི་རྣམ་པར་བཅད་བྱའོ། །ཞེས་རྣམ་བཅད་བྱས་པས། བུདྡྷཿགྲུབ། དེའི་ཕ་རོལ་ཏུ། ཨཏ྄་ཡོད་པ་ལྟ་བུར། འོག་ནས་འབྱུང་བའི་རྣམ་བཅད་ཀྱི་མཚམས་སྦྱོར་བས། རྣམ་པར་གཅད་བྱ་ཨ་ཡིག་དག་གི་བར་དུ་ཨུའོ། །ཞེས་པས། རྣམ་བཅད་ཀྱི་ས྄་ཨུ་བྱས། ངྷའི་དབྱངས་ཨ་ཕྱིར་ཕྲལ། ཨ་དང་ཨུ་འཕྲད་པས་ཨོ། ངྷ་དེའི་སྟེང་དུ་དྲངས་པས། བུདྡྷོ་གྲུབ། དེ་ཚིག་མཐར་ཨེཏ྄་ཨོཏ྄་ཀྱི་ཨོ་ཡིན། མདོ་དེས། ཨཏ྄འི་ཨ་ཕྱིས། འཇིག་རྟེན་པའི་ཉེ་བར་སྤྱོད་པ་ལས་འཛིན་པ་གྲུབ་བོས། པླུཏ་སྟེ་གསུམ་འཁྱོགས་བྱས་པས། བུདྡྷོ྅ཏྲ་སངས་རྒྱས་འདིར། ཞེས་པ་ལྟ་བུ་སྟེ། འཕྲོས་དོན། ངྷའི་སྲོག་གི་ཨ། རྣམ་བཅད་ཨུ། ཕ་རོལ་གྱི་ཨ་གསུམ་ཀ་འདུས་པས་དོན་དུ་྅་འཁྱོགས་བྲི་ཡང་། དབྱངས་གསུམ་འདུས་པའི་རྟགས་ཡིན་ནོ། །དེའི་དོན་གྱིས་སྔགས་ཀློག་རྣམས་སུ། པླུཏ་ནི་མིག་འཛུམ་གསུམ་གྱི་ཡུན་དུ་བཀླགཅེས་གསུངས་པའོ། །ཚིག་མཐའི་ཨེཏ྄་ཨོཏ྄འི་ཏ྄་ནི། ཨེ་འགྲེང་བུ་གཅིག་ཅན་དང་། ཨོ་རྣ་རུ་གཅིག་ཅན་ཁོ་ན་རེ་ངེས་བཟུང་དགོས་ཆེད་ཏ྄་ཡིག་གིས་མཐའ་འགེགས་པ་ཡིན་ནོ། །དེ་ལྟར། ཨནག་ཏེ། མ་འོངས་པའི། ཨདྡྷཱ་དུས། ཤུདྡྷོ་དག་པ། ཨཧཾ་ངའོ། ཨཏྨཀོ་བདག་ཉིད། ཨ་ཧཾ་ངའོ་རྣམས་བསྒྲུབས་འབྲས། ཨནགཏེ྅དྷཱ་མ་འོངས་པའི་དུས་ན། ཤུདྡྷོ྅ཧཾ་དག་པ་ངའོ། །ཨཏྨཀོ྅ཧཾ་བདག་ཉིད་ངའོ་ཞེས་པ་ལྟ་བུས་མཚོན་པར་བྱའོ། །གསལ་བྱེད་ལ་དབྱངས་རྣམས་མཚམས་སྦྱོར་མི་བྱའོ། །གསལ་བྱེད་དང་། གསལ་བྱེད་དབྱངས་ཡོད་གཉིས་ནང་འཕྲད་པའི། སྔ་མའི་གསལ་བྱེད་དབྱངས་ཡོད་ཀྱི་དབྱངས་ཕ་རོལ་ཏུ་ཡོད་ཀྱང་རྗེས་མའི་གསལ་བྱེད་ལ་དབྱངས་དེ་མཚམས་སྦྱོར་རྒྱུ་མེད་པས་མི་བྱ་སྟེ། དཔེར་ན། བུདྡྷ་དང་། ངྷརྨ་གཉིས་འཕྲད་ཚེ། བུདྡྷ་ངྷརྨ་ཞེས་རང་སར་འཇོག་པ་ལས། བུདྡྷའི་དབྱངས་ཨ་ཕྲལ་ནས། ངྷརྨ་ལ་མཚམས་སྦྱོར་རྒྱུ་མེད་པ་བཞིན་ནོ། །ཞེས་མཚམས་སྦྱོར་ལས་རྐང་བ་གཉིས་པ་རྫོགས་སོ། །

རྐང་བ་གསུམ་པ་མཚམས་སྦྱོར་མི་ཐོབ་པ།

༈རྐང་བ་གསུམ་པ་དབྱངས་ཀྱི་མཚམས་སྦྱོར་དེ་རྣམས་ཀྱི་དམིགས་བསལ་ཚིག་ཟིན་འགའ་ཞིག་མཚམས་སྦྱོར་མི་ཐོབ་པ་ནི། ཨོཏ྄་མཐའ་རྣམས་དང་། ཨ་ཨི་ཨུ་ཨཱ་ནི་པཱ་ཏ་རྣམས་དབྱངས་ལ་རང་བཞིན་གྱིས་སོ། །འདིར་དབྱངས་ཨོཏ྄་མཐའ་མི་ཟད་པ་ཡིན་པ། ངོ་མཚར་བ་དང་། སྐྱོ་བ་དང་། འདྲི་བ་དང་། རྣམ་པར་དཔྱད་པ་ལ་འཇུག་པའི། ཨཧོ་ཨུཏ྄་དང་། ཨཧོ་དེ་མཚམས་སྦྱར་བ། ཨུཏཧོ་སྟེ་ཡང་ན་ལ་འཇུག་པ། བཀྲ་ཤིས་པ་དང་། དེ་མ་ཐག་རྩོམ་པ། འདྲི་བ། མཐའ་དག་རྣམས་ལ་འཇུག་པ། ཨཐོ་སྟེ་ཨོཏ྄་མཐའ་དང་། ཉེར་བསྒྱུར་ཨཱང་ལས་གཞན་པའི་ནི་པཱ་ཏ་སྟེ་མི་ཟད་པའི་ཚིག་ཕྲད་དབྱངས་གཅིག་པ་རྣམས་མཚམས་མི་སྦྱོར་ཏེ། ཅུང་ཟད་དང་དངོས་མེད་བརྗོད་པའི་ཨ། སྐྱོ་བ་དང་ཁྲོས་ཚིག་གི་ཨེ། ཡང་དག་པར་རྟོགས་པ་དང་། ཁྲོ་ཚིག་གི་ཨུ། དྲན་པའི་དོན་དང་། ངག་སྦྱོར་གྱི་ཨཱ་རྣམས་དང་། ཤུགས་བསྟན་དུ། སྲུང་བ་དང་། སྲུང་བྱེད་དང་། གཙང་བ་དང་། བྱ་བ་དང་། རྩོམ་པ་དང་། གྲངས་མེད་པ་རྣམས་ལ། ཨཱུ་ལྷའི་མ་དང་། སྨན་པའི་དོན་ལ། རྀ་ལྀ་ལྷ་མ་ཡིན་གྱི། ལ་དང་། སྨད་པའི་དོན་ལ། རཱྀ་དྲན་པ་དང་། གླུ་ལེན་པ་རྣམས་ལ། ཨི་དྲན་པ་དང་། འགྲན་པ་རྣམས་ལ། ཨཽ་ཕྱག་དར་ལ། ཨཿའཇུག་པ་འདི་རྣམས་ཀྱི་ཕ་རོལ་ཏུ་དབྱངས་གང་བྱུང་ཡང་། མཚམས་མི་སྦྱོར་བར་འཇོག་དགོས་པའོ། །གཉིས་ཀྱི་ཚིག་ཨཽ་མ་ཡིན་པའོ། །ཞེས་མོ་རྟགས་ཨཱ་རིང་མཐར་དང་། མ་ནིང་ཨ་ཐུང་མཐར། རྣམ་དབྱེ་དང་བོའི་ཨཽ་དང་། གཉིས་པའི་ཨཽ་བྱིན་པ། ཤྲདྡྷེ་གཉིས་ཛ་ལེ་གཉིས་ལྟ་བུ། ཨགྣིའི་རྟགས་ཨི་ཐུང་དང་། ཨུ་ཐུང་མཐར། ཨཽ་ཡིག་སྔ་མ་ལའོས། ཨི་དང་། ཨུ་བྱེད་མཚམས་སྦྱོར་བའོ། །ཨཽ་གཉིས་བྱིན་པས་ཚིག་ཏུ་གྲུབ་པ། ཨཽ་ཨིའོ་ཞེས་མཚམས་སྦྱོར་བའོ། །ཧརཱི་གཉིས། པཊཱུ་གཉིསརྣམས་ཀྱིས་མཚོན། ཨཽའི་རང་གཟུགས་འགྱུར་བ་དེའི་ཕ་རོལ་ཏུ་དབྱངས་གང་བྱུང་ཡང་མཚམས་མི་སྦྱོར་བ་སྟེ། དཔེར་ན་འདི་བཞིན་འཇོག ཤྲདྡྷེཨསྟི་དད་པ་དག་ཡོད། ཤྲདྡྷེཨཱཤྲམ་དད་པ་དག་ལ་གནས། ཛལེཨིནྡྲ་ཆུ་དག་དབང་བོ། ཛལེཨོདན་ཆུ་དག་ལ་ཟས། ཧརཱིཨིདཾསེང་གེ་དག་འདི། པཊཱུཨཽཥདྷི་མཁས་པ་དག་ལ་སྨན་ལྟ་བུའོ། །མང་བོའི་ཚིག་ཨམཱིའོ། །ཞེས་པ། སརྦནཱམའི་ཏྱད྄་ནང་ཚན། ཨདས྄་ལ་མང་ཚིག་ཛས྄་བྱིན། ཨདས྄་ཛས྄་བྱིན། དྷུ་ཊ་མང་བོ་ཉིད་ལ་ནི་ཨེའོ་ཞེས་པས། དེའི་སྲོག་གི་དབྱངས་ཨ་ཨིར་བྱེད། མང་བོ་ཉིད་ལ་ཨེཏ྄་ཨཱི་ཉིད་དོ་ཅེས་པས་ཨེ་ཨཱི་བྱེད། ཏྱཏ྄་ཆོ་ག ཏྱད྄་སོགས་ཀྱི་རྣམ་དབྱེ་ལ་ཨའོས་ས྄་ཨར་བསྒྱུར། ཨ་ཡིག་ལ་དབྱིའོས། དའི་སྲོག་གི་དབྱངས་ཨ་ཕྱིས། གསལ་བྱེད་དབྱངས་མེད་ཕྱིར་དྲངས་པས། ཨད་གྲུབ་པའོ། །ཛས྄་ཐམས་ཅད་ཨཱིའོས། ཛས྄་ཨི་བྱེད། དེ་ནས་ཛས྄འི་ཨཱི་དང་མཚུངས་འདྲ་བྱས་པས། ཨདཱི་གྲུབ། དེས་ཚིག་ཏུ་གྲུབ་ཚར་བ་ཡིན་པས། ཨདས྄འི་ཚིག་ལ་མའོ། །ཞེས་པས། ད་མར་བསྒྱུར་བས། ཨམཱི་འདི་རྣམས། དེ་ལྟར་གྲུབ་པའི་ཨཱ་མཱི་འདི་ཁོ་ན་ཉིད། ཕ་རོལ་གྱི་དབྱངས་དང་མཚམས་མི་སྦྱོར་བ་མཚོན་ན། ཧེཨམཱིཨཽཥངྷི། ཀྱེ་འདི་རྣམས་སྨན། ལྟ་བུ་རང་སར་འཇོག་གོ །ཉེ་བར་མ་བསྟན་པ་རྣམས་ཀྱང་ངོ་། །སྒྲ་གཞུང་འདིར་ཉེ་བར་མ་བསྟན་པ། སྐབས་ཐོབ་སྦྱོར་དུ་རུང་བ་གཞུང་གཞན་ནས་བཤད་པ་རྣམས་ཀྱང་ཆོག་པར། ཀྱང་ཞེས་སྡུད་པའི་སྒྲས་བསྟན་པ་སྟེ། གཞན་དུ། རྒྱང་རིང་བོ་ནས་འབོད་པ་དང་། ངུ་བ་དང་། གླུ་ལེན་པ་ལ་སོགས་པའི་དོན་ལ་པླུ་ཏ་སྦྱར་བ་སོགས། འདིར་མ་བཤད་པ། མཚམས་མི་སྦྱོར་རྒྱུ་ཡང་ཡོད་དོ། །ཧེདེདཏྟ྅ཨཏྲ་ཀྱེ་ལྷས་བྱིན་འདིར། ལྟ་བུ། ཡི་གེ་ཤིན་ཏུ་མང་བོ་ནི་ཡུན་དུ་བརྗོད་པ་ཡང་ཡོད་དོ། །འགའ་ཞིག་གིས་དེ་འདྲའི་ཡི་གེ་མེད་ཟེར་བ་ནི། མ་བསླབས་པའི་ཤེས་བྱ་ལ་རྣམ་གཞག་བྱེད་པ་ཙམ་དུ་ཟད་དོ། །ཞེས་པ་མཚམས་སྦྱོར་ལས་རྐང་བ་གསུམ་པ་རྫོགས་སོ། །

རྐང་བ་བཞི་བ་གསལ་བྱེད་ཀྱི་མཚམས་སྦྱོར།

༈རྐང་བ་བཞི་བ་གསལ་བྱེད་ཀྱི་མཚམས་སྦྱོར་བསྟན་པ་ནི། སྡེ་བའི་ཚིག་མཐའ་རྣམས་དབྱངས་དང་སྒྲ་ལྡན་རྣམས་ལ་གསུམ་པ་རྣམས་སོ། །ཞེས་པ། སྡེ་བའི་དང་བོའི་ཚིག་མཐར་སྟེ། ཀ྄་ཙ྄་ཊ྄་ཏ྄་པ྄་འདི་རྣམས་ཀྱི་མཐའ་ཅན་ལ་རྣམ་དབྱེ་དང་བོའི་སི་སོགས་འཇིག་པ་དེ་རྣམས་ཀྱི་ཕ་རོལ་ཏུ་དབྱངས་བཅུ་བཞི་ནས། སྒྲ་ལྡན་ཉི་ཤུ་གང་རུང་བྱུང་ན་སྡེ་པ་རང་རང་གི་གསུམ་པར་མདོ་དེས་བསྒྱུར་བ་སྟེ། ཚིག་མཐའ་མིན་ན་མི་འགྱུར་བའང་ཤེས་དགོས་སོ། །དཔེར་ན། བཱཀ྄་ངག ཨཱིཤྭར྄་དབང་ཕྱུག བཱཀ྄་ངག  ངྷཏུ་ཁམས། སྦྱོར་བས་བཱགཱིཤྭར་ངག་གི་དབང་ཕྱུག བཱགྔྷཏུ་ངག་གི་ཁམས། ཨཙ྄་དབྱངས། ཨནྟ་མཐའ། ཨཙ྄་དབྱངས། གམྦྷིར་ཟབ་མོ་སྦྱོར་བས། ཨ་ཛནྟ་དབྱངས་མཐའ། ཨཛ྄གམྦྷིར་དབྱངས་ཟབ་མོ། ཥཊ྄་དྲུག ཨངྒ་ཡན་ལག  ཥཊ་དྲུག བཱསུ་ནོར། སྦྱོར་བས། ཥཌངྒ་ཡན་ལག་དྲུག  ཥཌ྄བསུ་ནོར་དྲུག ཏཏ྄་དེ། ཨེཥཿའདིར། ཏཏྲ་དེ། ངྷརྨ་ཆོས། སྦྱོར་བས། ཏདེཥཿདེ་འདིར། ཏདྡྷརྨ་དེ་ཆོས། ཏྲིཥ྄ཊུཔ྄་གསུམ་བསྔགས། ཨ་བ་ལི་ཕྲེང་བ། ཏྲིཥ྄ཊུཔ྄་གསུམ་བསྔགས། ལཏཱ་འཁྲི་ཤིང་། སྦྱར། ཏྲིཥ྄ཊུཔབལི་གསུམ་བསྔགས་ཕྲེང་བ། ཏྲིཥ྄ཊུཔླཏཱ་གསུམ་བསྔགས་འཁྲི་ཤིང་། ལྟ་བུ། དབྱངས་དང་སྒྲ་ལྡན་གཞན་ཐམས་ཅད་ལ་དེས་འཕྲུལ་ལོ། །སྡེ་འི་དང་བོ་ཚིག་མཐའ་རྣམས། ལྔ་བ་རྣམས་སུ་སྟེ། ཡང་ན་མ་ཡིན་པར་གསུམ་པ་རྣམས་སོ། །སྡེ་བའི་དང་བོ། ཀ྄་ཙ྄་ཊ྄་ཏ྄་པ྄་དེ་རྣམས་ཀྱི་ཚིག་མཐའི་ཕ་རོལ་ཏུ། སྡེ་བ་དེ་རྣམས་ཀྱི་ལྔ་བ། ང་ཉ་ཎ་ན་མ་རྣམས་སྣང་ན། ཚུ་རོལ་གྱི་ཚིག་མཐའི་སྡེ་བའི་དང་བོ་དེ། རང་རང་གི་ལྔ་བར་མདོ་འདིས་བསྒྱུར་བའམ། ཡང་ན་སྔ་མ་ལྟར་རང་རང་གི་གསུམ་པ་བྱེད་པ་དམ་གའོ། །དཔེར་ན། བཱཀ྄་ངག མན་ཡིད་ལ། བཱངྨནའམ། བཱགྨན་ངག་ཡིད་དོ། ཨཙ྄་དབྱངས། ཉཀཱར་ཉ་ཡིག་ལ། ཨཉྙ་ཀཱརའམ། ཨཛྙཀཱར་དབྱངས་དང་ཉ་ཡིག་གོ །ཥཊ྄་དྲུག ཎཀཱར་ཎ་ཡིག་ལ། ཥཎྞཀཱརའམ། ཥཌྞཀཱར་ཎ་ཡིག་དྲུག་གོ །ཏཏ྄་དེ། ནཱ་ཐ་མགོན་པོ་ལ། ཏནྣཱཐའམ། ཏཏྣཱཐ་དེ་མགོན་པོའོ། །ཏྲིཥ྄ཊུཔ྄་གསུམ་བསྔགས། ངཀཱར་ང་ཡིག་ལ། ཏྲིཥ྄ཊུངྐཱརའམ། ཏྲིཥ྄ཊུཀྐཱར་གསུམ་བསྔགས་ང་ཡིག་གོ །ལྟ་བུས་མཚོན་པར་བྱའོ། །སྡེ་བའི་དང་བོ་རྣམས་ལས་ཤ་ཡིག་དབྱངས་དང་ཡ་་ར་ཕ་རོལ་ཅན་ནི་ཚ་ཡིག་སྟེ། ཡང་ན་མ་ཡིན་ནོ། །ཡང་སྡེ་བའི་དང་བོར། དཔེར་ན། བཱཀ྄་སི་བྱིན། གསལ་བྱེད་མཐའ་ལ་སི་དབྱིའོས། སི་བྱིན་པའི་རྗེས་མེད་ཀྱང་ཚིག་ཏུ་གྲུབ་པ་ལྟ་བུའོ། །སི་བྱིན་མཐར། ཀ྄་ཙ྄་ཊ྄་ཏ྄་པ྄་སྲོག་མེད་ལ། དེའི་ཕ་རོལ་ཏུ། ཤ་ཡིག་ལ་དབྱངས་ཁོག་ཞུགས་དང་། ཡ་བ་རའི་འདོགས་ཅན་བྱུང་ན། མདོ་འདིས་ཤ་ཚ་རུ་འགྱུར་བ་འམ། ཡང་ན་མ་ཡིན་ནོས་མི་འགྱུར་བ་དམ་ག་བྱེད་པ་སྟེ། དཔེར་ན། བཱཀ྄་ངག ཤཱུར་དཔའ་བོ་ལ། བཱཀྪཱུརའམ། བཱཀྴཱུར་ངག་གི་དཔའ་བོ། ཥཊ྄་དྲུག ཤྱཱམ་སྔོ་བསངས། ཥཊ྄ཚ྄ཡཱམ་ཥཊ྄ཤྱཱམ། སྔོ་བསངས་དྲུག  ཏཏ྄་དེ། ཤྭེཏ་དཀར་བོ། ཏཏ྄་ཀྱི་ཏ྄་དང་། ཏྲིཥ྄ཊུ་པ྄འི་པ྄་དེ་ཤ་ཚ་རུ་བསྒྱུར་བའམ་ཤ་དངོས་ཀྱི་མགོ་བོར་དྲངས་པས། སྒྲ་མེད་པ་ལ་དང་བོའོས་ཏ྄་དང་པ྄་སྟེང་མ་ཚ་རུ་བསྒྱུར་བ་རེད། ཏཙྪྭེཏ་འམ། ཏཙ྄ཤྭེཏ་དེ་དཀར་བོ། ཏྲིཥ྄ཊུཔ྄་གསུམ་བསྔགས། སྲུཏི་ཐོས་པ། ཏྲིཥ྄ཊུཙ྄ཚ྄རུཏིའམ། ཏྲིཥ྄ཊུཚ྄ཤ྄རུཏཾ་གསུམ་བསྔགས་ཐོས་པའོ། །དེ་རྣམས་ཉིད་ལས་ཧ་ཡིག་སྔ་མའི་བཞི་་སྟེ་ཡང་ན་མ་ཡིན་ནོ། །ཞེས་པ། སྡེ་འི་དང་བོ་དང་། ཚིག་མཐའ་ཡིན་པར། ཕ་རོལ། ཧ་ལ་དབྱངས་ཡོད་བྱུང་ན། སྡེ་བ་སྔོན་དུ་གང་ཡོད་དེའི་བཞི་པར། ཧ་ཉིད་མདོ་འདིས་བསྒྱུར་ཞིང་། སྡེ་བའི་དང་བོ་དེ་ཡང་རང་སྡེའི་གསུམ་པར་བསྒྱུར་ནས་ར་དྲངས། ཡང་ན་ཧ་ཡིག་སྔ་མའི་བཞི་ར་མ་བསྒྱུར་ཀྱང་། དང་བོའི་ཚིག་མཐའ་གསུམ་པར་བསྒྱུར་ནས་ཕར་དྲངས་པ་གང་བྱས་འདྲ་ཞིང་། དཔེར་ན། བཱཀ྄་ངག ཧིཏ་ཕན་པ་བསྒྲུབས་འབྲས། བཱགྒྷིཏའམ་ཏའམ་བཱགྷིཏཾ་ངག་ལ་ཕན་པ། ཏཏ྄་དེ། ཧེ་ཏུ་རྒྱུ་ལ། ཏདྡྷེཏུའམ་ཏངྷེཏུ་དེ་རྒྱུ། ཨཙ྄་དབྱངས། ཧེརུཀ་ཁྲག་འཐུང་ལ། ཨཛྫྷེརུཀའམ་ཨཛྷེརུ་ཀ་དབྱངས་ཀྱི་ཁྲག་འཐུང་། ཥཊ྄་དྲུག ཧིམན྄་གངས་ཅན། ཥཌྜྷིམན྄་ནམ་ཥཌྷིམན྄་གངས་ཅན་དྲུག། ཨཔ྄་ཆུ། ཧརི་སྦལ་བ། ཨབ྄བྷརིའམ་ཨབྷརི་ཆུ་ཡི་སྦལ་བ། ལྟ་བུས་མཚོན་ནོ། །འདི་ཐད་དཔྱད་པར་བྱ་བ། དཔེར་བརྗོད་ཕྱི་མ་འདི་རྣམས་ཀྱི། ཚིག་མཐའ་སྡེ་བ་དང་བོ་དེ་རྣམས་སྡེབ་སྦྱོར་གྱི་སྐབས་བརྩེགས་པའི་ཕྱིར། འབྲུ་སྔོན་མ་ལྕི་དགོས་པ་ག་དང་ཧ་བརྩེགས་པའི་ཡིག་གཟུགས། གྷ་བྲིས་པ་དེ་འདྲ་མ་གཏོགས། སྡེ་བ་དང་བོའི་བཞི་བ་གྷ་སོགས་ཀྱི་ཡིག་གཟུགས་སུ་འབྲི་བས་འཁྲུལ་གཞི་མི་བསྐྱེད་དོ། །ཏ་ཡིག་ལ་དང་། ཙ྄་ཊ྄འི་སྡེ་བ་རྣམས་ལ་ཕ་རོལ་གྱི་གཟུགས་སོ། །ཤ་ལ་ཙའོ། །དེ་ལ་སྡེ་བ་བཞི་བའི་དང་བོ། ཏ་ཡིག་མཐའ་སི་བྱིན་པས་ཚིག་མཐའ་ལ། ཕ་རོལ་ཏུ། ལ་དང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ་རྣམས་བྱུང་ན། སྔ་མའི་ཏ་དེ། ཕྱི་མར་གང་ཡོད་དེའི་གཟུགས་སུ་མདོ་ཚིག་གིས་བསྒྱུར་ནས་དྲངས། ཕ་རོལ་སྒྲ་མེད་ཚ་ཋ་ཡིན་ན། སླར་ཡང་ཚ་ཋ་དེ་སྒྲ་མེད་པ་ལ་དང་བོའོ། །ཙ྄་ཛྷ྄་དང་ཊ྄་ཌྷ྄་བྱས་ནས་ཕར་དྲངས་དང་། ཏ་ཡིག་དེའི་ཕ་རོལ་ཏུ་ཤ་ཡོད་ན་ཏ་དེ་ཙ་བྱས་ནས་ཕར་དྲངས་པ་སྟེ། དཔེར་ན། ཏཏ྄་ལུནཏི་དེ་གཅོད་པར་བྱེད། ཏལླུན་ཏི་དེ་གཅོད་པར་བྱེད། ཏཏ྄་ཙརཏི་དེ་སྤྱོད་པར་བྱེད། ཏཙྩརཏི་དེ་སྤྱོད་པར་བྱེད། ཏཏ྄་ཚཱཏྲཾ་དེ་གདུགས། ཏཙྪཏྲཾ་དེ་གདུགས། ཏཏ྄་ཛཡ་དེ་རྒྱལ་བ། ཏཛྫཡ་དེ་རྒྱལ་བ། ཏཏ྄་ཛྷཥཡཏི་དེ་ཉ་རུ་བྱེད། ཏཛྫྷཥཡཏི་དེ་ཉ་རུ་བྱེད། ཏཏ྄་ཉཀཱར་དེ་ཉ་ཡིག ཏཉྙཀཱར་དེ་ཉ་ཡིག  ཏཏ྄་ཊཱིཀྐ་དེ་འགྲེལ་བ། ཏཊྚཱིཀྐ་དེ་འགྲེལ་བ། ཏཏ྄་ཋཱཀུར་དེ་ཕྱུག་པོ། ཏཊྠཱཀུར་དེ་ཕྱུག་པོ། ཏཏ྄་ཌཱམརུ་དེ་ཅང་ཏེའུ། ཏཌྜམརུ་དེ་ཅང་ཏེའུ། ཏཏ྄ཌྷོཀཏི་དེ་འབུལ་བར་བྱེད། ཏཌྜྷོཀཏི་དེ་འབུལ་བར་བྱེད། ཏཏ྄་ཎཱཀར་དེ་ཎ་ཡིག ཏཎྞཀཱར་དེ་ཎ་ཡིག ཏཏ྄་ཤཱསན་དེ་བསྟན་པ། ཏཙ྄ཤཱསན་དེ་བསྟན་པ། ཏཏ྄ཤརབྷ་དེ་སེང་གེ་རྐང་བརྒྱད་པ། ཏཙ྄ཤར་བྷ་དེ་སེང་གེ་རྐང་བརྒྱད་པའོ། །ཞེས་པས་མཚོན་ནོ། །ང྄་ཎ྄་ན྄་ཨུཔདྷཱ་ཐུང་ངུ་ཅན་རྣམས་དབྱངས་ལ་གཉིས་སོ། །ཡང་ཚིག་མཐའ་ང྄་ཎ྄་ན྄་སྲོག་མེད་ཀྱི་སྔ་མ་དེ་ལ་ཨུ་པ་དྷཱ་ཟེར་ཞིང། དེ་ཉིད་དབྱངས་ཨ་ནས་ལྀ་བར་ཐུང་བ་དང་། གསལ་བྱེད་ཁོག་ཏུ་ཞུགས་པ་འདུག་ན། མདོ་འདིས། ཕ་རོལ་དབྱངས་ལ་དྲང་རྒྱུའི་ང྄་ཎ྄་ན྄་གང་ཡིན་གཉིས་ལྡབས་སུ་བྲིས་ནས་དྲངས་པ་སྟེ། དཔེར་ན། ཀྲུང྄་ཁྲུང་ཁྲུང་། ཨཏྲ་འདིར། ཆོ་ག་བྱས་པས། ཀྲུདྔཏྲ་ཁྲུང་ཁྲུང་འདིར། སུགཎ྄་(ག་འདི་ཨུ་པ་དྷཱ་ཡིན) ལེགས་བྱས། ཨི་དཾ་འདི། སུགཎྞིདཾ་ལེགས་བྱས་འདི། པཉྩན་ལྔ་ཨུཀྟཾ་སྨྲས། པཉྩནྣུ་ཀྟཾ་ལྔ་སྨྲས་སོ། །ཨུཔདྷཱ་དེ་ཐུང་ངུ་མིན་ན། ང྄་ཎ྄་ན྄་རྣམས་གཉིས་སུ་མི་འགྱུར་བའང་ཤེས་དགོས་སོ། །དེ་ནས་གསལ་བྱེད་ན་མཐའ་མཚམས་སྦྱོར་བའི་མདོ། ན་མཐའ་ཙ་ཚ་དག་ལ་ཤ་ཡིག་སྟེ་སྔ་མར་རྗེས་སུ་ང་རོའོ། །ཊ་ཋ་དག་ལ་ཥ་ཡིག་གོ །ཏ་ཐ་དག་ལ་ས྄་ཡིག་གོ །ལ་ལ་ལའོ། ཛ་ཛྙ་ཉ་ཤ་ཡིག་རྣམས་ལ་ཉ྄་ཡིག་གོ །ཤ་ལ་ཉྩ་དག་ཡང་ནའོ། །ཌ་ཌྷ་ཎ་ཕ་རོལ་ཅན་ནི་ཎ྄་ཡིག་གོ །ཞེས་ཚུ་རོལ་གསལ་བྱེད་ན྄་སྲོག་མེད་སི་ཕྱིས་པ་དེའི་ཕ་རོལ་ཏུ། ཙ་ཚ་ཊ་ཋ་ཏ་ཐ་ལ་རྣམས་བྱུང་ན་སྲོག་མེད་ན྄་དེ། མདོ་ཚིག་གིས་རིམ་པར། ཤ྄་ཥ྄་ས྄་ལ྄་རྣམས་སུ་བསྒྱུར་ནས་དྲང་ཞིང་སྔ་མ་ཨུ་པ་དྷཱ་རིང་ཐུང་གང་ཡོད་དེར་རྗེས་སུ་ང་རོའི་མཚན་མ་བྱེད། ལ྄་ལ་བསྒྱུར་དུས་སྔ་མར་ང་རོ་མི་བཞེད་པའང་འདོད་དོ། །དེ་བཞིན་དུ་ན྄་མཐའི་ཕ་རོལ་དུ། ཛ་ཛྷ་ཉ་ཤ་ཡིག་རྣམས་བྱུང་ན། ན྄་དེ་ཉ་བྱེད། ཡང་ན་དམིགས་བསལ་དུ། ཤ་ལ་ན྄་དེ་ཉྩར་བསྒྱུར། ཌ་ཌྷ་ཎ་ཕ་རོལ་ཡོད་ན། ན྄་དེ་ཎ྄་ཡིག་ཏུ་མདོ་སོ་སོས་བསྒྱུར་ནས་དྲངས་པས་འཐུས་ཤིང་། སྔ་མར་ང་རོ་མི་དགོས་སོ། །དཔེར་བརྗོད་ཀྱང་རིམ་པ་ལྟར་འདྲི་ན། བྷབཱན྄་ཁྱོད། ཙར་ཏི་སྤྱོད་པར་བྱེད། བྷབཱཾཤྩར་ཏི་ཁྱོད་སྤྱོད་པར་བྱེད། བྷབཱན྄་ཁྱོད། ཚདྱཏི་ཁྱོད་སྒྲིབ་པར་བྱེད། བྷབཱཾཤྪདྱཏི་ཁྱོད་སྒྲིབ་པར་བྱེད། བྷབཱན྄་ཁྱོད། ཊཱིཀཏེ་ཁྱོད་འགྲེལ་བར་བྱེད། བྷབཱཾཥྚིཀཏེ་ཁྱོད་འགྲེལ་བར་བྱེད། བྷབཱན྄་ཁྱོད། ཋཀུར་ཕྱུག་པོ། བྷབཱཥྠཀུར་ཁྱོད་ཕྱུག་པོའོ། །བྷབཱན྄་ཁྱོད། ཏརཏི་ཁྱོད་སྒྲོལ་བར་བྱེད། བྷབཱཾསྟརཏི་ཁྱོད་སྒྲོལ་བར་བྱེད། བྷབཱན྄་ཁྱོད། ཐུཌཏི་རྡེག་པར་བྱེད། བྷབཱཾས྄ཐུཌཏི་ཁྱོད་རྡེག་པར་བྱེད་དོ། །བྷབཱན྄་ཁྱོད། ལུན་ཏི་གཅོད་པར་བྱེད། བྷབཱཾལླུནཏི་ཁྱོད་གཅོད་པར་བྱེད་དོ། བྷབཱན྄་ཁྱོད། ལཀྵྨཱི་ཁྱོད་ཕུན་སུམ་ཚོགས་པ། བྷབཱལླཀྵྨཱི་ཁྱོད་ཕུན་སུམ་ཚོགས་པ། བྷབཱན྄་ཁྱོད། ཛཡཏི་རྒྱལ་བར་བྱེད། བྷབཱཉྫཡཏི་ཁྱོད་རྒྱལ་བར་བྱེད། བྷབཱན྄་ཁྱོད། ཛྷཥཡཏི་ཉ་རུ་བྱེད། བྷབཱཉྫྷཥཡཏི་ཁྱོད་ཉ་རུ་བྱེད། བྷཝཱན྄ཁྱོད། ཉཀཱརེཎཉ་ཡིག་གིས། བྷབཱཉྙཀཱརེཎ་ཁྱོད་ཉ་ཡིག་གིས། བྷབཱན྄་ཁྱོད། ཤེཏེ་ཉལ་བར་བྱེད། བྷབཱཉྴེཏེ་ཁྱོད་ཉལ་བར་བྱེད་དོ། །བྷབཱན྄་ཁྱོད། ཤེཏེ། བྷབཱཉ྄ཙ྄ཤེཏེ་ཁྱོད་ཉལ་བར་བྱེད་དེ་ཡང་ན་ཉལ་བའོ། །བྷབཱན྄་ཁྱོད། ཌཱིནཾ་ཁྱོད་འཕུར་རོ། བྷབཱཎྜིནཾ་ཁྱོད་འཕུར་རོ། །བྷབཱན྄་ཁྱོད། ཌྷོཀཏི་འགུལ་བར་བྱེད། བྷབཱཎྜྷོཀ་ཏི་ཁྱོད་འགུལ་བར་བྱེད། བྷབཱན྄་ཁྱོད། ཎཀཱར་ཎ་ཡིག  བྷབཱཎྞཀཱར་ཁྱོད་ཎ་ཡིག་གོ །ཞེས་པས་མཚོན་ཏེ་དཔག་པར་བྱའོ། །གསལ་བྱེད་མ་མཐའ་ཕ་རོལ་གྱི་ཡི་གེ་དང་མཚམས་སྦྱོར་བའི་མདོ། །མ་གསལ་བྱེད་ལ་རྗེས་སུ་ང་རོའོ། །སྡེ་བ་ལ་དེའི་སྡེ་བའི་ལྔ་བར་ཡང་ནའོ། །ཞེས་པས། ཚུ་རོལ་ཏུ་དབྱངས་དང་གསལ་བྱེད་གང་ཡིན་ཡང་དེའི་མཐར་མ་སྲོག་མེད་འདུག་ན། མདོ་སྔ་མ་དེས། རྗེས་སུ་ང་རོར་བསྒྱུར་ཞིང་། ཚུ་རོལ་ཏུ་སྡེ་བ་ལྔ་བོ་གང་རུང་སྣང་ན། མདོ་ཕྱི་མ་དེའི་ལྔ་བར་བསྒྱུར་ནས་ཕར་དྲངས་པ་དམ་ག་བྱེད་པ་སྟེ། དཔེར་ན། སམ྄་ཡང་དག་པ། བྷཱར། ཚོགས་པ་མཚམས་སྦྱར་བས། སཾབྷཱརའམ་སམ྄བྷཱར་ཡང་དག་པར་ཚོགས་པ། ཀམ྄་སྡིག་པ། ཀནི་བཀག་པ། སྦྱར་བས། ཀཾ་ཀནིའམ། ཀངྐནི་སྡིག་པ་བཀག་པ། སམ྄་ཡང་དག་པ། གཏེ་འགྲོ་བ། སཾགཏེའམ་སངྒཏེ་ཡང་དག་པར་འགྲོ་བ། སམ྄་ཡང་དག་པ། ཙར་ཏི་སྤྱོད་པར་བྱེད། སཾཙརཏིའམ་སཉྩརཏི་ཡང་དག་པར་སྤྱོད་པར་བྱེད། སམ྄་ཡང་དག་པ། ཊཱིཀཏེ་འགྲེལ་བར་བྱེད། སཾཊཱིཀ་ཏེའམ་སཎ྄ཊཱིཀཏེ་ཡང་དག་པར་འགྲེལ་བྱེད། སམ྄་ཡང་དག་པ། ཏཐཱ་དེ་བཞིན། སཾ་ཏཐཱའམ་སནྟཐཱ་ཡང་དག་དེ་བཞིན། སམ྄་ཡང་དག་པ། ཕལ་བྷདྲ་འབྲས་བུ་བཟང་བོ། སཾ་ཕལ་བྷདྲའམ་སམྥལ་བྷདྲ་ཡང་དག་འབྲས་བཟང་། ལྟ་བུས་རིགས་འགྲེའོ། །ཞེས་པ་མཚམས་སྦྱོར་ལས། རྐང་བ་བཞི་བ་རྫོགས་སོ། །

རྐང་བ་ལྔ་བ་རྣམ་པར་བཅད་པའི་མཚམས་སྦྱོར།

༈རྐང་བ་ལྔ་བ་རྣམ་པར་བཅད་པའི་མཚམས་སྦྱོར་བསྟན་པ་ནི། རྣམ་པར་གཅད་བྱ་ཙའམ་ཚ་ལ་ཤ྄འོ། །ཊའམ་ཋ་ལ་ཥ྄འོ། །ཏའམ་ཐ་ལ་ས྄འོ། །ཀ་ཁ་དག་ལ་ལྕེ་རྩ་ཅན་ཏེ་ཡང་ན་མ་ཡིན་ནོ། །པ་ཕ་དག་ལ་མཆུ་ཅན་ཏེ་ཡང་ན་མ་ཡིན་ནོ། །ཤ་ཥ་ས་ལ་ཕ་རོལ་གྱི་གཟུགས་སུ་ཡང་ནའོ། །ཞེས་པ་སྔ་མར་སྐྱེས་པའི་རྟགས་མཐའ་ལ་སི་སོགས་བྱིན་ནས་ཚིག་ཏུ་བསྒྲུབས་པའི་རྗེས་རྣམ་བཅད། དེའི་ཕ་རོལ་ཏུ་སྒྲ་མེད་པའི་ཡི་གེ་བཅུ་གསུམ་སྟེ། ཙ་ཚ་ཊ་ཋ་ཏ་ཐ་རྣམས་སྣང་ན་རིམ་བཞིན་མདོ་སོ་སོས། ཤ་ཥ་སར་བསྒྱུར་ནས་ཕ་རོལ་གྱི་མགོར་དྲངས། ཀ་ཁ་པ་ཕ་ཤ་ཥ་ས་རྣམས་ཕ་རོལ་ལ་རིམ་བཞིན། ལྕེ་རྩ་ཅན་མཆུ་ཅན་ཤ་ཥ་སའི་རང་གཟུགས་སུ་མདོ་ཚིག་གིས་བསྒྱུར་ནས་ཕར་དྲངས་པའམ། རྣམ་བཅད་དེ་ཀ་ལྟར་འཇོག་པ་དམ་ག་ཡིན་ལ། སྡེབ་སྦྱོར་སྐབས་དེ་འདྲའི་རྒྱ་ཡིག་གཟུགས་བརྩེགས་པ་མིག་སྔར་མཛེས་མིན་སྟབས་ཀྱིས་ཕལ་ཆེར་རྣམ་བཅད་རང་སར་བཞག་པ་མང་ངོ་། །དཔེར་ན། ནམཿཕྱག་འཚལ་ལོ། །ཙནྡྲབྷདྲཱཡ་ཟླ་བ་བཟང་བོའི་ཆེད་དུ། དེ་མཚམས་སྦྱོར་བས། ནམཤྩནྡྲབྷདྲཱཡཟླ་བ་བཟང་བོའི་ཆེད་དུ་ཕྱག་འཚལ་ལོ། །ནམཿཕྱག་འཚལ་ལོ། །ཚཱཏྲཤུཀླཱཡ་གདུགས་དཀར་བོའི་ཆེད་དུ། ནམཤ྄ཚཱཏྲཤུཀླཱཡ་གདུགས་དཀར་བོའི་ཆེད་དུ་ཕྱག་འཚལ་ལོ། །ནམཿཕྱག་འཚལ་ལོ། །ཊཱཀྐིརཱཛྙེ་འདོད་པའི་རྒྱལ་བོའི་ཆེད་དུ། ནམཥྚཱཀྐིརཱ་ཛྙེ་འདོད་པའི་རྒྱལ་བོ་ལ་ཕྱག་འཚལ་ལོ། །ནམཿཕྱག་འཚལ་ལོ། །ཋཀུར་བཻཤྲབཎཱ་ཡ་ཕྱུག་པོ་རྣམ་སྲས་ཆེད་དུ། རྣམ་དབྱེ་བཞི་འི་ངེ་བྱིན། དེ་ལའོ། །དེ་ཡ་ཨ་ཡིག་སྒྲ་ལྡན་ལ་རིང་བོའོ། །རྟགས་མཐའ་རིང་བའོ། །ནམཥྛཀུར་བཻཤྲབཎཱཡ་ཕྱུག་པོ་རྣམ་སྲས་སྲས་ལ་ཕྱག་འཚལ་ལོ། །ནམཿཕྱག་འཚལ་ལོ། །ཏཱརཱཡཻ། སྒྲོལ་མ་ལ། ནམསྟཱརཱཡེ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ནམཿཕྱག་འཚལ་ལོ། །ཐརཐརཀྲྀཏྭཱ་འདར་འདར་བྱས་ནས། ནམསྠར་ཐརཀྲྀཏྭ་འདར་འདར་བྱས་ནས་ཕྱག་འཚལ་ལོ། །ནམཿཕྱག་འཚལ་ལོ། །ཀན་ཀམུནཡེ་གསེར་ཐུབ་ཆེད་དུ། ནམྈྐནཀམུནཡེའམ་ནམཿཀནཀམུནཡེ་གསེར་ཐུབ་ཀྱི་ཆེད་དུ་ཕྱག་འཚལ་ལོ། །ནམཿཕྱག་འཚལ་ལོ། །ཁགར྄བྷཱཡ་ནམ་མཁའི་སྙིང་བོའི་ཆེད་དུ། ནམྈྑགར྄བྷཱཡ་ནམ་མཁའི་སྙིང་བོ་ལ་ཕྱག་འཚལ་ལོ། །ནམཿཕྱག་འཚལ་ལོ། །པརྞྞཤབཪྱཻ་ལོ་མ་གྱོན་མ་ཅན་གྱི་ཆེད་དུ་། ནམྉྤརྞྞཤཝཪྱེའམ། ནམཿཔརྞྞཤབཪྱཻ། ལོ་མ་ཅན་ལ་འདུད་དོ། །ཀཿཅི། ཕལཾ་འབྲས་བུ། ཀཀྥལལཾའམ། ཀཿཕལཾ་ཅི་འབྲས་བུ། ནམཿཕྱག་འཚལ་ལོ། །ཤཱཀྱམུ་ན་ཡེ་ཤཱཀྱ་ཐུབ་པ་ལ། ནམཤ྄ཤཱཀྱ་མུ་ན་ཡེའམ་ན་མཿཤཱཀྱམུནཡེ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། ནམཿཕྱག་འཚལ་ལོ།། ཥཌངྒཱ་ཡན་ཡག་དྲུག་པ། ནམཥྵཌངྒཱཡའམ་ནམཿཥཌངྒཱཡ་ཡན་ལག་དྲུག་པ་ལ་འདུད་དོ། །ནམཿཕྱག་འཚལ་ལོ། །སཾགྷཱཡ་དགེ་འདུན་ལ། ནམསྶངྒཱཡའམ་ནམཿསངྒཱཡ་དགེ་འདུན་ལ་ཕྱག་འཚལ་ལོ། །ལྟ་བུའོ། ༈ རྣམ་པར་གཅད་བྱ་དེ། ཨ་ཡིག་དག་གི་བར་དུ་ཨུའོ། །ཨ་དང་སྒྲ་ལྡན་དག་གིའང་ངོ་། །ཞེས་པས་ཚུ་རོལ་ཏུ་གསལ་བྱེད་ལ་ཨ་ཐུང་ཁོག་ཞུགས་མཐར་སི་བྱིན་པས། རྣམ་བཅད་དེའི་ཕ་རོལ་ཏུ་ཨ་ཐུང་དང་། སྒྲ་ལྡན་ཉི་ཤུ་གང་རུང་བྱུང་ན། མདོ་ཚིག་གིས་རྣམ་བཅད་ཨུ་ལ་བསྒྱུར་ནས། སྔ་མ་དང་མཚམས་སྦྱོར་ནས་དྲངས། ཕ་རོལ་ཨ་ཐུང་ཡིན་ན་སྔར་བཤད་ལྟར། ཚིག་མཐར་ཨེཏ྄་ཨོཏ྄་སོགས་ཀྱི་ཕ་རོལ་གྱི་ཨ་ཕྱིས། འཇིག་རྟེན་པའི་ཉེར་སྤྱོད་ཀྱིས་པླུ་ཏར་བསྒྱུར་བ་སྟེ། དཔེར་ན། ཤུངྷཿདག་པ། ཨཧཾ་ངའོ། །མཚམས་སྦྱོར་བས། ཤུདྡྷོ྅ཧཾ་དག་པ་ངའོ། །ཡཿགང་། ཨཏྲཾ་འདིར། ཡོ྅ཏྲཾགང་འདིར། ནམཿཕྱག་འཚལ་ལོ། །ཨམོགྷསིདཾདྷཱཡདོན་ཡོད་གྲུབ་པའི་ཆེད་དུ། ནམོ྅མོགྷསིདྡྷཡ་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ།། ནམཿཕྱག་འཚལ་ལོ། །ཨཀྵརབཛྲཱཡ་འགྱུར་མེད་རྡོ་རྗེ་ལ། ནམོ྅ཀྵར་བཛྲཱ་ཡ་འགྱུར་མེད་རྡོ་རྗེ་ལ་འདུད་དོ། །ནམཿཕྱག་འཚལ་ལོ། །བུདྡྷཱ་ཡ་སངས་རྒྱས་ལ། ན་མོ་བུདྡྷཱ་ཡ་སངས་རྒྱས་ལ་ཕྱག་འཚལ་ལོ། །ནམཿཕྱག་འཚལ་ལོ། །ངྷརྨཱཡཆོས་ལ། ནམོདྷཱརྨཱཡ་ཆོས་ལ་ཕྱག་འཚལ་ལོ། །ནམཿཕྱག་འཚལ་ལོ། །རཏྣཱརཱཛཱཡ་དཀོན་མཆོག་རྒྱལ་བོ་ལ། ནམོརཏྣརཱཛཱཡ་དཀོན་མཆོག་རྒྱལ་བོར་ཕྱག་འཚལ་ལོ། །ལྟ་བུས་མཚོན་ནོ། །ཨ་ལས་ཕ་རོལ་དབྱངས་གཞན་ལ་དབྱི་བའམ་ཡང་ན་ཡ྄འོ། །ཨཱཿབྷོ་དག་ལས། དབྱངས་ལ་འདི་ལྟ་ཉིད་དོ། །སྒྲལྡན་ལ་དབྱིའོ། །ཞེས་པ་ཚུ་རོལ་ཨ་ཐུང་རྟགས་མཐར་སི་བྱིན་པ་དང་། ཕ་རོལ་ཏུ་དེ་མིན་པའི་དབྱངས་གཞན་རྣམས་བྱུང་ན་རྣམ་བཅད་དབྱི་བའམ་ཡང་ན་ཡ྄་བསྒྱུར་ནས་དབྱངས་གང་ཡིན་པ་དེའི་སྟེང་དུ་དྲངས་པ་གདམ་ག་དང་། སྐྱེས་པའི་རྟགས་ཨ་ཐུང་ལ་ཛས྄། ཤྲདྡྷཱའི་རྟགས་མཐར། ཛས྄་ཤས྄་སིའོས། ནདཱིཨཱིཨཱུལ། ངསི་བྱིན་པ། དཔེར་ན། དེབཱཿཛས྄། ལྷ་རྣམས། ཏཱརཱཿཛས྄། སྒྲོལ་མ་རྣམས། ཏཱརཱཡཱཿསྒྲོལ་མ་རྣམས་ལ། ཏཱརཱཡེཨཱམཿལ་སྒྲོལ་མའི་ཆེད་དུ། དེབྱཱཿལྷ་མོའི། དེབྱངསི་ལྷ་མོ་ལས། བདྷཱངསི་བུད་མེད་ལས། འདི་རྣམས་ཨཱ་རིང་མཐར་རྣམ་བཅད་བྱས་པ། གཽ་ལ། ཤས྄་བྱིན་པ། གཿ བ་ལང་རྣམས་ལ། སྐྱེས་པའི་རྟགས་ཨཱ་རིང་མཐར། སི་བྱིན་པས། སོམཔཱཿསྐྱེས་པ་ལྟ་བུ་འདི་རྣམས་ལ་ཨཱ་ཟེར། བྷབན྄ཏ྄། སི་བྱིན། བརྩེགས་པའི་མཐའ་དབྱི་འོས། ཏ྄་ཕྱིས། ཨནུཥྐང་དང་ཀྲུཉྩ་དང་། ཨིཏ྄་མ་ཡིན་པའིའོས། ན྄ཨནུཥངྒ་ཕྱིས། བྷབནྟའི་ཝ་ལ་སོགས་པའི་སཾབུདྡྷི་ལ་ཨུ་ཉིད་དོས་བ་ཨུ་བྱས། མཚམས་སྦྱོར་བས། བྷོཿགྲུབ་པའོ། །ལ་བོད་སི་བྱིན་པས། བྷོཿཀྱེ་ཁྱོད་དེ། ཨཱཿབྷོཿདག་གི་ཕ་རོལ་ཏུ་དབྱངས་བཅུ་གཉིས་གང་བྱུང་ཡང་། རྣམ་བཅད་ཕྱིས་པའོ་། །ཡང་ན་ཡ྄་རུ་བསྒྱུར་ནས་དྲངས་པ་ལ་དེ་ལྟ་ཉིད་དོ། །ཞེས་མདོ་སྔ་མ་ལ་ཁ་འཕང་བ་ཡིན། ཕྱིས་པ་ལ་སླར་མཚམས་མི་སྦྱོར་རོ། །ཕ་རོལ་སྒྲ་ལྡན་ཉི་ཤུ་བྱུང་ན་རྣམ་བཅད་དེ་དབྱི་བ་ཡིན། སྒྲ་མེད་བཅུ་གསུམ་བྱུང་ན་རྣམ་བཅད་དེ་མཚམས་སྦྱོར་ལྟར་བྱེད་ཆོག དེ་དག་ཀྱང་མདོ་སོ་སོས་རིམ་བཞིན་བསྒྲུབས་འབྲས། དཔེར་བརྗོད་ན། ནམཿཕྱག་འཚལ་ལོ། །ཨིནྡྲཡ་དབང་བོའི་ཆེད་དུ། ནམཨིནྡྲཡ་ཕྱག་འཚལ་ལོ་དབང་བོའི་ཆེད་དུ། ནམཿཕྱག་འཚལ་ལོ། །ཨཱརྱཱཡ་འཕགས་པའི་ཕྱིར། ནམཨཱཪྱཱཡའམ། ནམཡཱཪྱཱཡ་འཕགས་པའི་ཕྱིར་དུ་ཕྱག་འཚལ་ལོ། །ནམཿཕྱག་འཚལ་ལོ། །ཨཱིཤྭརཱཡ་དབང་ཕྱུག་ལ། ནམཨིཤྭརཱཡའམ་ནམཡཱིཤྭརཱལ་དབང་ཕྱུག་ལ་ཕྱག་འཚལ་ལོ། །དེབཱཿལྷ་རྣམས། ཨཱཧུ་སྨྲས་པ། དེབཱཨཱཧུའམ་དེབཱཡཱཧུ་ལྷ་རྣམས་སྨྲས། ཏཱརཱ་སྒྲོལ་མ་རྣམས། ཨཱཀར་འབྱུང་གནས། ཏཱརཱཨཱཀརའམ་ཏཱརཱཡཱཀར་སྒྲོལ་མ་རྣམས་ཀྱི་འབྱུང་གནས། ཏཱརཱཡ་སྒྲོལ་མ་ལས། ཨཱཡུརྫྙཱ་ན་ཚེ་དང་ཡེ་ཤེས། ཏཱརཱཡཱཨཱཡུརྫྙཱནའམ་ཏཱརཱཡཱཡཱཡུརྫྙཱན། སྒྲོལ་མ་ལས་ཚེ་དང་ཡེ་ཤེས། དེབྱཱཿལྷ་མོའོ།། ཨིནྡྲ་དབང་བོ། དེབྱཱཨིནྡྲའམ། དེབྱཱཡིནྡྲ་ལྷ་མོའི་ཕྱིར་དབང་བོ། དེབྱཱཿལྷ་མོ་ལས། ཨུམ། ཨུམ། དེབྱཱཨུམའམ་དེབྱཱཡུམ། ལྷ་མོ་ལས་ནི་ཨུ་མ། བདྷྭཱཿབུད་མེད་ཀྱི། ཨིཥུ་འདོད་པ། བདྷྭཱཨིཥུའམ་བདྷྭཱཡིཥུ་བུད་མེད་ཀྱི་འདོད་པ། གཱཿབ་ལང་རྣམས་ལ། ཨཔ྄་ཆུ། གཱཨཔ྄འམ་གཱཡཔ྄་བ་ལང་རྣམས་ལ་ཆུ། སོམཔཱཿསྐྱེས་པ། ཨེཥཿའདི། སོམཔཱཨེཥཿའམ། སོམཔཱཡེཥཿསྐྱེས་པ་འདིའོ། །བྷོཿཁྱོད། ཨཏྲ་འདིར། བྷོཨཏྲའམ། བྷོཡཏྲ་ཁྱོད་ནི་འདིར། བྷོཿཀྱེ། ཨཱིཤྭར་དབང་ཕྱུག བྷོཨཱིཤྭརའམ། བྷོཡིཤྭ་ར། ཀྱེ་དབང་ཕྱུག་གོ །ཡེངྷརྨཿགང་ཆོས་རྣམས། ཧེཏུ་རྒྱུ། ཡེངྷརྨཱཧེཏུ། ཆོས་རྣམས་གང་དག་རྒྱུ། བུདྡྷཱཿསངས་རྒྱས་རྣམས། བལ་སྟོབས། བུདྡྷཱབལ་སངས་རྒྱས་ཐམས་ཅད་སྟོབས། བྷོཿཁྱོད། ཨཱསི་ཐོབ་བྱེད། བྷོཨཱསིའམ། བྷོཡཱསི། ཁྱོད་ཐོབ་པར་བྱེད། ཅེས་པ་ལྟ་བུ་རིགས་པས་སྤྲོ་བར་བྱའོ། །ནཱ་མིན྄འི་ཕ་རོལ་ར྄འོ། །སྒྲ་ལྡན་དང་དབྱངས་ཕ་རོལ་ལོ། །ར྄འི་རང་བཞིན་ཅན་ན་ནཱ་མིན྄འི་ཕ་རོལ་མ་ཡིན་པའང་ངོ་། །རེ་ཕ་དང་ས྄་དག་གི་རྣམ་པར་གཅད་བྱའོ། །ཞེས་པའི་ཚུ་རོལ་ནཱ་མིན྄འི་དབྱངས་བཅུ་གཉིས་དངོས་སམ་གསལ་བྱེད་ཀྱི་ཁོག་ཏུ་ཞུགས་པ་དེའི་མཐར་སི་བྱིན་པའི་རྣམ་བཅད་དེ། ཕ་རོལ་ཏུ་དབྱངས་དང་སྒྲ་ལྡན་གང་བྱུང་ཡང་། མདོ་སྔ་མ་དག་གིས་ར྄་རུ་བསྒྱུར་ནས་དྲངས་པ་དང་། ཡང་རྣམ་བཅད་དེ་ར྄་སྲོག་མེད་ལས་གྲུབ་པ་ཡིན་ན། ནཱ་མིན྄་ཚུ་རོལ་ཏུ་ཡོད་མེད་ལ་མི་ལྟོས་པས་ར྄་རུ་བསྒྱུར། འདིའི་ཕ་རོལ་ལ་སྒྲ་ལྡན་ཀྱང་ཡོད་མེད་འདྲ་བ་ཡིན། སྤྱིར་རྣམ་བཅད་ནི་ར྄་སྲོག་མེད་དང་ས྄་སྲོག་མེད་དག་ལས་འབྱུང་བས་ན། རེ་ཕ་དང་ས་དག་གིའོ། །ཞེས་པའོ། །དཔེར་བརྗོད་པ་ཡང་། ཨགྣི་ལ་སི་བྱིན་རྣམ་བཅད་བྱས་པས། ཨགྣིཿམེ། བཡཱུ་རླུང་མཚམས་སྦྱོར་བས། ཨགྣིརྦཡཱུ་མེ་རླུང་། བདྷུཿབུད་མེད། གརྦྷ་སྙིང་བོ། བདྡྷུརྒརྦྷ་བུད་མེད་སྙིང་བོ། གུརུཿབླ་མ། བུདྡྷ་སངས་རྒྱས། གུརུརྦུདྡྷ་བླ་མ་སངས་རྒྱས། གླཽཿཟླ་བ། ཨུདཡ་དར་བའམ། འཆར་། གླཽརུདཡ་ཟླ་བ་འཆར་བ། ཧརིཿའཕྲོག་བྱེད། ཨཱུཧ་བཀོད་པ། ཧརིརཱུཧ་སེང་གེ་བཀོད་པ། པཏིཿབདག་པོ། ཨཱིཤྭར་དབང་ཕྱུག པཏིརཱིཤྭར་བདག་པོ་དབང་ཕྱུག མུནིཿཐུབ་པ། ལྀཀཱར་ལིཡིག མུནིརླྀཀཱར་ཐུབ་པའི་ལྀ་ཡིག ཧརེཿསཻངྒའི། ཨལཾཀར་རྒྱན། ཧརེརཱལཾཀར་སེངྒེའི་རྒྱན། པཊོཿམཁས་པ་ལས། ཛྙེཡཾ་ཤེས་བྱ། པཊོརྫྙེ་ཡཾ་མཁས་པ་ལས་ཤེས་བྱའོ། །ཨནྟར྄་ཡི་ར྄་རྣམ་བཅད་བྱས་པས། ཨནྟཿནང་། གཏ་འགྲོ་བ། ཨཾཏརྒཏ་ནང་དུ་འགྲོ་བ། སྭར྄་སྭར་དབྱངས་སམ་མཐོ་རིས། ཨཏྲ་འདིར། སྭརཏྲམཐོ་རིས་འདིར། སྒྲ་མེད་པ་ལའང་འགྱུར་ཏེ། ཨཧར྄་ཨཧཿཉི་མ། པ་ཏི་བདག་པོ། ཨཧཪྤ་ཏི་ཉིན་མོའི་བདག་པོ་ལྟ་བུའོ། །ཨེཥཿསཿལས་ཕ་རོལ་གསལ་བྱེད་ལ་དབྱིའོ། །རྣམ་པར་བཅད་བྱ་ཕྱིས་པ་ལ་སླར་མཚམས་སྦྱོར་མི་བྱའོ། །ཞེས་པ་འཆད་འགྱུར་སརྦནཱ་མ་ཞེས་མིང་ཐམས་ཅད་པའི་ཏཏ྄་སོགས་བརྒྱད་ཀྱི་བྱེ་བྲག ཨེཏཏ྄་ལ་སི་བྱིན། ཨེཏཏ྄་སྔར་སྨོས་བཞིན་ཏྱད྄་ཆོ་ག་བྱས། སིལ་ས྄འོ། །ཏའིའང་འོས། ཨཏའི་ཏ་དེ་ས་ཡིག་གི་གཟུགས་སུ་བསྒྱུར། སི་རྣམ་བཅད་བྱས་པས། ཨེཥཿའདི་དང་། ཡང་ཏྱད྄་ལ་སི་བྱིན། སྔ་མ་ལྟར་བསྒྲུབས་པས། སཿདེ། འདི་གཉིས་ཀྱི་རྣམ་བཅད་ཕ་རོལ་ཏུ་གསལ་བྱེད་སྒྲ་ལྡན་ཡོད་མེད་ལ་མི་ལྟོས་པར་གང་བྱུང་ཡང་ཕྱིའོ། །རྣམ་བཅད་ཕྱིས་ཟིན་ནས་གོང་འོག་ཏུ་དབྱངས་ཡོད་ཀྱང་མཚམས་སྦྱོར་མི་ཐོབ་པས་མི་བྱ་ཞིང་། དཔེར་ན། ཨེཥཿའདི། ཙརཏི་སྤྱོད་པར་བྱེད། ཨེཥཙརཏི་འདི་སྤྱོད་པར་བྱེད། ཨེཥཿའདི། གཏ་འགྲོ་བ། ཨེཥགཏ་འདི་འགྲོ་བ། ཨེཥཿའདི། བྷདྲ་བཟང་བོ། ཨེཥབྷདྲ་འདི་བཟང་བོ། སཿདེ། དཱད་ཏི་སྦྱིན་པར་བྱེད། སདཱདཏི་དེ་སྦྱིན་པར་བྱེད། སཿདེ། པཱུརྞྞ་གང་བ། སཔཱུརྞྞ་དེ་གང་བ། སུཨེཥཙརཏི་བཟང་བོ་འདི་སྤྱོད་པར་བྱེད། སཨེཥ་དེ་འདི་ལྟ་བུའོ། །ཞར་བྱུང་དུ། ར྄འི་ར་ལ་དབྱི་ཞིང་དབྱངས་སྔ་མའང་རིང་བའོ། །དབྱངས་ལས་ཕ་རོལ་ཚ་ཡིག་གཉིས་སུ་འགྱུར་རོ། །འདིར། ར྄་ཡིག་སྲོག་མེད་ཕ་རོལ་ཏུ་རའི་མགོ་བོར་དྲངས་པ་གཟུགས་མི་མཛེས་པས་ར྄་སྔོན་མ་ཕྱིས། སྔ་མར་དབྱངས་ཐུང་བ་རྣམས་ལ་རིང་ཆ་འདོགས། མཚམས་སྦྱོར་དབྱངས་ཡིག་བཞི་ནས་ཡིན་ན་རིང་ཆ་མི་དགོས། ཡང་ཚུ་རོལ་ཏུ་དབྱངས་རིང་ཐུང་གང་བྱུང་ཡང་། དེའི་ཕ་རོལ་ཏུ་ཚ་ཡོད་པ་དེ་མདོ་ཚིག་གིས་གཉིས་སུ་བསྒྱུར་ནས། སྒྲ་མེད་པ་ལ་དང་བོའོ། །ཚ་སྔོན་མ། ཙར་བསྒྱུར་ཏེ་དྲངས་དགོས་སོ་ཅེས་པ་སྟེ། དཔེར་ན། ཨགྣིར྄་མེ། རཐ་ཤིང་རྟ། ཨགྣིརཐ་མེའི་ཤིང་རྟ། པུནར྄་སླར། རཱཛ་རྒྱལ་བོ། པུནཱརཱཛ་སླར་ཡང་རྒྱལ་བོ། ཧརིཿསེངྒེ་། རཱཛ་རྒྱལ་བོ། ཧརཱིརཱཛ། སེངྒེའི་རྒྱལ་བོ། ཧྲཱིཚ། ཧཱིཙྪ། མླེ། ཚ། མླེཙྪ་དགའ་འཇོམས་ཏེ་ཀླ་ཀློ་ལྟ་བུའོ། །སྭསྟིསིད྄དྷྱཱཏ྄། བདེ་ལེགས་གྲུབ་པར་མཛོད་ཅིག །ཅེས་པ་མཚམས་སྦྱོར་ལས་རྐང་བ་ལྔ་བ་རྫོགས་སོ། །

དེ་ལྟར་མཚམས་སྦྱོར་ལྔའི་རི་མོའི་ལག་ལེན་གོ་དོན་བཅས་དཔྱིས་ཕྱིན་པར་བཤད་པ་འདི་ཉིད་སྒྲ་རིག་ལ་སློབ་པར་འདོད་པའི་ལས་དང་བོ་བ་རྣམས་ལ་ཕན་པའི་ཕྱིར་དུ་ཞེ་ཆེན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པ་མངྒལཾ།། དགེའོ། །དགེའོ། །དགེའོ། །ཟླ་ཚེས་བཟང་བོར་སི་ནཱི་བཱ་ལཱིའམ་ཟླ་བ་གཞོན་ནུས་ཞེ་ཆེན་གསུང་འབུམ་དབུ་ཅན་ལག་བྲིས་མ་པོད་༡༦པ་ལས་ཁོལ་དུ་ཕྱུང་ཞིང་ལན་གཉིས་དག་པར་ཞུས་པ་དོན་གཉེར་ཅན་ལ་ཕན་པར་ཤོག

སྟོང་ཉིད་ཀྱི་དགག་བྱའི་སྐོར་གྱི་དོགས་དཔྱོད་གནད་བསྡུས།

 

སྟོང་ཉིད་ཀྱི་དགག་བྱའི་སྐོར་གྱི་དོགས་དཔྱོད་གནད་བསྡུས།




དགེ་བའི་བཤེས་གཉེན་ཆེན་མོ་དཔལ་ལྡན་གྲགས་པ་མཆོག


    དེ་ཡང་ཇི་སྐད་དུ། འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་་ཆེན་པོས་ལམ་རིམ་ཉམས་མགུར་དུ། ཤེས་རབ་ཟབ་མོའི་དེ་ཉིད་ལྟ་བའི་མིག།སྲིད་པའི་རྩ་བ་དྲུངས་ནས་འབྱིན་པའི་ལམ།། གསུང་རབ་ཀུན་ལས་བསྔགས་པའི་ཡོན་ཏན་གཏེར།། གཏི་མུག་མུན་སེལ་སྒྲོན་མེ་མཆོག་ཏུ་གྲགས།། དེ་ལྟར་ཤེས་ནས་ཐར་འདོད་མཁས་པ་ཡི།། ལམ་དེ་འབད་པ་དུ་མས་བསྐྱེད་པར་མཛད།། རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས།། ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱངས་འཚལ་ལོ།། ཞེས་ཐུགས་བརྩེ་ཆེན་པོས་གདམས་པར་མཛད་པ་ལྟར་སྒྲུབ་པའི་མཆོད་པ་ཅུང་ཟད་རེར་འགྱུར་བར་རེ་སྟེ་དོགས་དཔྱོད་འདི་ལྟར་འགོད་རྒྱུར། དེ་ཡང་འཇུག་པའི་རྣམ་བཤད་ཆེན་པོར་དགག་བྱ་ངོས་འཛིན་སྐབས་སུ། ཆོས་རྣམས་བདེན་མེད་གཏན་ལ་འབེབས་པ་འདི་ལ། བདེན་པར་གྲུབ་ཚུལ་དེ་ཇི་འདྲ་ཞིག་ཡིན་པ་དང༌། བདེན་པར་འཛིན་ཚུལ་ལེགས་པར་མ་ཤེས་ན་དེ་ཁོ་ན་ཉིད་ཀྱི་ལྟ་བ་ངེས་པར་འཆུག་སྟེ། སྤྱོད་འཇུག་ལས།བརྟགས་པའི་དངོས་ལ་མ་རེག་པར།། དེའི་དངོས་མེད་འཛིན་མ་ཡིན།། ཞེས་བརྟགས་པའི་དངོས་པོ་སྟེ་དགག་བྱའི་སྤྱི་ལེགས་པར་བློ་ལ་མ་ཤར་ན། དགག་བྱ་དེ་མེད་པ་ལེགས་པར་འཛིན་མི་ནུས་པར་གསུངས་པས། མེད་རྒྱུའི་བདེན་གྲུབ་དང་། གང་གིས་སྟོང་འི་དགག་བྱའི་རྣམ་པ་བློ་ཡུལ་དུ་ཇི་ལྟ་བ་བཞིན་མ་ཤར་ན། བདེན་མེད་དང་སྟོང་འི་ངོ་བོ་ལེགས་པར་ངེས་པ་མི་སྲིད་དོ།། དེ་ཡང་གྲུབ་མཐའ་སྨྲ་བས་འཕྲལ་དུ་ཀུན་བརྟགས་པའི་བདེན་གྲུབ་དང༌། བདེན་འཛིན་ངོས་ཟིན་པ་ཙམ་གྱིས་མི་ཆོག་པའི་ཕྱིར། ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པ། གྲུབ་མཐས་བློ་བསྒྱུར་མ་བསྒྱུར་གཉིས་ཀ་ལ་ཡོད་པའི་ལྷན་སྐྱེས་ཀྱི་བདེན་འཛིན་དང༌། དེས་བཟུང་བའི་བདེན་གྲུབ་ལེགས་པར་ངོས་ཟིན་པ་ནི་གནད་ཤིན་ཏུ་ཆེ་སྟེ། དེ་ངོས་མ་ཟིན་པར་རིགས་པས་དགག་བྱ་བཀག་ཀྱང༌། ཐོག་མ་མེད་པ་ནས་ཞུགས་པའི་བདེན་ཞེན་ལ་ཅི་ཡང་མི་གནོད་པས་སྐབས་དོན་སྟོར་བར་འགྱུར་བའི་ཕྱིར་རོ།། ཞེས་ཚུལ་འདི་ཉིད་ལ་བསམ་གཞིག་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བར་གསུངས་སོ།།

    དེ་ཡང་དཔེར་ན་གནས་འདིར་སྦྲུལ་མེད་པར་ཤེས་ནས་སྦྲུལ་གྱི་འཇིགས་སྐྲག་བསལ་བ་ལ་ངེས་པར་སྦྲུལ་གྱི་དོན་སྤྱི་ལེགས་པར་ཤར་ནས་སྦྲུལ་གྱི་འཇིགས་པ་བསལ་དགོས་ཀྱི། དེར་སྦྲུལ་མེད་ཅེས་པ་ལ་སྦྲུལ་གྱི་དོན་སྤྱི་མ་ཤར་བར་གླང་ཆེན་གྱི་དོན་སྤྱི་ཤར་ཏེ་དེ་མེད་པར་ངེས་པས་སྦྲུལ་མེད་པར་ངེས་མི་ནུས་པ་ལྟར། སྟོང་་ཉིད་དངོས་ཀྱི་དགག་བྱའི་དོན་སྤྱི་ལེགས་པར་མ་ཤར་བར་དེ་མེད་པར་ངེས་མི་ནུས་སོ།། དེ་ལ་དགག་བྱ་ངོས་མ་ཟིན་པར་འདིའི་དགག་བྱ་ལ་ཁྱབ་ཆེ་ཆུང་གཉིས་བྱུང་ཞིང་། དེ་འགོག་ཚུལ་སོགས་ནི་ལམ་རིམ་ལྷག་མཐོང་ཆེན་མོ་ལས་གསལ་བ་ལྟར་ལས་ལེགས་པར་གོ་ནུས་པས་འདིར་མ་བྲིས་སོ།། འདིར་ནི་ཆོས་རྣམས་བདེན་པར་མ་གྲུབ་ཅེས་པའི་ལོག་ཕྱོགས་ཀྱི་བདེན་གྲུབ་ངོས་འཛིན་ཚུལ་ལ་འདྲ་མིན་བྱུང་བར་སྣང་བས་དེའི་སྐོར་རྗེ་ཡབ་སྲས་ཀྱི་གཞུང་རྣམས་ཕན་ཚུན་དང་གོང་འོག་བསྒྲིགས་ནས་དཔྱད་བསྡུར་ཐོག་བློ་ངོར་འཆར་ཚུལ་རྣམས་བརྗོད་ན། དེ་ལ་གོང་གི་གཞུང་དེར། འོ་ན་དབུ་མ་སྣང་བ་ལས་སྐྱེ་བ་ནི་དེ་ཁོ་ན་ཉིད་ལ་འཇུག་པའི་རིགས་ཤེས་ཀྱིས་སྐྱེ་བར་དང་ཡོད་པར་གྲུབ་པ་ལ་བཤད་པ་ཇི་ལྟར་ཡིན་ཞེ་ན། བདེན་ཏེ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བའི་དོན་དམ་ལ་གཉིས་སུ་ཤེས་དགོས་ཏེ། ཐོས་བསམ་སྒོམ་གསུམ་གྱི་རིགས་ཤེས་ལ་དོན་དམ་དུ་བྱས་ནས། དེས་སྔར་བཤད་པ་ལྟར་མ་གྲུབ་པ་གཅིག་དང༌། བློའི་དབང་གིས་བཞག་པ་མིན་པར་དོན་གྱི་སྡོད་ལུགས་སུ་ཡོད་པ་ལ་དོན་དམ་དུ་ཡོད་པར་བཞག་པ་གཉིས་ཀྱི་དང་བོའི་དོན་དམ་དང་དེའི་ངོར་གྲུབ་པ་ཡང་ཡོད་ལ། ཕྱི་མའི་དོན་དམ་དང་དེར་ཡོད་པ་གཉིས་ཀ་ཡང་མི་སྲིད་དོ།། དེས་ན་ཕྱི་མའི་དོན་དམ་དུ་ཡོད་པ་ལ་སྔ་མའི་དོན་དམ་དུ་ཡོད་པས་ཁྱབ་ཀྱང༌། སྔ་མའི་ཡོད་འཛིན་ནི་ལྷན་སྐྱེས་ཀྱི་བདེན་འཛིན་མིན་ལ། དེའི་བདེན་འཛིན་ལ་ནི་ཕྱི་མའི་ཡོད་འཛིན་དགོས་སོ།། འདི་མ་ཕྱེད་པར་དགག་བྱའི་ཚད་འཛིན་རིགས་པས་དཔྱད་བཟོད་དང༌། དཔྱད་བཟོད་ཀྱི་དངོས་པོ་ལ་འཛིན་པ་མང་དུ་བྱུང་ཞིང༌། ཞེས་སོགས་དང༌། ཐལ་འགྱུར་བའི་དེའི་སྐབས་སུའང༌། དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བའི་དོན་དམ་ལ་ཚུལ་གཉིས་ཤེས་དགོས་པ་ནི་འདིར་ཡང་འདྲ་ལ། ཞེས་སོགས་ཀྱི་དོན་ལ་ཅུང་ཟད་དཔྱད་པར་བྱའོ།།

    དེ་ཡང་འདིར་སྔ་མའི་ཡོད་འཛིན་ཞེས་པ་དེ་གོང་དུ། འོ་ན་དབུ་མ་སྣང་བ་ལས་སྐྱེ་བ་ནི་ཞེས་པ་ནས། སྐྱེ་བར་དང་ཡོད་པར་གྲུབ་པ་ལ་ཞེས་གསུངས་པ་དེ་ཉིད་ཡིན་པར་མངོན་ལ། དེས་ན་དེས་སྔར་བཤད་པ་ལྟར་མ་གྲུབ་པ་ཞེས་པ་དེའང་གྲུབ་པ་གཅིག་དང་ཞེས་གོ་དགོས་པར་མངོན་པས། དང་བོའི་དོན་དམ་དེ་རིགས་ཤེས་དང་དེའི་ངོར་གྲུབ་པ་ནི་ཆོས་ཉིད་དང༌། སྔ་མའི་ཡོད་འཛིན་ནི་རིགས་ཤེས་དེས་སྔར་བཤད་པ་ལྟར་གྲུབ་པ་སྟེ། དེས་གང་ལ་དཔྱད་པའི་གཞི་དེའམ་སྐྱེ་བ་སོགས་ཀུན་རྫོབ་པའི་ཆོས་ཤིག་རྙེད་པའམ་གྲུབ་པར་འཛིན་པ་ལ་བཞེད་པར་གསལ་བས་དེ་གཉིས་ཀྱང་ཁྱད་པར་ཕྱེད་དགོས། དེ་ལས་ཕྱི་མ་འདི་ནི་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་གྲུབ་པར་འཛིན་པ་དང་གནད་གཅིག་ཏུ་གོ་དགོས་པར་སྣང་སྟེ། འདི་མ་ཕྱེད་པར་དགག་བྱའི་ཚད་འཛིན་རིགས་པས་དཔྱད་བཟོད་དང༌། ཞེས་དང༌། ལེགས་བཤད་སྙིང་བོའི་དགག་བྱ་ངོས་འཛིན་སྐབས་སུ། རྟོག་གེ་འབར་བའི་ལུང་དོན་གནད་བསྡུས་ལ། དེ་ལྟར་ན་དབུ་མ་་དང་གཞན་དག་ཡོད་མེད་དཔྱོད་པའི་གཞི་དེ་དོན་དམ་པར་མེད་ཅེས་པའི་དོན་ནི་གཞི་དེ་དོན་དམ་དཔྱོད་པའི་རིགས་ངོར་མེད་པ་སྟེ་དེས་མ་གྲུབ་ཅེས་པའོ།། ཞེས་དང༌། དེའི་འོག་རང་དུ་དབུ་མ་སྣང་བའི་ལུང་དོན་ཡང་དེ་བཞིན་དུ་གསུངས་ཤིང༌། ལམ་རིམ་ཆེན་མོ་ལས། རིགས་པས་དཔྱད་བཟོད་མི་བཟོད་ཀྱི་དོན་ནི་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པ་དེས་རྙེད་མ་རྙེད་ཡིན་ལ། ཞེས་དང༌། རྩ་ཤེ་ཊཱིཀ་ཆེན་རབ་བྱེད་ཉེར་བཞི་པ་ལས། རྙེད་པའི་དོན་ནི་ཤེས་པ་དེས་དེ་ལྟར་གྲུབ་པའི་དོན་ཡིན་ཏེ། ཞེས་སོགས་གསུངས་པ་རྣམས་གུང་བསྒྲིགས་པ་ལས་ལེགས་པར་གོ་ནུས་སོ།།

    དེ་ཡང་གང་ལ་དཔྱད་པའི་གཞི་དེ་དེ་ཉིད་དཔྱོད་པའི་རིགས་པས་རྙེད་པའམ་གྲུབ་པ་ལ་འདོད་དགོས་པར་གོ་སྟེ། ལམ་རིམ་ཆེན་མོ་ལས། དེས་ན་རིགས་པ་དེ་ལ་དེ་ཉིད་ལ་དཔྱོད་པ་ཞེས་བྱ་སྟེ། དེ་ཁོ་ན་ཉིད་དུ་སྐྱེ་འགག་སོགས་གྲུབ་མ་གྲུབ་དཔྱོད་པ་ཡིན་པའི་ཕྱིར་རོ།། དེ་ལྟ་བུའི་རིགས་པ་དེས་དཔྱོད་པའམ་བཙལ་བ་ན་སྐྱེ་བ་ལ་སོགས་པ་ཅུང་ཟད་ཀྱང་མ་རྙེད་པ་ལ་དཔྱད་མི་བཟོད་པ་ཞེས་ཟེར་ལ་རིགས་པ་དེས་མ་རྙེད་པ་ཙམ་གྱིས་ཁེགས་པ་མིན་གྱི་ཡོད་ན་རིགས་པ་དེས་གྲུབ་དགོས་པ་ལས་དེས་མ་གྲུབ་ན་ཁེགས་པ་ཡིན་ནོ།། ཞེས་དང༌། གྲུབ་མཐའ་ཤེལ་གྱི་མེ་ལོང༌ལས། ཐལ་རང་གཉིས་ཀ་གང་ཟག་རིགས་པས་ཞེས་པ་ནས་འཚོལ་ལུགས་དེས་བཙལ་ནས་དཔྱད་གཞི་དེ་རྙེད་རྒྱུ་བྱུང་ན་རིགས་པས་དཔྱད་བཟོད་དུ་གྲུབ་པར་བཞེད། ཅེས་གསུངས་པ་དང༌། གོང་དུ་ལེགས་བཤད་སྙིང་པོ་ལས་ཀྱང༌། གཞི་དེ་དོན་དམ་དཔྱོད་པའི་རིགས་ངོར་མེད་པ་སྟེ་དེས་མ་གྲུབ་ཅེས་པའོ།། ཞེས་གསུངས་པ་སོགས་ཀྱིས་ལེགས་པར་གོའོ་སྙམ་མོ།། དེས་ན་གོང་དུ། དེས་ན་ཕྱི་མའི་དོན་དམ་དུ་ཡོད་པ་ལ་ཞེས་པ་ནས་དེའི་བདེན་འཛིན་ལ་ནི་ཕྱི་མའི་ཡོད་འཛིན་དགོས་སོ།། ཞེས་སོགས་དང༌། ལེགས་བཤད་སྙིང་བོ་ལས། དེས་ན་བདེན་འཛིན་གྱི་ཡུལ་དེར་གྲུབ་ན་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དང་ཆ་མེད་ཀྱི་དངོས་པོ་དང་རང་བཞིན་ཁྱད་པར་གསུམ་ལྡན་སོགས་སུ་ཡོད་པར་འགྱུར་རོ་ཞེས་འཕེན་ནུས་ཀྱི། དེ་དག་ཏུ་འཛིན་པ་བདེན་འཛིན་གྱི་དོན་མིན་ཏེ། དེ་དག་བཀག་ཀྱང་བདེན་མེད་ཀྱི་དོན་མི་འགྲུབ་པའི་ཕྱིར་རོ།། ཞེས་སོགས་ཀྱི་དོན་རྣམས་གཅིག་མཐུན་དུ་གོ་དགོས་པར་སྣང་ངོ༌།།

    འོ་ན་གོང་དུ་སྔ་མའི་ཡོད་འཛིན་ནི་ལྷན་སྐྱེས་ཀྱི་བདེན་འཛིན་མིན་ལ། དེའི་བདེན་འཛིན་ལ་ཕྱི་མའི་ཡོད་འཛིན་དགོས་སོ།། ཞེས་པས་སྔ་མའི་ཡོད་འཛིན་ལ་ཕྱི་མའི་ཡོད་འཛིན་གྱིས་ཁྱབ་པར་བསྟན་པ་ལྟ་བུར་སྣང་བས་དེ་ཉིད་ཇི་ལྟར་ཡིན་སྙམ་ན། དེའི་དོན་དེ་ལྟར་འགྲེལ་མཁན་འདྲ་མིན་བྱུང་བ་ནི་བདེན་མོད། འོན་ཀྱང་རང་བློར་འཆར་ཚུལ་ནི་འདི་ལྟར། སྔ་མའི་ཡོད་འཛིན་ནི་ལྷན་སྐྱེས་ཀྱི་བདེན་འཛིན་མིན་ལ། དེའི་བདེན་འཛིན་ལ་ནི་ཕྱི་མའི་ཡོད་འཛིན་དགོས་སོ་ཞེས་པར། དེའི་བདེན་འཛིན་ཞེས་པའི་དེ་སྒྲ་དེ་སྔ་མའི་ཡོད་འཛིན་ལ་གོ་རྒྱུ་མིན་ཞིང་། ལྷན་སྐྱེས་དེའི་བདེན་འཛིན་ལ་ནི་ཕྱི་མའི་ཡོད་འཛིན་ཐུན་མོང་མིན་པའི་སྡོད་ལུགས་ཀྱི་ངོས་ནས་ཡོད་པར་འཛིན་པ་ཞིག་དགོས་ཚུལ་བསྟན་པར་མངོན་ནོ།།

    ཡང་དེ་ལྟ་བུ་དེ་ལྷན་སྐྱེས་ཀྱི་བདེན་འཛིན་མིན་ནོ་ཞེས་པས་དེ་སྤྱིར་བདེན་འཛིན་ཙམ་མམ་བདེན་འཛིན་ཀུན་བརྟགས་སུ་བསྟན་པར་གོའོ་ཞེ་ན། དེ་ལྟར་མ་ཡིན་ཏེ། གཞན་དུ་ན། འཇུག་པའི་རྣམ་བཤད་དུ། རང་རྒྱུད་པས་འདི་ལྟར་བཞག་པ་ནི། ཐལ་འགྱུར་བའི་དགག་བྱ་འཛིན་པའི་བློ་ལ་ལྟོས་ན་ཤིན་ཏུ་རགས་པས། ཕྲ་བའི་བདེན་འཛིན་ལྷན་སྐྱེས་ནི་མིན་ནོ།། ཞེས་གསུངས་པ་འདིས་ཀྱང་དེ་ལྟར་བསྟན་པར་གོ་དགོས་པར་ཐལ་བར་འགྱུར་རོ།།

    ཡང་འདིར་ལྷན་སྐྱེས་ཀྱི་བདེན་འཛིན་མིན་ལ་ཞེས་གསུངས་པ་དང༌། ལེགས་བཤད་སྙིང་པོ་ལས། རིགས་པ་དེ་དག་གི་གནད་ཀྱིས་རང་རྒྱུད་པས་བཤད་པའི་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་སུ་འདོད་པ་ཡང་ཀུན་བརྟགས་སུ་བྱའོ།། ཞེས་རྟོག་གེ་འབར་བ་དང་དབུ་མ་སྣང་བ་ལས་གསུངས་ཚུལ་དེ་དག་དང༌། རང་རྒྱུད་པས་བཤད་པའི་གང་ཟག་དང་ཆོས་ཀྱི་བདག་འཛིན་དེ་དག་བདེན་འཛིན་དང་བདག་འཛིན་དངོས་ཡིན་མིན་དཔྱད་པ་ལ། དེ་དག་ལྷན་སྐྱེས་མིན་ཚུལ་དང༌། གྲུབ་མཐས་བློ་མ་བསྒྱུར་བ་ལ་མེད་པས་ཀུན་བརྟགས་ཡིན་པར་དོགས་སེལ་མཛད་ཚུལ་ལྟར་ན་བདེན་འཛིན་ཡིན་ན་ལྷན་སྐྱེས་ཡིན་པས་ཁྱབ་པར་བསྟན་པ་ཨེ་ཡིན་སྙམ་དུ་དོགས་སོ་ཞེ་ན། ཚིག་ཟིན་ཙམ་ལས་དེ་ལྟར་དོགས་པ་བྱུང་བ་ནི་བདེན་མོད། འོན་ཀྱང་དེའི་དོན་ཡང་འདི་ལྟར་སྣང་སྟེ། དེ་དག་ནི་གྲུབ་མཐའ་སྨྲ་བས་འཕྲལ་དུ་ཀུན་བརྟགས་པའི་བདེན་པར་གྲུབ་པའམ་བདག་ཏུ་གྲུབ་པར་འཛིན་པ་ཙམ་ཡིན་པས། དེ་འདྲ་བའི་གང་ཟག་གི་བདག་འཛིན་ཀུན་བརྟགས་སུ་འདོད་པ་དེ་མ་ཟད། ཆོས་ཀྱི་བདག་འཛིན་ལྷན་སྐྱེས་སུ་བཤད་པ་རྣམས་ཀྱང་འཛིན་སྟངས་ཀྱི་ཡུལ་དེ་དག་ནི། བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་ཡུལ་དང་ཆེས་མི་མཐུན་པས་དེ་དག་བདག་འཛིན་དང་བདེན་འཛིན་ཡིན་པར་འདོད་མི་རིགས་ཏེ། བདག་འཛིན་ནམ་བདེན་འཛིན་ཡིན་ན་དེའི་ཞེན་ཡུལ་བཀག་ཆ་དེ་ཉིད་བདེན་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་བཀག་ཆ་དང་ཁྱད་པར་མེད་པ་ཞིག་དགོས་པའི་ཕྱིར་རོ།།

    གལ་ཏེ་དེ་ལྟར་མིན་ན་གཞི་བུམ་པ་ལྟ་བུའི་སྟེང་དུ་བདེན་གྲུབ་བཀག་ཆ་ལ་མི་འདྲ་བ་ཡོད་པར་འགྱུར་ཞིང༌། བུམ་པ་བདེན་མེད་འཆར་ཚུལ་ལའང་མི་འདྲ་བ་ཡོད་པར་ཐལ་བར་འགྱུར་བའི་གནད་ཀྱིས་གོང་སྨྲས་དེ་དག་ནི། གྲུབ་མཐའ་སྨྲ་བས་འཕྲལ་དུ་ཀུན་བརྟགས་པའི་བདེན་གྲུབ་བམ་བདག་ཏུ་གྲུབ་པ་འཛིན་པ་ཙམ་ཡིན་གྱི། བདེན་འཛིན་ལྷན་སྐྱེས་ལ་ནི་དེ་ལྟར་འཛིན་པ་མེད་པས་བདེན་འཛིན་དང་བདག་འཛིན་མིན་ཞེས་བསྟན་པ་ལས་བདེན་འཛིན་ལ་ལྷན་སྐྱེས་ཀྱིས་ཁྱབ་པར་བསྟན་པ་མ་ཡིན་ཏེ། རྒྱུ་མཚན་ཞིག་ལ་བརྟེན་ནས་བདེན་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དེ་ལྟར་དུ་གྲུབ་བོ་སྙམ་དུ་འཛིན་པ་དེ་བདེན་འཛིན་ཀུན་བརྟགས་སུ་འདོད་དགོས་ཤིང༌། དེ་ཉིད་བདེན་འཛིན་ཀྱང་འདོད་དགོས་པའི་ཕྱིར་རོ།།

    དེར་མ་ཟད་སྟོང་ཐུན་དུ་དགག་བྱ་ཁྱབ་ཆུང་བ་འགོག་སྐབས། དེ་འདྲའི་རང་བཞིན་ཁྱད་པར་གསུམ་ལྡན་གྱིས་སྟོང་ར་ངེས་པ་ཙམ་དེ་ཉིད་དབུ་མའི་ལྟ་བ་མཐར་ཐུག་པ་ངེས་པར་བཞག་མི་ནུས་པར་ཐལ། རང་བཞིན་ཁྱད་པར་གསུམ་ལྡན་གྱིས་སྟོང་པར་ངེས་པ་དེ། བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་བཟློག་ཕྱོགས་དངོས་མ་ཡིན་པའི་ཕྱིར། དེར་ཐལ། གྲོག་སྦུར་སོགས་ཀྱི་རྒྱུད་ལ་ཁྱད་པར་གསུམ་ལྡན་གྱི་རང་བཞིན་དུ་འཛིན་པའི་དོན་གྱི་འཛིན་སྟངས་མི་སྲིད་པའི་ཕྱིར་རོ།། ཞེས་གསུངས་པ་འདིས་ཀྱང་བདེན་འཛིན་ཡིན་ན་དེའི་འཛིན་སྟངས་དེ་བཞིན་ལྷན་སྐྱེས་ཀྱི་འཛིན་སྟངས་དང་ཁྱད་པར་མེད་པ་ཞིག་ཡིན་དགོས་པར་གསལ་བར་བསྟན་ཞིང༌། དེས་ན་གྲུབ་མཐའ་སྨྲ་བས་འཕྲལ་དུ་ཀུན་བརྟགས་པའི་བདེན་འཛིན་ཀུན་བརྟགས་དང༌། སྤྱིར་བདེན་འཛིན་ཀུན་བརྟགས་གཉིས་ཁྱད་པར་ལེགས་པར་ཕྱེད་དགོས་པར་མངོན་ཞིང། དེ་ལྟར་ཕྱེད་ན་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱིས་བདེན་འཛིན་ཀུན་བརྟགས་ཀྱི་ཞེན་ཡུལ་མེད་པའང་རྟོགས་ཞེས་འདོད་དགོས་པའི་གནད་ཀྱང་ལེགས་པར་གོ་ནུས་སོ།།

    འདིར་དཔྱད་གཞི་གནད་དོན་ཆེ་བ་ཞིག་ལ། གལ་ཏེ་སྔ་མའི་ཡོད་འཛིན་ཅེས་པ་དེ་ཉིད་བདེན་འཛིན་དངོས་མིན་ན། འཇུག་པའི་རྣམ་བཤད་དུ། མཉམ་ཉིད་བཅུའི་ངོས་འཛིན་སྐབས་སུ། དེ་ལ་དང་བོ་ནི། མཚན་མ་མི་འདྲ་བར་སྣང་བ་རྣམས་འཕགས་པའི་མཉམ་བཞག་གི་ངོ་ན་མེད་པར་ཆོས་ཀུན་འདྲ་བའོ།། ཞེས་དང༌། བདེན་གཉིས་སྐབས་སུ། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དེས་ཕུང་སོགས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་ཕྱིར་དང༌། ཕུང་སོགས་རྣམས་གཟིགས་ངོ་དེར་མ་གྲུབ་པ་དེ་དག་གི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་དང༌། ཞེས་སོགས་གསུངས་པ་ལྟར་དེ་དག་ཀྱང་སྟོང་ཉིད་དམ་ཆོས་ཉིད་དུ་འདོད་དགོས་ཤིང༌། དེ་དག་གི་བཟློག་ཕྱོགས་འཛིན་པ་རྣམས་ཀྱང་བདེན་འཛིན་དུ་འདོད་དགོས་པས། དེ་དག་གི་འཛིན་སྟངས་དེ་བཞིན་བདེན་འཛིན་ལྷན་སྐྱེས་ལ་ཇི་ལྟར་ཡོད་ཅེས་དོགས་ཚུལ་སྨྲའོ།།

    འདི་ནི་དཔྱད་གཞི་ཤིན་ཏུ་འགངས་ཆེ་བས་ཇི་བཞིན་བཤད་པར་ནུས་པ་དཀའ་ཡང༌། རྗེ་རིན་པོ་ཆེ་རང་གི་གསུང་གོང་འོག་དང་ཕན་ཚུན་གུང་བསྒྲིགས་ཏེ་དཔྱད་ན་འདི་ལྟར་འཆར་ཏེ། དེ་ཡང་ཕུང་སོགས་རྣམས་རང་རང་གི་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་གཟིགས་ངོར་མ་གྲུབ་པ་ཞེས་པ་ནི། ཕུང་སོགས་དེ་ཁོ་ན་ཉིད་དུ་མ་གྲུབ་པ་ལ་གོ་དགོས་ཏེ། རྩ་ཤེ་ཊཱིཀ་ཆེན་རབ་བྱེད་བཅོ་ལྔ་་ལས། ཡེ་ཤེས་དེས་ནི་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་དང༌། དངོས་པོ་རྣམས་དེ་ཁོ་ན་ཉིད་དུ་མ་གྲུབ་པ་དེ་ཉིད་དེ་དག་གི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་དང༌། ཞེས་གསུངས་པ་འདིས། གོང་དུ་འཇུག་པའི་རྣམ་བཤད་ལས། ཕུང་སོགས་རྣམས་གཟིགས་ངོར་དེར་མ་གྲུབ་པ་དེ་དག་གི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་དང་ཞེས་པའི་དོན་གསལ་བར་བསྟན་ལ། དེ་ཡང་དེ་ཁོ་ན་ཉིད་དུ་གྲུབ་པ་དང་བདེན་པར་གྲུབ་པ་སོགས་ནི་མིང་གི་རྣམ་གྲངས་ཙམ་སྟེ། དེ་ཡང་རྩ་ཤེ་ཊཱིཀ་ཆེན་རབ་བྱེད་དང་བོ་ལས། དེ་ལ་དབུ་མ་རང་རྒྱུད་པ་རྣམས་ནི་དོན་དམ་པ་དང་ཡང་དག་པ་དང་བདེན་པ་དང་དེ་ཁོ་ན་ཉིད་ཀྱི་ཁྱད་པར་སྦྱར་ན་ཡོད་པར་དགག་ནུས་ལ་དེ་དག་མ་སྦྱར་ན་ངོ་བོ་ཉིད་ཀྱིས་སམ་ངོ་བོ་ཉིད་ལས་ཡོད་པ་སོགས་སྦྱར་ཡང་འགོག་མི་ནུས་པར་བཞེད་དོ།། སངས་རྒྱས་བསྐྱངས་དང་ཟླ་བའི་ལུགས་ནི་ཁྱད་པར་སྔ་ཕྱི་གཉིས་གང་རུང་གཅིག་སྦྱར་ན་གཉིས་པ་མི་དགོས་པས་དེ་གཉིས་འདྲ་བར་བཞེད་ཀྱི་དགག་བྱ་ལ་དོན་དམ་གྱི་ཁྱད་པར་མི་སྦྱོར་བ་ཡང་མིན་ལ་དེ་གཉིས་གང་ཡང་མ་སྦྱར་བར་སྐྱེ་བ་སོགས་འགོག་ནུས་པ་ཡང་མི་བཞེད་དོ།། ཞེས་གསུངས་པའི་ཕྱིར་རོ།།

    དེ་བཞིན་དུ་འཇུག་པའི་རྣམ་བཤད་དུ། དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བའི་དོན་དམ་ལ་གཉིས་ཤེས་དགོས་ཏེ། ཞེས་གསུངས་པ་ལྟར། ལེགས་བཤད་སྙིང་བོ་དུའང་དོན་དམ་དུ་མེད་ཅེས་པའི་དོན་ལ་གོ་ཚུལ་སྔ་ཕྱི་གཉིས་གསུངས་པའི་གཙོ་བོའམ་དངོས་དེ་ཕྱི་མ་ཉིད་ལ་ངོས་འཛིན་གནང་འདུག་པ་ཡང༌། རྟོག་གེ་འབར་བ་དང་དབུ་མ་སྣང་བའི་ལུང་དོན་ཚིག་ཟིན་སྔར་ལྟར་བཀྲལ་རྗེས་སུ་དོན་དམ་དུ་མེད་པའི་དོན་གནད་བསྡུས་ཏེ་གསུངས་པ་ལ། ཡང་ན་དེ་ཁོ་ན་ཉིད་ཀྱི་ངོ་བོ་ལ་བྱས་ནས་དེ་ཁོ་ན་ཉིད་ཀྱི་རྣམ་པར་དཔྱད་ན་མེད་དོ་ཞེས་རྒྱན་གྱི་འགྲེལ་བཤད་ལས་བཤད་དོ།། དངོས་པོའི་སྐྱེ་བ་ལ་སོགས་པ་དེ་ཁོ་ན་ཉིད་དུ་ཡོད་ན་དེ་དག་གི་དོན་དམ་པ་དང་དེ་ཁོ་ན་འཇལ་བའི་བློས་འགྲུབ་དགོས་ན། དེས་མ་གྲུབ་པའི་ཕྱིར་སྐྱེ་བ་ལ་སོགས་པ་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་དུ་མ་གྲུབ་ཅེས་སྟོན་པ་ཡིན་པས་དེ་ཉིད་ལ་དོན་དམ་པར་སྐྱེ་བ་མེད་པ་ཞེས་བྱའོ།། ཞེས་གསུངས་པ་དང༌། འོ་ན་སྐྱེ་བ་ཇི་འདྲ་ཞིག་ཏུ་གྲུབ་ན་དེ་ཁོ་ན་ཉིད་དུ་གྲུབ་པ་ཡིན་སྙམ་ན། ཞེས་དང་།  དེས་དོན་དམ་པ་དང་དེ་ཁོ་ན་ཉིད་དུ་སྐྱེ་བ་ཡོད་ཅེས་པ་ཡང་ཤེས་པར་བྱ་ལ་ཆོས་གཞན་ཐམས་ཅད་ཀྱི་དོན་དམ་པར་དང་དེ་ཁོ་ན་ཉིད་དུ་དང་བདེན་པའི་སྐྱེ་བ་སོགས་ཡོད་མེད་ཀྱང་ཤེས་པར་བྱའོ།། ཞེས་དང་། ལམ་རིམ་ཆེན་མོ་ལས། དེས་ན་རིགས་པ་དེ་ལ་དེ་ཉིད་ལ་དཔྱོད་པ་ཞེས་བྱ་སྟེ། དེ་ཁོ་ན་ཉིད་དུ་སྐྱེ་འགག་སོགས་གྲུབ་མ་གྲུབ་དཔྱོད་པ་ཡིན་པའི་ཕྱིར་རོ།། ཞེས་གསུངས་པ་སོགས་ཀྱིས་གོ་ལ། དེ་ཡང་ཕུང་སོགས་དེ་ཁོ་ན་ཉིད་དུ་ཡོད་ན་ཞེས་ཁྱད་པར་སྦྱར་བ་དེས་སྤྱིར་ཕུང་སོགས་དེ་ཁོ་ན་ཉིད་འཇལ་བའི་བློའི་ངོར་མེད་པ་ཙམ་དང་མ་གྲུབ་པ་ཙམ་ལ་གོར་མི་རུང་བར་བསྟན་པར་སྣང་ངོ༌།།

    དེ་བཞིན་དུ་མཉམ་ཉིད་བཅུའི་དང་བོའི་ཚུལ་དེའང་གོང་དུ་བཤད་པ་དང་གཅིག་མཐུན་དུ་བྱ་དགོས་ཏེ། རྩ་ཤེ་ཊཱིཀ་ཆེན་རབ་བྱེད་དང་བོ་ལས། འོ་ན་རྟེན་འབྱུང་ལ་འགག་སོགས་དེ་ཁོ་ནར་གྲུབ་པ་འགོག་པའི་སྐབས་འདིར་ཟག་མེད་ཡེ་ཤེས་ཀྱི་ཡུལ་གྱི་རང་བཞིན་ལ་ལྟོས་པའི་འགག་སོགས་མེད་ཅེས་སྟོན་པ་ཅི་ཡིན་ཞེ་ན། ཁྱད་གཞི་རྟེན་འབྱུང་གང་ལ་འགག་སོགས་གང་ཡོད་པའི་ཁྱད་གཞི་དེ་འགག་སོགས་དེ་དང་དེར་ཡོད་པ་ཁྱད་གཞི་དེའི་རང་བཞིན་ནམ་གཤིས་ཡིན་མིན་དཔྱད་ནས་ཡིན་པ་འགོག་པ་དེ་རྟེན་འབྱུང་ལ་འགག་སོགས་དེ་ཁོ་ནར་གྲུབ་པ་འགོག་པའི་དོན་ནོ།། རྟེན་འབྱུང་གི་འགག་སོགས་གཤིས་ཀྱི་འགག་སོགས་སུ་སོང་ན་ཟག་མེད་ཡེ་ཤེས་ཀྱི་ཡུལ་གྱི་རང་བཞིན་དུ་གྲུབ་པའི་འགག་སོགས་སུ་འགྲོ་ཞིང༌། ཟག་མེད་ཀྱི་ཤེས་པའི་ཡུལ་གྱི་རང་བཞིན་ཞེས་པ་ཡང་རྟེན་འབྱུང་གི་ཡིན་ལུགས་ལ་ཟེར་བས་འགག་སོགས་རང་རང་གི་ཁྱད་གཞི་རྟེན་འབྱུང་གི་ཡིན་ལུགས་སུ་མ་གྲུབ་ཅེས་པའི་དོན་ཏོ།། ཞེས་གསུངས་པ་དང༌། དེ་བཞིན་དུ་ལེགས་བཤད་སྙིང་བོ་ཐལ་འགྱུར་བའི་ལུགས་ཀྱི་མཚན་ཉིད་གསུམ་གྱི་རྣམ་གཞག་སྐབས་ལས། གཟུགས་ནས་སངས་རྒྱས་ཀྱི་བར་ལ་ངོ་བོ་ཉིད་དུ་བརྟགས་པ་ཀུན་བརྟགས་སུ་བཤད་པའི་ངོ་བོ་ཉིད་ནི་གཤིས་སམ་རང་བཞིན་ལ་བྱ་ཞིང༌། གཞན་དབང་དེར་ཡོད་པ་ཀུན་བརྟགས་ཡིན་ཡང་སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡུལ་ན་དེ་ཡོད་པ་ཡོངས་གྲུབ་བོ།། དེ་ཡང་གཞན་དབང་ཡིན་ལུགས་སུ་ཡོད་པའི་ཀུན་བརྟགས་ཀྱིས་སྟོང་་དེ་གཞན་དབང་གི་ཡིན་ལུགས་ཡིན་པ་དེ་ཉིད་སངས་རྒྱས་ཀྱི་དོན་དམ་མཁྱེན་པའི་ཡུལ་ན་ཡོད་པས་ཡིན་ལུགས་གཅིག་ཉིད་གཞི་སོ་སོ་ལ་ལྟོས་ནས་ཀུན་བརྟགས་དང་ཡོངས་གྲུབ་གཉིས་སུ་འཇོག་པའོ།། ཞེས་གསུངས་པ་དང༌། དེ་དག་དང་མཐུན་པར་འཇུག་པའི་རྣམ་བཤད་དུ་ནང་སྟོང་་ཉིད་ཀྱི་དོན་གསུངས་སྐབས་སུ། གཞན་དག་གིས་རང་བཞིན་གྱིས་གྲུབ་པ་མི་འདོད་པ་དང༌། རང་བཞིན་ཁས་བླངས་པ་གཉིས་འགལ་བར་རྩོད་པའི་ལན་དུ། རང་བཞིན་བཀག་པ་ནི་མིག་སོགས་གཤིས་ལུགས་ཡིན་པ་བཀག་པ་ཡིན་ལ། རང་བཞིན་ཁས་བླངས་པ་ནི་བཀག་པ་དེ་མིག་སོགས་ཀྱི་ཆོས་ཉིད་ཅེས་པའི་རང་བཞིན་དུ་འདོད་པ་ཡིན་པས། དངོས་པོ་རང་བཞིན་གྱིས་གྲུབ་པ་བཀག་པ་དང༌། དངོས་པོའི་ཆོས་ཉིད་ཀྱི་རང་བཞིན་ཁས་ལེན་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ།། ཞེས་གསུངས་པ་སོགས་ལས་ལེགས་པར་གོ་བར་ནུས་སོ་སྙམ་མོ།།

    མདོར་བསྡུས་ན། དཔྱད་གཞི་གང་ཞིག་རང་རང་གི་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་ཤེས་ཀྱི་ངོར་མ་གྲུབ་པ་དེ་ཉིད་སྟོང་ཉིད་ཕྲ་མོ་ཡིན་ཚུལ་གསུངས་པ་ཐམས་ཅད་དཔྱད་གཞི་དེ་ཉིད་རང་རང་གི་དེ་ཁོ་ན་ཉིད་དམ་གཤིས་ལུགས་སམ་ཡིན་ལུགས་དང་གནས་ལུགས་སུ་དང་རང་བཞིན་དུ་མ་གྲུབ་པ་ལ་གོ་དགོས་པར་སྣང་སྟེ། གཞན་དུ་ན་གོང་དུ་འཇུག་པའི་རྣམ་བཤད་ལས། འདི་མ་ཕྱེད་པར་དགག་བྱའི་ཚད་འཛིན་རིགས་པས་དཔྱད་བཟོད་དང༌། དཔྱད་བཟོད་ཀྱི་དངོས་པོ་ལ་འཛིན་པ་མང་དུ་བྱུང་ཞིང༌། དེ་ལ་བརྟེན་ནས་དོན་དམ་བདེན་པ་གཞི་མ་གྲུབ་པ་དང༌། བདེན་གྲུབ་ཏུ་འདོད་པའི་ནོར་བ་མང་དུ་བྱུང་སྣང་ངོ༌།། ཞེས་སོགས་གསུངས་པའི་ཕྱོགས་སྔ་དག་གི་འདོད་པ་དང་དོན་གྱིས་གཅིག་མཐུན་དུ་འགྱུར་བར་ཡང་དོགས་སོ།།

    ཡང་གལ་ཏེ་མྱུ་གུའི་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་ཤེས་དེས་རང་གི་ངོ་ན་མྱུ་གུ་དང་དེ་བདེན་གྲུབ་གཉིས་ཀ་མེད་པར་རྟོགས་པར་འདོད་དགོས་པས་ཇི་སྐད་བཤད་པ་དེ་དག་མི་འཐད་དོ་སྙམ་ན། རིགས་ཤེས་དེའི་ངོར་མྱུ་གུ་མེད་ཀྱང་རང་ཉིད་ཀྱི་ངོར་དེ་མེད་པ་རང་ཉིད་ཀྱིས་རྟོགས་དགོས་པ་མིན་ཏེ། དེས་མྱུ་གུ་ཡོད་མེད་བཙལ་བ་མ་ཡིན་པའི་ཕྱིར་ཏེ། ལམ་རིམ་ཆེན་མོ་ལས། དེ་ཡང་བཞི་བརྒྱ་འི་འགྲེལ་་ལས། ཁོ་བོ་ཅག་གི་རྣམ་པར་དཔྱོད་པ་ནི་རང་བཞིན་འཚོལ་བ་ལྷུར་བྱེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་གསུངས་པ་ལྟར། གཟུགས་སོགས་ལ་སྐྱེ་འགག་ལ་སོགས་པའི་རང་བཞིན་ཡོད་མེད་འཚོལ་བ་ཡིན་ནོ།། དེ་ལྟར་ན་གཟུགས་ལ་སོགས་པ་ལ་རང་གི་ངོ་བོས་གྲུབ་པའི་སྐྱེ་འགག་ཡོད་མེད་བཙལ་བ་ཡིན་གྱི། རིགས་པ་དེས་སྐྱེ་འགག་ཙམ་འཚོལ་བ་མིན་ནོ།། དེས་ན་རིགས་པ་དེ་ལ་དེ་ཉིད་ལ་དཔྱོད་པ་ཞེས་བྱ་སྟེ་དེ་ཁོ་ན་ཉིད་དུ་སྐྱེ་འགག་སོགས་གྲུབ་མ་གྲུབ་དཔྱོད་པ་ཡིན་པའི་ཕྱིར་རོ།། ཞེས་དང༌། རྩ་ཤེ་ཊཱིཀ་ཆེན་རབ་བྱེད་གསུམ་པ་ལས། རིགས་པས་དཔྱོད་པ་ནི་མིག་ལ་སོགས་པ་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཡོད་མེད་འཚོལ་བ་ཡིན་གྱི་ཡོད་མེད་ཙམ་འཚོལ་བ་མིན་པས། ཞེས་སོགས་གོང་གསལ་བཞི་བརྒྱ་འི་འགྲེལ་་དང་བཅས་ཏེ་གསུངས་པའི་ཕྱིར་རོ།།

    གལ་ཏེ་སྐྱོན་མེད་དེ། དེས་སྐྱེ་འགག་ཙམ་འཚོལ་བ་མིན་པར་བསྟན་གྱི། སྐྱེ་འགག་མ་བཙལ་བར་མ་བསྟན་པས་སྐྱེ་འགག་ཀྱང་འཚོལ་བ་ཡིན་ནོ་སྙམ་ན། དེ་ལྟར་ན་འཇུག་པའི་རྣམ་བཤད་དུ། སྐྱེ་བ་འདི་ནི་བྱེད་པོ་མེད་པར་ཞེས་པའི་ཐད། གལ་ཏེ་སྐྱེ་བ་འདི་ནི་ཞེས་པས་སྐྱེ་བ་བཀག་པ་ནི་རང་གི་ངོ་བོས་གྲུབ་པའི་སྐྱེ་བ་ཙམ་བཀག་གི  ས་བོན་ལས་མྱུ་གུ་སྐྱེ་བ་ཙམ་འགོག་པ་གཏན་མིན་ནོ།། ཞེས་གསུངས་པ་འདིས་ཀྱང་ས་བོན་ལས་མྱུ་གུ་སྐྱེ་བ་ཙམ་འགོག་པ་མིན་པར་བསྟན་གྱི་སྐྱེ་བ་འགོག་པ་མིན་པར་མ་བསྟན་ཞེས་སྨྲ་ན་ལན་ཅི་ཡོད།

    དེར་མ་ཟད་དེས་སྐྱེ་འགག་ཀྱང་འཚོལ་བར་འདོད་ན། དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་སྐྱེ་འགག་སོགས་ཀུན་རྫོབ་པའི་ཆོས་ལ་དཔྱོད་པ་བྱེད་པ་ཡིན་པར་འདོད་དགོས་པར་འགྱུར་ལ། དེ་ལྟར་འདོད་པ་ཡང་མི་རིགས་པའི་ཚུལ་ནི། འཇུག་པའི་རྣམ་བཤད་ལས། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བས་དགག་སྐབས་སུ། དེ་ལྟར་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་ཀུན་རྫོབ་པ་རྣམས་ལ་དཔྱོད་ན་ནི། འཇིག་རྟེན་པའི་ཐ་སྙད་ཐམས་ཅད་ཉམས་པར་འགྱུར་བར་ཤེས་པར་བྱའོ།། ཞེས་དང༌། དོན་དམ་པར་སྐྱེ་བ་མི་ཁེགས་པར་ཐལ་བས་དགག་སྐབས་སུ། ཐ་སྙད་པའི་དོན་ལ་དོན་དམ་པའི་དཔྱད་པ་བྱར་མི་རུང་བར་ལན་དུ་མར་གསུངས་པའི་ཕྱིར་རོ།། ཞེས་དང༌། རྩ་ཆེན་ཊཱིཀ་ཆེན་རབ་བྱེད་དང་བོ་ལས། འདི་ལྟར་མྱུ་གུ་ལ་སོགས་པ་བདེན་པར་ཡོད་མེད་དཔྱོད་པ་ནི་སྔར་ལྷན་སྐྱེས་ཀྱིས་བདེན་པར་ཡོད་པར་འཛིན་ཚུལ་བཤད་པ་ལྟར་དུ་ཡོད་མེད་དཔྱོད་པ་ཡིན་གྱི། མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་ཡོད་མེད་དང༌། རིགས་ཤེས་ཀྱིས་གྲུབ་མ་གྲུབ་ཏུ་དཔྱོད་པ་མིན་པས། རིགས་ཤེས་ཀྱིས་གྲུབ་པ་ཙམ་ཞིག་ཁས་བླངས་པ་ལ་བདེན་པར་གྲུབ་པའི་དོན་ཁས་བླངས་ཞེས་སྨྲ་བའི་དོན་མེད་དོ།། ཞེས་གསུངས་པ་སོགས་ཀྱིས་ལེགས་པར་གོ་ནུས་སོ།།

    དེར་མ་ཟད། མཁས་མཆོག་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་བསྟོད་པ་དོན་ལྡན་མའི་རང་འགྲེལ་ལས། དོན་དམ་དཔྱོད་པའི་རིགས་པས་བཙལ་རྒྱུའང་ཆོས་རྣམས་ཀྱི་རང་གི་ངོ་བོས་གྲུབ་པའི་རང་བཞིན་བཙལ་བ་ཡིན་པས་དེ་རྙེད་རྒྱུ་མ་བྱུང་བ་ན་རང་བཞིན་ཁེགས་པར་འགྲོ་ཡི། སྐྱེ་བ་ཙམ་བཙལ་བ་མིན་པས་དེ་ཁེགས་དོན་ཡང་མེད་དོ།། ཞེས་གསུངས་པས་ཀྱང་གོང་གསལ་དེ་དག་ལ་ངེས་པ་ཆེར་བསྐྱེད་དམ་སྙམ་ལ། གང་ལྟར་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་སྐྱེ་འགག་འཚོལ་བ་དང༌། དེས་རང་གི་ངོར་སྐྱེ་འགག་མེད་པར་རྟོགས་དགོས་སོ་སྙམ་པ་སོགས་ནི། གོང་དུ་རྩ་ཤེ་ཊཱིཀ་ཆེན་སོགས་ལས་འགག་སོགས་མེད་པར་གསུངས་པའི་དོན་གསལ་བར་བཀྲལ་བ་དང༌། བཏགས་དོན་བཙལ་ཞེས་པའི་བཙལ་རྒྱུ་དེའང་གང་ཡིན་འོག་ཏུ་རྩ་ཤེ་ཊཱིཀ་ཆེན་གྱི་ལུང་དུ་གསལ་བ་ལྟར་མ་གོ་བས་བྱུང་བར་སྣང་ངོ༌།།

    ཡང་དཔྱད་བྱ་ཞིག་ལ། བུམ་པ་བཏགས་དོན་བཙལ་བའི་ཚེ་རྙེད་པར་འཛིན་པ་དེ་ཡང་བདེན་འཛིན་དུ་འདོད་དགོས་ལ། དེ་འཛིན་ཚུལ་ཡང་བཏགས་དོན་ནི་བུམ་པ་རང་ཉིད་དང་དེ་བཙལ་ཚུལ་ནི་བུམ་པ་ལ་བུམ་པ་འཚོལ་བ་ལ་གོ་དགོས་ཚུལ་མཁས་དབང་འགའི་གསུངས་པ་ལྟར་འདོད་དགོས་པས་གོང་དུ་བཤད་པ་དེ་བཞིན་མི་འཐད་དོ་ཞེ་ན། དེ་ལྟར་གསུངས་པ་ནི་གདུལ་བྱའི་ངོར་གསུངས་པ་ཙམ་ཡིན་གྱི། དོན་དངོས་གནས་ལ་བཏགས་དོན་བཙལ་ཞེས་པའི་དོན་ནི། ཉེ་བར་བླང་བྱའི་གདགས་གཞི་གང་ལ་བརྟེན་ནས་འདི་ཉེ་བར་ལེན་པ་བོ་དེ་བུམ་པའོ་སྙམ་དུ་བཏགས་ས་ཡི་དོན་བུམ་པ་དེ་ཉིད་རང་བཞིན་གྱིས་ཡོད་མེད་བཙལ་བའི་ཚིག་སྣ་བསྡུས་ཏེ་བསྟན་པ་ཡིན་པར་མངོན་ཏེ། རྩ་ཤེ་ཊཱིཀ་ཆེན་རབ་བྱེད་དང་བོ་ལས། རྒྱུ་འབྲས་གཉིས་ཀ་ཡང་མིང་དུ་བཏགས་པ་ཙམ་མིན་པར་ཐ་སྙད་བཏགས་པའི་བཏགས་སའི་དོན་དེ་རང་གི་ངོ་བོས་གྲུབ་པའི་བསྐྱེད་བྱ་དང་སྐྱེད་བྱེད་དུ་ཡོད་པར་འཛིན་པ་ནི་དགག་བྱ་འཛིན་པ་ཡིན་ནོ།། ཞེས་དང༌། ལེགས་བཤད་སྙིང་བོ་ལས། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་ནི། དངོས་པོ་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་ན་དཔེར་ན་སྐྱེ་བའི་ཐ་སྙད་བཏགས་པའི་བཏགས་སའི་དོན་ལ་ཅི་མྱུ་གུ་འདི་ས་བོན་ལས་རང་བཞིན་ཐ་དད་པ་ཞིག་གམ་འོན་ཏེ་རང་བཞིན་གཅིག་པ་ཞིག་སྐྱེ་ཞེས་དཔྱད་པ་ན་དཔྱོད་བྱེད་ཀྱིས་རྙེད་དགོས་ཏེ། ཞེས་གསུངས་པ་ལས་ལེགས་པར་གོ། འདིས་གཞུང་དེར་བཏགས་པའི་ཞེས་པ་མང་དུ་བྱུང་བ་རྣམས་ཀྱང་བཏགས་སའི་དོན་ཡིན་པར་གོ་དགོས་པར་སྣང་།

    དེ་ཡང་བཏགས་དོན་བཙལ་བས་རྙེད་པར་འཛིན་པ་དེས། བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་ཡུལ་རང་བཞིན་གྱིས་ཡོད་པའམ་ཚུགས་ཐུབ་ཏུ་གྲུབ་པ་དེ་ཉིད་ཡོད་པའམ་རྙེད་པར་འཛིན་པ་ཡིན་པས་བདེན་འཛིན་དངོས་ཡིན་ཀྱང༌། འཛིན་ཚུལ་ནི་དཔྱད་པ་ཞུགས་ནས་དེ་བཞིན་དུ་འཛིན་པ་ཡིན་སྟབས་གྲོག་སྦུར་སོགས་ལ་མེད་པས་ལྷན་སྐྱེས་མིན་པར་སྣང་ཞིང༌། དེས་ན་དེ་ཉིད་བདེན་འཛིན་ཀུན་བརྟགས་ཡིན་ཀྱང་གྲུབ་མཐའ་སྨྲ་བས་འཕྲལ་དུ་ཀུན་བརྟགས་པའི་བདེན་འཛིན་མ་ཡིན་པར་ནི་ངེས་པར་འདོད་དགོས་སོ།། གལ་ཏེ་བུམ་པ་ལྟ་བུ་རང་གི་ཆ་ཤས་ནས་རང་ཉིད་ཡིན་པ་ཞིག་བཞག་རྒྱུ་ཡོད་མེད་དཔྱད་པ་དེ་ཡང་དེ་ཁོ་ན་ཉིད་ལ་དཔྱད་པ་ཡིན་པར་འདོད་དགོས་ཏེ། བུམ་པའི་ཐ་སྙད་བཏགས་པ་ཙམ་གྱིས་མི་ཚིམ་པར་ཐ་སྙད་པའི་བཏགས་པའི་གཞི་དེ་གང་ཡིན་དཔྱད་པ་ཡིན་པའི་ཕྱིར། ཁྱབ་སྟེ། ལེགས་བཤད་སྙིང་བོ་ལས། གང་ཟག་གི་ཐ་སྙད་བཏགས་པ་ཙམ་གྱིས་མི་ཚིམ་པར་དེའི་ཐ་སྙད་གང་ལ་བཏགས་པའི་གདགས་གཞི་དེ་ཇི་ལྟར་ཡིན་དཔྱད་ཅིང་བཙལ་ནས་འཇོག་ན་གང་ཟག་རང་གི་མཚན་ཉིད་ཀྱི་གྲུབ་པར་འཇོག་པ་ཡིན་ཏེ། ཞེས་སོགས་གསུངས་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། དཔེར་ན་སེམས་ཙམ་པ་དང་རང་རྒྱུད་པ་དག་གིས་བུམ་པ་རང་རང་གི་ལུགས་ཀྱི་ཆོས་ཀྱི་བདག་ཏུ་གྲུབ་མ་གྲུབ་དཔྱོད་པ་རྣམས་ཀྱང་དེ་ཁོ་ན་ཉིད་ལའམ་མཐར་ཐུག་གི་དོན་ལ་དཔྱད་པ་ཡིན་པར་འཇོག་དགོས་པ་ལྟར། གོང་གསལ་དེའང་བདག་མེད་པའི་ཚུལ་ལ་དཔྱོད་པ་ཡིན་པས་དེ་ཁོ་ན་ཉིད་ལ་དཔྱོད་པ་དང་ཐ་སྙད་བཏགས་པ་ཙམ་གྱིས་མི་ཚིམ་པར་གང་ཡིན་བཙལ་བ་ཡིན་ནོ་ཞེས་པ་ནི་ཚིག་ཙམ་འདྲ་ཡང་དོན་གཏན་ནས་མི་འདྲའོ།།

    དེ་ཡང་དེ་དག་གིས་ནི་མདོ་ལས་ཆོས་ཐམས་ཅད་མིང་དང་ཐ་སྙད་ཙམ་དུ་གསུངས་པའི་ཙམ་སྒྲས་གང་གཅོད་མ་གོ་བར། སྔ་མ་གཉིས་ཀྱིས་ནི་རང་རང་གི་ལུགས་ཀྱི་ཆོས་བདག་གྲུབ་ཚད་རེ་བཞག་པ་དེ་གཅོད་པར་འདོད་པ་དང༌། ཕྱི་མ་འདིས་ནི་རང་ཉིད་དབུ་མ་ཐལ་འགྱུར་བ་ཡིན་པར་བརློམས་ཀྱང༌། དཔེར་ན་རྒྱང་འཕེན་པས་སྐྱེ་བ་སྔ་ཕྱི་སོགས་འཁྲུལ་ངོར་ཙམ་ལས་རང་བཞིན་གྱིས་མེད་ཚུལ་སྨྲ་བ་ལྟར། མདོ་ལས་དེ་ལྟར་གསུངས་པའི་ཙམ་སྒྲས་སྤྱིར་ཚད་མས་གྲུབ་པའམ་དོན་ལ་ཡོད་པ་དེ་གཅོད་པར་གོ་ནས་བུམ་པ་སོགས་ཐ་སྙད་བཏགས་པ་ཙམ་མམ་འཁྲུལ་ངོར་ཡོད་པ་ཙམ་ལས། དོན་དངོས་ལ་བུམ་པ་ལ་བུམ་པ་རྙེད་རྒྱུ་གཏན་ནས་མེད་པས་བུམ་པ་སོགས་རང་རང་གིས་སྟོང་ས་རང་སྟོང་ཡིན་ཞིང་སྟོང་་ཉིད་ཅེས་བྱ་བ་དངོས་དེ་ནི་དེ་ཉིད་ཡིན་ཏེ། མདོ་ལས་གཟུགས་གཟུགས་ཀྱིས་སྟོང་ངོ་ཞེས་སོགས་གསུངས་པའི་ཕྱིར་རོ་སྙམ་དུ་བསམ་པའོ།།

    འདིར་གོང་དུ་ལེགས་བཤད་སྙིང་བོ་སོགས་སུ་ཐ་སྙད་བཏགས་པ་ཙམ་གྱིས་མི་ཚིམ་པར་ཞེས་སོགས་ཀྱི་ཙམ་སྒྲས་ནི་རང་བཞིན་གྱིས་ཡོད་པ་གཅོད་པ་ཡིན་པ་ནི། གོང་དུ་རྩ་ཤེ་ཊཱིཀ་ཆེན་དང་ལེགས་བཤད་སྙིང་བོའི་ལུང་དྲངས་ཟིན་དེར་བཏགས་སའི་དོན་དེ་རང་གི་ངོ་བོས་གྲུབ་པའི་ཞེས་དང༌། རང་བཞིན་ཐ་དད་པ་ཞིག་གམ་འོན་ཏེ་རང་བཞིན་གཅིག་པ་ཞིག་སྐྱེ་ཞེས་སོགས་དགག་བྱའི་ཁྱད་པར་སྦྱར་ནས་གསལ་བར་གསུངས་པ་ལྟར། འདིར་དང་དེ་བཞིན་གཞན་དུའང་དགག་བྱའི་ཁྱད་པར་མ་སྦྱར་བ་འགའ་རེ་བྱུང་ན་ཡང༌། ལེགས་བཤད་སྙིང་བོ་ལས། དཔེར་ན་ད་ལྟར་གྱི་རྩོམ་པ་བོ་གཅིག་གིས་བརྩམས་པའི་བསྟན་བཅོས་བརྗོད་བྱ་མཐུན་པ་གཅིག་ཏུ་བྱུང་བ་མ་བྱུང་སར་འཁྱེར་དགོས་པ་དང་འདྲའོ།། ཞེས་གསུངས་པ་སོགས་ལས་ལེགས་པར་གོ་བར་ནུས་སོ།།

    དེས་ན་བུམ་པ་ལ་བུམ་པ་བཙལ་བ་དེས་ཀྱང་སྟོང་ཉིད་ལའམ་དེ་ཁོ་ན་ཉིད་ལ་དཔྱོད་པ་ཡིན་ཁུལ་ཡང༌། དེ་ཁོ་ན་ཉིད་དུ་གྲུབ་མ་གྲུབ་དཔྱོད་པ་མིན་ཏེ། དེ་ནི་གོང་དུ་འཇུག་རྣམ་ལས། དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་ཀུན་རྫོབ་པའི་རྣམས་ལ་དཔྱོད་ན་ནི། འཇིག་རྟེན་པའི་ཐ་སྙད་ཐམས་ཅད་ཉམས་པར་འགྱུར་བར་ཤེས་པར་བྱའོ།། ཞེས་སོགས་གསུངས་པ་དྲངས་ཟིན་ལྟར། དེ་འདྲ་བ་རྣམས་ནི་རྟེན་འབྲེལ་བཤིག་པའི་ཆད་སྟོང་ཡིན་ཚུལ། གུང་ཐང་རིན་པོ་ཆེའི་གསུངས་བསྟོད་པ་དོན་ལྡན་མར། ལ་ལ་དགག་བྱའི་མཚམས་ཀྱི་དབེན།། གཏད་མེད་ཕྱོགས་ཆར་གཅོད་པ་ཡིས།། སྟོང་པར་འཁྲུལ་ཡང་འཆར་སླ་ལ།། རྟེན་འབྲེལ་བཤིག་པ་སྨད་པའི་གནས།། ཞེས་པའི་རང་འགྲེལ་ལས། ཚུལ་འདི་འདྲ་ནི་སྦྱང་་ཡེ་མ་བྱས་པའི་བླུན་པོ་དག་གི་ཀྱང་ལས་སླ་བོའི་སྒོ་ནས་གོ་ནུས་ཤིང༌། རྟེན་འབྲེལ་བཤིག་པའི་ཆད་སྟོང་ལས་སྟོང་ཉིད་བསྒོམ་པ་དངོས་མིན་ཚུལ་རྗེ་རིན་པོ་ཆེ་སོགས་ཀྱི་གསུང་དང་བཅས་ཏེ་ཞིབ་གསལ་གསུངས་འདུག་པ་འདི་བཞིན་ལེགས་པར་གོ་དགོས་པར་ཡང་སྣང་ངོ༌།།

    གཞན་ཡང་འདིར་དཀའ་གནས་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ལ། མཁས་གྲུབ་རིན་པོ་ཆེའི་ལྟ་ཁྲིད་མུན་སེལ་སྒྲོན་མེར།  ང་རང་བཞིན་གྱིས་ཡོད་ན། ལུས་ཀྱི་ཕྱི་ནང་དང་སྟོད་སྨད་བར་གསུམ་གང་རུང་ན་ཡོད་དགོས་པ་ལ་དེ་དག་ན་མི་འདུག་པས་ང་རང་བཞིན་གྱིས་མེད་དོ་སྙམ་དུ་བསྒོམ་པ་ཡིན་ན་ནི་ཤིན་ཏུ་མི་རིགས་ཏེ། ང་རང་བཞིན་གྱིས་གྲུབ་ན་གྲུབ་ཚུལ་ཇི་ལྟར་ཡོད་ཅེས་དཔྱོད་པ་ནི། ཡོད་པ་ལ་གཅིག་དང་དུ་མར་ཁ་ཚོན་ཆོད་པས་བདེན་པར་ཡོད་ན་ཡང་བདེན་པའི་གཅིག་དང་བདེན་པའི་དུ་མ་གང་རུང་དུ་ཡོད་དགོས་པའི་ཕྱིར། དེ་གཉིས་གང་དུའང་མེད་ན་བདེན་པར་མེད་དགོས་ལ། དེའི་ཕྱིར་གཅིག་དང་དུ་བྲལ་གྱི་རྟགས་ཀྱིས་བདེན་མེད་དུ་ངེས་པར་བྱེད་པ་ལྟར། གྲུབ་ན་གྲུབ་ཚུལ་འདི་དང་འདི་གང་རུང་གཅིག་ཏུ་གྲུབ་དགོས་ཞེས་ཁ་ཚོན་ཆོད་པ་ཞིག་གིས་བརྟག་པ་བྱས་ནས། གྲུབ་ཚུལ་དེ་དག་གང་དུའང་མ་རྙེད་ན་མེད་པའི་ངེས་པ་སྐྱེ་བར་རིགས་ཀྱི། རང་བཞིན་གྱིས་གྲུབ་ཀྱང་གྲུབ་ཚུལ་དེ་དག་ཏུ་ཡོད་མི་དགོས་པ་ལ། གྲུབ་ཚུལ་དེ་དག་ཏུ་མེད་པས་རང་བཞིན་གྱིས་མེད་པར་ངེས་ཤེས་འདྲེན་མི་ནུས་ལ། ཞེས་སོགས་གསུངས་པ་ལས། གོང་དུ་ལེགས་བཤད་སྙིང་བོའི་ལུང་དུའང་བཏགས་སའི་དོན་ལ་ཅི་མྱུ་གུ་འདི་ས་བོན་ལ་རང་བཞིན་་དད་པ་ཞིག་ཅེས་སོགས་གསལ་བ་དང་གཅིག་མཐུན་བྱུང་བ་ལྟར་བཏགས་དོན་བཙལ་ཚུལ་དེ་ཉིད་ཇི་ལྟར་ཡིན་ཚུལ་ལེགས་པར་གོ།

    དེས་ན་ཤིང་རྟ་མངོན་སུམ་དུ་མཐོང་བཞིན་དུ་ཤིང་རྟའི་ཡན་ལག་རྣམས་ལས་ཤིང་རྟར་ཡིན་པ་བཙལ་བ་དེ་ཉིད་བཏགས་དོན་བཙལ་བ་མིན་པར་མ་ཟད། ཤིང་རྟ་རང་བཞིན་གྱིས་གྲུབ་ན་དེའི་ཡན་ལག་རེ་རེ་བ་དང་ཚོགས་པ་ཤིང་རྟ་ཡིན་མིན་དཔྱད་པ་དེ་ཡང་བཏགས་དོན་བཙལ་ཚུལ་མ་ཡིན་པར་མངོན་ལ། དེ་ཡང་རང་གི་ལུས་ཀྱི་ཕྱི་ནང་གང་དུའང་མཚན་དཔེས་སྤྲས་པའི་ལྷ་སྐུ་ཡིན་པ་ཞིག་རྙེད་རྒྱུ་མེད་ན་ང་རང་བཞིན་གྱིས་མེད་པས་ཁྱབ་པའི་ཕྱིར་ང་རང་བཞིན་གྱིས་མེད་དོ་སྙམ་པ་ལྟར། ང་ཞེས་པ་དེ་ཉིད་ལུས་ཀྱི་ཕྱི་ནང་བར་གསུམ་གང་དུའང་ང་ཡིན་པ་ཞིག་བཙལ་ན་རྙེད་རྒྱུ་མེད་ན་ང་རང་བཞིན་གྱིས་མེད་པས་ཁྱབ་པ་ཡོད་ཀྱང༌། དེ་ང་རང་བཞིན་གྱིས་མེད་པའི་དོན་དུ་མ་སོང་བས། དེ་ནི་ང་རང་བཞིན་གྱིས་ཡོད་མེད་དམ་བཏགས་དོན་བཙལ་ཚུལ་མིན་པར་གསུངས་པར་སྣང་ངོ༌།། འོ་ན་དབུ་མ་རིན་ཆེན་ཕྲེང་བར། སྐྱེས་བུ་ས་མིན་ཆུ་མ་ཡིན།། ཞེས་སོགས་དང༌། དབུ་མ་འཇུག་པར། རྣམ་བདུན་གྱིས་མེད་གང་དེ་ཇི་ལྟ་བུར།། ཞེས་སོགས་དང༌། སྤྱོད་འཇུག་ལེའུ་དགུ་པར། ལུས་ནི་རྐང་་བྱིན་པ་མིན།། ཞེས་སོགས་ལས་བཏགས་དོན་བཙལ་ཚུལ་དེ་ལྟར་གསུངས་པ་ཇི་ལྟར་ཡིན་སྙམ་ན། རྩ་ཤེ་ཊིཀ་ཆེན་ལས། གལ་ཏེ་དེ་བཞིན་གཤེགས་པ་རང་གི་མཚན་ཉིད་ཀྱིས་ཡོད་ན། དེ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་བོ་དང་རང་བཞིན་གྱིས་གཅིག་ཏུ་གྲུབ་པའམ་རང་བཞིན་གྱིས་ཐ་དད། ཞེས་དང་། རང་བཞིན་གྱིས་ཐ་དད་ན་དེ་བཞིན་གཤེགས་པ་ལ་ཕུང་བོ་བརྟེན་པ་དང་ཕུང་བོ་ལ་དེ་བཞིན་གཤེགས་པ་བརྟེན་པ་དང་། ལྷས་བྱིན་ནོར་དང་ལྡན་པ་ལྟར་དེ་བཞིན་གཤེགས་པ་ཕུང་བོ་དང་ལྡན་པར་འགྱུར་གྲང་ན། དེ་ཐམས་ཅད་འཐད་པ་མ་ཡིན་ནོ།། ཞེས་དང་། ལྷས་བྱིན་གནག་དང་ལྡན་པ་དང་རྣ་བ་དང་ལྡན་པའི་ལྡན་ཚུལ་ལྟར་དེ་བཞིན་གཤེགས་པ་ཕུང་པོ་དང་ལྡན་པ་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ཏེ། རིམ་པ་བཞིན་དུ་རང་བཞིན་གྱིས་ཐ་དད་དང་གཅིག་ཏུ་མ་གྲུབ་པའི་ཕྱིར་རོ།། ཞེས་དང་། སྤྱོད་འཇུག་ལས། ལུས་ནི་རྐང་་བྱིན་པ་མིན།། ཞེས་པའི་ཐད་ཀྱི་འགྲེལ་ལས། དེས་ན་ལུས་ཞེས་པའི་ཐ་སྙད་འཇུག་པའི་གཞི་ལུས་དེ་ཁོ་རང་གི་ངོས་ནས་ཇི་ལྟར་ཡོད་བཙལ་བའི་ཚེ་སྐྱེས་བུའི་རྐང་་དང་བྱིན་པ་སྐྱེས་བུའི་ལུས་མིན་ཏེ་ཞེས་སོགས་ནི། དེའི་འོག་ཏུ་སོར་མོ་དེ་ཡང་ཚིགས་ཀྱི་ཚོགས་ལ་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར་རང་བཞིན་གྱིས་གྲུབ་པ་མེད་དོ།། ཚིགས་ཀྱང་རང་གི་ཆ་དང་ཆར་ཕྱེ་བས་དཔྱད་ན་རང་བཞིན་གྱིས་གྲུབ་པ་མེད་ལ་ཚོགས་ཀྱི་ཆ་ཡང་རྡུལ་ཕྲན་དུ་ཕྱེ་བ་སྟེ་དབྱེ་བ་རང་བཞིན་གྱིས་གྲུབ་པ་མེད་དོ།། ཞེས་གསུངས་པ་སོགས་ནི་འཇུག་ཊཱིཀ་ལས་ཀྱང་བདག་ཕུང་གཉིས་བདེན་པའི་གཅིག་ཏུ་ཁས་ལེན་པ་ལ་ངོ་བོ་གཅིག་ན་དབྱེར་མེད་གཅིག་ཏུ་ཕུལ་ནས་དེའི་འོག་ཏུ་བདག་མང་བོ་དང་ཕུང་བོ་ལྔ་གཅིག་ཏུ་ཐལ་བ་འཕང་ངོ་ཞེས་གསུངས་པ་ལྟར་དགག་བྱ་ལ་གཏུགས་ཏེ་ཆ་ཆ་ཅན་ལ་བརྟགས་པའི་རིགས་པས་འཕུལ་མཚམས་མཛད་པ་ཡིན་པར་དེ་རྣམས་ཀྱི་འགྲེལ་པ་ཚད་ལྡན་དག་ལས་ཀྱང་གསལ་བ་ལྟར་རོ་སྙམ་མོ།།

    འོ་ན་བཏགས་དོན་བཙལ་བའི་ཚེ་རྙེད་པར་འཛིན་པ་འདི་དང་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་འཛིན་པ་གཉིས་ལ་ཁྱད་པར་ཅི་ཡོད་སྙམ་ན། དེ་གཉིས་ནི་གཏན་ནས་མི་འདྲ་སྟེ། སྔ་མ་ནི་གོང་དུ་རྩ་ཤེ་ཊཱིཀ་ཆེན་གྱི་ལུང་དུ་གསལ་བ་ལྟར་དང༌། ཕྱི་མ་ཡང་མཐར་ཐུག་དཔྱོད་པའི་རིགས་པས་གང་ལ་དཔྱད་པའི་གཞི་དེ་ཉིད་རྙེད་པའམ་གྲུབ་པར་འཛིན་པ་ལ་གོ་དགོས་ཚུལ་ཁུངས་དང་བཅས་ཏེ་བཤད་ཟིན་ལ། གནད་བསྡུས་ན། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བས་དགག་པའི་ཕྱོགས་སྔས་དངོས་སུ་དེ་ལྟར་དུ་ཁས་མ་བླངས་ཀྱང་དོན་གྱིས་ཁས་བླངས་ལ་སོང་ཡོད་པའམ་འཛིན་ཡོད་པ་དེ་ལྟ་བུ་ཞིག་ལ་གོ་དགོས་པར་མངོན་པས་ཁྱད་པར་ཤིན་ཏུ་ཆེ་བར་སྣང་སྟེ། འཕགས་པའི་ཡེ་ཤེས་དངོས་པོའི་འཇིག་རྒྱུར་ཐལ་སྐབས་སུ། འདི་ལ་དབུ་མ་་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྐྱེ་བ་ཁས་ལེན་པ་རྣམས། རང་གི་མཚན་ཉིད་ཀྱིས་གྲུབ་ཀྱང་བདེན་གྲུབ་མི་འགྲོ་བར་འདོད་པའི་རྒྱུ་མཚན་གྱིས་གཟུགས་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་ན་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པས་དམིགས་མི་དགོས་སོ་ཞེས་སྨྲ་མོད་ཀྱང༌། དེ་ཙམ་ནས་བདེན་གྲུབ་ཡིན་པར་སྔར་ཡང་བཤད་ལ། སླར་ཡང་འཆད་པར་འགྱུར་བའི་རིགས་པས་ཉེས་པ་སྤོང་མི་ནུས་སོ།། ཞེས་གསུངས་པས་གོ་བར་སྣང་ངོ༌།།

    ཡང་བུམ་པ་དོན་དམ་བདེན་པར་འཛིན་པ་དེ་ཡང་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་འཛིན་པ་ཡིན་པར་ཐལ་བར་དོགས་ཏེ། དེ་འཛིན་པ་ན་མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མ་དེ་ལྟར་དཔྱོད་པའི་ཚད་མར་སོང་བའི་རྙེད་དོན་ཡིན་པར་འཛིན་དགོས་པས་དེས་དེ་ལྟར་རྙེད་པར་ཡང་འཛིན་དགོས་པའི་ཕྱིར་རོ།། གོང་དུ་འདོད་ན། བུམ་པ་རིགས་པས་དཔྱད་བཟོད་དུ་གྲུབ་པ་ཁེགས་ན་བུམ་པ་བདེན་མེད་རྟོགས་དགོས་པར་ཐལ་ཏེ། དེ་ཁེགས་ན་བུམ་པ་དོན་དམ་བདེན་པ་ཡིན་པ་ཁེགས་དགོས་པ་གང་ཞིག དེ་ཁེགས་པ་དེ་ཉིད་ཀྱིས་བུམ་པ་ཀུན་རྫོབ་བདེན་པ་ཡིན་པར་གྲུབ་པ་ཡིན་པས། དེ་གྲུབ་ན་བུམ་པ་བདེན་མེད་དུ་རྟོགས་དགོས་པའི་ཕྱིར་རོ།།

    དེ་ལྟར་འདོད་ན། གོང་དུ་ལེགས་བཤད་སྙིང་བོའི་ལུང་དུ། དེས་ན་བདེན་འཛིན་གྱི་ཡུལ་དེར་གྲུབ་ན་ཞེས་པ་ནས་དེ་དག་བཀག་ཀྱང་བདེན་མེད་ཀྱི་དོན་མི་འགྲུབ་པའི་ཕྱིར་རོ།། ཞེས་སོགས་གསུངས་པ་དང་འགལ་བར་འགྱུར་རོ་ཞེ་ན། འདི་ལ་གོང་གི་ལེགས་བཤད་སྙིང་བོའི་ལུང་དེ་སྒྲས་ཟིན་ལྟར་ཡིན་མིན་བཞེད་ཚུལ་འདྲ་མིན་སྣང་ཡང༌། རང་གི་བསམ་ཚུལ་ནི་འདི་གཉིས་མི་འདྲ་བར་སྣང་སྟེ། མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་ཀྱི་ཚད་ནི་གོང་དུ་ལམ་རིམ་ཆེན་མོའི་ལུང་དྲངས་ཟིན་ལྟར་ཡིན་ལ། དེ་ཡང་འདི་ནི་དགག་བྱ་ཕྲ་མོ་ཁེགས་པའི་སྔོན་ནས་འགོག་ཐུབ་པར་སྣང་སྟེ། འདི་ནི་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་དཔྱད་གཞི་དེ་བདེན་པར་གྲུབ་པ་བཙལ་ནས་མ་རྙེད་ཅིང་ཁེགས་པ་དེ་ཉིད་མིན་པར། རིགས་པ་དེས་དཔྱད་གཞི་དེ་རང་ངམ་དེའི་ནང་ནས་གྲུབ་པ་ཙམ་ཞིག་བཙལ་ཏེ་རྙེད་པར་འཛིན་པ་ལྟར་རྙེད་དགོས་པ་ལས་མི་རྙེད་པར་ཅང་མེད་དུ་འགྲོ་བར་ལས་སླ་བོའི་སྒོ་ནས་གོ་བ་ཙམ་གྱིས་དེ་ལྟར་འཛིན་པ་དེ་ཁེགས་ནུས་སོ།། ཚུལ་འདི་མ་གོ་བར་མ་བརྟགས་མ་དཔྱད་ན་ཡོད། བརྟགས་ཤིང་དཔྱད་ན་མེད་ཅེས་པའི་དཔྱད་ཚུལ་ལ་བདག་དང་བདག་འདྲ་བ་རྣམས་ནོར་བ་མང་དུ་བྱུང་སྣང་ཞིང༌། དེས་ན་བུམ་པ་སྤྱིར་ཡོད་པ་ཙམ་ལ་དེ་ཉིད་དཔྱོད་པའི་རིགས་པས་བཙལ་ཏེ་རྙེད་མི་དགོས་ཤིང་བུམ་པ་དོན་དམ་པར་རམ་རང་བཞིན་གྱིས་ཡོད་ན་དེ་ལྟར་དཔྱོད་པའི་རིགས་པས་བཙལ་ཏེ་རྙེད་དགོས་པའི་ཁྱད་པར་ཡང་ལེགས་པར་གོ་དགོས་སོ་སྙམ་མོ།།

    དོན་དམ་བདེན་པ་འཛིན་ཚུལ་ནི། གཞི་དེ་མི་བསླུ་བར་འཛིན་ཚུལ་དེ་ཡིན་ཞིང༌། དེ་ཡང་སྣང་གནས་མཐུན་པར་འཛིན་པ་ལ་ཟེར་བ་ཡིན་ཏེ། དཔེར་ན་འཇིག་རྟེན་ན་སྨྲ་བ་གང་ཞིག་བདེན་པ་ཡིན་པར་འཛིན་པ་ལ་དེ་ལྟར་སྨོས་པ་དང་དེ་བཞིན་དོན་ལ་གནས་པ་གཉིས་ཚོགས་འཛིན་དགོས་པ་ལྟར། བུམ་པ་དོན་དམ་བདེན་པ་ཡིན་པར་འཛིན་པ་ལའང༌། བུམ་པ་རང་བཞིན་ནམ་གཤིས་སམ་རང་ཚུགས་ཐུབ་པར་སྣང་བ་དང་དེ་ལྟར་དུ་གྲུབ་པ་གཉིས་ཚོགས་འཛིན་དགོས་ལ། དེས་ན་དེ་ལྟར་དུ་མ་གྲུབ་པར་རྟོགས་པ་ལ་དེ་ཉིད་རང་བཞིན་ནམ་གཤིས་ལུགས་སོགས་མ་ཡིན་པར་རྟོགས་ན། དེ་ལྟར་སྣང་ཙམ་ལས་དེ་གཉིས་ཚོགས་མ་ཡིན་པར་རྟོགས་དགོས་ཀྱི། དེ་ལྟར་སྣང་བ་དེ་ཉིད་མེད་པར་རྟོགས་རྒྱུ་མེད་ལ། དེའི་ཕྱིར་སློབ་པའི་མཉམ་བཞག་ཡེ་ཤེས་རྣམས་ཀྱིས་གོང་གསལ་གཉིས་ཚོགས་ཡིན་པ་དེ་འཛིན་པ་མེད་པས། གཞི་གང་ཡང་དོན་དམ་བདེན་པ་ཡིན་པར་འཛིན་པའམ་རྟོགས་པར་ནི་འདོད་མི་དགོས་ལ། དེ་ཡང་འཇུག་ཊཱིཀ་ཏུ་སངས་རྒྱས་ཀྱིས་བདེན་གཉིས་མཁྱེན་ཚུལ་གསུངས་སྐབས་སུ། དེའི་ཕྱིར་སངས་རྒྱས་ཀྱི་མཁྱེན་ཚུལ་ཡང་བསྡུས་པའི་དབང་དུ་བྱེད་ན་ནི་ཡང་དག་པ་མཐོང་བའི་རིགས་ཤེས་ཚད་མས་རྙེད་པ་དང༌། ཡུལ་དེ་ལ་རིགས་ཤེས་ཚད་མ་ཡིན་པ་ནི་དོན་དམ་བདེན་པའི་མཚན་ཉིད་ཡིན་ལ། ཞེས་གསུངས་པ་དང་ཡང་ཇི་སྐད་བཤད་པ་དང་མི་མཐུན་པ་མེད་དོ་སྙམ་སྟེ་དཔྱད་པར་བྱའོ།།

    དེས་ན་བུམ་པ་བདེན་མེད་རྟོགས་པའི་རྗེས་སུ་བུམ་པ་བློ་དེའི་ཡུལ་དུ་མ་བྱུང་བ་དང་སླར་བུམ་པ་མཐོང་བའི་ངེས་ཤེས་དྲངས་པ་ན། བུམ་པ་དོན་དམ་བདེན་པ་མ་ཡིན་ཞིང་སྣང་སྟོང་གཉིས་ཚོགས་པའི་ཀུན་རྫོབ་བདེན་པ་ཡིན་ཚུལ་ལ་ངེས་པ་རྙེད་པ་དང༌། བུམ་པ་རང་བཞིན་ནམ་གཤིས་ལུགས་སུ་སྣང་བ་ལྟར་དུ་གྲུབ་པ་བཀག་ཙམ་དེ་ཉིད་སྔོན་དུ་གནས་ལུགས་དངོས་སུ་རྟོགས་པའི་བློ་དེའི་ཡུལ་དུ་སླེབས་ཤིང་བྱུང་བ་ལ་ངེས་པ་དྲངས་པས་དེ་ཉིད་དོན་དམ་བདེན་པ་ཡིན་པར་ངེས་པ་རྙེད་པ་དང༌། ངེས་ཤེས་དེ་དག་ཀྱང་ཐལ་འགྱུར་བས་མངོན་སུམ་ཚད་མར་འདོད་ལ། རང་རྒྱུད་པས་ནི། དཔེར་ན། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལུང་འགལ་ལྔ་འི་སྐབས། མཉན་བྱ་ལ་མི་རྟག་པས་ཁྱབ་པ་སྔར་ངེས། དེའི་རྗེས་སུ་མཉན་བྱ་སྒྲའི་ཐུན་མོང་མ་ཡིན་པའི་ཆོས་སུ་ངེས།དེའི་རྗེས་སུ་སྒྲ་མི་རྟག་པ་ངེས་ཀྱང་ཚུལ་གསུམ་གྱི་བྱེད་པ་ལ་བརྟེན་ནས་ངེས་པ་མིན་ནོ།། ཞེས་གསུངས་པ་དང་མཐུན་པར་ངེས་པ་ཡིན་ཚུལ་འདོད་དགོས་པར་སྣང་ངོ༌།།

    ཡང་དཔྱད་བྱ་ཞིག་ལ། འཇུག་པར། བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང༌།། འཇིག་རྟེན་རབ་ཏུ་གྲགས་པར་ཡོད་ཇི་བཞིན།། ཞེས་པའི་དོན་ལ་འཇུག་པའི་རྣམ་བཤད་དུ། དེ་ཉིད་དུ་སྟེ་དོན་དམ་པར་མེད་ཅིང༌། ཞེས་དང༌། དེ་ཡང་བྱེ་སྨྲས། གང་ལ་བཅོམ་དང་བློ་ཡིས་གཞན།། བསལ་ན་དེ་བློ་མི་འཇུག་པ།། བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ།། ཡོད་དེ་དོན་དམ་ཡོད་གཞན་ནོ།། ཞེས་པའི་དོན་དམ་དེ་ཡིན་ཚུལ་གསུངས་པས། བུམ་པ་ལ་དེ་ལྟར་དཔྱད་ཚུལ་དེའང་སྤྱིར་དོན་དམ་ལ་དཔྱད་པ་དང༌། དེ་ཡང་འདི་བུམ་པའོ་སྙམ་པ་ཙམ་གྱིས་མི་ཚིམ་པར་བུམ་པའི་བཏགས་དོན་བཙལ་བ་ཡིན་པར་ཡང་དོགས་སོ་ཞེ་ན། གོང་དུ་དཔེའི་སྐབས་ཀྱི་དོན་དམ་ཞེས་པ་ནི་བྱེ་སྨྲས་འདོད་པ་ལྟར་གྱི་དོན་དམ་དེ་ཙམ་ལས་དོན་དམ་གྲུབ་ཚུལ་དངོས་དེ་མ་ཡིན་ཚུལ་གསལ་བར་གསུངས་ཤིང༌། ལམ་རིམ་ཆེན་མོར་ཡང། དེ་ལྟར་འདོད་པའི་དོན་དམ་གྱིས་སྟོང་་དང༌། གཟུགས་བརྙན་གང་དུ་སྣང་བའི་རང་བཞིན་གྱིས་སྟོང་་སོགས་ནི་ཉི་ཚེ་བའི་སྟོང་་ཙམ་གྱི་དཔེར་བཀོད་པ་ཡིན་ཚུལ་འདྲ་བར་གསུངས་ལ། དེ་ཡང་འཇུག་པའི་རྣམ་བཤད་དུ་རང་རྒྱུད་པའི་དགག་བྱ་ངོས་འཛིན་སྐབས་སུ། སྒྱུ་མའི་རྟ་གླང་དེ་རྟ་གླང་གིས་སྟོང་འི་རྫུན་པ་དེ་དང་གཟུགས་བརྙན་གང་དུ་སྣང་བས་སྟོང་་གྲུབ་པའི་བློ་ནི་རིགས་ཤེས་ཕྲ་རགས་གང་དུ་ཡང་མི་འོང་ངོ༌།། ཞེས་གསུངས་པས་དེ་འདྲའི་དཔྱོད་ཚུལ་ནི་དེ་ཁོ་ན་ཉིད་ལ་དཔྱོད་ཚུལ་མིན་པར་གོའོ།།

    དེ་བཞིན་དུ་རྩ་ཤེ་རབ་བྱེད་བཅོ་བརྒྱད་པར། ཐམས་ཅད་ཡང་དག་ཡང་དག་མིན།། ཞེས་པའི་ཐད་དུ་རྩ་ཤེ་ཊཱིཀ་ཆེན་ལས། འདི་ནི་ཕྲ་བའི་མི་རྟག་པ་བཤད་ནས་ཡིད་བརྟན་མི་རུང་བ་ལ་ཡང་དག་མིན་པ་སྟེ་རྫུན་པར་གསུངས་པ་ཡིན་གྱི། རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་བདེན་མེད་ནི་མིན་ནོ།། ཞེས་གསུངས་པ་དང༌། གཞན་ཡང་བུམ་པ་དང་བུམ་པའི་ཡན་ལག་རྣམས་རྟོག་པ་ལ་ངོ་བོ་ཐ་དད་དུ་སྣང་ཡང་ངོ་བོ་གཅིག་ཡིན་ཞིང༌། དེ་འདྲའི་སྣང་གནས་མི་མཐུན་པའི་བརྫུན་པར་བཞག་པ་སོགས་ཀྱང་དེ་ཁོ་ན་ཉིད་ལ་དཔྱོད་པ་ལ་མི་ལྟོས་པའི་རགས་པ་ཡིན་ཚུལ་ཡང་ལེགས་པར་གོ་བར་ནུས་སོ།།

    དེས་ན་བྱེ་སྨྲས་བུམ་པ་ཀུན་རྫོབ་བདེན་པར་འདོད་ཚུལ་ནི། དཔེར་ན། གསེར་གྱི་གོང་བུ་དེ་ཉིད་ཐོ་བས་བཅོམ་སྟེ་དུམ་བུར་བཅད་ཀྱང་དེ་ཐམས་ཅད་གསེར་ཡིན་པ་ལྟར་རྫ་བུམ་ལ་དེ་ལྟར་བྱས་ན་བུམ་པ་ཡིན་པ་གཅིག་ཀྱང་རྙེད་རྒྱུ་མེད་པ་དང་། དེ་བཞིན་དུ་ཐ་མལ་པ་འགའ་ཞིག་ལ་རང་ལུས་གཙང་མར་སྣང་ཡང༌། དེའི་ཆ་ཤས་བསལ་ཏེ་དཔྱད་པ་ན་གཙང་མ་ཅུང་ཟད་ཀྱང་མི་རྙེད་པས་སྣང་ཚུལ་དེ་ལྟར་དུ་མི་བདེན་པ་ལྟར། བུམ་འཛིན་མངོན་སུམ་ལ་བུམ་པ་རང་གི་ཆ་ཤས་རྣམས་དང་ཆུ་དང་འོ་མ་འདྲེས་པ་ལྟ་བུར་སྣང་ཡང་དེའི་ཆ་ཤས་བསལ་ན་བུམ་པ་མི་རྙེད་པ་དེ་ཙམ་ཡིན་པར་གསལ་བས། དེ་ནི་ཐ་སྙད་པའི་བློས་དཔྱོད་ཚུལ་ཡིན་པར་སྣང་གི བདག་མེད་པའི་དོན་ལ་དཔྱོད་པ་མིན་པས་དེ་ཁོ་ན་ཉིད་ལ་དཔྱོད་པ་དང་བཏགས་དོན་བཙལ་ནས་རྙེད་མི་རྙེད་དཔྱོད་པ་ཡིན་པར་མི་སྣང་ངོ༌།།

    དེ་ཡང་བྱེ་སྨྲས་ང་དང་ཤིང་རྟ་བཏགས་དོན་བཙལ་བ་ན་དེའི་མཚན་གཞི་འཇོག་ཚུལ་ལ། འཇུག་ཊཱིཀ་ལས། ངའོ་སྙམ་དུ་འཛིན་པའི་དམིགས་པའི་ཡུལ་བདག་གི་བཏགས་དོན་བཙལ་བ་ན། ཁ་ཅིག་ཕུང་བོ་ལྔ་ཆར་དང་། ཁ་ཅིག་སེམས་གཅིག་པུ་ཡིན་ནོ་ཞེས་སྨྲ་བའི་ཕྱོགས་ལྟར་ན་ཞེས་དང་། འཇུག་པར། གལ་ཏེ་ཚོགས་ཙམ་ཤིང་རྟར་འགྱུར་ན་ནི།། སིལ་བུར་གནས་ལ་ཤིང་རྟ་ཉིད་ཡོད་འགྱུར།། ཞེས་པའི་ཐད་ཀྱི་འཇུག་པའི་རྣམ་བཤད་དུ། དེ་ལྟར་འགྱུར་ཚུལ་རྒྱས་པ་དང༌། དོན་བསྡུས་ཏེ། སྡེ་་དེ་དག་གིས་ཀྱང་ཚོགས་པ་མིན་པའི་ཡན་ལག་ཅན་མི་འདོད་པའི་ཕྱིར་དང༌། དེ་ཡང་འགོག་པའི་ཕྱིར་རོ།། ཞེས་སོགས་གསུངས་པ་ལས་ལེགས་པར་གོ་བར་ནུས་ལ། གཞན་ཡང་གོ་དགོས་པ་ཞིག་ལ། བྱེ་སྨྲས་ཤིང་རྟ་ཆ་ཤས་བསལ་བ་ན་ཤིང་རྟའི་མཚན་གཞི་མི་རྙེད་ཅིང་མེད་པར་འགྱུར་བར་འདོད་ཀྱང༌། སྤྱིར་ཤིང་རྟ་ཐ་སྙད་དུ་ཡོད་པ་དང་དེ་འཛིན་པའི་མིག་ཤེས་ཀྱང་དེ་ལ་མ་འཁྲུལ་བའི་ཚད་མར་འདོད་ཅིང་དེ་བཏགས་དོན་བཙལ་ན་རྙེད་པར་འདོད་ཚུལ་ཡང་གོང་དུ་སྨྲས་པ་ལྟར་དུ་འདོད་པར་གསལ་བས། འདི་ནི་དབུ་མ་པས་རྟག་ལྟ་བ་ལས་ཆད་ལྟ་བར་མི་འདོད་པར་མངོན་ནོ།།

    དེ་ཡང་བཏགས་དོན་བཙལ་ཚུལ་ཇི་ལྟར་ཡིན་མིན་གནད་བསྡུས་ཏེ་བརྗོད་ན། དཔེར་ན། སྲ་མཁྲེགས་ཅན་གྱི་གོང་བུ་སེར་པོ་དེ་ཉིད་གསེར་ཡིན་མིན་བསྲེགས་བཅད་བརྡར་གསུམ་གྱིས་བརྟགས་ཤིང་དཔྱད་པ་དང་། ཡང་དེ་ཉིད་བཅད་གཏུབ་ཀྱིས་དུམ་བུ་རྣམས་གསེར་ཡིན་མིན་བརྟགས་པ་བྱེད་ཚུལ་སོགས་ནི་འཇིག་རྟེན་རང་འགའ་བས་བརྟགས་དཔྱད་བྱ་ཚུལ་ཡིན་ལ། དེ་ལས་ཕྱི་མ་འདི་ནི་བྱེ་བྲག་སྨྲ་བས། གང་ལ་བཅོམ་དང་བློ་ཡིས་གཞན།། ཞེས་སོགས་ཀྱིས་བརྟགས་དཔྱད་བྱ་ཚུལ་དང་གཅིག་མཐུན་ཡིན་པར་སྣང་བས་ཐ་སྙད་ལ་དཔྱོད་ཚུལ་ཡིན་གྱི་དེ་ཁོ་ན་ཉིད་དམ་དོན་དམ་ལ་དཔྱོད་ཚུལ་མིན་ནོ།།

    ཡང་དེ་འདྲ་བའི་གོང་བུ་དེ་ཉིད་མིག་ཤེས་ཀྱིས་གསལ་བར་མཐོང་ཞིང་གྲུབ་བཞིན་དུ་དེ་འདྲའི་གོང་བུ་ཞེས་ཐ་སྙད་འཇུག་ས་དེ་གོང་བུ་དེའི་ཕྱི་ནང་གི་ཆ་གང་དུ་ཡོད་བཙལ་ན་མི་རྙེད་པས་དེ་འདྲའི་གོང་བུ་དེ་ནི་བློ་ཀུན་རྫོབ་པ་འཁྲུལ་ངོར་ཡོད་པར་སྨྲ་དགོས་ཀྱི། སྔར་ལྟར་དཔྱད་པའི་དོན་དམ་དཔྱོད་པའི་ངོར་འདི་ཡིན་འདི་མིན་གང་ཡང་རྙེད་རྒྱུ་མེད་པས་དོན་དམ་དུའམ་དོན་ལ་གང་ཡང་ཡོད་པ་མ་ཡིན་ནོ་ཞེས་སྨྲ་བ་འདི་ནི་འཇིག་རྟེན་ཐ་སྙད་ལས་བརྒལ་ཏེ་དེ་ཁོ་ན་ཉིད་ལ་དཔྱོད་ཁུལ་ཡིན་དུ་ཆུག་ཀྱང་། རྟེན་འབྲེལ་བཤིག་པའི་ཆད་ལྟར་སྣང་བས་ཐལ་འགྱུར་བའི་ལུགས་ཀྱི་བཏགས་དོན་བཙལ་ཚུལ་ནི་གཏན་ནས་མིན་པར་མངོན་ནོ།།

    ཡང་གོང་དུ་བཤད་ཟིན་ལྟར་དེ་འདྲའི་གོང་བུ་དེ་རང་བཞིན་གྱིས་གྲུབ་ན་དེའི་ཕྱི་ནང་བར་གསུམ་གང་དུ་ཡོད་ཅེས་བཙལ་ཚུལ་དེ་ཡང་བཏགས་དོན་བཙལ་ཚུལ་མིན་ཞིང་། བཏགས་དོན་བཙལ་ཚུལ་དངོས་དེ་ནི་དེ་འདྲའི་གོང་བུ་དེ་རང་བཞིན་གྱིས་གྲུབ་ན་དེའི་ཡན་ལག་གམ་ཆ་ཤས་རྣམས་དང་རང་བཞིན་གྱིས་གྲུབ་པའི་གཅིག་དང་ཐ་དད་གང་དུ་གྲུབ་ཅེས་དཔྱད་དགོས་ཚུལ་གསལ་བར་གསུངས་པ་ལྟར་ལ། འདི་ཉིད་ནི། འཇུག་པར། མང་བས་བདག་དེ་དག་ཀྱང་མང་བོར་འགྱུར།། ཞེས་གསུངས་པའི་ཐད་དུ་འཇག་པའི་རྣམ་བཤད་ལས། འདི་ནི་མང་བོ་དང་ངོ་བོ་གཅིག་པར་འདོད་པ་ཙམ་ལ་འཕེན་དུ་མི་རུང་བས། བདག་དང་ཕུང་བོ་གཉིས་ཐ་དད་གཏན་མེད་གཅིག་ཏུ་འདོད་པ་ལ་འཕེན་པའོ།། དེ་ཡང་དང་བོ་ནས་གཞན་གྱིས་དེ་ལྟར་ཁས་མ་བླངས་པས། ངོ་བོ་གཅིག་པ་དང་ཐ་དད་ཙམ་ཡིན་པ་རྫུན་པ་ལ་སྐྱོན་མེད་ཀྱང་། བདག་ཕུང་གཉིས་བདེན་པར་ཁས་ལེན་པ་ལ་ངོ་བོ་གཅིག་ན་དབྱེར་མེད་ཀྱི་གཅིག་ཏུ་ཕུལ་ནས། དེའི་འོག་ཏུ་བདག་མང་བོ་དང་ཕུང་བོ་ལྔ་གཅིག་ཏུ་ཐལ་བ་འཕང་ངོ་།། ཞེས་གསུངས་པ་དང་གནད་གཅིག་ཏུ་གོ་དགོས་པར་མངོན་ནོ།།

    དེ་ཡང་བདེན་པར་གྲུབ་ན་བློ་གང་ལ་སྣང་ཡང་གཅིག་མཐུན་དུ་སྣང་དགོས་པས་བདག་ཕུང་གཉིས་རྟོག་པ་ལ་ཟླ་བ་སྐར་མ་ལྟར་དུ་སྣང་བ་ལྟར་མངོན་སུམ་ལའང་དེ་ལྟར་དུ་སྣང་དགོས་པས་འབྲེལ་མེད་དུ་འགྱུར་བ་དང་། ཡང་ན་མངོན་སུམ་ལ་ཆུ་དང་འོ་མ་འདྲེས་པ་ལྟ་བུར་སྣང་བ་ལྟར་རྟོག་པ་ལའང་དེ་ལྟར་དུ་སྣང་དགོས་པས་ལྡོག་པ་ཡང་གཅིག་ཏུ་འགྱུར་དགོས་པས་གནད་ཀྱིས་ཡིན་ནོ་སྙམ་ལ། འདི་དག་ལ་བརྟེན་ནས་བདག་དང་བདག་འདྲ་བ་རྣམས་ལ་བཏགས་དོན་བཙལ་ཚུལ་སྒྲ་སྤྱི་ཙམ་ལས་དོན་སྤྱི་མ་ཤར་བས་ཕྱོགས་མང་བོ་ནས་འདྲེས་ཏེ་ཐོམ་མེ་ཡོད་པ་དེ་ཉིད་ཕྱོགས་ཙམ་བསངས་སོང་སྙམ་པའི་གུས་སྤྲོ་ཡང་རབ་ཏུ་འཕེལ་ལོ།།

    གལ་ཏེ་བདག་གི་ཆ་ཤས་ཕྱེ་ནས་བདག་བཙལ་ཚུལ་དེ་བདག་གམ་ང་བཏགས་དོན་བཙལ་ཚུལ་མ་ཡིན་ན། སྤྱོད་འཇུག་ལས། དཔེར་ན་ཆུ་ཤིང་སྡོང་བོ་དག།། ཆ་ཤས་ཕྱེ་ན་འགའ་མེད་ལྟར།། དེ་བཞིན་རྣམ་པར་དཔྱད་པ་ཡིས།། བཙལ་ན་བདག་ཀྱང་ཡང་དག་མིན།། ཞེས་གསུངས་པ་ཇི་ལྟར་དྲངས་ཞེ་ན། དེ་ནི་དཔེར་ན་ཆུ་ཤིང་སྡོང་བོ་དེ་མཐོང་བའི་ཚེ་དེ་ཡོད་པར་སྣང་བ་དང་། ཤིང་སྡོང་གཞན་ལྟར་སྲ་མཁྲེགས་ཅན་གྱི་སྡོང་བོ་ཞིག་སྣང་བ་དང་དེ་རང་བཞིན་གྱིས་གྲུབ་པའམ་རང་ཚུགས་ཐུབ་པ་བཅས་སྣང་ཚུལ་གསུམ་བྱུང་ཞིང་། དང་བོ་དེ་དོན་ལ་གནས་ཤིང་། གཉིས་པ་ནི་དེ་འདྲ་ཞིག་ཡོད་མེད་ཆ་ཤས་ཕྱེས་ནས་དཔྱད་ན་དེ་འདྲ་གཏན་ནས་རྙེད་རྒྱུ་མེད་ཚུལ་དེ་ནི་འཇིག་རྟེན་རང་འགའ་བས་ཀྱང་གོ་ནུས་པས་རགས་པ་འདི་བཞིན་དུ་བདག་ཕུང་སོགས་སེམས་ཅན་གྱི་རྒྱུད་ཀྱི་ཤེས་པ་གང་ལ་སྣང་བའི་ཚེ་རང་བཞིན་གྱིས་གྲུབ་པའམ་རང་ཚུགས་ཐུབ་པ་ཞིག་སྣང་བ་དེ་ལྟར་གྲུབ་ན་དེའི་ཆ་ཤས་རྣམས་ཕྱེས་ནས་རང་བཞིན་གྱིས་གཅིག་གམ་ཐ་དད་གང་དུ་གྲུབ་བརྟགས་ཤིང་དཔྱད་ནས་རྙེད་རྒྱུ་མེད་ཚུལ་ཕྲ་མོ་འདི་མཚོན་དགོས་པར་བསྟན་པ་ཡིན་པར་སྣང་ལ། དེ་ལྟར་དུ་ཆུ་ཤིང་གི་སྟེང་དུའང་སྣང་བ་ལྟར་མ་གྲུབ་པ་ཕྲ་མོ་ཞིག་ཀྱང་གོ་རྒྱུ་ཡོད་པར་གསལ་ལོ་སྙམ་ཞིང་། དེ་ལྟར་ཆུ་ཤིང་གི་དཔེ་འདིས་བདག་ཕུང་སོགས་བཏགས་དོན་བཙལ་ཚུལ་ལ་འཁྲུལ་གཞི་ཆེ་བར་སྣང་བས་རང་བློར་འཆར་ཚུལ་གསལ་བར་བྲིས་པ་ལགས་སོ།།

    ཡང་ལྕང་སྐྱ་རིན་པོ་ཆེའི་ལྟ་མགུར་ཨ་མ་ངོ་ཤེས་ལས། ད་ལྟ་རང་རེ་ཡི་བློ་གསལ་འགའ་ཞིག། ཚུགས་ཐུབ་བདེན་གྲུབ་སོགས་བརྡ་ལ་ཞེན་པས།། སྣང་བ་ལིང་ལིང་དེ་རང་སོར་བཞག་ནས།། དགག་རྒྱུ་རྭ་ཅན་ཞིག་འཚོལ་བར་སྣང་སྟེ།། སྒྲིབ་བྲལ་ཨ་མ་ཡི་བཞིན་རས་དེ་ན།། ལང་ལང་ལིང་ལིང་དེ་ཡོད་སྐད་མི་འདུག།། ཞེས་གསུངས་པ་སོགས་ལ་བརྟེན་ནས་ཚུགས་ཐུབ་ཏུ་གྲུབ་པ་ཙམ་ལ་དེ་རང་ངོས་ནས་གྲུབ་པའི་དོན་མིན་ཚུལ་འདོད་མཁན་བྱུང་ཡང་། དེ་ལྟར་ན་ཚུགས་ཐུབ་བདེན་གྲུབ་སོགས་ཞེས་ཀྱང་བྱུང་བས་བདེན་གྲུབ་སོགས་ཀྱང་རང་ངོས་ནས་གྲུབ་པའི་དོན་དུ་མ་སོང་བར་འགྱུར་ལ། དེར་མ་ཟད་རྩ་ཤེ་ཊཱིཀ་ཆེན་རབ་བྱེད་ཉེར་བཞི་པར། འདི་ནི་ཕན་ཚུན་བརྟེན་དགོས་པས་ན་རང་ལ་ཚུགས་ཐུབ་ཀྱི་རང་བཞིན་ཡོད་པ་མི་བདེན་པའི་དོན་ནོ།། ཞེས་དང་། ལམ་རིམ་ཆེན་མོ་ལས། ཡུལ་སྟེང་དུ་རང་གི་ངོ་བོའི་སྒོ་ནས་རང་ཚུགས་ཐུབ་པའི་སྡོན་ལུགས་ལ་རང་དབང་བར་བྱའོ།། ཞེས་གསུངས་པ་སོགས་ཀྱིས་གང་ཡིན་ལེགས་པར་གོའོ་སྙམ།

    འོ་ན་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་དེ་ཡང་སྟོང་ཉིད་ཀྱི་དགག་བྱ་ཕྲ་མོ་ཡིན་པར་ཐལ་ཏེ། རང་ཚུགས་ཐུབ་པ་དེ་དགག་བྱ་ཕྲ་མོར་འདོད་པས་མཚུངས་སོ་སྙམ་ན། དེ་གཉིས་གཏན་ནས་མི་འདྲ་སྟེ། སྔ་མ་ནི་རང་ངོས་བཟུང་བ་ལ་ཆོས་གཞན་ངོས་བཟུང་བ་ལ་མི་ལྟོས་པར་ངོས་བཟུང་དུ་ཡོད་པ་ཙམ་ལ་འཇོག་ཅིང་། ཕྱི་མ་ནི་གོང་དུ་དྲངས་པ་ལྟར་ཕན་ཚུན་བརྟེན་དགོས་པས་རང་ཚུགས་མི་ཐུབ་ལ་གསུངས་པས་དེ་གཉིས་ཀྱི་ཁྱད་པར་ཤེས་སོ།།

    དེ་ཡང་སྤྱིར་སྣང་བ་དགག་བྱར་འདོད་པ་དང་མི་འདོད་པའི་ཕྱོགས་གཉིས་བྱུང་བར་མངོན་ལ། དང་བོ་ལྟར་ན་ལྟ་མགུར་གྱི་ཚིག་དེས་ནི་དགག་བྱའི་དོན་སྤྱི་མ་ཤར་བར་ཚུགས་ཐུབ་བདེན་གྲུབ་སོགས་ཀྱི་བརྡ་འམ་ཚིག་ཙམ་ལ་ཞེན་ནས། ཚུགས་ཐུབ་དང་བདེན་གྲུབ་ཀྱི་དོན་དེ་སྣང་བ་ལིང་ལིང་བོ་དེ་ཉིད་དགག་བྱ་ཕྲ་མོ་ཡིན་པར་མ་གོ་བར་དགག་རྒྱུ་གཞན་རྭ་ཅན་ལྟ་བུ་ཞིག་འཚོལ་བཞིན་འདུག་གོ་ཞེས་བསྟན་པར་སྣང་སྟེ། དེ་ཡང་ལེགས་བཤད་སྙིང་བོ་ལས། འདིར་བདེན་པར་གྲུབ་པ་སོགས་སུ་འཛིན་པའི་འཛིན་ལུགས་སམ་དེས་ཇི་འདྲ་ཞིག་ཏུ་བཟུང་བའི་དགག་བྱའི་སྤྱི་ལེགས་པོར་མ་ཤར་བར་དེ་རྣམས་སུ་གྲུབ་པ་མི་སྲིད་ཅེས་བརྡ་འཇིགས་པ་ཙམ་ལ་བརྟེན་ནས། དེ་ལྟར་གྲུབ་ན་གནོད་པ་འདི་ཡོད་དང་མ་གྲུབ་པའི་སྒྲུབ་བྱེད་འདིའོ་ཞེས་མང་དུ་སྨྲས་ཀྱང་དོན་ལེགས་པོར་མི་གོ་བས་དགག་བྱ་ངོས་བཟུང་བ་ནི་ཤིན་ཏུ་གལ་ཆེའོ།། (དཔལ་མང་དཀོན་མཆོག་རྒྱལ་མཚན་གྱིས་བརྡ་རྣ་བར་འཇགས་པ་ལ་དང་། གུང་ཐང་རིན་པོ་ཆེས་བརྡ་འཇིགས་པོ་དང་ཞེད་པོ་ལ་འགྲེལ།) ཞེས་གསུངས་པ་དང་ཕྱོགས་མཚུངས་སུ་གོ་དགོས་པར་སྣང་།

    གཉིས་པ་ལྟར་ན་ནི། སྣང་བ་ལིང་ལིང་དགག་བྱར་འདོད་པ་ལ་འདི་ལྟར་དོགས་པ་ཡིན་པར་སྣང་སྟེ། ལམ་གཙོ་ལས། གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་།། ཞེས་སོགས་དང་། སྣང་བ་མེད་ན་མུན་པ་ཡང་མེད་པར་འགྱུར་བས་དེ་གཉིས་སྤང་གཉེན་གྱི་དཔེ་དོན་སྦྱོར་ཚུལ་རྣམས་ཀྱང་མི་འཐད་པར་འགྱུར་ལ། གལ་ཏེ་སྣང་བ་ཡོད་ཀྱང་སྣང་བ་ལིང་ལིང་དེ་མེད་པར་འདོད་ན། སྣང་བ་དཀར་ལམ་པ་དང་ནག་ལམ་པ་ཡང་མེད་པར་འགྱུར་བ་དང་། འཇིག་རྟེན་ན་སྣང་བ་དཀར་ལམ་ལམ་དང་ནག་ལམ་ལམ་མཐོང་བར་གྲགས་པས་ཀྱང་གནོད་པར་དོགས་ལ།  ཡང་དགག་བྱ་ཁེགས་པའི་བློ་ངོར་དགག་གཞི་སྣང་བ་ལིང་ལིང་དེ་བཀག་དགོས་པའི་དོན་དུ་འདོད་ན། དེ་ཡང་མི་རིགས་ཏེ། དེའི་ངོར་སྣང་བ་ལིང་ལིང་དེ་མེད་ཀྱང་དེས་མེད་པར་རྟོགས་དགོས་པ་མ་ཡིན་ཏེ། དེས་ཁྱད་གཞི་སྣང་བ་དེ་ཡོད་མེད་བཙལ་བ་མ་ཡིན་པའི་ཕྱིར། དཔེར་ན། སྨན་པས་ནད་པར་བརྟག་དཔྱད་བྱེད་པའི་ཚེ་ནད་ཡོད་མེད་ཤེས་དགོས་པ་ཡིན་གྱི། དེས་དེ་ལ་སྨན་ཡོད་པ་ཁེགས་པ་དང་མེད་པར་རྟོགས་དགོས་པ་མིན་པ་ལྟར་། སྟོང་ཉིད་ལ་དཔྱོད་པའི་བློ་ངོར་སྟོང་གཞི་དེ་མེད་ཀྱང་དེས་མེད་པར་རྟོགས་མི་དགོས་ཏེ། དེས་སྟོང་གཞི་དེ་ཡོད་མེད་གང་ཡང་བཙལ་བ་མ་ཡིན་པའི་ཕྱིར་ཏེ།  སྤྱོད་འཇུག་ལས། ཇི་ལྟར་མཐོང་ཐོས་ཤེས་པ་དག། འདི་ནི་དགག་པར་བྱ་མིན་ཏེ།། འདིར་ནི་སྡུག་བསྔལ་རྒྱུར་གྱུར་།། བདེན་པར་རྟོག་པ་བཟློག་བྱ་ཡིན།། ཞེས་གསུངས་པའི་རྩ་འགྲེལ་སོགས་དང་། གོང་དུ་རྩ་ཤེ་ཊཱིཀ་ཆེན་དང་། ལམ་རིམ་ཆེན་མོ་སོགས་ལས། གཟུགས་ལ་སོགས་པའི་སྐྱེ་འགག་རང་བཞིན་གྱིས་ཡོད་མེད་འཚོལ་བ་ཡིན་གྱི། དེས་སྐྱེ་འགག་སོགས་འཚོལ་བ་མིན་པས་དེ་དག་ཡོད་པ་ཁེགས་པ་དང་མེད་པར་རྟོགས་དགོས་པ་གང་ཡང་མིན་ཚུལ་གསལ་བར་གསུངས་པ་དྲངས་ཟིན་པ་ལས། བུམ་པ་ལ་སོགས་པའི་སྣང་བ་ལིང་ལིང་དེ་རིགས་ཤེས་ཀྱི་ངོར་མེད་ཀྱང་དེས་ཁེགས་མི་དགོས་པར་གསལ་བར་བསྟན་པའི་ཕྱིར་རོ།།

    དེར་མ་ཟད་གཞན་ཡང་འདི་ལྟརདོགས་ཏེ། སྣང་བ་ལིང་ལིང་དེ་དང་བདེན་གྲུབ་སོགས་གནད་གཅིག་པར་འདོད་ན་དེ་གཏན་མེད་དུ་འགྱུར་ལ། འདོད་མི་ནུས་ཏེ། ཐལ་འགྱུར་བས་དུས་ཕྱིས་དྲན་པ་ཡོད་པའི་རྒྱུ་མཚན་གྱིས་ཤེས་པ་ཡིན་ན་རང་གི་སྣང་བ་ལ་ཚད་མ་ཡིན་པས་ཁྱབ་པར་འདོད་པས། སྤྲིན་དཀར་ལང་ལོང་དུ་གཡོ་བར་སྣང་བའི་སྟེང་དུ་སྣང་བ་ལིང་ལིང་དེ་གསལ་བར་དྲན་པའི་བཅད་ཤེས་ཚད་མ་དེས་གྲུབ་པར་འདོད་དགོས་པའི་ཕྱིར་རོ་སྙམ་སྟེ་དཔྱད་བྱར་སྣང་ངོ་།།

    ཡང་དཔྱད་བྱ་ཞིག་ལ། ལམ་རིམ་ཆེན་མོ་ལས། དེ་ལྟར་ན་འཕགས་པ་ཡབ་སྲས་དང་སློབ་དཔོན་གཉིས་ཀྱི་གཞུང་ནས་རང་བཞིན་གྱིས་ཡོད་ན་དང་། རང་གི་ངོ་བོས་ཡོད་ན་དང་རང་གི་མཚན་ཉིད་ཀྱིས་ཡོད་ན་དང་། རྫས་སུ་ཡོད་ན་ཞེས་དགག་པ་གསུངས་པའི་རང་བཞིན་ལ་སོགས་པ་ནི་སྔར་བསྟན་པ་དེ་ལྟར་དུ་རིག་པར་བྱ་ལ། དེ་དག་མེད་པར་སྟོན་པའི་ཚིག་རྣམས་ཀྱི་དོན་ཡང་མ་རིག་པས་ཞེན་པ་ལྟར་གྱི་དོན་མེད་པར་སྟོན་པ་དེ་ལྟར་དུ་གོ་བར་བྱའོ།། ཞེས་གསུངས་པ་ལས་ལུགས་འདིར་རྫས་ཡོད་ཀྱང་དགག་བྱ་ཕྲ་མོར་འདོད་དགོས་པར་སྣང་བས། སློབ་པའི་མཉམ་བཞག་ཡེ་ཤེས་ཀྱིས་བཏགས་ཡོད་རྟོགས་པར་ཐལ། དེས་རྫས་ཡོད་ཁེགས་པའི་ཕྱིར། ཁྱབ་སྟེ་བཏགས་ཡོད་རྫས་ཡོད་དངོས་འགལ་ཡིན་པའི་ཕྱིར་སྙམ་ན། འདི་དོགས་གཞི་ཆེ་ཡང་སྐྱོན་མེད་ཚུལ་འདི་ལྟར་སེམས་ཏེ། རང་རྒྱུད་པ་སོགས་ཀྱིས་རྫས་བཏགས་ཀྱི་དོན། རང་ངོས་བཟུང་བ་ལ་ཆོས་གཞན་ངོས་བཟུང་བ་ལ་ལྟོས་དགོས་མི་དགོས་ཀྱི་སྒོ་ནས་འཇོག་པས་དངོས་འགལ་དུ་བཞེད་དགོས་ལ། འདི་ས་ནི་ལེགས་བཤད་སྙིང་བོ་ལས། རང་གི་ཡན་ལག་ལ་བརྟེན་ནས་བཏགས་པའི་བཏགས་ཡོད་དུ་འཇོག་པ་བཞིན་དུ་གང་ཟག་ཀྱང་འཇོག་པར་གསུངས་ལ། ཞེས་དང་། ལམ་རིམ་ཆེན་མོ་ལས། དེ་ལ་གཞན་ལ་རག་མ་ལས་ཞེས་པ་ནི་རྒྱུ་རྐྱེན་ལ་རག་མ་ལས་པ་མ་ཡིན་གྱི་ཡུལ་ཅན་ཐ་སྙད་པའི་ཤེས་པ་ལ་གཞན་ཞེས་བྱ་སྟེ་དེའི་དབང་གིས་བཞག་པ་མིན་པས་གཞན་ལ་རག་མ་ལས་པའོ།། ཞེས་སོགས་གསུངས་པས་མིང་དང་རྟོག་པས་བཏགས་པའི་བཏགས་པ་སྟེ་རྟོག་པས་བཏགས་ཙམ་དུ་གྲུབ་པ་ལ་བཏགས་ཡོད་དང་དེའི་ལྡོག་ཕྱོགས་ལ་རང་བཞིན་གྱིས་གྲུབ་པ་དང་རྫས་ཡོད་དུ་འཇོག་དགོས་པར་སྣང་བས་དེ་གཉིས་ནི། དཔེར་ན་ཀུན་རྫོབ་ཏུ་ཡོད་པ་དང་དོན་དམ་དུ་ཡོད་པ་གཉིས་ལྡོག་འགལ་ཡིན་ཀྱང་དངོས་འགལ་མིན་པས་གཅིག་ཁེགས་ན་ཅིག་ཤོས་གྲུབ་དགོས་པ་མིན་པ་ལྟར། བཏགས་ཡོད་དང་རྫས་ཡོད་གཉིས་ཀྱང་དེ་ལྟར་དུ་བཞེད་པར་སྣང་ངོ་།།

    གཞན་ཡང་རང་བཞིན་གྱིས་དང་རང་ངོས་ནས་མེད་ཚུལ་དེ། ཡུལ་སྟེང་དུ་དང་གདགས་གཞིའི་སྟེང་དུ་དང་གདགས་གཞིའི་ངོས་ནས་མེད་ཚུལ་ལ་གསུངས་པ་འགའ་ཞིག་བྱུང་ཡང་སྒྲས་ཟིན་ལྟར་ཡིན་མིན་དཔྱད་དགོས་པར་སྣང་སྟེ། ལམ་རིམ་ཆེན་མོ་ལས། རང་དབང་བ་ནི་རང་གི་ངོ་བོས་གྲུབ་པར་སྣང་བའི་ཚེ་ན་ཤེས་པ་དེ་དག་ལ་གཞན་ལ་རག་མ་ལས་སུ་སྣང་ཞིང༌། སྣང་བ་ལྟར་ཡང་གྲུབ་པའི་དོན་ནོ།། འོན་ཀྱང་རྒྱུ་རྐྱེན་གཞན་ལ་རག་མ་ལས་ལ་བྱས་ནས་དེ་བཀག་ན་ནི་རང་སྡེ་ལ་བསྒྲུབ་མི་དགོས་པ་དང༌། དེ་ཁེགས་ཀྱང་དབུ་མའི་ལྟ་བ་རྙེད་པར་འཇོག་མི་ནུས་པས། ཡུལ་སྟེང་དུ་རང་གི་ངོ་བོའི་སྒོ་ནས་རང་ཚུགས་ཐུབ་པའི་སྡོད་ལུགས་ལ་རང་དབང་བར་བྱའོ།། ཞེས་གསུངས་པ་ལྟར་གྱི་ཁྱད་པར་སྦྱར་དགོས་མིན་དཔྱད་བྱར་སྣང་ངོ་།།

    དེ་ལྟར་སྟོང་ཉིད་ཀྱི་དགག་བྱའི་ཚད་འཛིན་ལ་འདྲ་མིན་སྨྲ་བ་མང་དུ་བྱུང་ཞིང་དེའི་དགག་བྱའི་མིང་གི་རྣམ་གྲངས་ལའང་དུ་མར་གསུངས་པའི་ནང་ནས། ཚུགས་ཐུབ་ཏུ་གྲུབ་པ་དེ་ཉིད་སྟོང་ཉིད་ཀྱི་དགག་བྱ་ཕྲ་མོ་ཡིན་པར་གོ་ལ། འདི་ཉིད་འཆར་བདེ་ཞིང་སེམས་ཅན་རྒྱུད་ཀྱི་ཟག་བཅས་ཀྱི་ཤེས་པ་གང་ཡིན་ལ་དགག་བྱ་ཕྲ་མོར་སྣང་བས་ཁྱབ་པར་གསུངས་པ་བཅས་ཀྱང་ངོ་འཕྲོད་སླ་ཚུལ། མཁས་ཤིང་གྲུབ་པའི་དབང་ཕྱུག་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེའི་གསུང་རྒྱུན་ལས་བྱུང་བ་ཞིག་ཀྱང་གསལ་བར་ཐོས་ལགས་སོ།།

མཐའ་བྲལ་དབུ་མའི་རིགས་པའི་མཚོན་རྣོན་གྱིས།།

མཐར་འཛིན་དམིགས་གཏད་ཐམས་ཅད་འཇིག་བྱེད་པའི།།

ཚུལ་བཞིན་དཔྱོད་པའི་ཡངས་པའི་ཤེས་རབ་ཀྱིས།།

དེ་ཉིད་རྟོགས་པའི་བློ་གྲོས་རྒྱས་པར་མཛད།།

རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད།།

ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ།། །།

འབྲས་བློ་གླིང་དགེ་བཤེས་དཔལ་ལྡན་གྲགས་པས་རང་ཤག་ཏུ་སྔར་བྲིས་ཟིན་ལ་ཞིབ་དཔྱད་སྣོན་འབྲི་དང་བཅས་ཏེ། བོད་རྒྱལ་ལོ་ ༢༡༣༤ ཟླ་༡༠ ཚེས་ ༢༥ ཕྱི་ལོ་ ༢༠༠༧ ཟླ་ ༡༢ ཚེས་ ༤ བཟངབོར་བསྟན་འགྲོར་སྨན་པའི་གསོལ་སྨོན་དང་བཅས་ཏེ་རྫོགས་པར་བྲིས་པ་དགེའོ།། །།

༢༠༡༠ཟླ་ ༧ ཚེས་ ༢༧ ཉིན་སྐྱར་བཅོས་གང་འོས་བགྱིས་པ་དགེ་ལེགས་འཕེལ།།