-->

Nov 20, 2020

སྟོང་ཉིད་ཀྱི་དགག་བྱའི་སྐོར་གྱི་དོགས་དཔྱོད་གནད་བསྡུས།

 

སྟོང་ཉིད་ཀྱི་དགག་བྱའི་སྐོར་གྱི་དོགས་དཔྱོད་གནད་བསྡུས།




དགེ་བའི་བཤེས་གཉེན་ཆེན་མོ་དཔལ་ལྡན་གྲགས་པ་མཆོག


    དེ་ཡང་ཇི་སྐད་དུ། འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་་ཆེན་པོས་ལམ་རིམ་ཉམས་མགུར་དུ། ཤེས་རབ་ཟབ་མོའི་དེ་ཉིད་ལྟ་བའི་མིག།སྲིད་པའི་རྩ་བ་དྲུངས་ནས་འབྱིན་པའི་ལམ།། གསུང་རབ་ཀུན་ལས་བསྔགས་པའི་ཡོན་ཏན་གཏེར།། གཏི་མུག་མུན་སེལ་སྒྲོན་མེ་མཆོག་ཏུ་གྲགས།། དེ་ལྟར་ཤེས་ནས་ཐར་འདོད་མཁས་པ་ཡི།། ལམ་དེ་འབད་པ་དུ་མས་བསྐྱེད་པར་མཛད།། རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས།། ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱངས་འཚལ་ལོ།། ཞེས་ཐུགས་བརྩེ་ཆེན་པོས་གདམས་པར་མཛད་པ་ལྟར་སྒྲུབ་པའི་མཆོད་པ་ཅུང་ཟད་རེར་འགྱུར་བར་རེ་སྟེ་དོགས་དཔྱོད་འདི་ལྟར་འགོད་རྒྱུར། དེ་ཡང་འཇུག་པའི་རྣམ་བཤད་ཆེན་པོར་དགག་བྱ་ངོས་འཛིན་སྐབས་སུ། ཆོས་རྣམས་བདེན་མེད་གཏན་ལ་འབེབས་པ་འདི་ལ། བདེན་པར་གྲུབ་ཚུལ་དེ་ཇི་འདྲ་ཞིག་ཡིན་པ་དང༌། བདེན་པར་འཛིན་ཚུལ་ལེགས་པར་མ་ཤེས་ན་དེ་ཁོ་ན་ཉིད་ཀྱི་ལྟ་བ་ངེས་པར་འཆུག་སྟེ། སྤྱོད་འཇུག་ལས།བརྟགས་པའི་དངོས་ལ་མ་རེག་པར།། དེའི་དངོས་མེད་འཛིན་མ་ཡིན།། ཞེས་བརྟགས་པའི་དངོས་པོ་སྟེ་དགག་བྱའི་སྤྱི་ལེགས་པར་བློ་ལ་མ་ཤར་ན། དགག་བྱ་དེ་མེད་པ་ལེགས་པར་འཛིན་མི་ནུས་པར་གསུངས་པས། མེད་རྒྱུའི་བདེན་གྲུབ་དང་། གང་གིས་སྟོང་འི་དགག་བྱའི་རྣམ་པ་བློ་ཡུལ་དུ་ཇི་ལྟ་བ་བཞིན་མ་ཤར་ན། བདེན་མེད་དང་སྟོང་འི་ངོ་བོ་ལེགས་པར་ངེས་པ་མི་སྲིད་དོ།། དེ་ཡང་གྲུབ་མཐའ་སྨྲ་བས་འཕྲལ་དུ་ཀུན་བརྟགས་པའི་བདེན་གྲུབ་དང༌། བདེན་འཛིན་ངོས་ཟིན་པ་ཙམ་གྱིས་མི་ཆོག་པའི་ཕྱིར། ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པ། གྲུབ་མཐས་བློ་བསྒྱུར་མ་བསྒྱུར་གཉིས་ཀ་ལ་ཡོད་པའི་ལྷན་སྐྱེས་ཀྱི་བདེན་འཛིན་དང༌། དེས་བཟུང་བའི་བདེན་གྲུབ་ལེགས་པར་ངོས་ཟིན་པ་ནི་གནད་ཤིན་ཏུ་ཆེ་སྟེ། དེ་ངོས་མ་ཟིན་པར་རིགས་པས་དགག་བྱ་བཀག་ཀྱང༌། ཐོག་མ་མེད་པ་ནས་ཞུགས་པའི་བདེན་ཞེན་ལ་ཅི་ཡང་མི་གནོད་པས་སྐབས་དོན་སྟོར་བར་འགྱུར་བའི་ཕྱིར་རོ།། ཞེས་ཚུལ་འདི་ཉིད་ལ་བསམ་གཞིག་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བར་གསུངས་སོ།།

    དེ་ཡང་དཔེར་ན་གནས་འདིར་སྦྲུལ་མེད་པར་ཤེས་ནས་སྦྲུལ་གྱི་འཇིགས་སྐྲག་བསལ་བ་ལ་ངེས་པར་སྦྲུལ་གྱི་དོན་སྤྱི་ལེགས་པར་ཤར་ནས་སྦྲུལ་གྱི་འཇིགས་པ་བསལ་དགོས་ཀྱི། དེར་སྦྲུལ་མེད་ཅེས་པ་ལ་སྦྲུལ་གྱི་དོན་སྤྱི་མ་ཤར་བར་གླང་ཆེན་གྱི་དོན་སྤྱི་ཤར་ཏེ་དེ་མེད་པར་ངེས་པས་སྦྲུལ་མེད་པར་ངེས་མི་ནུས་པ་ལྟར། སྟོང་་ཉིད་དངོས་ཀྱི་དགག་བྱའི་དོན་སྤྱི་ལེགས་པར་མ་ཤར་བར་དེ་མེད་པར་ངེས་མི་ནུས་སོ།། དེ་ལ་དགག་བྱ་ངོས་མ་ཟིན་པར་འདིའི་དགག་བྱ་ལ་ཁྱབ་ཆེ་ཆུང་གཉིས་བྱུང་ཞིང་། དེ་འགོག་ཚུལ་སོགས་ནི་ལམ་རིམ་ལྷག་མཐོང་ཆེན་མོ་ལས་གསལ་བ་ལྟར་ལས་ལེགས་པར་གོ་ནུས་པས་འདིར་མ་བྲིས་སོ།། འདིར་ནི་ཆོས་རྣམས་བདེན་པར་མ་གྲུབ་ཅེས་པའི་ལོག་ཕྱོགས་ཀྱི་བདེན་གྲུབ་ངོས་འཛིན་ཚུལ་ལ་འདྲ་མིན་བྱུང་བར་སྣང་བས་དེའི་སྐོར་རྗེ་ཡབ་སྲས་ཀྱི་གཞུང་རྣམས་ཕན་ཚུན་དང་གོང་འོག་བསྒྲིགས་ནས་དཔྱད་བསྡུར་ཐོག་བློ་ངོར་འཆར་ཚུལ་རྣམས་བརྗོད་ན། དེ་ལ་གོང་གི་གཞུང་དེར། འོ་ན་དབུ་མ་སྣང་བ་ལས་སྐྱེ་བ་ནི་དེ་ཁོ་ན་ཉིད་ལ་འཇུག་པའི་རིགས་ཤེས་ཀྱིས་སྐྱེ་བར་དང་ཡོད་པར་གྲུབ་པ་ལ་བཤད་པ་ཇི་ལྟར་ཡིན་ཞེ་ན། བདེན་ཏེ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བའི་དོན་དམ་ལ་གཉིས་སུ་ཤེས་དགོས་ཏེ། ཐོས་བསམ་སྒོམ་གསུམ་གྱི་རིགས་ཤེས་ལ་དོན་དམ་དུ་བྱས་ནས། དེས་སྔར་བཤད་པ་ལྟར་མ་གྲུབ་པ་གཅིག་དང༌། བློའི་དབང་གིས་བཞག་པ་མིན་པར་དོན་གྱི་སྡོད་ལུགས་སུ་ཡོད་པ་ལ་དོན་དམ་དུ་ཡོད་པར་བཞག་པ་གཉིས་ཀྱི་དང་བོའི་དོན་དམ་དང་དེའི་ངོར་གྲུབ་པ་ཡང་ཡོད་ལ། ཕྱི་མའི་དོན་དམ་དང་དེར་ཡོད་པ་གཉིས་ཀ་ཡང་མི་སྲིད་དོ།། དེས་ན་ཕྱི་མའི་དོན་དམ་དུ་ཡོད་པ་ལ་སྔ་མའི་དོན་དམ་དུ་ཡོད་པས་ཁྱབ་ཀྱང༌། སྔ་མའི་ཡོད་འཛིན་ནི་ལྷན་སྐྱེས་ཀྱི་བདེན་འཛིན་མིན་ལ། དེའི་བདེན་འཛིན་ལ་ནི་ཕྱི་མའི་ཡོད་འཛིན་དགོས་སོ།། འདི་མ་ཕྱེད་པར་དགག་བྱའི་ཚད་འཛིན་རིགས་པས་དཔྱད་བཟོད་དང༌། དཔྱད་བཟོད་ཀྱི་དངོས་པོ་ལ་འཛིན་པ་མང་དུ་བྱུང་ཞིང༌། ཞེས་སོགས་དང༌། ཐལ་འགྱུར་བའི་དེའི་སྐབས་སུའང༌། དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བའི་དོན་དམ་ལ་ཚུལ་གཉིས་ཤེས་དགོས་པ་ནི་འདིར་ཡང་འདྲ་ལ། ཞེས་སོགས་ཀྱི་དོན་ལ་ཅུང་ཟད་དཔྱད་པར་བྱའོ།།

    དེ་ཡང་འདིར་སྔ་མའི་ཡོད་འཛིན་ཞེས་པ་དེ་གོང་དུ། འོ་ན་དབུ་མ་སྣང་བ་ལས་སྐྱེ་བ་ནི་ཞེས་པ་ནས། སྐྱེ་བར་དང་ཡོད་པར་གྲུབ་པ་ལ་ཞེས་གསུངས་པ་དེ་ཉིད་ཡིན་པར་མངོན་ལ། དེས་ན་དེས་སྔར་བཤད་པ་ལྟར་མ་གྲུབ་པ་ཞེས་པ་དེའང་གྲུབ་པ་གཅིག་དང་ཞེས་གོ་དགོས་པར་མངོན་པས། དང་བོའི་དོན་དམ་དེ་རིགས་ཤེས་དང་དེའི་ངོར་གྲུབ་པ་ནི་ཆོས་ཉིད་དང༌། སྔ་མའི་ཡོད་འཛིན་ནི་རིགས་ཤེས་དེས་སྔར་བཤད་པ་ལྟར་གྲུབ་པ་སྟེ། དེས་གང་ལ་དཔྱད་པའི་གཞི་དེའམ་སྐྱེ་བ་སོགས་ཀུན་རྫོབ་པའི་ཆོས་ཤིག་རྙེད་པའམ་གྲུབ་པར་འཛིན་པ་ལ་བཞེད་པར་གསལ་བས་དེ་གཉིས་ཀྱང་ཁྱད་པར་ཕྱེད་དགོས། དེ་ལས་ཕྱི་མ་འདི་ནི་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་གྲུབ་པར་འཛིན་པ་དང་གནད་གཅིག་ཏུ་གོ་དགོས་པར་སྣང་སྟེ། འདི་མ་ཕྱེད་པར་དགག་བྱའི་ཚད་འཛིན་རིགས་པས་དཔྱད་བཟོད་དང༌། ཞེས་དང༌། ལེགས་བཤད་སྙིང་བོའི་དགག་བྱ་ངོས་འཛིན་སྐབས་སུ། རྟོག་གེ་འབར་བའི་ལུང་དོན་གནད་བསྡུས་ལ། དེ་ལྟར་ན་དབུ་མ་་དང་གཞན་དག་ཡོད་མེད་དཔྱོད་པའི་གཞི་དེ་དོན་དམ་པར་མེད་ཅེས་པའི་དོན་ནི་གཞི་དེ་དོན་དམ་དཔྱོད་པའི་རིགས་ངོར་མེད་པ་སྟེ་དེས་མ་གྲུབ་ཅེས་པའོ།། ཞེས་དང༌། དེའི་འོག་རང་དུ་དབུ་མ་སྣང་བའི་ལུང་དོན་ཡང་དེ་བཞིན་དུ་གསུངས་ཤིང༌། ལམ་རིམ་ཆེན་མོ་ལས། རིགས་པས་དཔྱད་བཟོད་མི་བཟོད་ཀྱི་དོན་ནི་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པ་དེས་རྙེད་མ་རྙེད་ཡིན་ལ། ཞེས་དང༌། རྩ་ཤེ་ཊཱིཀ་ཆེན་རབ་བྱེད་ཉེར་བཞི་པ་ལས། རྙེད་པའི་དོན་ནི་ཤེས་པ་དེས་དེ་ལྟར་གྲུབ་པའི་དོན་ཡིན་ཏེ། ཞེས་སོགས་གསུངས་པ་རྣམས་གུང་བསྒྲིགས་པ་ལས་ལེགས་པར་གོ་ནུས་སོ།།

    དེ་ཡང་གང་ལ་དཔྱད་པའི་གཞི་དེ་དེ་ཉིད་དཔྱོད་པའི་རིགས་པས་རྙེད་པའམ་གྲུབ་པ་ལ་འདོད་དགོས་པར་གོ་སྟེ། ལམ་རིམ་ཆེན་མོ་ལས། དེས་ན་རིགས་པ་དེ་ལ་དེ་ཉིད་ལ་དཔྱོད་པ་ཞེས་བྱ་སྟེ། དེ་ཁོ་ན་ཉིད་དུ་སྐྱེ་འགག་སོགས་གྲུབ་མ་གྲུབ་དཔྱོད་པ་ཡིན་པའི་ཕྱིར་རོ།། དེ་ལྟ་བུའི་རིགས་པ་དེས་དཔྱོད་པའམ་བཙལ་བ་ན་སྐྱེ་བ་ལ་སོགས་པ་ཅུང་ཟད་ཀྱང་མ་རྙེད་པ་ལ་དཔྱད་མི་བཟོད་པ་ཞེས་ཟེར་ལ་རིགས་པ་དེས་མ་རྙེད་པ་ཙམ་གྱིས་ཁེགས་པ་མིན་གྱི་ཡོད་ན་རིགས་པ་དེས་གྲུབ་དགོས་པ་ལས་དེས་མ་གྲུབ་ན་ཁེགས་པ་ཡིན་ནོ།། ཞེས་དང༌། གྲུབ་མཐའ་ཤེལ་གྱི་མེ་ལོང༌ལས། ཐལ་རང་གཉིས་ཀ་གང་ཟག་རིགས་པས་ཞེས་པ་ནས་འཚོལ་ལུགས་དེས་བཙལ་ནས་དཔྱད་གཞི་དེ་རྙེད་རྒྱུ་བྱུང་ན་རིགས་པས་དཔྱད་བཟོད་དུ་གྲུབ་པར་བཞེད། ཅེས་གསུངས་པ་དང༌། གོང་དུ་ལེགས་བཤད་སྙིང་པོ་ལས་ཀྱང༌། གཞི་དེ་དོན་དམ་དཔྱོད་པའི་རིགས་ངོར་མེད་པ་སྟེ་དེས་མ་གྲུབ་ཅེས་པའོ།། ཞེས་གསུངས་པ་སོགས་ཀྱིས་ལེགས་པར་གོའོ་སྙམ་མོ།། དེས་ན་གོང་དུ། དེས་ན་ཕྱི་མའི་དོན་དམ་དུ་ཡོད་པ་ལ་ཞེས་པ་ནས་དེའི་བདེན་འཛིན་ལ་ནི་ཕྱི་མའི་ཡོད་འཛིན་དགོས་སོ།། ཞེས་སོགས་དང༌། ལེགས་བཤད་སྙིང་བོ་ལས། དེས་ན་བདེན་འཛིན་གྱི་ཡུལ་དེར་གྲུབ་ན་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དང་ཆ་མེད་ཀྱི་དངོས་པོ་དང་རང་བཞིན་ཁྱད་པར་གསུམ་ལྡན་སོགས་སུ་ཡོད་པར་འགྱུར་རོ་ཞེས་འཕེན་ནུས་ཀྱི། དེ་དག་ཏུ་འཛིན་པ་བདེན་འཛིན་གྱི་དོན་མིན་ཏེ། དེ་དག་བཀག་ཀྱང་བདེན་མེད་ཀྱི་དོན་མི་འགྲུབ་པའི་ཕྱིར་རོ།། ཞེས་སོགས་ཀྱི་དོན་རྣམས་གཅིག་མཐུན་དུ་གོ་དགོས་པར་སྣང་ངོ༌།།

    འོ་ན་གོང་དུ་སྔ་མའི་ཡོད་འཛིན་ནི་ལྷན་སྐྱེས་ཀྱི་བདེན་འཛིན་མིན་ལ། དེའི་བདེན་འཛིན་ལ་ཕྱི་མའི་ཡོད་འཛིན་དགོས་སོ།། ཞེས་པས་སྔ་མའི་ཡོད་འཛིན་ལ་ཕྱི་མའི་ཡོད་འཛིན་གྱིས་ཁྱབ་པར་བསྟན་པ་ལྟ་བུར་སྣང་བས་དེ་ཉིད་ཇི་ལྟར་ཡིན་སྙམ་ན། དེའི་དོན་དེ་ལྟར་འགྲེལ་མཁན་འདྲ་མིན་བྱུང་བ་ནི་བདེན་མོད། འོན་ཀྱང་རང་བློར་འཆར་ཚུལ་ནི་འདི་ལྟར། སྔ་མའི་ཡོད་འཛིན་ནི་ལྷན་སྐྱེས་ཀྱི་བདེན་འཛིན་མིན་ལ། དེའི་བདེན་འཛིན་ལ་ནི་ཕྱི་མའི་ཡོད་འཛིན་དགོས་སོ་ཞེས་པར། དེའི་བདེན་འཛིན་ཞེས་པའི་དེ་སྒྲ་དེ་སྔ་མའི་ཡོད་འཛིན་ལ་གོ་རྒྱུ་མིན་ཞིང་། ལྷན་སྐྱེས་དེའི་བདེན་འཛིན་ལ་ནི་ཕྱི་མའི་ཡོད་འཛིན་ཐུན་མོང་མིན་པའི་སྡོད་ལུགས་ཀྱི་ངོས་ནས་ཡོད་པར་འཛིན་པ་ཞིག་དགོས་ཚུལ་བསྟན་པར་མངོན་ནོ།།

    ཡང་དེ་ལྟ་བུ་དེ་ལྷན་སྐྱེས་ཀྱི་བདེན་འཛིན་མིན་ནོ་ཞེས་པས་དེ་སྤྱིར་བདེན་འཛིན་ཙམ་མམ་བདེན་འཛིན་ཀུན་བརྟགས་སུ་བསྟན་པར་གོའོ་ཞེ་ན། དེ་ལྟར་མ་ཡིན་ཏེ། གཞན་དུ་ན། འཇུག་པའི་རྣམ་བཤད་དུ། རང་རྒྱུད་པས་འདི་ལྟར་བཞག་པ་ནི། ཐལ་འགྱུར་བའི་དགག་བྱ་འཛིན་པའི་བློ་ལ་ལྟོས་ན་ཤིན་ཏུ་རགས་པས། ཕྲ་བའི་བདེན་འཛིན་ལྷན་སྐྱེས་ནི་མིན་ནོ།། ཞེས་གསུངས་པ་འདིས་ཀྱང་དེ་ལྟར་བསྟན་པར་གོ་དགོས་པར་ཐལ་བར་འགྱུར་རོ།།

    ཡང་འདིར་ལྷན་སྐྱེས་ཀྱི་བདེན་འཛིན་མིན་ལ་ཞེས་གསུངས་པ་དང༌། ལེགས་བཤད་སྙིང་པོ་ལས། རིགས་པ་དེ་དག་གི་གནད་ཀྱིས་རང་རྒྱུད་པས་བཤད་པའི་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་སུ་འདོད་པ་ཡང་ཀུན་བརྟགས་སུ་བྱའོ།། ཞེས་རྟོག་གེ་འབར་བ་དང་དབུ་མ་སྣང་བ་ལས་གསུངས་ཚུལ་དེ་དག་དང༌། རང་རྒྱུད་པས་བཤད་པའི་གང་ཟག་དང་ཆོས་ཀྱི་བདག་འཛིན་དེ་དག་བདེན་འཛིན་དང་བདག་འཛིན་དངོས་ཡིན་མིན་དཔྱད་པ་ལ། དེ་དག་ལྷན་སྐྱེས་མིན་ཚུལ་དང༌། གྲུབ་མཐས་བློ་མ་བསྒྱུར་བ་ལ་མེད་པས་ཀུན་བརྟགས་ཡིན་པར་དོགས་སེལ་མཛད་ཚུལ་ལྟར་ན་བདེན་འཛིན་ཡིན་ན་ལྷན་སྐྱེས་ཡིན་པས་ཁྱབ་པར་བསྟན་པ་ཨེ་ཡིན་སྙམ་དུ་དོགས་སོ་ཞེ་ན། ཚིག་ཟིན་ཙམ་ལས་དེ་ལྟར་དོགས་པ་བྱུང་བ་ནི་བདེན་མོད། འོན་ཀྱང་དེའི་དོན་ཡང་འདི་ལྟར་སྣང་སྟེ། དེ་དག་ནི་གྲུབ་མཐའ་སྨྲ་བས་འཕྲལ་དུ་ཀུན་བརྟགས་པའི་བདེན་པར་གྲུབ་པའམ་བདག་ཏུ་གྲུབ་པར་འཛིན་པ་ཙམ་ཡིན་པས། དེ་འདྲ་བའི་གང་ཟག་གི་བདག་འཛིན་ཀུན་བརྟགས་སུ་འདོད་པ་དེ་མ་ཟད། ཆོས་ཀྱི་བདག་འཛིན་ལྷན་སྐྱེས་སུ་བཤད་པ་རྣམས་ཀྱང་འཛིན་སྟངས་ཀྱི་ཡུལ་དེ་དག་ནི། བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་ཡུལ་དང་ཆེས་མི་མཐུན་པས་དེ་དག་བདག་འཛིན་དང་བདེན་འཛིན་ཡིན་པར་འདོད་མི་རིགས་ཏེ། བདག་འཛིན་ནམ་བདེན་འཛིན་ཡིན་ན་དེའི་ཞེན་ཡུལ་བཀག་ཆ་དེ་ཉིད་བདེན་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་བཀག་ཆ་དང་ཁྱད་པར་མེད་པ་ཞིག་དགོས་པའི་ཕྱིར་རོ།།

    གལ་ཏེ་དེ་ལྟར་མིན་ན་གཞི་བུམ་པ་ལྟ་བུའི་སྟེང་དུ་བདེན་གྲུབ་བཀག་ཆ་ལ་མི་འདྲ་བ་ཡོད་པར་འགྱུར་ཞིང༌། བུམ་པ་བདེན་མེད་འཆར་ཚུལ་ལའང་མི་འདྲ་བ་ཡོད་པར་ཐལ་བར་འགྱུར་བའི་གནད་ཀྱིས་གོང་སྨྲས་དེ་དག་ནི། གྲུབ་མཐའ་སྨྲ་བས་འཕྲལ་དུ་ཀུན་བརྟགས་པའི་བདེན་གྲུབ་བམ་བདག་ཏུ་གྲུབ་པ་འཛིན་པ་ཙམ་ཡིན་གྱི། བདེན་འཛིན་ལྷན་སྐྱེས་ལ་ནི་དེ་ལྟར་འཛིན་པ་མེད་པས་བདེན་འཛིན་དང་བདག་འཛིན་མིན་ཞེས་བསྟན་པ་ལས་བདེན་འཛིན་ལ་ལྷན་སྐྱེས་ཀྱིས་ཁྱབ་པར་བསྟན་པ་མ་ཡིན་ཏེ། རྒྱུ་མཚན་ཞིག་ལ་བརྟེན་ནས་བདེན་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དེ་ལྟར་དུ་གྲུབ་བོ་སྙམ་དུ་འཛིན་པ་དེ་བདེན་འཛིན་ཀུན་བརྟགས་སུ་འདོད་དགོས་ཤིང༌། དེ་ཉིད་བདེན་འཛིན་ཀྱང་འདོད་དགོས་པའི་ཕྱིར་རོ།།

    དེར་མ་ཟད་སྟོང་ཐུན་དུ་དགག་བྱ་ཁྱབ་ཆུང་བ་འགོག་སྐབས། དེ་འདྲའི་རང་བཞིན་ཁྱད་པར་གསུམ་ལྡན་གྱིས་སྟོང་ར་ངེས་པ་ཙམ་དེ་ཉིད་དབུ་མའི་ལྟ་བ་མཐར་ཐུག་པ་ངེས་པར་བཞག་མི་ནུས་པར་ཐལ། རང་བཞིན་ཁྱད་པར་གསུམ་ལྡན་གྱིས་སྟོང་པར་ངེས་པ་དེ། བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་བཟློག་ཕྱོགས་དངོས་མ་ཡིན་པའི་ཕྱིར། དེར་ཐལ། གྲོག་སྦུར་སོགས་ཀྱི་རྒྱུད་ལ་ཁྱད་པར་གསུམ་ལྡན་གྱི་རང་བཞིན་དུ་འཛིན་པའི་དོན་གྱི་འཛིན་སྟངས་མི་སྲིད་པའི་ཕྱིར་རོ།། ཞེས་གསུངས་པ་འདིས་ཀྱང་བདེན་འཛིན་ཡིན་ན་དེའི་འཛིན་སྟངས་དེ་བཞིན་ལྷན་སྐྱེས་ཀྱི་འཛིན་སྟངས་དང་ཁྱད་པར་མེད་པ་ཞིག་ཡིན་དགོས་པར་གསལ་བར་བསྟན་ཞིང༌། དེས་ན་གྲུབ་མཐའ་སྨྲ་བས་འཕྲལ་དུ་ཀུན་བརྟགས་པའི་བདེན་འཛིན་ཀུན་བརྟགས་དང༌། སྤྱིར་བདེན་འཛིན་ཀུན་བརྟགས་གཉིས་ཁྱད་པར་ལེགས་པར་ཕྱེད་དགོས་པར་མངོན་ཞིང། དེ་ལྟར་ཕྱེད་ན་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱིས་བདེན་འཛིན་ཀུན་བརྟགས་ཀྱི་ཞེན་ཡུལ་མེད་པའང་རྟོགས་ཞེས་འདོད་དགོས་པའི་གནད་ཀྱང་ལེགས་པར་གོ་ནུས་སོ།།

    འདིར་དཔྱད་གཞི་གནད་དོན་ཆེ་བ་ཞིག་ལ། གལ་ཏེ་སྔ་མའི་ཡོད་འཛིན་ཅེས་པ་དེ་ཉིད་བདེན་འཛིན་དངོས་མིན་ན། འཇུག་པའི་རྣམ་བཤད་དུ། མཉམ་ཉིད་བཅུའི་ངོས་འཛིན་སྐབས་སུ། དེ་ལ་དང་བོ་ནི། མཚན་མ་མི་འདྲ་བར་སྣང་བ་རྣམས་འཕགས་པའི་མཉམ་བཞག་གི་ངོ་ན་མེད་པར་ཆོས་ཀུན་འདྲ་བའོ།། ཞེས་དང༌། བདེན་གཉིས་སྐབས་སུ། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དེས་ཕུང་སོགས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་ཕྱིར་དང༌། ཕུང་སོགས་རྣམས་གཟིགས་ངོ་དེར་མ་གྲུབ་པ་དེ་དག་གི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་དང༌། ཞེས་སོགས་གསུངས་པ་ལྟར་དེ་དག་ཀྱང་སྟོང་ཉིད་དམ་ཆོས་ཉིད་དུ་འདོད་དགོས་ཤིང༌། དེ་དག་གི་བཟློག་ཕྱོགས་འཛིན་པ་རྣམས་ཀྱང་བདེན་འཛིན་དུ་འདོད་དགོས་པས། དེ་དག་གི་འཛིན་སྟངས་དེ་བཞིན་བདེན་འཛིན་ལྷན་སྐྱེས་ལ་ཇི་ལྟར་ཡོད་ཅེས་དོགས་ཚུལ་སྨྲའོ།།

    འདི་ནི་དཔྱད་གཞི་ཤིན་ཏུ་འགངས་ཆེ་བས་ཇི་བཞིན་བཤད་པར་ནུས་པ་དཀའ་ཡང༌། རྗེ་རིན་པོ་ཆེ་རང་གི་གསུང་གོང་འོག་དང་ཕན་ཚུན་གུང་བསྒྲིགས་ཏེ་དཔྱད་ན་འདི་ལྟར་འཆར་ཏེ། དེ་ཡང་ཕུང་སོགས་རྣམས་རང་རང་གི་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་གཟིགས་ངོར་མ་གྲུབ་པ་ཞེས་པ་ནི། ཕུང་སོགས་དེ་ཁོ་ན་ཉིད་དུ་མ་གྲུབ་པ་ལ་གོ་དགོས་ཏེ། རྩ་ཤེ་ཊཱིཀ་ཆེན་རབ་བྱེད་བཅོ་ལྔ་་ལས། ཡེ་ཤེས་དེས་ནི་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་དང༌། དངོས་པོ་རྣམས་དེ་ཁོ་ན་ཉིད་དུ་མ་གྲུབ་པ་དེ་ཉིད་དེ་དག་གི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་དང༌། ཞེས་གསུངས་པ་འདིས། གོང་དུ་འཇུག་པའི་རྣམ་བཤད་ལས། ཕུང་སོགས་རྣམས་གཟིགས་ངོར་དེར་མ་གྲུབ་པ་དེ་དག་གི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་དང་ཞེས་པའི་དོན་གསལ་བར་བསྟན་ལ། དེ་ཡང་དེ་ཁོ་ན་ཉིད་དུ་གྲུབ་པ་དང་བདེན་པར་གྲུབ་པ་སོགས་ནི་མིང་གི་རྣམ་གྲངས་ཙམ་སྟེ། དེ་ཡང་རྩ་ཤེ་ཊཱིཀ་ཆེན་རབ་བྱེད་དང་བོ་ལས། དེ་ལ་དབུ་མ་རང་རྒྱུད་པ་རྣམས་ནི་དོན་དམ་པ་དང་ཡང་དག་པ་དང་བདེན་པ་དང་དེ་ཁོ་ན་ཉིད་ཀྱི་ཁྱད་པར་སྦྱར་ན་ཡོད་པར་དགག་ནུས་ལ་དེ་དག་མ་སྦྱར་ན་ངོ་བོ་ཉིད་ཀྱིས་སམ་ངོ་བོ་ཉིད་ལས་ཡོད་པ་སོགས་སྦྱར་ཡང་འགོག་མི་ནུས་པར་བཞེད་དོ།། སངས་རྒྱས་བསྐྱངས་དང་ཟླ་བའི་ལུགས་ནི་ཁྱད་པར་སྔ་ཕྱི་གཉིས་གང་རུང་གཅིག་སྦྱར་ན་གཉིས་པ་མི་དགོས་པས་དེ་གཉིས་འདྲ་བར་བཞེད་ཀྱི་དགག་བྱ་ལ་དོན་དམ་གྱི་ཁྱད་པར་མི་སྦྱོར་བ་ཡང་མིན་ལ་དེ་གཉིས་གང་ཡང་མ་སྦྱར་བར་སྐྱེ་བ་སོགས་འགོག་ནུས་པ་ཡང་མི་བཞེད་དོ།། ཞེས་གསུངས་པའི་ཕྱིར་རོ།།

    དེ་བཞིན་དུ་འཇུག་པའི་རྣམ་བཤད་དུ། དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བའི་དོན་དམ་ལ་གཉིས་ཤེས་དགོས་ཏེ། ཞེས་གསུངས་པ་ལྟར། ལེགས་བཤད་སྙིང་བོ་དུའང་དོན་དམ་དུ་མེད་ཅེས་པའི་དོན་ལ་གོ་ཚུལ་སྔ་ཕྱི་གཉིས་གསུངས་པའི་གཙོ་བོའམ་དངོས་དེ་ཕྱི་མ་ཉིད་ལ་ངོས་འཛིན་གནང་འདུག་པ་ཡང༌། རྟོག་གེ་འབར་བ་དང་དབུ་མ་སྣང་བའི་ལུང་དོན་ཚིག་ཟིན་སྔར་ལྟར་བཀྲལ་རྗེས་སུ་དོན་དམ་དུ་མེད་པའི་དོན་གནད་བསྡུས་ཏེ་གསུངས་པ་ལ། ཡང་ན་དེ་ཁོ་ན་ཉིད་ཀྱི་ངོ་བོ་ལ་བྱས་ནས་དེ་ཁོ་ན་ཉིད་ཀྱི་རྣམ་པར་དཔྱད་ན་མེད་དོ་ཞེས་རྒྱན་གྱི་འགྲེལ་བཤད་ལས་བཤད་དོ།། དངོས་པོའི་སྐྱེ་བ་ལ་སོགས་པ་དེ་ཁོ་ན་ཉིད་དུ་ཡོད་ན་དེ་དག་གི་དོན་དམ་པ་དང་དེ་ཁོ་ན་འཇལ་བའི་བློས་འགྲུབ་དགོས་ན། དེས་མ་གྲུབ་པའི་ཕྱིར་སྐྱེ་བ་ལ་སོགས་པ་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་དུ་མ་གྲུབ་ཅེས་སྟོན་པ་ཡིན་པས་དེ་ཉིད་ལ་དོན་དམ་པར་སྐྱེ་བ་མེད་པ་ཞེས་བྱའོ།། ཞེས་གསུངས་པ་དང༌། འོ་ན་སྐྱེ་བ་ཇི་འདྲ་ཞིག་ཏུ་གྲུབ་ན་དེ་ཁོ་ན་ཉིད་དུ་གྲུབ་པ་ཡིན་སྙམ་ན། ཞེས་དང་།  དེས་དོན་དམ་པ་དང་དེ་ཁོ་ན་ཉིད་དུ་སྐྱེ་བ་ཡོད་ཅེས་པ་ཡང་ཤེས་པར་བྱ་ལ་ཆོས་གཞན་ཐམས་ཅད་ཀྱི་དོན་དམ་པར་དང་དེ་ཁོ་ན་ཉིད་དུ་དང་བདེན་པའི་སྐྱེ་བ་སོགས་ཡོད་མེད་ཀྱང་ཤེས་པར་བྱའོ།། ཞེས་དང་། ལམ་རིམ་ཆེན་མོ་ལས། དེས་ན་རིགས་པ་དེ་ལ་དེ་ཉིད་ལ་དཔྱོད་པ་ཞེས་བྱ་སྟེ། དེ་ཁོ་ན་ཉིད་དུ་སྐྱེ་འགག་སོགས་གྲུབ་མ་གྲུབ་དཔྱོད་པ་ཡིན་པའི་ཕྱིར་རོ།། ཞེས་གསུངས་པ་སོགས་ཀྱིས་གོ་ལ། དེ་ཡང་ཕུང་སོགས་དེ་ཁོ་ན་ཉིད་དུ་ཡོད་ན་ཞེས་ཁྱད་པར་སྦྱར་བ་དེས་སྤྱིར་ཕུང་སོགས་དེ་ཁོ་ན་ཉིད་འཇལ་བའི་བློའི་ངོར་མེད་པ་ཙམ་དང་མ་གྲུབ་པ་ཙམ་ལ་གོར་མི་རུང་བར་བསྟན་པར་སྣང་ངོ༌།།

    དེ་བཞིན་དུ་མཉམ་ཉིད་བཅུའི་དང་བོའི་ཚུལ་དེའང་གོང་དུ་བཤད་པ་དང་གཅིག་མཐུན་དུ་བྱ་དགོས་ཏེ། རྩ་ཤེ་ཊཱིཀ་ཆེན་རབ་བྱེད་དང་བོ་ལས། འོ་ན་རྟེན་འབྱུང་ལ་འགག་སོགས་དེ་ཁོ་ནར་གྲུབ་པ་འགོག་པའི་སྐབས་འདིར་ཟག་མེད་ཡེ་ཤེས་ཀྱི་ཡུལ་གྱི་རང་བཞིན་ལ་ལྟོས་པའི་འགག་སོགས་མེད་ཅེས་སྟོན་པ་ཅི་ཡིན་ཞེ་ན། ཁྱད་གཞི་རྟེན་འབྱུང་གང་ལ་འགག་སོགས་གང་ཡོད་པའི་ཁྱད་གཞི་དེ་འགག་སོགས་དེ་དང་དེར་ཡོད་པ་ཁྱད་གཞི་དེའི་རང་བཞིན་ནམ་གཤིས་ཡིན་མིན་དཔྱད་ནས་ཡིན་པ་འགོག་པ་དེ་རྟེན་འབྱུང་ལ་འགག་སོགས་དེ་ཁོ་ནར་གྲུབ་པ་འགོག་པའི་དོན་ནོ།། རྟེན་འབྱུང་གི་འགག་སོགས་གཤིས་ཀྱི་འགག་སོགས་སུ་སོང་ན་ཟག་མེད་ཡེ་ཤེས་ཀྱི་ཡུལ་གྱི་རང་བཞིན་དུ་གྲུབ་པའི་འགག་སོགས་སུ་འགྲོ་ཞིང༌། ཟག་མེད་ཀྱི་ཤེས་པའི་ཡུལ་གྱི་རང་བཞིན་ཞེས་པ་ཡང་རྟེན་འབྱུང་གི་ཡིན་ལུགས་ལ་ཟེར་བས་འགག་སོགས་རང་རང་གི་ཁྱད་གཞི་རྟེན་འབྱུང་གི་ཡིན་ལུགས་སུ་མ་གྲུབ་ཅེས་པའི་དོན་ཏོ།། ཞེས་གསུངས་པ་དང༌། དེ་བཞིན་དུ་ལེགས་བཤད་སྙིང་བོ་ཐལ་འགྱུར་བའི་ལུགས་ཀྱི་མཚན་ཉིད་གསུམ་གྱི་རྣམ་གཞག་སྐབས་ལས། གཟུགས་ནས་སངས་རྒྱས་ཀྱི་བར་ལ་ངོ་བོ་ཉིད་དུ་བརྟགས་པ་ཀུན་བརྟགས་སུ་བཤད་པའི་ངོ་བོ་ཉིད་ནི་གཤིས་སམ་རང་བཞིན་ལ་བྱ་ཞིང༌། གཞན་དབང་དེར་ཡོད་པ་ཀུན་བརྟགས་ཡིན་ཡང་སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡུལ་ན་དེ་ཡོད་པ་ཡོངས་གྲུབ་བོ།། དེ་ཡང་གཞན་དབང་ཡིན་ལུགས་སུ་ཡོད་པའི་ཀུན་བརྟགས་ཀྱིས་སྟོང་་དེ་གཞན་དབང་གི་ཡིན་ལུགས་ཡིན་པ་དེ་ཉིད་སངས་རྒྱས་ཀྱི་དོན་དམ་མཁྱེན་པའི་ཡུལ་ན་ཡོད་པས་ཡིན་ལུགས་གཅིག་ཉིད་གཞི་སོ་སོ་ལ་ལྟོས་ནས་ཀུན་བརྟགས་དང་ཡོངས་གྲུབ་གཉིས་སུ་འཇོག་པའོ།། ཞེས་གསུངས་པ་དང༌། དེ་དག་དང་མཐུན་པར་འཇུག་པའི་རྣམ་བཤད་དུ་ནང་སྟོང་་ཉིད་ཀྱི་དོན་གསུངས་སྐབས་སུ། གཞན་དག་གིས་རང་བཞིན་གྱིས་གྲུབ་པ་མི་འདོད་པ་དང༌། རང་བཞིན་ཁས་བླངས་པ་གཉིས་འགལ་བར་རྩོད་པའི་ལན་དུ། རང་བཞིན་བཀག་པ་ནི་མིག་སོགས་གཤིས་ལུགས་ཡིན་པ་བཀག་པ་ཡིན་ལ། རང་བཞིན་ཁས་བླངས་པ་ནི་བཀག་པ་དེ་མིག་སོགས་ཀྱི་ཆོས་ཉིད་ཅེས་པའི་རང་བཞིན་དུ་འདོད་པ་ཡིན་པས། དངོས་པོ་རང་བཞིན་གྱིས་གྲུབ་པ་བཀག་པ་དང༌། དངོས་པོའི་ཆོས་ཉིད་ཀྱི་རང་བཞིན་ཁས་ལེན་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ།། ཞེས་གསུངས་པ་སོགས་ལས་ལེགས་པར་གོ་བར་ནུས་སོ་སྙམ་མོ།།

    མདོར་བསྡུས་ན། དཔྱད་གཞི་གང་ཞིག་རང་རང་གི་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་ཤེས་ཀྱི་ངོར་མ་གྲུབ་པ་དེ་ཉིད་སྟོང་ཉིད་ཕྲ་མོ་ཡིན་ཚུལ་གསུངས་པ་ཐམས་ཅད་དཔྱད་གཞི་དེ་ཉིད་རང་རང་གི་དེ་ཁོ་ན་ཉིད་དམ་གཤིས་ལུགས་སམ་ཡིན་ལུགས་དང་གནས་ལུགས་སུ་དང་རང་བཞིན་དུ་མ་གྲུབ་པ་ལ་གོ་དགོས་པར་སྣང་སྟེ། གཞན་དུ་ན་གོང་དུ་འཇུག་པའི་རྣམ་བཤད་ལས། འདི་མ་ཕྱེད་པར་དགག་བྱའི་ཚད་འཛིན་རིགས་པས་དཔྱད་བཟོད་དང༌། དཔྱད་བཟོད་ཀྱི་དངོས་པོ་ལ་འཛིན་པ་མང་དུ་བྱུང་ཞིང༌། དེ་ལ་བརྟེན་ནས་དོན་དམ་བདེན་པ་གཞི་མ་གྲུབ་པ་དང༌། བདེན་གྲུབ་ཏུ་འདོད་པའི་ནོར་བ་མང་དུ་བྱུང་སྣང་ངོ༌།། ཞེས་སོགས་གསུངས་པའི་ཕྱོགས་སྔ་དག་གི་འདོད་པ་དང་དོན་གྱིས་གཅིག་མཐུན་དུ་འགྱུར་བར་ཡང་དོགས་སོ།།

    ཡང་གལ་ཏེ་མྱུ་གུའི་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་ཤེས་དེས་རང་གི་ངོ་ན་མྱུ་གུ་དང་དེ་བདེན་གྲུབ་གཉིས་ཀ་མེད་པར་རྟོགས་པར་འདོད་དགོས་པས་ཇི་སྐད་བཤད་པ་དེ་དག་མི་འཐད་དོ་སྙམ་ན། རིགས་ཤེས་དེའི་ངོར་མྱུ་གུ་མེད་ཀྱང་རང་ཉིད་ཀྱི་ངོར་དེ་མེད་པ་རང་ཉིད་ཀྱིས་རྟོགས་དགོས་པ་མིན་ཏེ། དེས་མྱུ་གུ་ཡོད་མེད་བཙལ་བ་མ་ཡིན་པའི་ཕྱིར་ཏེ། ལམ་རིམ་ཆེན་མོ་ལས། དེ་ཡང་བཞི་བརྒྱ་འི་འགྲེལ་་ལས། ཁོ་བོ་ཅག་གི་རྣམ་པར་དཔྱོད་པ་ནི་རང་བཞིན་འཚོལ་བ་ལྷུར་བྱེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་གསུངས་པ་ལྟར། གཟུགས་སོགས་ལ་སྐྱེ་འགག་ལ་སོགས་པའི་རང་བཞིན་ཡོད་མེད་འཚོལ་བ་ཡིན་ནོ།། དེ་ལྟར་ན་གཟུགས་ལ་སོགས་པ་ལ་རང་གི་ངོ་བོས་གྲུབ་པའི་སྐྱེ་འགག་ཡོད་མེད་བཙལ་བ་ཡིན་གྱི། རིགས་པ་དེས་སྐྱེ་འགག་ཙམ་འཚོལ་བ་མིན་ནོ།། དེས་ན་རིགས་པ་དེ་ལ་དེ་ཉིད་ལ་དཔྱོད་པ་ཞེས་བྱ་སྟེ་དེ་ཁོ་ན་ཉིད་དུ་སྐྱེ་འགག་སོགས་གྲུབ་མ་གྲུབ་དཔྱོད་པ་ཡིན་པའི་ཕྱིར་རོ།། ཞེས་དང༌། རྩ་ཤེ་ཊཱིཀ་ཆེན་རབ་བྱེད་གསུམ་པ་ལས། རིགས་པས་དཔྱོད་པ་ནི་མིག་ལ་སོགས་པ་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཡོད་མེད་འཚོལ་བ་ཡིན་གྱི་ཡོད་མེད་ཙམ་འཚོལ་བ་མིན་པས། ཞེས་སོགས་གོང་གསལ་བཞི་བརྒྱ་འི་འགྲེལ་་དང་བཅས་ཏེ་གསུངས་པའི་ཕྱིར་རོ།།

    གལ་ཏེ་སྐྱོན་མེད་དེ། དེས་སྐྱེ་འགག་ཙམ་འཚོལ་བ་མིན་པར་བསྟན་གྱི། སྐྱེ་འགག་མ་བཙལ་བར་མ་བསྟན་པས་སྐྱེ་འགག་ཀྱང་འཚོལ་བ་ཡིན་ནོ་སྙམ་ན། དེ་ལྟར་ན་འཇུག་པའི་རྣམ་བཤད་དུ། སྐྱེ་བ་འདི་ནི་བྱེད་པོ་མེད་པར་ཞེས་པའི་ཐད། གལ་ཏེ་སྐྱེ་བ་འདི་ནི་ཞེས་པས་སྐྱེ་བ་བཀག་པ་ནི་རང་གི་ངོ་བོས་གྲུབ་པའི་སྐྱེ་བ་ཙམ་བཀག་གི  ས་བོན་ལས་མྱུ་གུ་སྐྱེ་བ་ཙམ་འགོག་པ་གཏན་མིན་ནོ།། ཞེས་གསུངས་པ་འདིས་ཀྱང་ས་བོན་ལས་མྱུ་གུ་སྐྱེ་བ་ཙམ་འགོག་པ་མིན་པར་བསྟན་གྱི་སྐྱེ་བ་འགོག་པ་མིན་པར་མ་བསྟན་ཞེས་སྨྲ་ན་ལན་ཅི་ཡོད།

    དེར་མ་ཟད་དེས་སྐྱེ་འགག་ཀྱང་འཚོལ་བར་འདོད་ན། དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་སྐྱེ་འགག་སོགས་ཀུན་རྫོབ་པའི་ཆོས་ལ་དཔྱོད་པ་བྱེད་པ་ཡིན་པར་འདོད་དགོས་པར་འགྱུར་ལ། དེ་ལྟར་འདོད་པ་ཡང་མི་རིགས་པའི་ཚུལ་ནི། འཇུག་པའི་རྣམ་བཤད་ལས། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བས་དགག་སྐབས་སུ། དེ་ལྟར་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་ཀུན་རྫོབ་པ་རྣམས་ལ་དཔྱོད་ན་ནི། འཇིག་རྟེན་པའི་ཐ་སྙད་ཐམས་ཅད་ཉམས་པར་འགྱུར་བར་ཤེས་པར་བྱའོ།། ཞེས་དང༌། དོན་དམ་པར་སྐྱེ་བ་མི་ཁེགས་པར་ཐལ་བས་དགག་སྐབས་སུ། ཐ་སྙད་པའི་དོན་ལ་དོན་དམ་པའི་དཔྱད་པ་བྱར་མི་རུང་བར་ལན་དུ་མར་གསུངས་པའི་ཕྱིར་རོ།། ཞེས་དང༌། རྩ་ཆེན་ཊཱིཀ་ཆེན་རབ་བྱེད་དང་བོ་ལས། འདི་ལྟར་མྱུ་གུ་ལ་སོགས་པ་བདེན་པར་ཡོད་མེད་དཔྱོད་པ་ནི་སྔར་ལྷན་སྐྱེས་ཀྱིས་བདེན་པར་ཡོད་པར་འཛིན་ཚུལ་བཤད་པ་ལྟར་དུ་ཡོད་མེད་དཔྱོད་པ་ཡིན་གྱི། མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་ཡོད་མེད་དང༌། རིགས་ཤེས་ཀྱིས་གྲུབ་མ་གྲུབ་ཏུ་དཔྱོད་པ་མིན་པས། རིགས་ཤེས་ཀྱིས་གྲུབ་པ་ཙམ་ཞིག་ཁས་བླངས་པ་ལ་བདེན་པར་གྲུབ་པའི་དོན་ཁས་བླངས་ཞེས་སྨྲ་བའི་དོན་མེད་དོ།། ཞེས་གསུངས་པ་སོགས་ཀྱིས་ལེགས་པར་གོ་ནུས་སོ།།

    དེར་མ་ཟད། མཁས་མཆོག་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་བསྟོད་པ་དོན་ལྡན་མའི་རང་འགྲེལ་ལས། དོན་དམ་དཔྱོད་པའི་རིགས་པས་བཙལ་རྒྱུའང་ཆོས་རྣམས་ཀྱི་རང་གི་ངོ་བོས་གྲུབ་པའི་རང་བཞིན་བཙལ་བ་ཡིན་པས་དེ་རྙེད་རྒྱུ་མ་བྱུང་བ་ན་རང་བཞིན་ཁེགས་པར་འགྲོ་ཡི། སྐྱེ་བ་ཙམ་བཙལ་བ་མིན་པས་དེ་ཁེགས་དོན་ཡང་མེད་དོ།། ཞེས་གསུངས་པས་ཀྱང་གོང་གསལ་དེ་དག་ལ་ངེས་པ་ཆེར་བསྐྱེད་དམ་སྙམ་ལ། གང་ལྟར་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་སྐྱེ་འགག་འཚོལ་བ་དང༌། དེས་རང་གི་ངོར་སྐྱེ་འགག་མེད་པར་རྟོགས་དགོས་སོ་སྙམ་པ་སོགས་ནི། གོང་དུ་རྩ་ཤེ་ཊཱིཀ་ཆེན་སོགས་ལས་འགག་སོགས་མེད་པར་གསུངས་པའི་དོན་གསལ་བར་བཀྲལ་བ་དང༌། བཏགས་དོན་བཙལ་ཞེས་པའི་བཙལ་རྒྱུ་དེའང་གང་ཡིན་འོག་ཏུ་རྩ་ཤེ་ཊཱིཀ་ཆེན་གྱི་ལུང་དུ་གསལ་བ་ལྟར་མ་གོ་བས་བྱུང་བར་སྣང་ངོ༌།།

    ཡང་དཔྱད་བྱ་ཞིག་ལ། བུམ་པ་བཏགས་དོན་བཙལ་བའི་ཚེ་རྙེད་པར་འཛིན་པ་དེ་ཡང་བདེན་འཛིན་དུ་འདོད་དགོས་ལ། དེ་འཛིན་ཚུལ་ཡང་བཏགས་དོན་ནི་བུམ་པ་རང་ཉིད་དང་དེ་བཙལ་ཚུལ་ནི་བུམ་པ་ལ་བུམ་པ་འཚོལ་བ་ལ་གོ་དགོས་ཚུལ་མཁས་དབང་འགའི་གསུངས་པ་ལྟར་འདོད་དགོས་པས་གོང་དུ་བཤད་པ་དེ་བཞིན་མི་འཐད་དོ་ཞེ་ན། དེ་ལྟར་གསུངས་པ་ནི་གདུལ་བྱའི་ངོར་གསུངས་པ་ཙམ་ཡིན་གྱི། དོན་དངོས་གནས་ལ་བཏགས་དོན་བཙལ་ཞེས་པའི་དོན་ནི། ཉེ་བར་བླང་བྱའི་གདགས་གཞི་གང་ལ་བརྟེན་ནས་འདི་ཉེ་བར་ལེན་པ་བོ་དེ་བུམ་པའོ་སྙམ་དུ་བཏགས་ས་ཡི་དོན་བུམ་པ་དེ་ཉིད་རང་བཞིན་གྱིས་ཡོད་མེད་བཙལ་བའི་ཚིག་སྣ་བསྡུས་ཏེ་བསྟན་པ་ཡིན་པར་མངོན་ཏེ། རྩ་ཤེ་ཊཱིཀ་ཆེན་རབ་བྱེད་དང་བོ་ལས། རྒྱུ་འབྲས་གཉིས་ཀ་ཡང་མིང་དུ་བཏགས་པ་ཙམ་མིན་པར་ཐ་སྙད་བཏགས་པའི་བཏགས་སའི་དོན་དེ་རང་གི་ངོ་བོས་གྲུབ་པའི་བསྐྱེད་བྱ་དང་སྐྱེད་བྱེད་དུ་ཡོད་པར་འཛིན་པ་ནི་དགག་བྱ་འཛིན་པ་ཡིན་ནོ།། ཞེས་དང༌། ལེགས་བཤད་སྙིང་བོ་ལས། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་ནི། དངོས་པོ་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་ན་དཔེར་ན་སྐྱེ་བའི་ཐ་སྙད་བཏགས་པའི་བཏགས་སའི་དོན་ལ་ཅི་མྱུ་གུ་འདི་ས་བོན་ལས་རང་བཞིན་ཐ་དད་པ་ཞིག་གམ་འོན་ཏེ་རང་བཞིན་གཅིག་པ་ཞིག་སྐྱེ་ཞེས་དཔྱད་པ་ན་དཔྱོད་བྱེད་ཀྱིས་རྙེད་དགོས་ཏེ། ཞེས་གསུངས་པ་ལས་ལེགས་པར་གོ། འདིས་གཞུང་དེར་བཏགས་པའི་ཞེས་པ་མང་དུ་བྱུང་བ་རྣམས་ཀྱང་བཏགས་སའི་དོན་ཡིན་པར་གོ་དགོས་པར་སྣང་།

    དེ་ཡང་བཏགས་དོན་བཙལ་བས་རྙེད་པར་འཛིན་པ་དེས། བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་ཡུལ་རང་བཞིན་གྱིས་ཡོད་པའམ་ཚུགས་ཐུབ་ཏུ་གྲུབ་པ་དེ་ཉིད་ཡོད་པའམ་རྙེད་པར་འཛིན་པ་ཡིན་པས་བདེན་འཛིན་དངོས་ཡིན་ཀྱང༌། འཛིན་ཚུལ་ནི་དཔྱད་པ་ཞུགས་ནས་དེ་བཞིན་དུ་འཛིན་པ་ཡིན་སྟབས་གྲོག་སྦུར་སོགས་ལ་མེད་པས་ལྷན་སྐྱེས་མིན་པར་སྣང་ཞིང༌། དེས་ན་དེ་ཉིད་བདེན་འཛིན་ཀུན་བརྟགས་ཡིན་ཀྱང་གྲུབ་མཐའ་སྨྲ་བས་འཕྲལ་དུ་ཀུན་བརྟགས་པའི་བདེན་འཛིན་མ་ཡིན་པར་ནི་ངེས་པར་འདོད་དགོས་སོ།། གལ་ཏེ་བུམ་པ་ལྟ་བུ་རང་གི་ཆ་ཤས་ནས་རང་ཉིད་ཡིན་པ་ཞིག་བཞག་རྒྱུ་ཡོད་མེད་དཔྱད་པ་དེ་ཡང་དེ་ཁོ་ན་ཉིད་ལ་དཔྱད་པ་ཡིན་པར་འདོད་དགོས་ཏེ། བུམ་པའི་ཐ་སྙད་བཏགས་པ་ཙམ་གྱིས་མི་ཚིམ་པར་ཐ་སྙད་པའི་བཏགས་པའི་གཞི་དེ་གང་ཡིན་དཔྱད་པ་ཡིན་པའི་ཕྱིར། ཁྱབ་སྟེ། ལེགས་བཤད་སྙིང་བོ་ལས། གང་ཟག་གི་ཐ་སྙད་བཏགས་པ་ཙམ་གྱིས་མི་ཚིམ་པར་དེའི་ཐ་སྙད་གང་ལ་བཏགས་པའི་གདགས་གཞི་དེ་ཇི་ལྟར་ཡིན་དཔྱད་ཅིང་བཙལ་ནས་འཇོག་ན་གང་ཟག་རང་གི་མཚན་ཉིད་ཀྱི་གྲུབ་པར་འཇོག་པ་ཡིན་ཏེ། ཞེས་སོགས་གསུངས་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། དཔེར་ན་སེམས་ཙམ་པ་དང་རང་རྒྱུད་པ་དག་གིས་བུམ་པ་རང་རང་གི་ལུགས་ཀྱི་ཆོས་ཀྱི་བདག་ཏུ་གྲུབ་མ་གྲུབ་དཔྱོད་པ་རྣམས་ཀྱང་དེ་ཁོ་ན་ཉིད་ལའམ་མཐར་ཐུག་གི་དོན་ལ་དཔྱད་པ་ཡིན་པར་འཇོག་དགོས་པ་ལྟར། གོང་གསལ་དེའང་བདག་མེད་པའི་ཚུལ་ལ་དཔྱོད་པ་ཡིན་པས་དེ་ཁོ་ན་ཉིད་ལ་དཔྱོད་པ་དང་ཐ་སྙད་བཏགས་པ་ཙམ་གྱིས་མི་ཚིམ་པར་གང་ཡིན་བཙལ་བ་ཡིན་ནོ་ཞེས་པ་ནི་ཚིག་ཙམ་འདྲ་ཡང་དོན་གཏན་ནས་མི་འདྲའོ།།

    དེ་ཡང་དེ་དག་གིས་ནི་མདོ་ལས་ཆོས་ཐམས་ཅད་མིང་དང་ཐ་སྙད་ཙམ་དུ་གསུངས་པའི་ཙམ་སྒྲས་གང་གཅོད་མ་གོ་བར། སྔ་མ་གཉིས་ཀྱིས་ནི་རང་རང་གི་ལུགས་ཀྱི་ཆོས་བདག་གྲུབ་ཚད་རེ་བཞག་པ་དེ་གཅོད་པར་འདོད་པ་དང༌། ཕྱི་མ་འདིས་ནི་རང་ཉིད་དབུ་མ་ཐལ་འགྱུར་བ་ཡིན་པར་བརློམས་ཀྱང༌། དཔེར་ན་རྒྱང་འཕེན་པས་སྐྱེ་བ་སྔ་ཕྱི་སོགས་འཁྲུལ་ངོར་ཙམ་ལས་རང་བཞིན་གྱིས་མེད་ཚུལ་སྨྲ་བ་ལྟར། མདོ་ལས་དེ་ལྟར་གསུངས་པའི་ཙམ་སྒྲས་སྤྱིར་ཚད་མས་གྲུབ་པའམ་དོན་ལ་ཡོད་པ་དེ་གཅོད་པར་གོ་ནས་བུམ་པ་སོགས་ཐ་སྙད་བཏགས་པ་ཙམ་མམ་འཁྲུལ་ངོར་ཡོད་པ་ཙམ་ལས། དོན་དངོས་ལ་བུམ་པ་ལ་བུམ་པ་རྙེད་རྒྱུ་གཏན་ནས་མེད་པས་བུམ་པ་སོགས་རང་རང་གིས་སྟོང་ས་རང་སྟོང་ཡིན་ཞིང་སྟོང་་ཉིད་ཅེས་བྱ་བ་དངོས་དེ་ནི་དེ་ཉིད་ཡིན་ཏེ། མདོ་ལས་གཟུགས་གཟུགས་ཀྱིས་སྟོང་ངོ་ཞེས་སོགས་གསུངས་པའི་ཕྱིར་རོ་སྙམ་དུ་བསམ་པའོ།།

    འདིར་གོང་དུ་ལེགས་བཤད་སྙིང་བོ་སོགས་སུ་ཐ་སྙད་བཏགས་པ་ཙམ་གྱིས་མི་ཚིམ་པར་ཞེས་སོགས་ཀྱི་ཙམ་སྒྲས་ནི་རང་བཞིན་གྱིས་ཡོད་པ་གཅོད་པ་ཡིན་པ་ནི། གོང་དུ་རྩ་ཤེ་ཊཱིཀ་ཆེན་དང་ལེགས་བཤད་སྙིང་བོའི་ལུང་དྲངས་ཟིན་དེར་བཏགས་སའི་དོན་དེ་རང་གི་ངོ་བོས་གྲུབ་པའི་ཞེས་དང༌། རང་བཞིན་ཐ་དད་པ་ཞིག་གམ་འོན་ཏེ་རང་བཞིན་གཅིག་པ་ཞིག་སྐྱེ་ཞེས་སོགས་དགག་བྱའི་ཁྱད་པར་སྦྱར་ནས་གསལ་བར་གསུངས་པ་ལྟར། འདིར་དང་དེ་བཞིན་གཞན་དུའང་དགག་བྱའི་ཁྱད་པར་མ་སྦྱར་བ་འགའ་རེ་བྱུང་ན་ཡང༌། ལེགས་བཤད་སྙིང་བོ་ལས། དཔེར་ན་ད་ལྟར་གྱི་རྩོམ་པ་བོ་གཅིག་གིས་བརྩམས་པའི་བསྟན་བཅོས་བརྗོད་བྱ་མཐུན་པ་གཅིག་ཏུ་བྱུང་བ་མ་བྱུང་སར་འཁྱེར་དགོས་པ་དང་འདྲའོ།། ཞེས་གསུངས་པ་སོགས་ལས་ལེགས་པར་གོ་བར་ནུས་སོ།།

    དེས་ན་བུམ་པ་ལ་བུམ་པ་བཙལ་བ་དེས་ཀྱང་སྟོང་ཉིད་ལའམ་དེ་ཁོ་ན་ཉིད་ལ་དཔྱོད་པ་ཡིན་ཁུལ་ཡང༌། དེ་ཁོ་ན་ཉིད་དུ་གྲུབ་མ་གྲུབ་དཔྱོད་པ་མིན་ཏེ། དེ་ནི་གོང་དུ་འཇུག་རྣམ་ལས། དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་ཀུན་རྫོབ་པའི་རྣམས་ལ་དཔྱོད་ན་ནི། འཇིག་རྟེན་པའི་ཐ་སྙད་ཐམས་ཅད་ཉམས་པར་འགྱུར་བར་ཤེས་པར་བྱའོ།། ཞེས་སོགས་གསུངས་པ་དྲངས་ཟིན་ལྟར། དེ་འདྲ་བ་རྣམས་ནི་རྟེན་འབྲེལ་བཤིག་པའི་ཆད་སྟོང་ཡིན་ཚུལ། གུང་ཐང་རིན་པོ་ཆེའི་གསུངས་བསྟོད་པ་དོན་ལྡན་མར། ལ་ལ་དགག་བྱའི་མཚམས་ཀྱི་དབེན།། གཏད་མེད་ཕྱོགས་ཆར་གཅོད་པ་ཡིས།། སྟོང་པར་འཁྲུལ་ཡང་འཆར་སླ་ལ།། རྟེན་འབྲེལ་བཤིག་པ་སྨད་པའི་གནས།། ཞེས་པའི་རང་འགྲེལ་ལས། ཚུལ་འདི་འདྲ་ནི་སྦྱང་་ཡེ་མ་བྱས་པའི་བླུན་པོ་དག་གི་ཀྱང་ལས་སླ་བོའི་སྒོ་ནས་གོ་ནུས་ཤིང༌། རྟེན་འབྲེལ་བཤིག་པའི་ཆད་སྟོང་ལས་སྟོང་ཉིད་བསྒོམ་པ་དངོས་མིན་ཚུལ་རྗེ་རིན་པོ་ཆེ་སོགས་ཀྱི་གསུང་དང་བཅས་ཏེ་ཞིབ་གསལ་གསུངས་འདུག་པ་འདི་བཞིན་ལེགས་པར་གོ་དགོས་པར་ཡང་སྣང་ངོ༌།།

    གཞན་ཡང་འདིར་དཀའ་གནས་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ལ། མཁས་གྲུབ་རིན་པོ་ཆེའི་ལྟ་ཁྲིད་མུན་སེལ་སྒྲོན་མེར།  ང་རང་བཞིན་གྱིས་ཡོད་ན། ལུས་ཀྱི་ཕྱི་ནང་དང་སྟོད་སྨད་བར་གསུམ་གང་རུང་ན་ཡོད་དགོས་པ་ལ་དེ་དག་ན་མི་འདུག་པས་ང་རང་བཞིན་གྱིས་མེད་དོ་སྙམ་དུ་བསྒོམ་པ་ཡིན་ན་ནི་ཤིན་ཏུ་མི་རིགས་ཏེ། ང་རང་བཞིན་གྱིས་གྲུབ་ན་གྲུབ་ཚུལ་ཇི་ལྟར་ཡོད་ཅེས་དཔྱོད་པ་ནི། ཡོད་པ་ལ་གཅིག་དང་དུ་མར་ཁ་ཚོན་ཆོད་པས་བདེན་པར་ཡོད་ན་ཡང་བདེན་པའི་གཅིག་དང་བདེན་པའི་དུ་མ་གང་རུང་དུ་ཡོད་དགོས་པའི་ཕྱིར། དེ་གཉིས་གང་དུའང་མེད་ན་བདེན་པར་མེད་དགོས་ལ། དེའི་ཕྱིར་གཅིག་དང་དུ་བྲལ་གྱི་རྟགས་ཀྱིས་བདེན་མེད་དུ་ངེས་པར་བྱེད་པ་ལྟར། གྲུབ་ན་གྲུབ་ཚུལ་འདི་དང་འདི་གང་རུང་གཅིག་ཏུ་གྲུབ་དགོས་ཞེས་ཁ་ཚོན་ཆོད་པ་ཞིག་གིས་བརྟག་པ་བྱས་ནས། གྲུབ་ཚུལ་དེ་དག་གང་དུའང་མ་རྙེད་ན་མེད་པའི་ངེས་པ་སྐྱེ་བར་རིགས་ཀྱི། རང་བཞིན་གྱིས་གྲུབ་ཀྱང་གྲུབ་ཚུལ་དེ་དག་ཏུ་ཡོད་མི་དགོས་པ་ལ། གྲུབ་ཚུལ་དེ་དག་ཏུ་མེད་པས་རང་བཞིན་གྱིས་མེད་པར་ངེས་ཤེས་འདྲེན་མི་ནུས་ལ། ཞེས་སོགས་གསུངས་པ་ལས། གོང་དུ་ལེགས་བཤད་སྙིང་བོའི་ལུང་དུའང་བཏགས་སའི་དོན་ལ་ཅི་མྱུ་གུ་འདི་ས་བོན་ལ་རང་བཞིན་་དད་པ་ཞིག་ཅེས་སོགས་གསལ་བ་དང་གཅིག་མཐུན་བྱུང་བ་ལྟར་བཏགས་དོན་བཙལ་ཚུལ་དེ་ཉིད་ཇི་ལྟར་ཡིན་ཚུལ་ལེགས་པར་གོ།

    དེས་ན་ཤིང་རྟ་མངོན་སུམ་དུ་མཐོང་བཞིན་དུ་ཤིང་རྟའི་ཡན་ལག་རྣམས་ལས་ཤིང་རྟར་ཡིན་པ་བཙལ་བ་དེ་ཉིད་བཏགས་དོན་བཙལ་བ་མིན་པར་མ་ཟད། ཤིང་རྟ་རང་བཞིན་གྱིས་གྲུབ་ན་དེའི་ཡན་ལག་རེ་རེ་བ་དང་ཚོགས་པ་ཤིང་རྟ་ཡིན་མིན་དཔྱད་པ་དེ་ཡང་བཏགས་དོན་བཙལ་ཚུལ་མ་ཡིན་པར་མངོན་ལ། དེ་ཡང་རང་གི་ལུས་ཀྱི་ཕྱི་ནང་གང་དུའང་མཚན་དཔེས་སྤྲས་པའི་ལྷ་སྐུ་ཡིན་པ་ཞིག་རྙེད་རྒྱུ་མེད་ན་ང་རང་བཞིན་གྱིས་མེད་པས་ཁྱབ་པའི་ཕྱིར་ང་རང་བཞིན་གྱིས་མེད་དོ་སྙམ་པ་ལྟར། ང་ཞེས་པ་དེ་ཉིད་ལུས་ཀྱི་ཕྱི་ནང་བར་གསུམ་གང་དུའང་ང་ཡིན་པ་ཞིག་བཙལ་ན་རྙེད་རྒྱུ་མེད་ན་ང་རང་བཞིན་གྱིས་མེད་པས་ཁྱབ་པ་ཡོད་ཀྱང༌། དེ་ང་རང་བཞིན་གྱིས་མེད་པའི་དོན་དུ་མ་སོང་བས། དེ་ནི་ང་རང་བཞིན་གྱིས་ཡོད་མེད་དམ་བཏགས་དོན་བཙལ་ཚུལ་མིན་པར་གསུངས་པར་སྣང་ངོ༌།། འོ་ན་དབུ་མ་རིན་ཆེན་ཕྲེང་བར། སྐྱེས་བུ་ས་མིན་ཆུ་མ་ཡིན།། ཞེས་སོགས་དང༌། དབུ་མ་འཇུག་པར། རྣམ་བདུན་གྱིས་མེད་གང་དེ་ཇི་ལྟ་བུར།། ཞེས་སོགས་དང༌། སྤྱོད་འཇུག་ལེའུ་དགུ་པར། ལུས་ནི་རྐང་་བྱིན་པ་མིན།། ཞེས་སོགས་ལས་བཏགས་དོན་བཙལ་ཚུལ་དེ་ལྟར་གསུངས་པ་ཇི་ལྟར་ཡིན་སྙམ་ན། རྩ་ཤེ་ཊིཀ་ཆེན་ལས། གལ་ཏེ་དེ་བཞིན་གཤེགས་པ་རང་གི་མཚན་ཉིད་ཀྱིས་ཡོད་ན། དེ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་བོ་དང་རང་བཞིན་གྱིས་གཅིག་ཏུ་གྲུབ་པའམ་རང་བཞིན་གྱིས་ཐ་དད། ཞེས་དང་། རང་བཞིན་གྱིས་ཐ་དད་ན་དེ་བཞིན་གཤེགས་པ་ལ་ཕུང་བོ་བརྟེན་པ་དང་ཕུང་བོ་ལ་དེ་བཞིན་གཤེགས་པ་བརྟེན་པ་དང་། ལྷས་བྱིན་ནོར་དང་ལྡན་པ་ལྟར་དེ་བཞིན་གཤེགས་པ་ཕུང་བོ་དང་ལྡན་པར་འགྱུར་གྲང་ན། དེ་ཐམས་ཅད་འཐད་པ་མ་ཡིན་ནོ།། ཞེས་དང་། ལྷས་བྱིན་གནག་དང་ལྡན་པ་དང་རྣ་བ་དང་ལྡན་པའི་ལྡན་ཚུལ་ལྟར་དེ་བཞིན་གཤེགས་པ་ཕུང་པོ་དང་ལྡན་པ་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ཏེ། རིམ་པ་བཞིན་དུ་རང་བཞིན་གྱིས་ཐ་དད་དང་གཅིག་ཏུ་མ་གྲུབ་པའི་ཕྱིར་རོ།། ཞེས་དང་། སྤྱོད་འཇུག་ལས། ལུས་ནི་རྐང་་བྱིན་པ་མིན།། ཞེས་པའི་ཐད་ཀྱི་འགྲེལ་ལས། དེས་ན་ལུས་ཞེས་པའི་ཐ་སྙད་འཇུག་པའི་གཞི་ལུས་དེ་ཁོ་རང་གི་ངོས་ནས་ཇི་ལྟར་ཡོད་བཙལ་བའི་ཚེ་སྐྱེས་བུའི་རྐང་་དང་བྱིན་པ་སྐྱེས་བུའི་ལུས་མིན་ཏེ་ཞེས་སོགས་ནི། དེའི་འོག་ཏུ་སོར་མོ་དེ་ཡང་ཚིགས་ཀྱི་ཚོགས་ལ་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར་རང་བཞིན་གྱིས་གྲུབ་པ་མེད་དོ།། ཚིགས་ཀྱང་རང་གི་ཆ་དང་ཆར་ཕྱེ་བས་དཔྱད་ན་རང་བཞིན་གྱིས་གྲུབ་པ་མེད་ལ་ཚོགས་ཀྱི་ཆ་ཡང་རྡུལ་ཕྲན་དུ་ཕྱེ་བ་སྟེ་དབྱེ་བ་རང་བཞིན་གྱིས་གྲུབ་པ་མེད་དོ།། ཞེས་གསུངས་པ་སོགས་ནི་འཇུག་ཊཱིཀ་ལས་ཀྱང་བདག་ཕུང་གཉིས་བདེན་པའི་གཅིག་ཏུ་ཁས་ལེན་པ་ལ་ངོ་བོ་གཅིག་ན་དབྱེར་མེད་གཅིག་ཏུ་ཕུལ་ནས་དེའི་འོག་ཏུ་བདག་མང་བོ་དང་ཕུང་བོ་ལྔ་གཅིག་ཏུ་ཐལ་བ་འཕང་ངོ་ཞེས་གསུངས་པ་ལྟར་དགག་བྱ་ལ་གཏུགས་ཏེ་ཆ་ཆ་ཅན་ལ་བརྟགས་པའི་རིགས་པས་འཕུལ་མཚམས་མཛད་པ་ཡིན་པར་དེ་རྣམས་ཀྱི་འགྲེལ་པ་ཚད་ལྡན་དག་ལས་ཀྱང་གསལ་བ་ལྟར་རོ་སྙམ་མོ།།

    འོ་ན་བཏགས་དོན་བཙལ་བའི་ཚེ་རྙེད་པར་འཛིན་པ་འདི་དང་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་འཛིན་པ་གཉིས་ལ་ཁྱད་པར་ཅི་ཡོད་སྙམ་ན། དེ་གཉིས་ནི་གཏན་ནས་མི་འདྲ་སྟེ། སྔ་མ་ནི་གོང་དུ་རྩ་ཤེ་ཊཱིཀ་ཆེན་གྱི་ལུང་དུ་གསལ་བ་ལྟར་དང༌། ཕྱི་མ་ཡང་མཐར་ཐུག་དཔྱོད་པའི་རིགས་པས་གང་ལ་དཔྱད་པའི་གཞི་དེ་ཉིད་རྙེད་པའམ་གྲུབ་པར་འཛིན་པ་ལ་གོ་དགོས་ཚུལ་ཁུངས་དང་བཅས་ཏེ་བཤད་ཟིན་ལ། གནད་བསྡུས་ན། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བས་དགག་པའི་ཕྱོགས་སྔས་དངོས་སུ་དེ་ལྟར་དུ་ཁས་མ་བླངས་ཀྱང་དོན་གྱིས་ཁས་བླངས་ལ་སོང་ཡོད་པའམ་འཛིན་ཡོད་པ་དེ་ལྟ་བུ་ཞིག་ལ་གོ་དགོས་པར་མངོན་པས་ཁྱད་པར་ཤིན་ཏུ་ཆེ་བར་སྣང་སྟེ། འཕགས་པའི་ཡེ་ཤེས་དངོས་པོའི་འཇིག་རྒྱུར་ཐལ་སྐབས་སུ། འདི་ལ་དབུ་མ་་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྐྱེ་བ་ཁས་ལེན་པ་རྣམས། རང་གི་མཚན་ཉིད་ཀྱིས་གྲུབ་ཀྱང་བདེན་གྲུབ་མི་འགྲོ་བར་འདོད་པའི་རྒྱུ་མཚན་གྱིས་གཟུགས་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་ན་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པས་དམིགས་མི་དགོས་སོ་ཞེས་སྨྲ་མོད་ཀྱང༌། དེ་ཙམ་ནས་བདེན་གྲུབ་ཡིན་པར་སྔར་ཡང་བཤད་ལ། སླར་ཡང་འཆད་པར་འགྱུར་བའི་རིགས་པས་ཉེས་པ་སྤོང་མི་ནུས་སོ།། ཞེས་གསུངས་པས་གོ་བར་སྣང་ངོ༌།།

    ཡང་བུམ་པ་དོན་དམ་བདེན་པར་འཛིན་པ་དེ་ཡང་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་འཛིན་པ་ཡིན་པར་ཐལ་བར་དོགས་ཏེ། དེ་འཛིན་པ་ན་མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མ་དེ་ལྟར་དཔྱོད་པའི་ཚད་མར་སོང་བའི་རྙེད་དོན་ཡིན་པར་འཛིན་དགོས་པས་དེས་དེ་ལྟར་རྙེད་པར་ཡང་འཛིན་དགོས་པའི་ཕྱིར་རོ།། གོང་དུ་འདོད་ན། བུམ་པ་རིགས་པས་དཔྱད་བཟོད་དུ་གྲུབ་པ་ཁེགས་ན་བུམ་པ་བདེན་མེད་རྟོགས་དགོས་པར་ཐལ་ཏེ། དེ་ཁེགས་ན་བུམ་པ་དོན་དམ་བདེན་པ་ཡིན་པ་ཁེགས་དགོས་པ་གང་ཞིག དེ་ཁེགས་པ་དེ་ཉིད་ཀྱིས་བུམ་པ་ཀུན་རྫོབ་བདེན་པ་ཡིན་པར་གྲུབ་པ་ཡིན་པས། དེ་གྲུབ་ན་བུམ་པ་བདེན་མེད་དུ་རྟོགས་དགོས་པའི་ཕྱིར་རོ།།

    དེ་ལྟར་འདོད་ན། གོང་དུ་ལེགས་བཤད་སྙིང་བོའི་ལུང་དུ། དེས་ན་བདེན་འཛིན་གྱི་ཡུལ་དེར་གྲུབ་ན་ཞེས་པ་ནས་དེ་དག་བཀག་ཀྱང་བདེན་མེད་ཀྱི་དོན་མི་འགྲུབ་པའི་ཕྱིར་རོ།། ཞེས་སོགས་གསུངས་པ་དང་འགལ་བར་འགྱུར་རོ་ཞེ་ན། འདི་ལ་གོང་གི་ལེགས་བཤད་སྙིང་བོའི་ལུང་དེ་སྒྲས་ཟིན་ལྟར་ཡིན་མིན་བཞེད་ཚུལ་འདྲ་མིན་སྣང་ཡང༌། རང་གི་བསམ་ཚུལ་ནི་འདི་གཉིས་མི་འདྲ་བར་སྣང་སྟེ། མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་ཀྱི་ཚད་ནི་གོང་དུ་ལམ་རིམ་ཆེན་མོའི་ལུང་དྲངས་ཟིན་ལྟར་ཡིན་ལ། དེ་ཡང་འདི་ནི་དགག་བྱ་ཕྲ་མོ་ཁེགས་པའི་སྔོན་ནས་འགོག་ཐུབ་པར་སྣང་སྟེ། འདི་ནི་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་དཔྱད་གཞི་དེ་བདེན་པར་གྲུབ་པ་བཙལ་ནས་མ་རྙེད་ཅིང་ཁེགས་པ་དེ་ཉིད་མིན་པར། རིགས་པ་དེས་དཔྱད་གཞི་དེ་རང་ངམ་དེའི་ནང་ནས་གྲུབ་པ་ཙམ་ཞིག་བཙལ་ཏེ་རྙེད་པར་འཛིན་པ་ལྟར་རྙེད་དགོས་པ་ལས་མི་རྙེད་པར་ཅང་མེད་དུ་འགྲོ་བར་ལས་སླ་བོའི་སྒོ་ནས་གོ་བ་ཙམ་གྱིས་དེ་ལྟར་འཛིན་པ་དེ་ཁེགས་ནུས་སོ།། ཚུལ་འདི་མ་གོ་བར་མ་བརྟགས་མ་དཔྱད་ན་ཡོད། བརྟགས་ཤིང་དཔྱད་ན་མེད་ཅེས་པའི་དཔྱད་ཚུལ་ལ་བདག་དང་བདག་འདྲ་བ་རྣམས་ནོར་བ་མང་དུ་བྱུང་སྣང་ཞིང༌། དེས་ན་བུམ་པ་སྤྱིར་ཡོད་པ་ཙམ་ལ་དེ་ཉིད་དཔྱོད་པའི་རིགས་པས་བཙལ་ཏེ་རྙེད་མི་དགོས་ཤིང་བུམ་པ་དོན་དམ་པར་རམ་རང་བཞིན་གྱིས་ཡོད་ན་དེ་ལྟར་དཔྱོད་པའི་རིགས་པས་བཙལ་ཏེ་རྙེད་དགོས་པའི་ཁྱད་པར་ཡང་ལེགས་པར་གོ་དགོས་སོ་སྙམ་མོ།།

    དོན་དམ་བདེན་པ་འཛིན་ཚུལ་ནི། གཞི་དེ་མི་བསླུ་བར་འཛིན་ཚུལ་དེ་ཡིན་ཞིང༌། དེ་ཡང་སྣང་གནས་མཐུན་པར་འཛིན་པ་ལ་ཟེར་བ་ཡིན་ཏེ། དཔེར་ན་འཇིག་རྟེན་ན་སྨྲ་བ་གང་ཞིག་བདེན་པ་ཡིན་པར་འཛིན་པ་ལ་དེ་ལྟར་སྨོས་པ་དང་དེ་བཞིན་དོན་ལ་གནས་པ་གཉིས་ཚོགས་འཛིན་དགོས་པ་ལྟར། བུམ་པ་དོན་དམ་བདེན་པ་ཡིན་པར་འཛིན་པ་ལའང༌། བུམ་པ་རང་བཞིན་ནམ་གཤིས་སམ་རང་ཚུགས་ཐུབ་པར་སྣང་བ་དང་དེ་ལྟར་དུ་གྲུབ་པ་གཉིས་ཚོགས་འཛིན་དགོས་ལ། དེས་ན་དེ་ལྟར་དུ་མ་གྲུབ་པར་རྟོགས་པ་ལ་དེ་ཉིད་རང་བཞིན་ནམ་གཤིས་ལུགས་སོགས་མ་ཡིན་པར་རྟོགས་ན། དེ་ལྟར་སྣང་ཙམ་ལས་དེ་གཉིས་ཚོགས་མ་ཡིན་པར་རྟོགས་དགོས་ཀྱི། དེ་ལྟར་སྣང་བ་དེ་ཉིད་མེད་པར་རྟོགས་རྒྱུ་མེད་ལ། དེའི་ཕྱིར་སློབ་པའི་མཉམ་བཞག་ཡེ་ཤེས་རྣམས་ཀྱིས་གོང་གསལ་གཉིས་ཚོགས་ཡིན་པ་དེ་འཛིན་པ་མེད་པས། གཞི་གང་ཡང་དོན་དམ་བདེན་པ་ཡིན་པར་འཛིན་པའམ་རྟོགས་པར་ནི་འདོད་མི་དགོས་ལ། དེ་ཡང་འཇུག་ཊཱིཀ་ཏུ་སངས་རྒྱས་ཀྱིས་བདེན་གཉིས་མཁྱེན་ཚུལ་གསུངས་སྐབས་སུ། དེའི་ཕྱིར་སངས་རྒྱས་ཀྱི་མཁྱེན་ཚུལ་ཡང་བསྡུས་པའི་དབང་དུ་བྱེད་ན་ནི་ཡང་དག་པ་མཐོང་བའི་རིགས་ཤེས་ཚད་མས་རྙེད་པ་དང༌། ཡུལ་དེ་ལ་རིགས་ཤེས་ཚད་མ་ཡིན་པ་ནི་དོན་དམ་བདེན་པའི་མཚན་ཉིད་ཡིན་ལ། ཞེས་གསུངས་པ་དང་ཡང་ཇི་སྐད་བཤད་པ་དང་མི་མཐུན་པ་མེད་དོ་སྙམ་སྟེ་དཔྱད་པར་བྱའོ།།

    དེས་ན་བུམ་པ་བདེན་མེད་རྟོགས་པའི་རྗེས་སུ་བུམ་པ་བློ་དེའི་ཡུལ་དུ་མ་བྱུང་བ་དང་སླར་བུམ་པ་མཐོང་བའི་ངེས་ཤེས་དྲངས་པ་ན། བུམ་པ་དོན་དམ་བདེན་པ་མ་ཡིན་ཞིང་སྣང་སྟོང་གཉིས་ཚོགས་པའི་ཀུན་རྫོབ་བདེན་པ་ཡིན་ཚུལ་ལ་ངེས་པ་རྙེད་པ་དང༌། བུམ་པ་རང་བཞིན་ནམ་གཤིས་ལུགས་སུ་སྣང་བ་ལྟར་དུ་གྲུབ་པ་བཀག་ཙམ་དེ་ཉིད་སྔོན་དུ་གནས་ལུགས་དངོས་སུ་རྟོགས་པའི་བློ་དེའི་ཡུལ་དུ་སླེབས་ཤིང་བྱུང་བ་ལ་ངེས་པ་དྲངས་པས་དེ་ཉིད་དོན་དམ་བདེན་པ་ཡིན་པར་ངེས་པ་རྙེད་པ་དང༌། ངེས་ཤེས་དེ་དག་ཀྱང་ཐལ་འགྱུར་བས་མངོན་སུམ་ཚད་མར་འདོད་ལ། རང་རྒྱུད་པས་ནི། དཔེར་ན། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལུང་འགལ་ལྔ་འི་སྐབས། མཉན་བྱ་ལ་མི་རྟག་པས་ཁྱབ་པ་སྔར་ངེས། དེའི་རྗེས་སུ་མཉན་བྱ་སྒྲའི་ཐུན་མོང་མ་ཡིན་པའི་ཆོས་སུ་ངེས།དེའི་རྗེས་སུ་སྒྲ་མི་རྟག་པ་ངེས་ཀྱང་ཚུལ་གསུམ་གྱི་བྱེད་པ་ལ་བརྟེན་ནས་ངེས་པ་མིན་ནོ།། ཞེས་གསུངས་པ་དང་མཐུན་པར་ངེས་པ་ཡིན་ཚུལ་འདོད་དགོས་པར་སྣང་ངོ༌།།

    ཡང་དཔྱད་བྱ་ཞིག་ལ། འཇུག་པར། བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང༌།། འཇིག་རྟེན་རབ་ཏུ་གྲགས་པར་ཡོད་ཇི་བཞིན།། ཞེས་པའི་དོན་ལ་འཇུག་པའི་རྣམ་བཤད་དུ། དེ་ཉིད་དུ་སྟེ་དོན་དམ་པར་མེད་ཅིང༌། ཞེས་དང༌། དེ་ཡང་བྱེ་སྨྲས། གང་ལ་བཅོམ་དང་བློ་ཡིས་གཞན།། བསལ་ན་དེ་བློ་མི་འཇུག་པ།། བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ།། ཡོད་དེ་དོན་དམ་ཡོད་གཞན་ནོ།། ཞེས་པའི་དོན་དམ་དེ་ཡིན་ཚུལ་གསུངས་པས། བུམ་པ་ལ་དེ་ལྟར་དཔྱད་ཚུལ་དེའང་སྤྱིར་དོན་དམ་ལ་དཔྱད་པ་དང༌། དེ་ཡང་འདི་བུམ་པའོ་སྙམ་པ་ཙམ་གྱིས་མི་ཚིམ་པར་བུམ་པའི་བཏགས་དོན་བཙལ་བ་ཡིན་པར་ཡང་དོགས་སོ་ཞེ་ན། གོང་དུ་དཔེའི་སྐབས་ཀྱི་དོན་དམ་ཞེས་པ་ནི་བྱེ་སྨྲས་འདོད་པ་ལྟར་གྱི་དོན་དམ་དེ་ཙམ་ལས་དོན་དམ་གྲུབ་ཚུལ་དངོས་དེ་མ་ཡིན་ཚུལ་གསལ་བར་གསུངས་ཤིང༌། ལམ་རིམ་ཆེན་མོར་ཡང། དེ་ལྟར་འདོད་པའི་དོན་དམ་གྱིས་སྟོང་་དང༌། གཟུགས་བརྙན་གང་དུ་སྣང་བའི་རང་བཞིན་གྱིས་སྟོང་་སོགས་ནི་ཉི་ཚེ་བའི་སྟོང་་ཙམ་གྱི་དཔེར་བཀོད་པ་ཡིན་ཚུལ་འདྲ་བར་གསུངས་ལ། དེ་ཡང་འཇུག་པའི་རྣམ་བཤད་དུ་རང་རྒྱུད་པའི་དགག་བྱ་ངོས་འཛིན་སྐབས་སུ། སྒྱུ་མའི་རྟ་གླང་དེ་རྟ་གླང་གིས་སྟོང་འི་རྫུན་པ་དེ་དང་གཟུགས་བརྙན་གང་དུ་སྣང་བས་སྟོང་་གྲུབ་པའི་བློ་ནི་རིགས་ཤེས་ཕྲ་རགས་གང་དུ་ཡང་མི་འོང་ངོ༌།། ཞེས་གསུངས་པས་དེ་འདྲའི་དཔྱོད་ཚུལ་ནི་དེ་ཁོ་ན་ཉིད་ལ་དཔྱོད་ཚུལ་མིན་པར་གོའོ།།

    དེ་བཞིན་དུ་རྩ་ཤེ་རབ་བྱེད་བཅོ་བརྒྱད་པར། ཐམས་ཅད་ཡང་དག་ཡང་དག་མིན།། ཞེས་པའི་ཐད་དུ་རྩ་ཤེ་ཊཱིཀ་ཆེན་ལས། འདི་ནི་ཕྲ་བའི་མི་རྟག་པ་བཤད་ནས་ཡིད་བརྟན་མི་རུང་བ་ལ་ཡང་དག་མིན་པ་སྟེ་རྫུན་པར་གསུངས་པ་ཡིན་གྱི། རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་བདེན་མེད་ནི་མིན་ནོ།། ཞེས་གསུངས་པ་དང༌། གཞན་ཡང་བུམ་པ་དང་བུམ་པའི་ཡན་ལག་རྣམས་རྟོག་པ་ལ་ངོ་བོ་ཐ་དད་དུ་སྣང་ཡང་ངོ་བོ་གཅིག་ཡིན་ཞིང༌། དེ་འདྲའི་སྣང་གནས་མི་མཐུན་པའི་བརྫུན་པར་བཞག་པ་སོགས་ཀྱང་དེ་ཁོ་ན་ཉིད་ལ་དཔྱོད་པ་ལ་མི་ལྟོས་པའི་རགས་པ་ཡིན་ཚུལ་ཡང་ལེགས་པར་གོ་བར་ནུས་སོ།།

    དེས་ན་བྱེ་སྨྲས་བུམ་པ་ཀུན་རྫོབ་བདེན་པར་འདོད་ཚུལ་ནི། དཔེར་ན། གསེར་གྱི་གོང་བུ་དེ་ཉིད་ཐོ་བས་བཅོམ་སྟེ་དུམ་བུར་བཅད་ཀྱང་དེ་ཐམས་ཅད་གསེར་ཡིན་པ་ལྟར་རྫ་བུམ་ལ་དེ་ལྟར་བྱས་ན་བུམ་པ་ཡིན་པ་གཅིག་ཀྱང་རྙེད་རྒྱུ་མེད་པ་དང་། དེ་བཞིན་དུ་ཐ་མལ་པ་འགའ་ཞིག་ལ་རང་ལུས་གཙང་མར་སྣང་ཡང༌། དེའི་ཆ་ཤས་བསལ་ཏེ་དཔྱད་པ་ན་གཙང་མ་ཅུང་ཟད་ཀྱང་མི་རྙེད་པས་སྣང་ཚུལ་དེ་ལྟར་དུ་མི་བདེན་པ་ལྟར། བུམ་འཛིན་མངོན་སུམ་ལ་བུམ་པ་རང་གི་ཆ་ཤས་རྣམས་དང་ཆུ་དང་འོ་མ་འདྲེས་པ་ལྟ་བུར་སྣང་ཡང་དེའི་ཆ་ཤས་བསལ་ན་བུམ་པ་མི་རྙེད་པ་དེ་ཙམ་ཡིན་པར་གསལ་བས། དེ་ནི་ཐ་སྙད་པའི་བློས་དཔྱོད་ཚུལ་ཡིན་པར་སྣང་གི བདག་མེད་པའི་དོན་ལ་དཔྱོད་པ་མིན་པས་དེ་ཁོ་ན་ཉིད་ལ་དཔྱོད་པ་དང་བཏགས་དོན་བཙལ་ནས་རྙེད་མི་རྙེད་དཔྱོད་པ་ཡིན་པར་མི་སྣང་ངོ༌།།

    དེ་ཡང་བྱེ་སྨྲས་ང་དང་ཤིང་རྟ་བཏགས་དོན་བཙལ་བ་ན་དེའི་མཚན་གཞི་འཇོག་ཚུལ་ལ། འཇུག་ཊཱིཀ་ལས། ངའོ་སྙམ་དུ་འཛིན་པའི་དམིགས་པའི་ཡུལ་བདག་གི་བཏགས་དོན་བཙལ་བ་ན། ཁ་ཅིག་ཕུང་བོ་ལྔ་ཆར་དང་། ཁ་ཅིག་སེམས་གཅིག་པུ་ཡིན་ནོ་ཞེས་སྨྲ་བའི་ཕྱོགས་ལྟར་ན་ཞེས་དང་། འཇུག་པར། གལ་ཏེ་ཚོགས་ཙམ་ཤིང་རྟར་འགྱུར་ན་ནི།། སིལ་བུར་གནས་ལ་ཤིང་རྟ་ཉིད་ཡོད་འགྱུར།། ཞེས་པའི་ཐད་ཀྱི་འཇུག་པའི་རྣམ་བཤད་དུ། དེ་ལྟར་འགྱུར་ཚུལ་རྒྱས་པ་དང༌། དོན་བསྡུས་ཏེ། སྡེ་་དེ་དག་གིས་ཀྱང་ཚོགས་པ་མིན་པའི་ཡན་ལག་ཅན་མི་འདོད་པའི་ཕྱིར་དང༌། དེ་ཡང་འགོག་པའི་ཕྱིར་རོ།། ཞེས་སོགས་གསུངས་པ་ལས་ལེགས་པར་གོ་བར་ནུས་ལ། གཞན་ཡང་གོ་དགོས་པ་ཞིག་ལ། བྱེ་སྨྲས་ཤིང་རྟ་ཆ་ཤས་བསལ་བ་ན་ཤིང་རྟའི་མཚན་གཞི་མི་རྙེད་ཅིང་མེད་པར་འགྱུར་བར་འདོད་ཀྱང༌། སྤྱིར་ཤིང་རྟ་ཐ་སྙད་དུ་ཡོད་པ་དང་དེ་འཛིན་པའི་མིག་ཤེས་ཀྱང་དེ་ལ་མ་འཁྲུལ་བའི་ཚད་མར་འདོད་ཅིང་དེ་བཏགས་དོན་བཙལ་ན་རྙེད་པར་འདོད་ཚུལ་ཡང་གོང་དུ་སྨྲས་པ་ལྟར་དུ་འདོད་པར་གསལ་བས། འདི་ནི་དབུ་མ་པས་རྟག་ལྟ་བ་ལས་ཆད་ལྟ་བར་མི་འདོད་པར་མངོན་ནོ།།

    དེ་ཡང་བཏགས་དོན་བཙལ་ཚུལ་ཇི་ལྟར་ཡིན་མིན་གནད་བསྡུས་ཏེ་བརྗོད་ན། དཔེར་ན། སྲ་མཁྲེགས་ཅན་གྱི་གོང་བུ་སེར་པོ་དེ་ཉིད་གསེར་ཡིན་མིན་བསྲེགས་བཅད་བརྡར་གསུམ་གྱིས་བརྟགས་ཤིང་དཔྱད་པ་དང་། ཡང་དེ་ཉིད་བཅད་གཏུབ་ཀྱིས་དུམ་བུ་རྣམས་གསེར་ཡིན་མིན་བརྟགས་པ་བྱེད་ཚུལ་སོགས་ནི་འཇིག་རྟེན་རང་འགའ་བས་བརྟགས་དཔྱད་བྱ་ཚུལ་ཡིན་ལ། དེ་ལས་ཕྱི་མ་འདི་ནི་བྱེ་བྲག་སྨྲ་བས། གང་ལ་བཅོམ་དང་བློ་ཡིས་གཞན།། ཞེས་སོགས་ཀྱིས་བརྟགས་དཔྱད་བྱ་ཚུལ་དང་གཅིག་མཐུན་ཡིན་པར་སྣང་བས་ཐ་སྙད་ལ་དཔྱོད་ཚུལ་ཡིན་གྱི་དེ་ཁོ་ན་ཉིད་དམ་དོན་དམ་ལ་དཔྱོད་ཚུལ་མིན་ནོ།།

    ཡང་དེ་འདྲ་བའི་གོང་བུ་དེ་ཉིད་མིག་ཤེས་ཀྱིས་གསལ་བར་མཐོང་ཞིང་གྲུབ་བཞིན་དུ་དེ་འདྲའི་གོང་བུ་ཞེས་ཐ་སྙད་འཇུག་ས་དེ་གོང་བུ་དེའི་ཕྱི་ནང་གི་ཆ་གང་དུ་ཡོད་བཙལ་ན་མི་རྙེད་པས་དེ་འདྲའི་གོང་བུ་དེ་ནི་བློ་ཀུན་རྫོབ་པ་འཁྲུལ་ངོར་ཡོད་པར་སྨྲ་དགོས་ཀྱི། སྔར་ལྟར་དཔྱད་པའི་དོན་དམ་དཔྱོད་པའི་ངོར་འདི་ཡིན་འདི་མིན་གང་ཡང་རྙེད་རྒྱུ་མེད་པས་དོན་དམ་དུའམ་དོན་ལ་གང་ཡང་ཡོད་པ་མ་ཡིན་ནོ་ཞེས་སྨྲ་བ་འདི་ནི་འཇིག་རྟེན་ཐ་སྙད་ལས་བརྒལ་ཏེ་དེ་ཁོ་ན་ཉིད་ལ་དཔྱོད་ཁུལ་ཡིན་དུ་ཆུག་ཀྱང་། རྟེན་འབྲེལ་བཤིག་པའི་ཆད་ལྟར་སྣང་བས་ཐལ་འགྱུར་བའི་ལུགས་ཀྱི་བཏགས་དོན་བཙལ་ཚུལ་ནི་གཏན་ནས་མིན་པར་མངོན་ནོ།།

    ཡང་གོང་དུ་བཤད་ཟིན་ལྟར་དེ་འདྲའི་གོང་བུ་དེ་རང་བཞིན་གྱིས་གྲུབ་ན་དེའི་ཕྱི་ནང་བར་གསུམ་གང་དུ་ཡོད་ཅེས་བཙལ་ཚུལ་དེ་ཡང་བཏགས་དོན་བཙལ་ཚུལ་མིན་ཞིང་། བཏགས་དོན་བཙལ་ཚུལ་དངོས་དེ་ནི་དེ་འདྲའི་གོང་བུ་དེ་རང་བཞིན་གྱིས་གྲུབ་ན་དེའི་ཡན་ལག་གམ་ཆ་ཤས་རྣམས་དང་རང་བཞིན་གྱིས་གྲུབ་པའི་གཅིག་དང་ཐ་དད་གང་དུ་གྲུབ་ཅེས་དཔྱད་དགོས་ཚུལ་གསལ་བར་གསུངས་པ་ལྟར་ལ། འདི་ཉིད་ནི། འཇུག་པར། མང་བས་བདག་དེ་དག་ཀྱང་མང་བོར་འགྱུར།། ཞེས་གསུངས་པའི་ཐད་དུ་འཇག་པའི་རྣམ་བཤད་ལས། འདི་ནི་མང་བོ་དང་ངོ་བོ་གཅིག་པར་འདོད་པ་ཙམ་ལ་འཕེན་དུ་མི་རུང་བས། བདག་དང་ཕུང་བོ་གཉིས་ཐ་དད་གཏན་མེད་གཅིག་ཏུ་འདོད་པ་ལ་འཕེན་པའོ།། དེ་ཡང་དང་བོ་ནས་གཞན་གྱིས་དེ་ལྟར་ཁས་མ་བླངས་པས། ངོ་བོ་གཅིག་པ་དང་ཐ་དད་ཙམ་ཡིན་པ་རྫུན་པ་ལ་སྐྱོན་མེད་ཀྱང་། བདག་ཕུང་གཉིས་བདེན་པར་ཁས་ལེན་པ་ལ་ངོ་བོ་གཅིག་ན་དབྱེར་མེད་ཀྱི་གཅིག་ཏུ་ཕུལ་ནས། དེའི་འོག་ཏུ་བདག་མང་བོ་དང་ཕུང་བོ་ལྔ་གཅིག་ཏུ་ཐལ་བ་འཕང་ངོ་།། ཞེས་གསུངས་པ་དང་གནད་གཅིག་ཏུ་གོ་དགོས་པར་མངོན་ནོ།།

    དེ་ཡང་བདེན་པར་གྲུབ་ན་བློ་གང་ལ་སྣང་ཡང་གཅིག་མཐུན་དུ་སྣང་དགོས་པས་བདག་ཕུང་གཉིས་རྟོག་པ་ལ་ཟླ་བ་སྐར་མ་ལྟར་དུ་སྣང་བ་ལྟར་མངོན་སུམ་ལའང་དེ་ལྟར་དུ་སྣང་དགོས་པས་འབྲེལ་མེད་དུ་འགྱུར་བ་དང་། ཡང་ན་མངོན་སུམ་ལ་ཆུ་དང་འོ་མ་འདྲེས་པ་ལྟ་བུར་སྣང་བ་ལྟར་རྟོག་པ་ལའང་དེ་ལྟར་དུ་སྣང་དགོས་པས་ལྡོག་པ་ཡང་གཅིག་ཏུ་འགྱུར་དགོས་པས་གནད་ཀྱིས་ཡིན་ནོ་སྙམ་ལ། འདི་དག་ལ་བརྟེན་ནས་བདག་དང་བདག་འདྲ་བ་རྣམས་ལ་བཏགས་དོན་བཙལ་ཚུལ་སྒྲ་སྤྱི་ཙམ་ལས་དོན་སྤྱི་མ་ཤར་བས་ཕྱོགས་མང་བོ་ནས་འདྲེས་ཏེ་ཐོམ་མེ་ཡོད་པ་དེ་ཉིད་ཕྱོགས་ཙམ་བསངས་སོང་སྙམ་པའི་གུས་སྤྲོ་ཡང་རབ་ཏུ་འཕེལ་ལོ།།

    གལ་ཏེ་བདག་གི་ཆ་ཤས་ཕྱེ་ནས་བདག་བཙལ་ཚུལ་དེ་བདག་གམ་ང་བཏགས་དོན་བཙལ་ཚུལ་མ་ཡིན་ན། སྤྱོད་འཇུག་ལས། དཔེར་ན་ཆུ་ཤིང་སྡོང་བོ་དག།། ཆ་ཤས་ཕྱེ་ན་འགའ་མེད་ལྟར།། དེ་བཞིན་རྣམ་པར་དཔྱད་པ་ཡིས།། བཙལ་ན་བདག་ཀྱང་ཡང་དག་མིན།། ཞེས་གསུངས་པ་ཇི་ལྟར་དྲངས་ཞེ་ན། དེ་ནི་དཔེར་ན་ཆུ་ཤིང་སྡོང་བོ་དེ་མཐོང་བའི་ཚེ་དེ་ཡོད་པར་སྣང་བ་དང་། ཤིང་སྡོང་གཞན་ལྟར་སྲ་མཁྲེགས་ཅན་གྱི་སྡོང་བོ་ཞིག་སྣང་བ་དང་དེ་རང་བཞིན་གྱིས་གྲུབ་པའམ་རང་ཚུགས་ཐུབ་པ་བཅས་སྣང་ཚུལ་གསུམ་བྱུང་ཞིང་། དང་བོ་དེ་དོན་ལ་གནས་ཤིང་། གཉིས་པ་ནི་དེ་འདྲ་ཞིག་ཡོད་མེད་ཆ་ཤས་ཕྱེས་ནས་དཔྱད་ན་དེ་འདྲ་གཏན་ནས་རྙེད་རྒྱུ་མེད་ཚུལ་དེ་ནི་འཇིག་རྟེན་རང་འགའ་བས་ཀྱང་གོ་ནུས་པས་རགས་པ་འདི་བཞིན་དུ་བདག་ཕུང་སོགས་སེམས་ཅན་གྱི་རྒྱུད་ཀྱི་ཤེས་པ་གང་ལ་སྣང་བའི་ཚེ་རང་བཞིན་གྱིས་གྲུབ་པའམ་རང་ཚུགས་ཐུབ་པ་ཞིག་སྣང་བ་དེ་ལྟར་གྲུབ་ན་དེའི་ཆ་ཤས་རྣམས་ཕྱེས་ནས་རང་བཞིན་གྱིས་གཅིག་གམ་ཐ་དད་གང་དུ་གྲུབ་བརྟགས་ཤིང་དཔྱད་ནས་རྙེད་རྒྱུ་མེད་ཚུལ་ཕྲ་མོ་འདི་མཚོན་དགོས་པར་བསྟན་པ་ཡིན་པར་སྣང་ལ། དེ་ལྟར་དུ་ཆུ་ཤིང་གི་སྟེང་དུའང་སྣང་བ་ལྟར་མ་གྲུབ་པ་ཕྲ་མོ་ཞིག་ཀྱང་གོ་རྒྱུ་ཡོད་པར་གསལ་ལོ་སྙམ་ཞིང་། དེ་ལྟར་ཆུ་ཤིང་གི་དཔེ་འདིས་བདག་ཕུང་སོགས་བཏགས་དོན་བཙལ་ཚུལ་ལ་འཁྲུལ་གཞི་ཆེ་བར་སྣང་བས་རང་བློར་འཆར་ཚུལ་གསལ་བར་བྲིས་པ་ལགས་སོ།།

    ཡང་ལྕང་སྐྱ་རིན་པོ་ཆེའི་ལྟ་མགུར་ཨ་མ་ངོ་ཤེས་ལས། ད་ལྟ་རང་རེ་ཡི་བློ་གསལ་འགའ་ཞིག། ཚུགས་ཐུབ་བདེན་གྲུབ་སོགས་བརྡ་ལ་ཞེན་པས།། སྣང་བ་ལིང་ལིང་དེ་རང་སོར་བཞག་ནས།། དགག་རྒྱུ་རྭ་ཅན་ཞིག་འཚོལ་བར་སྣང་སྟེ།། སྒྲིབ་བྲལ་ཨ་མ་ཡི་བཞིན་རས་དེ་ན།། ལང་ལང་ལིང་ལིང་དེ་ཡོད་སྐད་མི་འདུག།། ཞེས་གསུངས་པ་སོགས་ལ་བརྟེན་ནས་ཚུགས་ཐུབ་ཏུ་གྲུབ་པ་ཙམ་ལ་དེ་རང་ངོས་ནས་གྲུབ་པའི་དོན་མིན་ཚུལ་འདོད་མཁན་བྱུང་ཡང་། དེ་ལྟར་ན་ཚུགས་ཐུབ་བདེན་གྲུབ་སོགས་ཞེས་ཀྱང་བྱུང་བས་བདེན་གྲུབ་སོགས་ཀྱང་རང་ངོས་ནས་གྲུབ་པའི་དོན་དུ་མ་སོང་བར་འགྱུར་ལ། དེར་མ་ཟད་རྩ་ཤེ་ཊཱིཀ་ཆེན་རབ་བྱེད་ཉེར་བཞི་པར། འདི་ནི་ཕན་ཚུན་བརྟེན་དགོས་པས་ན་རང་ལ་ཚུགས་ཐུབ་ཀྱི་རང་བཞིན་ཡོད་པ་མི་བདེན་པའི་དོན་ནོ།། ཞེས་དང་། ལམ་རིམ་ཆེན་མོ་ལས། ཡུལ་སྟེང་དུ་རང་གི་ངོ་བོའི་སྒོ་ནས་རང་ཚུགས་ཐུབ་པའི་སྡོན་ལུགས་ལ་རང་དབང་བར་བྱའོ།། ཞེས་གསུངས་པ་སོགས་ཀྱིས་གང་ཡིན་ལེགས་པར་གོའོ་སྙམ།

    འོ་ན་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་དེ་ཡང་སྟོང་ཉིད་ཀྱི་དགག་བྱ་ཕྲ་མོ་ཡིན་པར་ཐལ་ཏེ། རང་ཚུགས་ཐུབ་པ་དེ་དགག་བྱ་ཕྲ་མོར་འདོད་པས་མཚུངས་སོ་སྙམ་ན། དེ་གཉིས་གཏན་ནས་མི་འདྲ་སྟེ། སྔ་མ་ནི་རང་ངོས་བཟུང་བ་ལ་ཆོས་གཞན་ངོས་བཟུང་བ་ལ་མི་ལྟོས་པར་ངོས་བཟུང་དུ་ཡོད་པ་ཙམ་ལ་འཇོག་ཅིང་། ཕྱི་མ་ནི་གོང་དུ་དྲངས་པ་ལྟར་ཕན་ཚུན་བརྟེན་དགོས་པས་རང་ཚུགས་མི་ཐུབ་ལ་གསུངས་པས་དེ་གཉིས་ཀྱི་ཁྱད་པར་ཤེས་སོ།།

    དེ་ཡང་སྤྱིར་སྣང་བ་དགག་བྱར་འདོད་པ་དང་མི་འདོད་པའི་ཕྱོགས་གཉིས་བྱུང་བར་མངོན་ལ། དང་བོ་ལྟར་ན་ལྟ་མགུར་གྱི་ཚིག་དེས་ནི་དགག་བྱའི་དོན་སྤྱི་མ་ཤར་བར་ཚུགས་ཐུབ་བདེན་གྲུབ་སོགས་ཀྱི་བརྡ་འམ་ཚིག་ཙམ་ལ་ཞེན་ནས། ཚུགས་ཐུབ་དང་བདེན་གྲུབ་ཀྱི་དོན་དེ་སྣང་བ་ལིང་ལིང་བོ་དེ་ཉིད་དགག་བྱ་ཕྲ་མོ་ཡིན་པར་མ་གོ་བར་དགག་རྒྱུ་གཞན་རྭ་ཅན་ལྟ་བུ་ཞིག་འཚོལ་བཞིན་འདུག་གོ་ཞེས་བསྟན་པར་སྣང་སྟེ། དེ་ཡང་ལེགས་བཤད་སྙིང་བོ་ལས། འདིར་བདེན་པར་གྲུབ་པ་སོགས་སུ་འཛིན་པའི་འཛིན་ལུགས་སམ་དེས་ཇི་འདྲ་ཞིག་ཏུ་བཟུང་བའི་དགག་བྱའི་སྤྱི་ལེགས་པོར་མ་ཤར་བར་དེ་རྣམས་སུ་གྲུབ་པ་མི་སྲིད་ཅེས་བརྡ་འཇིགས་པ་ཙམ་ལ་བརྟེན་ནས། དེ་ལྟར་གྲུབ་ན་གནོད་པ་འདི་ཡོད་དང་མ་གྲུབ་པའི་སྒྲུབ་བྱེད་འདིའོ་ཞེས་མང་དུ་སྨྲས་ཀྱང་དོན་ལེགས་པོར་མི་གོ་བས་དགག་བྱ་ངོས་བཟུང་བ་ནི་ཤིན་ཏུ་གལ་ཆེའོ།། (དཔལ་མང་དཀོན་མཆོག་རྒྱལ་མཚན་གྱིས་བརྡ་རྣ་བར་འཇགས་པ་ལ་དང་། གུང་ཐང་རིན་པོ་ཆེས་བརྡ་འཇིགས་པོ་དང་ཞེད་པོ་ལ་འགྲེལ།) ཞེས་གསུངས་པ་དང་ཕྱོགས་མཚུངས་སུ་གོ་དགོས་པར་སྣང་།

    གཉིས་པ་ལྟར་ན་ནི། སྣང་བ་ལིང་ལིང་དགག་བྱར་འདོད་པ་ལ་འདི་ལྟར་དོགས་པ་ཡིན་པར་སྣང་སྟེ། ལམ་གཙོ་ལས། གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་།། ཞེས་སོགས་དང་། སྣང་བ་མེད་ན་མུན་པ་ཡང་མེད་པར་འགྱུར་བས་དེ་གཉིས་སྤང་གཉེན་གྱི་དཔེ་དོན་སྦྱོར་ཚུལ་རྣམས་ཀྱང་མི་འཐད་པར་འགྱུར་ལ། གལ་ཏེ་སྣང་བ་ཡོད་ཀྱང་སྣང་བ་ལིང་ལིང་དེ་མེད་པར་འདོད་ན། སྣང་བ་དཀར་ལམ་པ་དང་ནག་ལམ་པ་ཡང་མེད་པར་འགྱུར་བ་དང་། འཇིག་རྟེན་ན་སྣང་བ་དཀར་ལམ་ལམ་དང་ནག་ལམ་ལམ་མཐོང་བར་གྲགས་པས་ཀྱང་གནོད་པར་དོགས་ལ།  ཡང་དགག་བྱ་ཁེགས་པའི་བློ་ངོར་དགག་གཞི་སྣང་བ་ལིང་ལིང་དེ་བཀག་དགོས་པའི་དོན་དུ་འདོད་ན། དེ་ཡང་མི་རིགས་ཏེ། དེའི་ངོར་སྣང་བ་ལིང་ལིང་དེ་མེད་ཀྱང་དེས་མེད་པར་རྟོགས་དགོས་པ་མ་ཡིན་ཏེ། དེས་ཁྱད་གཞི་སྣང་བ་དེ་ཡོད་མེད་བཙལ་བ་མ་ཡིན་པའི་ཕྱིར། དཔེར་ན། སྨན་པས་ནད་པར་བརྟག་དཔྱད་བྱེད་པའི་ཚེ་ནད་ཡོད་མེད་ཤེས་དགོས་པ་ཡིན་གྱི། དེས་དེ་ལ་སྨན་ཡོད་པ་ཁེགས་པ་དང་མེད་པར་རྟོགས་དགོས་པ་མིན་པ་ལྟར་། སྟོང་ཉིད་ལ་དཔྱོད་པའི་བློ་ངོར་སྟོང་གཞི་དེ་མེད་ཀྱང་དེས་མེད་པར་རྟོགས་མི་དགོས་ཏེ། དེས་སྟོང་གཞི་དེ་ཡོད་མེད་གང་ཡང་བཙལ་བ་མ་ཡིན་པའི་ཕྱིར་ཏེ།  སྤྱོད་འཇུག་ལས། ཇི་ལྟར་མཐོང་ཐོས་ཤེས་པ་དག། འདི་ནི་དགག་པར་བྱ་མིན་ཏེ།། འདིར་ནི་སྡུག་བསྔལ་རྒྱུར་གྱུར་།། བདེན་པར་རྟོག་པ་བཟློག་བྱ་ཡིན།། ཞེས་གསུངས་པའི་རྩ་འགྲེལ་སོགས་དང་། གོང་དུ་རྩ་ཤེ་ཊཱིཀ་ཆེན་དང་། ལམ་རིམ་ཆེན་མོ་སོགས་ལས། གཟུགས་ལ་སོགས་པའི་སྐྱེ་འགག་རང་བཞིན་གྱིས་ཡོད་མེད་འཚོལ་བ་ཡིན་གྱི། དེས་སྐྱེ་འགག་སོགས་འཚོལ་བ་མིན་པས་དེ་དག་ཡོད་པ་ཁེགས་པ་དང་མེད་པར་རྟོགས་དགོས་པ་གང་ཡང་མིན་ཚུལ་གསལ་བར་གསུངས་པ་དྲངས་ཟིན་པ་ལས། བུམ་པ་ལ་སོགས་པའི་སྣང་བ་ལིང་ལིང་དེ་རིགས་ཤེས་ཀྱི་ངོར་མེད་ཀྱང་དེས་ཁེགས་མི་དགོས་པར་གསལ་བར་བསྟན་པའི་ཕྱིར་རོ།།

    དེར་མ་ཟད་གཞན་ཡང་འདི་ལྟརདོགས་ཏེ། སྣང་བ་ལིང་ལིང་དེ་དང་བདེན་གྲུབ་སོགས་གནད་གཅིག་པར་འདོད་ན་དེ་གཏན་མེད་དུ་འགྱུར་ལ། འདོད་མི་ནུས་ཏེ། ཐལ་འགྱུར་བས་དུས་ཕྱིས་དྲན་པ་ཡོད་པའི་རྒྱུ་མཚན་གྱིས་ཤེས་པ་ཡིན་ན་རང་གི་སྣང་བ་ལ་ཚད་མ་ཡིན་པས་ཁྱབ་པར་འདོད་པས། སྤྲིན་དཀར་ལང་ལོང་དུ་གཡོ་བར་སྣང་བའི་སྟེང་དུ་སྣང་བ་ལིང་ལིང་དེ་གསལ་བར་དྲན་པའི་བཅད་ཤེས་ཚད་མ་དེས་གྲུབ་པར་འདོད་དགོས་པའི་ཕྱིར་རོ་སྙམ་སྟེ་དཔྱད་བྱར་སྣང་ངོ་།།

    ཡང་དཔྱད་བྱ་ཞིག་ལ། ལམ་རིམ་ཆེན་མོ་ལས། དེ་ལྟར་ན་འཕགས་པ་ཡབ་སྲས་དང་སློབ་དཔོན་གཉིས་ཀྱི་གཞུང་ནས་རང་བཞིན་གྱིས་ཡོད་ན་དང་། རང་གི་ངོ་བོས་ཡོད་ན་དང་རང་གི་མཚན་ཉིད་ཀྱིས་ཡོད་ན་དང་། རྫས་སུ་ཡོད་ན་ཞེས་དགག་པ་གསུངས་པའི་རང་བཞིན་ལ་སོགས་པ་ནི་སྔར་བསྟན་པ་དེ་ལྟར་དུ་རིག་པར་བྱ་ལ། དེ་དག་མེད་པར་སྟོན་པའི་ཚིག་རྣམས་ཀྱི་དོན་ཡང་མ་རིག་པས་ཞེན་པ་ལྟར་གྱི་དོན་མེད་པར་སྟོན་པ་དེ་ལྟར་དུ་གོ་བར་བྱའོ།། ཞེས་གསུངས་པ་ལས་ལུགས་འདིར་རྫས་ཡོད་ཀྱང་དགག་བྱ་ཕྲ་མོར་འདོད་དགོས་པར་སྣང་བས། སློབ་པའི་མཉམ་བཞག་ཡེ་ཤེས་ཀྱིས་བཏགས་ཡོད་རྟོགས་པར་ཐལ། དེས་རྫས་ཡོད་ཁེགས་པའི་ཕྱིར། ཁྱབ་སྟེ་བཏགས་ཡོད་རྫས་ཡོད་དངོས་འགལ་ཡིན་པའི་ཕྱིར་སྙམ་ན། འདི་དོགས་གཞི་ཆེ་ཡང་སྐྱོན་མེད་ཚུལ་འདི་ལྟར་སེམས་ཏེ། རང་རྒྱུད་པ་སོགས་ཀྱིས་རྫས་བཏགས་ཀྱི་དོན། རང་ངོས་བཟུང་བ་ལ་ཆོས་གཞན་ངོས་བཟུང་བ་ལ་ལྟོས་དགོས་མི་དགོས་ཀྱི་སྒོ་ནས་འཇོག་པས་དངོས་འགལ་དུ་བཞེད་དགོས་ལ། འདི་ས་ནི་ལེགས་བཤད་སྙིང་བོ་ལས། རང་གི་ཡན་ལག་ལ་བརྟེན་ནས་བཏགས་པའི་བཏགས་ཡོད་དུ་འཇོག་པ་བཞིན་དུ་གང་ཟག་ཀྱང་འཇོག་པར་གསུངས་ལ། ཞེས་དང་། ལམ་རིམ་ཆེན་མོ་ལས། དེ་ལ་གཞན་ལ་རག་མ་ལས་ཞེས་པ་ནི་རྒྱུ་རྐྱེན་ལ་རག་མ་ལས་པ་མ་ཡིན་གྱི་ཡུལ་ཅན་ཐ་སྙད་པའི་ཤེས་པ་ལ་གཞན་ཞེས་བྱ་སྟེ་དེའི་དབང་གིས་བཞག་པ་མིན་པས་གཞན་ལ་རག་མ་ལས་པའོ།། ཞེས་སོགས་གསུངས་པས་མིང་དང་རྟོག་པས་བཏགས་པའི་བཏགས་པ་སྟེ་རྟོག་པས་བཏགས་ཙམ་དུ་གྲུབ་པ་ལ་བཏགས་ཡོད་དང་དེའི་ལྡོག་ཕྱོགས་ལ་རང་བཞིན་གྱིས་གྲུབ་པ་དང་རྫས་ཡོད་དུ་འཇོག་དགོས་པར་སྣང་བས་དེ་གཉིས་ནི། དཔེར་ན་ཀུན་རྫོབ་ཏུ་ཡོད་པ་དང་དོན་དམ་དུ་ཡོད་པ་གཉིས་ལྡོག་འགལ་ཡིན་ཀྱང་དངོས་འགལ་མིན་པས་གཅིག་ཁེགས་ན་ཅིག་ཤོས་གྲུབ་དགོས་པ་མིན་པ་ལྟར། བཏགས་ཡོད་དང་རྫས་ཡོད་གཉིས་ཀྱང་དེ་ལྟར་དུ་བཞེད་པར་སྣང་ངོ་།།

    གཞན་ཡང་རང་བཞིན་གྱིས་དང་རང་ངོས་ནས་མེད་ཚུལ་དེ། ཡུལ་སྟེང་དུ་དང་གདགས་གཞིའི་སྟེང་དུ་དང་གདགས་གཞིའི་ངོས་ནས་མེད་ཚུལ་ལ་གསུངས་པ་འགའ་ཞིག་བྱུང་ཡང་སྒྲས་ཟིན་ལྟར་ཡིན་མིན་དཔྱད་དགོས་པར་སྣང་སྟེ། ལམ་རིམ་ཆེན་མོ་ལས། རང་དབང་བ་ནི་རང་གི་ངོ་བོས་གྲུབ་པར་སྣང་བའི་ཚེ་ན་ཤེས་པ་དེ་དག་ལ་གཞན་ལ་རག་མ་ལས་སུ་སྣང་ཞིང༌། སྣང་བ་ལྟར་ཡང་གྲུབ་པའི་དོན་ནོ།། འོན་ཀྱང་རྒྱུ་རྐྱེན་གཞན་ལ་རག་མ་ལས་ལ་བྱས་ནས་དེ་བཀག་ན་ནི་རང་སྡེ་ལ་བསྒྲུབ་མི་དགོས་པ་དང༌། དེ་ཁེགས་ཀྱང་དབུ་མའི་ལྟ་བ་རྙེད་པར་འཇོག་མི་ནུས་པས། ཡུལ་སྟེང་དུ་རང་གི་ངོ་བོའི་སྒོ་ནས་རང་ཚུགས་ཐུབ་པའི་སྡོད་ལུགས་ལ་རང་དབང་བར་བྱའོ།། ཞེས་གསུངས་པ་ལྟར་གྱི་ཁྱད་པར་སྦྱར་དགོས་མིན་དཔྱད་བྱར་སྣང་ངོ་།།

    དེ་ལྟར་སྟོང་ཉིད་ཀྱི་དགག་བྱའི་ཚད་འཛིན་ལ་འདྲ་མིན་སྨྲ་བ་མང་དུ་བྱུང་ཞིང་དེའི་དགག་བྱའི་མིང་གི་རྣམ་གྲངས་ལའང་དུ་མར་གསུངས་པའི་ནང་ནས། ཚུགས་ཐུབ་ཏུ་གྲུབ་པ་དེ་ཉིད་སྟོང་ཉིད་ཀྱི་དགག་བྱ་ཕྲ་མོ་ཡིན་པར་གོ་ལ། འདི་ཉིད་འཆར་བདེ་ཞིང་སེམས་ཅན་རྒྱུད་ཀྱི་ཟག་བཅས་ཀྱི་ཤེས་པ་གང་ཡིན་ལ་དགག་བྱ་ཕྲ་མོར་སྣང་བས་ཁྱབ་པར་གསུངས་པ་བཅས་ཀྱང་ངོ་འཕྲོད་སླ་ཚུལ། མཁས་ཤིང་གྲུབ་པའི་དབང་ཕྱུག་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེའི་གསུང་རྒྱུན་ལས་བྱུང་བ་ཞིག་ཀྱང་གསལ་བར་ཐོས་ལགས་སོ།།

མཐའ་བྲལ་དབུ་མའི་རིགས་པའི་མཚོན་རྣོན་གྱིས།།

མཐར་འཛིན་དམིགས་གཏད་ཐམས་ཅད་འཇིག་བྱེད་པའི།།

ཚུལ་བཞིན་དཔྱོད་པའི་ཡངས་པའི་ཤེས་རབ་ཀྱིས།།

དེ་ཉིད་རྟོགས་པའི་བློ་གྲོས་རྒྱས་པར་མཛད།།

རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད།།

ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ།། །།

འབྲས་བློ་གླིང་དགེ་བཤེས་དཔལ་ལྡན་གྲགས་པས་རང་ཤག་ཏུ་སྔར་བྲིས་ཟིན་ལ་ཞིབ་དཔྱད་སྣོན་འབྲི་དང་བཅས་ཏེ། བོད་རྒྱལ་ལོ་ ༢༡༣༤ ཟླ་༡༠ ཚེས་ ༢༥ ཕྱི་ལོ་ ༢༠༠༧ ཟླ་ ༡༢ ཚེས་ ༤ བཟངབོར་བསྟན་འགྲོར་སྨན་པའི་གསོལ་སྨོན་དང་བཅས་ཏེ་རྫོགས་པར་བྲིས་པ་དགེའོ།། །།

༢༠༡༠ཟླ་ ༧ ཚེས་ ༢༧ ཉིན་སྐྱར་བཅོས་གང་འོས་བགྱིས་པ་དགེ་ལེགས་འཕེལ།།

No comments:

Post a Comment