-->

Dec 16, 2022

སྤྲིན་གྱི་ཕོ་ཉ་དང་འབྲེལ་བའི་སློབ་དཔོན་ནག་མོ་ཁོལ་གྱི་ལོ་རྒྱུས་ཤིག


ཟླ་བ་གཞོན་ནུ། 


           འདི་ནི་ཨཱཙཱརྱ་ཤྲཱི་ཙརཎ་ཏཱིརྠ་མ་ཧཱ་རཱ་ཛས[1]རྒྱ་གར་གྱི་ནུབ་བྱང་སྟེ་མུཾབྷཻ་ཕྱོགས་ཀྱི་ཉེ་རབས་ཀྱི་ལེགས་སྦྱར་མཁས་པའི་དབང་བོ་གསུམ་གྱིས་ནག་མོ་ཁོལ་དང་འབྲེལ་ཏེ་བཀའ་མོལ་གནང་བ་ཞིག་ཇི་ལྟར་ཐོས་པ་བཞིན་བྲིས་པ་ཞིག་སྟེ། མཁས་པ་དེ་དག་ནི་ཤྲཱི་ཀེབལ་རཱམ་ལཱི་ལ་དྷཱར་ཤཱསྟྲཱི་[2]དང་། ཤྲཱི་ཛི་བན་རཱམ་ཤཱསྟྲཱི་མཆོག[3] ཤྲཱི་ཤངྐར་ལཱལ་ཤཱསྟྲཱི་[4]གསུམ་མོ།། ཚན་པ་འདི་ཨཱཙཱརྱ་ཤྲཱི་ཙརཎ་ཏཱིརྠ་མ་ཧཱ་རཱ་ཛ་མཆོག་གི་སྤྲིན་གྱི་ཕོ་ཉའི་འགྲེལ་བའི་གླེང་བརྗོད་ལས་དྲངས་ཏེ་བསྒྱུར།

           སྙན་ངག་དམ་པ་སྤྲིན་གྱི་ཕོ་ཉའི་ནང་གི་གནོད་སྦྱིན་རྒྱལ་བོ་སྟེ་ཀུ་བེ་ར་ལུས་ངན་བྱ་བ་ནི་རྒྱལ་བོ་རྣམ་གནོན་རང་ཡིན་པ་དང་། ཆུང་མ་དང་བྲལ་བའི་གནོད་སྦྱིན་སྙན་ངག་མཁན་ནག་མོ་ཁོལ། དེ་བཞིན་དུ་ཁོང་གི་ཆུང་མ་གསར་བ་དེ་གནོད་སྦྱིན་མོ། རྣམ་གནོན་གྱི་རྒྱལ་ས་འཕགས་རྒྱལ་ནི་ལྕང་ལོ་ཅན་མ་དང་། སྤྲིན་གྱི་ཕོ་ཉ་ནི་སྙན་ངག་མཁན་གྱི་གྲོགས་སྤྲིན་གྱི་ང་རོ་ཡིན་པར་བཤད།

           ཁོང་ཚོའི་དགོངས་པ་ལྟར་ན། ནག་མོ་ཁོལ་ནི་རྒྱལ་བོ་རྣམ་གནོན་གྱི་རིན་ཆེན་དགུའི་གྲས་ཀྱི་གཅིག་ཡིན་པ་དང་། རྒྱལ་བོ་དེས་རྣམ་གནོན་གྱི་ལོ་[5]ཟེར་བའི་རང་ཉིད་ཀྱི་དུས་རབས་ཤིག་གསར་དུ་བཏོད། རྒྱལ་བོ་ཁོ་རང་ཉིད་ཀྱང་ལེགས་སྦྱར་མཁས་པ་ཞིག་ཡིན་པས། ཁོས་མཁས་པ་རྣམས་ལ་རྒྱལ་བོ་དང་རྒྱལ་བོ་ཆེན་པོ་གཞན་ལས་ཀྱང་བཀུར་བསྟི་ཆེ་བར་མཛད། མཁས་པ་དག་ལ་གཞིས་ཀ་ལ་སོགས་པའི་ལེགས་སྐྱེས་གནང་བས་ན་དེ་དག་སྐུ་དྲག་ལྟ་བུའི་འཚོ་བ་རོལ་ཐུབ་ཀྱི་ཡོད། ཕོ་བྲང་གཞན་གྱི་ལེགས་སྦྱར་མཁས་པ་དག་ལའང་གཅིག་མཚུངས་ཀྱིས་བཀུར་བསྟི་གནང་། དུས་སྐབས་དེར། རྒྱལ་བོ་ཞིག་གི་སྟོབས་འབྱོར་དེ་ཁོང་གིས་སྦྱིན་བདག་བྱེད་སའི་པཎྜི་ཏ་རྣམས་ཀྱི་གོ་ཐོབ་དང་རྒྱུ་འབྱོར། མཚན་མཐོང་སོགས་ཀྱིས་འབྱེད་པ་ཡིན། དམངས་རྣམས་ཀྱིས་ཀྱང་རྒྱལ་བོ་ལེགས་སྦྱར་མཁས་པ་དང་ཡང་ན་ལེགས་སྦྱར་གྱི་པཎྜི་ཏ་རྣམས་ལ་འོས་འཚམས་ཀྱི་བཀུར་བསྟི་བྱེད་མཁན་ཞིག་ལ་དགའ་མོས་ཆེན་པོ་བྱེད་པ་ཡིན།

           གྲོང་ཁྱེར་འཕགས་རྒྱལ་[6]ནི་རྒྱ་གར་གྱི་རྒྱལ་བོ་རྣམ་གནོན་གྱི་རྒྱལ་ས་ཡིན་པ་དང་། ཁོའི་འོག་ཏུ་ཚོ་དཔོན་༨༠༠ཙམ་ཡོད་ཅིང་། དེ་དག་སོ་སོར་སོ་སོའི་ཕོ་བྲང་ཡང་གྲོང་ཁྱེར་དེ་རང་དུ་ཡོད། དུས་ནས་དུས་སུ། རྒྱལ་སྲས་རྣམས་རྒྱལ་སར་འཛོམས་དགོས་ཤིང་། རྒྱལ་བོའི་དུས་སྟོན་དང་དགའ་སྟོན་སོགས་ལ་ཞུགས་དགོས་པ་ཡིན། དེ་དག་གིས་རྒྱལ་བོར་བློ་འདོན་ཞིང་། བརྒྱ་ལ་ཕྱིའི་རྒྱལ་ཁབ་ཁག་གིས་དཔུང་འཇུག་བྱས་ཚེ། རྒྱལ་བོ་ལ་དམག་རོགས་བྱེད་པས། དེ་དག་རྒྱལ་བོ་ལ་ཕན་ཐོགས་ཧ་ཅང་ཆེ་བ་ཡིན། དེ་བཞིན་རྒྱལ་བོས་ཀྱང་དེ་དག་སྒེར་སོ་སོའི་འཇོན་ནུས་ལ་ལྟོས་ཏེ་གཟིགས་སྐྱོང་མཛད།

           སློབ་དཔོན་ནག་མོ་ཁོལ་དགུང་ལོ་༣༢ཟིན་པ་ན། ཁོང་གི་ཆུང་མ་གྲོངས་ཤིང་། དེ་ལ་ཤིན་ཏུ་བརྩེ་བས། ཁོས་གཉེན་བསྐྱར་དུ་མ་བསྒྲིགས། དུས་ཤིག་ལ། བིན་དྷ་ཡའི་རྒྱལ་བོའི་སྲས་མོས་ཁོང་ལ་གཉེན་སྒྲིག་འདོད་ཀྱི་བསམ་པ་བསྟན། སྲས་མོ་དེ་ནི་ལེགས་སྦྱར་ལ་ཤིན་ཏུ་མཁས་ཤིང་། ནག་མོ་ཁོལ་ནི་མོའི་སློབ་དཔོན་ཡིན་པས། མོ་སྙན་ངག་མཁན་གྱི་རང་བཞིན་དང་འཇོན་ནུས། མཁས་ཚུལ་སོགས་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད། ཡིན་ནའང་། གཉེན་སྒྲིག་དེ་སྲས་མོའི་ཡབ་ལ་མཚོན་ན་ཁས་ལེན་བྱེད་ཐབས་བྲལ་བ་སྟེ། ཁོ་ནི་རྒྱལ་བོ་རྣམ་གནོན་གྱི་མག་པ་ཡིན་པས་སོ།། དེ་བས་ཁོས་རང་གི་ཉེ་དུའི་སེམས་པ་དཀྲུགས་འདོད་མེད་པར་མ་ཟད། རང་གི་སྲས་མོ་རྒྱལ་བོ་ཞིག་ལ་སྟེར་འདོད་ཀྱི་བྲམ་ཟེ་སྙན་ངག་མཁན་ཞིག་སྤྲད་འདོད་མེད། དེ་བས་ཁོས་ནག་མོ་ཁོལ་ལ་དེ་ཁས་ལེན་མི་ཉན་ཚུལ་གྱི་ཞལ་ཏ་གནང་། ཡིན་ནའང་། སྲས་མོའི་བློ་ཐག་རྦད་དེ་ཆོད་ཡོད་པས། སྲས་མོའི་ཡུམ་ནི་གཉེན་སྒྲིག་དེ་དོན་ཐོག་ཏུ་མ་འཁྱོལ་ན་དོན་རྐྱེན་ངན་པ་འདྲ་འབྱུང་དོགས་དང་། རང་ཉིད་ཀྱི་བུ་མོ་ལ་བརྩེ་བའི་དབང་གིས་རྒྱལ་བོ་ལ་གོ་སྐོན་བྱས་ཏེ་སྲས་མོ་དང་ནག་མོ་ཁོལ་གཉིས་གཉེན་སྒྲིག་ཏུ་བཅུག

           ནག་མོ་ཁོལ་ནི་རྒྱས་སྤྲོས་ཀྱི་འཚོ་བར་རོལ་མྱོང་བ་སྟེ། སྙན་ངག་མཁན་འཇིག་རྟེན་མགོན་པོ་ལ་ཐུག་པའི་བར་དུ་ལེགས་སྦྱར་གྱི་སྙན་ངག་མཁན་རྣམས་ནི་དེ་དག་གི་རྒྱལ་བོ་རྣམས་ཀྱིས་ཡོན་སྦྱར་ཏེ་རྒྱས་སྤྲོས་ཀྱི་འཚོ་བར་རོལ་ཡོད་པ་ང་ཚོས་ཤེས་ཐུབ། སྙན་ངག་མཁན་འཇིག་རྟེན་མགོན་པོ་[7]ནི་ཁ་ཆེའི་རྒྱལ་བོའི་སྲས་མོ་ཞིག་དང་གཉེན་བསྒྲིགས། ཁོང་གིས་རོལ་མྱོང་བའི་འཚོ་བ་རྒྱས་སྤྲོས་ཅན་དེས་དམངས་ཀྱི་གཏམ་དཔེ་འདི་གྲུབ་པར་བྱས། (དིལླིཤྭརོ བཱ ཛགདཱིཤྭརོ བཱ མནོརཐཱན྄ པཱུརཡིཏུཾ སམརྠཿ[8]) འཇིག་རྟེན་མགོན་པོའི་ཡིད་ཀྱི་ཤིང་རྟ་ནི།། ལྷའམ་དིལླིའི་དབང་བོས་ཚིམས་པར་ནུས།། ཞེས་པའོ།། བཤད་སྲོལ་ཞིག་ལ། སྙན་ངག་མཁན་འཇིག་རྟེན་མགོན་པོ་ལན་ཅིག་རྒྱལ་བའི་གྲོང་[9]གི་རྒྱལ་བོ་ཆེན་པོས་གདན་དྲངས་ཤིང་། ལྷན་ཅིག་ནགས་སུ་རི་དྭགས་བཤོར་དུ་ཕྱིན། ངལ་གསོ་བའི་དུས་སུ། ནུབ་འཚལ་འཐུང་ཟིན་ནའང་། བཏུང་བ་མཆོད་པའི་དུས་ཟིན་པའི་ཚེ། ཞབས་ཞུ་བས་བྲེལ་འཚུབ་ཀྱི་དབང་གིས་རྡོ་ཐལ་འཁྱེར་མི་འདུག་པ་རྟོགས་པས། རྒྱལ་བོ་ཆེན་པོས་མྱུར་བ་མྱུར་དུ་ཞབས་ཞུ་བ་འགའ་དེ་ལེན་དུ་བརྫངས་ནའང་། སྙན་ངག་མཁན་གྱིས་སྒུག་མ་བཟོད་པར། ཁོས་ཁོང་གི་སོར་གདུབ་རིན་ཐང་ཅན་དེ་རྡོ་ལ་བརྡར་ཏེ་དེའི་ཚབ་ཏུ་བྱས་ཏེ་བཏུང་བར་རོལ། སྙན་ངག་མཁན་འཇིག་རྟེན་མགོན་པོའི་སོར་གདུབ་བརྡར་ཟིན་པ་དེ་དུས་དེང་སང་ཡང་རྒྱལ་བའི་གྲོང་གི་དཀོར་མཛོད་དུ་བདག་ཉར་བྱས་ནས་ཡོད།

           གཏམ་རྒྱུད་འདིས་ཁ་ཆེ་རྒྱལ་བོ་ཞིག་གི་མངའ་ཞབས་ཀྱི་ལེགས་སྦྱར་མཁས་པ་ཞིག་གི་རྒྱས་སྤྲོས་དང་བདེ་སྐྱིད་མཚོན་ཐུབ་པ་དང་། དེ་ཡང་དུས་རབས་འགའི་གོང་གི་ཡིན་པས། ང་ཚོས་ལོ་ངོ་ཉིས་སྟོང་སྔོན་ཏེ། ལེགས་སྦྱར་གྱི་སྐད་དེ་སྤྱི་སྐད་ཡིན་དུས་ཀྱི་ལེགས་སྦྱར་མཁས་པ་དག་ལ་མཚན་མཐོང་དང་འབྱོར་བ་ཅི་ཙམ་ཡོད་པ་ཚོད་དཔག་བྱེད་ཐུབ་པ་ཞིག་གོ།།

           བྲམ་ཟེ་དང་རྒྱལ་རིགས་གཉིས་གཉེན་སྒྲིག་པའི་སྲོལ་དེ་སྔོན་གྱི་བྱུང་རབས་དང་མ་ཧཱ་བྷཱ་ར་ཏ་སོགས་ལས་ཀྱང་འབྱུང་། ལུགས་སྲོལ་དེ་རྒྱལ་བོ་རྣམ་གནོན་གྱི་རྗེས་ཀྱི་ལོ་ཆིག་སྟོང་ཙམ་གྱི་རིང་ལ་ཡང་རྒྱུན་བསྐྱངས་འདུག དེ་ལྟ་བུའི་དཔེ་མཚོན་གནའ་སྔ་མོ་དང་དེའི་རྗེས་སུ་ཡང་ཇི་སྙེད་ཅིག་འབྱུང་། རིམ་གྱིས་རིམ་གྱིས། རིགས་བཞི་བོ་དེ་དག་ཀྱང་ནང་གསེས་ནང་གསེས་བྱས་ཏེ་ཇེ་མང་དུ་གྱུར།

           ནག་མོ་ཁོལ་རྣམ་གནོན་ལོ་བརྒྱད་པར་སྲས་མོ་དེ་དང་གཉེན་བསྒྲིགས་ཤིང་། དེའི་རྗེས་སུ། ཁོང་དགའ་མགུའི་ལོངས་སྤྱོད་ལ་ཆེས་ཆགས་ཏེ་ཕོ་བྲང་ལ་ཡང་དུས་ཐོག་བཅར་མ་ཐུབ། མཁས་པ་དང་བློན་པོ་རྣམས་གདན་འཛོམས་དུས་ཀྱང་ནག་མོ་ཁོལ་མ་ཕེབས་པས་རྒྱལ་བོ་ཅུང་ཙམ་ཐུགས་ཁྲོས་པར་གྱུར་ཞིང་། གཉེན་བསྒྲིགས་ནས་ཅང་འགོར་མེད་པ་དེ་དེའི་རྒྱུ་མཚན་ཡིན་པའང་ཁོང་གིས་རྟོགས།

           ནག་མོ་ཁོལ་ནི་ཕོ་བྲང་ནང་གི་ལེགས་སྦྱར་གྱི་སྙན་ངག་མཁན་གྲགས་ཅན་ཙམ་དུ་མ་ཟད། ཁོང་ནི་བློན་ཆེན་བརྒྱད་ཀྱི་གྲས་ཀྱང་ཡིན་ཏེ། ཕྱི་འབྲེལ་དང་ཆོས་ལུགས་ཚན་པའི་མདུན་ན་འདོན་ཡིན་པས་ཁོང་འཛིན་སྐྱོང་དང་འབྲེལ་བའི་ལས་དོན་ཆ་ཚང་ལ་ཞུགས་དགོས་ཤིང་། ཕྱི་དང་ནང་གི་མཁས་པ་དག་ལ་སྣེ་ལེན་དང་བཀུར་བསྟི་བྱེད་རྒྱུའང་ཁོའི་གཞུང་ཕྱོགས་ཀྱི་ལས་འགན་རིགས་ཤིག་ཡིན་པ་རེད། སྲས་མོ་དང་གཉེན་བསྒྲིགས་རྗེས། ནག་མོ་ཁོལ་སྒྱིད་ལུག་པར་གྱུར་བ་དང་ལས་འགན་ཡང་དུས་ཐོག་ཏུ་ཁུར་མ་ཐུབ་པ་ལན་མང་བྱུང་།

           སྙན་ངག་མཁན་ཁོང་ཕོ་བྲང་དུ་བཅར་མ་ཐུབ་པ་ལ་བརྟེན་ནས། གཞུང་གི་ལས་དོན་མང་དག་ཅིག་འཐུས་ཤོར་དུ་ཕྱིན། ཁོང་གི་ཚན་ཁོངས་སུ་གླེང་རྙོག་ཀྱང་ལན་འགར་བྱུང་། དེ་ལ་ཐུགས་རབ་ཏུ་ཁྲོས་པས། རྒྱལ་བོ་ཆེན་པོས་ནག་མོ་ཁོལ་ལས་གནས་ནས་བསྐྲད་འདོད་ཀྱང་། སྙན་ངག་མཁན་གྱི་མཁས་ཚུལ་དང་སྒེར་གྱི་ཉེ་དུའི་འབྲེལ་བ་སོགས་ལ་བརྟེན་ནས་དེ་ལྟར་གནང་མ་ཐུབ། གང་ལྟར་ཡང་། རྒྱལ་བོ་ཁོང་ལ་མི་དགའ་བ་ཇེ་ཐུར་ཕྱིན། ལན་ཅིག་མ་ག་དྷཱ་དང་ཨངྒའི་ཕྱོགས་ནས་ངོ་ལོག་བྱུང་ཞིང་། ནག་མོ་ཁོལ་ནི་ཕྱི་བློན་ཡིན་པས་འགན་དེ་ཁོང་ལ་འཁྲི་ནའང་། དེ་ལ་ཐུགས་སྣང་མ་གནང་བས། རྒྱལ་བོ་རང་ཉིད་ཀྱིས་འོ་བརྒྱལ་མྱངས་ཏེ་ཟིང་འཁྲུག་ཞོད་འཇགས་ཐུབ་ཙམ་བྱུང་། དུས་སྐབས་དེར། རྒྱལ་བོའི་སྲས་ཆེ་བའང་གློ་བར་དུ་གྲོངས་པར་གྱུར། ནག་མོ་ཁོལ་སྙན་ངག་མཁན་མཆོག་ཏུ་གྱུར་བ་ཞིག་ཡིན་པ་ཙམ་དུ་མ་ཟད། ཕྱི་བློན་ཡིན་པ་དང་། སྐར་རྩིས་ལ་མཁས་པ། དེར་མ་ཟད་ད་དུང་སྨན་པའང་ལེགས་གྲས་ཤིག་ཡིན་ནའང་། ཁོང་གིས་དུས་སྐབས་དེ་དག་ཏུ་རྒྱལ་བོ་ལ་སེམས་ཁུར་མི་བྱེད་པ་དང་། དམིགས་བསལ་གྱིས་རྒྱལ་སྲས་ལ་སྙུང་གཞི་ཕོག་དུས་ཁ་ཡ་མ་བྱས་པ་སོགས་ཀྱི་གནས་ཚུལ་བཀྲ་མ་ཤིས་པ་མཐའ་དག་གཅིག་ཏུ་འཛོམས་པས། རྒྱལ་བོ་ཁོང་ནས་ཁྲོ་བར་གྱུར་ཏེ་རྣམ་གནོན་ལོ་༡༠བའི་སྨིན་དྲུག་ཟླ་བའི་ཉིན་བཅུ་བར་ནག་མོ་ཁོལ་ལོ་གཅིག་ལ་རྒྱང་ཕུད་ལ་གཏོང་བའི་བཀའ་ཕབ།

           སྙན་ངག་མཁན་གྱིས་རང་ཉིད་ཀྱི་ནོར་འཁྲུལ་ཤེས་པར་གྱུར་ནའང་། རང་ཉིད་ཀྱི་ཆེ་བ་བསམ་ནས་རྒྱལ་བོར་ཞུ་བ་ཕུལ་བར་མ་བཅར་བར་ཉེས་ཆད་གུས་པ་དང་བཅས་ཏེ་དང་དུ་བླངས། དེ་ནས་ཅང་མ་འགོར་བར་ཁོང་འཕགས་རྒྱལ་གྱི་ཡུལ་ནས་རང་གི་གྲོགས་པོ་སྤྲིན་གྱི་ང་རོ་དང་ལྷན་དུ་གནས་གཞན་དུ་བསྙེགས། དོན་རྐྱེན་དེ་རྒྱལ་བོའི་ཕོ་བྲང་ཕྱི་ནང་ཀུན་གྱི་གླེང་གཞིར་གྱུར་བར་མ་ཟད། ནག་མོ་ཁོལ་རྒྱལ་བོའི་ཉེ་དུ་ཡིན་པའི་རྐྱེན་གྱིས། དེས་རྒྱལ་བོའི་སྣག་གི་གཉེན་མཚམས་དག་ཀྱང་མ་སྐྱིད་པ་ཞིག་བྱུང་། ག་ལེ་ག་ལེར་དོན་དེ་ས་ཕྱོགས་ཀུན་ཏུ་གྲགས་པར་གྱུར། རྒྱལ་བོ་ནི་ནག་མོ་ཁོལ་གྱིས་ཁོང་གི་བཀའ་གང་ཕབ་པ་གུས་པ་དང་བཅས་བརྩིས་པ་དེར་ཤིན་ཏུ་ཡ་མཚན་པར་གྱུར། ཁོང་གིས་བཀའ་ཕབ་དུས་ཐུགས་ཧ་ཅང་ཁྲོས་ཡོད་ནའང་། ནག་མོ་ཁོལ་གྱིས་རྒྱལ་བོའི་ཁབ་དང་རང་གི་ཁྱིམ། ད་དུང་རང་གི་ཆུང་མ་ཐམས་ཅད་སྤངས་ཏེ་གཤེགས་པར་གྱུར་བ་རྟོགས་པའི་ཚེ། ཡ་མཚན་པ་དང་སྡུག་བསྔལ་བ་གཉིས་འགྲན་པ་བཞིན་དུ་བྱུང་། ཟླ་བ་འགར། རྒྱལ་བོས་རང་གི་དགོངས་པ་འདི་གཞན་སུ་ལའང་ཤེས་སུ་མ་བཅུག དེ་ནས་དམངས་ཀྱིས་རྒྱལ་བོས་ཆད་པ་བཅད་པ་ཧ་ཅང་གདུག་རྩུབ་ཆེ་དྲགས་ཚུལ་གྱི་ལབ་གླེང་ཐོས་པ་ན། ཁོང་གི་འགྱོད་པ་ནོན་མི་ཐུབ་པར་གྱུར། སྤྱིར་ནག་མོ་ཁོལ་གྱིས་ཐུགས་བརྩེ་བར་མཛོད་ཅེས་ཞུ་བ་ཕུལ་བ་ཙམ་གྱིས་ཆག་ཡངས་བཏང་ཆོག་ཅིང་དོན་དག་དེ་ནས་མཇུག་རྫོགས་འགྲོ་ནའང་། སྙན་ངག་མཁན་གྱིས་དེ་ལྡོག་སྟེ་གུས་པ་དང་བཅས་ཏེ་ཁོང་གི་བཀའ་ཕབ་པ་དང་དུ་བླངས་ཏེ། འཕགས་རྒྱལ་སྤངས་པས། རྒྱལ་བོ་དང་མི་དམངས་ཐམས་ཅད་ནག་མོ་ཁོལ་གྱིས་རང་གི་ཆུང་མ་གསར་བ་སྤངས་ཐུབ་པར་ཡ་མཚན་ཞིང་། རིམ་གྱིས་རིམ་གྱིས་ཁོའི་བྱ་སྤྱོད་ལ་བསྔགས་བརྗོད་མཛད། རྒྱལ་སྲས་གཞན་པ་དག་གིས་ནག་མོ་ཁོལ་རྒྱལ་བོ་རྣམ་གནོན་གྱིས་རྒྱང་ཕུད་དུ་བཏང་བ་རྟོགས་མ་ཐག་སོ་སོའི་སར་ལོ་གཅིག་ལ་ཉར་བར་འདོད་ནའང་། སྙན་ངག་མཁན་ཁོང་གིས་རྗེ་བོ་གཅིག་རང་ལ་བློ་གཏོད་འདོད་ཀྱིས་ཁས་མ་བླངས་པར་ད་དུང་ན་རེ། ཉེས་ཆད་གཅོད་པ་ནི་རྒྱལ་བོའི་འགན་འཁྲི་ཡིན་པ་བཞིན་དུ་དེའི་ཉེས་པ་ཁུར་རྒྱུ་ཁོའི་འོས་འགན་ཡིན་ཚུལ་ཞུས་ཏེ། བློ་ཐག་རྦད་ཆོད་ཀྱིས་རྒྱལ་བོ་གཞན་གང་གིའང་ཡོན་ལེན་འདོད་མ་བྱུང་བར་ལོ་འཁོར་མོ་གཅིག་ལྗོངས་རྒྱུ་དང་གནས་མཇལ་གྱིས་སྐྱེལ་བར་དགོངས། གྲོང་ཁྱེར་འཕགས་རྒྱལ་ནས་ཐོན་ཏེ། ཆས་རྫུས་ཤིང་མཚན་བརྗེས་ཏེ་གནོད་སྦྱིན་ཞེས་བཏགས་ཤིང་གྲོགས་སྤྲིན་གྱི་ང་རོ་དང་ལྷན་དུ་ཡུལ་གྲུ་ཀུན་ཏུ་མྱུལ་ཞིང་། གནས་རྩ་ཆེན་གང་མང་མཇལ། འཕགས་རྒྱལ་ནས་ཁ་ཆེའི་[10]ཕྱོགས་སུ་བཞུད་པ་དང་། དེ་ནས་རི་བོ་གངས་ཅན་རྒྱུད་ཀྱི་འཆི་མེད་མགོན[11]། གངས་ཀྱི་རི་བོ[12]། ཡིད་ཀྱི་མཚོ་[13]སོགས་སུ་ཕྱིན། དེའི་རྗེས་སུ་ན་སིཀ་[14]དང་ལྔ་ཅན་མའི་[15]ཕྱོགས་སུ་གཤེགས། དེ་དུས་སུ་ཟླ་བ་བརྒྱད་ཙམ་རྫོགས་པར་གྱུར་ཞིང་། དབྱར་ཡང་རྫོགས་ལ་ཉེ་བ་དང་། ཆུ་སྟོད་ཟླ་བའི་ཆར་དུས་མགོ་འཛུགས་ལ་ཁད་དུ་གྱུར་ཙ་ན། རང་གི་ཆུང་མ་དང་ཐེངས་དང་བོར་བྲལ་བ་ཡིན་པས་ཧ་ཅང་གདུང་བར་གྱུར། སྙན་ངག་མཁན་ཁོང་གིས་རྒྱལ་བོའི་རང་གཤིས་ལེགས་པར་མཁྱེན་ལ། རྒྱལ་བོའི་བཀའ་དེ་ཡང་ཐུགས་རབ་ཏུ་ཁྲོས་པའི་དབང་གིས་ཕབ་པ་རྟོགས་པར་གྱུར་བ་དང་། ཁོང་མེད་པས་རྒྱལ་བོ་ལགས་ཀྱང་ཧ་ཅང་ཐུགས་མི་བདེ་བར་ཡོད་ངེས་སྙམ། གང་ལྟར་ཡང་། ཁོང་གིས་རྒྱལ་བོ་མཆོག་ལ་ཞུ་བ་ཕུལ་རྩིས་མེད་པ་དང་། རྒྱལ་བོས་ཀྱང་སྙན་ངག་མཁན་གྱིས་ཞུ་བ་མ་ཕུལ་བར་གུ་ཡངས་གནང་ན་ཁོས་ཁས་མི་ལེན་པ་མཁྱེན་ཡོད་པས་དེ་མུར་ལུས།

           ནག་མོ་ཁོལ་མཆོག་གིས་ཆུང་མ་དང་བྲལ་བའི་ཆར་དུས་དེ་གཅིག་པུར་སྐྱེལ་ཤིན་ཏུ་དཀའ་བར་གྱུར་བས། སྡུག་བསྔལ་བའི་སེམས་ཁམས་ཤིག་དང་བཅས་ཏེ་ཆུ་སྟོད་ཟླ་བའི་ཉིན་ཞིག་ལ་ཁོང་གིས་སྤྲིན་གྱི་ཕོ་ཉ་བརྩམས། དེ་ཡང་སྙན་ངག་མཁན་ཁོང་གིས་གཞན་བརྗོད་[16]ཀྱི་རྒྱན་འཚམས་ཤོས་སུ་གཟིགས་ཏེ། སྒྱུ་རྩལ་གྱི་བཅུད་ཀྱིས་གཏམས་པའི་རྩོམ་པ་དེ་ཡོངས་སུ་རྫོགས་པར་བྱས་ཏེ། གྲོགས་སྤྲིན་གྱི་ང་རོ་ལ་བཅོལ་ཏེ་ཡུལ་ལྔ་ཅན་མ་ནས་འཕགས་རྒྱལ་གྱི་ཕྱོགས་སུ་ཕོ་ཉར་བརྫངས། སྙན་ངག་དེ་དང་ལྷན་དུ་འཕྲིན་ཡིག་དང་བཅས་པ་ཆུང་མར་འཕྲོད་པ་ན། མོས་བཀླགས་ཚར་མ་ཐག་རྒྱལ་བོ་ལ་བསྐུར་བས། རྒྱལ་བོས་དེ་བཀླགས་ཏེ་ཤིན་ཏུ་མཉེས་པར་གྱུར་ནས། ཁོང་ལ་སྙན་ངག་མཁན་གྱི་ཕྱོགས་ནས་ཞུ་བ་ཞིག་ཕུལ་དགོས་ཡོད་པ་དེ། ‘ཡཱཉྩཱ མོགྷཱ བརམདྷིགུཎེ ནཱདྷམེ ལབྡྷཀཱམཱ[17]’(ལས་ཀྱི་དབང་གིས་ཆུང་མ་བསྐལ་གྱུར་བདག་ནི་ཁྱོད་ཀྱི་དོན་གཉེར་ཉིད།།) ཞེས་པ་དེ་ཤུགས་ཀྱིས་ཞུ་བ་ཕུལ་བར་གོ་བ་བླངས་ཏེ། རྒྱལ་བོས་མྱུར་བ་མྱུར་དུ་སྙན་ངག་མཁན་གྱི་ཉེས་པར་གུ་ཡངས་གནངས་ཏེ། རྟའི་ཁྱུ་དང་། གླང་བོའི་ཚོགས། དམག་སྡེ། ཤིང་རྟ་ལ་སོགས་པ་བརྫངས་ཏེ་སྙན་ངག་མཁན་ཕྱིར་རྒྱལ་བོའི་ཁབ་འཕགས་རྒྱལ་དུ་བསྟི་སྟང་དང་གུས་པ་རྒྱ་ཆེན་དང་བཅས་ཏེ་གདན་དྲངས།

           གཞན་བརྗོད་ཅེས་པའི་རྒྱན་གྱིས་བཅིངས་པའི་སྙན་ངག་སྤྲིན་གྱི་ཕོ་ཉ་འདི་ཆུང་མ་དང་བྲལ་བ་ལ་བརྟེན་ནས་མཛད་ཅིང་། འདིས་སྙན་ངག་མཁན་ཁོང་གི་སྒེག་པ་དང་སྙིང་རྗེའི་ཉམས་མཚོན་པའི་ཐབས་ལེགས་པར་བསྟན་ཡོད། སྙན་ངག་དེར་རྒྱང་ཕུད་ལ་གཏོང་མཁན་གྱི་རྒྱལ་བོར་རྒོལ་བའི་ཚིག་ཅང་མེད་པར་མ་ཟད། དེ་ལས་ལྡོག་སྟེ། སྙན་ངག་མཁན་གྱིས་རང་ཉིད་ཀྱི་ལས་དབང་ལ་འཁང་ར་གནང་ཡོད། ཁོང་གིས་རྒྱལ་བོ་ནི་གནོད་སྦྱིན་རྒྱལ་བོ་ལུས་ངན་བཞིན་དུ་དང་རྒྱལ་བོའི་ཁབ་འཕགས་རྒྱལ་ནི་ལྕང་ལོ་ཅན་བཞིན་དུ་བསྔགས་པ་མཛད། འདི་ལྟ་བུའི་སྐྱེས་བུ་ཆེན་པོའི་མཛད་སྤྱོད་ནི་ཤིན་ཏུ་ནས་བསྔགས་པར་འོས་པ་སྟེ། སྤྱིར་བཏང་མི་ཕལ་མོ་ཆེས་རང་ཉིད་ཀྱི་ནོར་འཁྲུལ་དང་ནོངས་པ་ངོས་མི་ཟིན་པ་དང་། རང་ཉིད་ཀྱི་ཉེས་པ་ཁས་མི་ལེན་པར་མ་ཟད། ད་དུང་རང་ཉིད་ལ་མ་ཉེས་ཁག་གཡོགས་བྱས་སོང་ཚུལ་བཤད་པ་འདི་མིའི་རང་བཞིན་ཤིག་གོ། འདི་ལྟ་བུའི་བསམ་བློ་ཡོད་མཁན་ཕལ་མོ་ཆེ་ནི་ལེགས་སྦྱར་དོན་དུ་གཉེར་མ་མྱོང་མཁན་དང་འཕགས་པའི་བསྟན་བཅོས་དག་ལ་ཐོས་བསམ་བྱས་མ་མྱོང་མཁན་དག་སྟེ། ལེགས་སྦྱར་མཁས་པ་དག་ནི་དགེ་བ་གཙུགས་སུ་འཛིན་མཁན་དང་། དེ་དག་ནི་དུས་གཏན་དུ་རང་ཉིད་ཀྱི་སྐྱོན་ཆ་དང་དེ་འབྲེལ་གྱི་མཇུག་འབྲས་དང་དུ་ལེན་པར་རྟག་ཏུ་ཉེར་བསྡོགས་ཡོད་མཁན་དག་ཡིན། ཁོང་ཅག་གིས་རང་ཉིད་ཀྱི་ལས་དབང་ལ་འཁང་ར་གནང་བ་ཡིན།

           མཁས་དབང་ཁོང་གསུམ་པོ་བཀའ་མཆིད་མཛད་པ་འདི་ནི་སྤྲིན་གྱི་ཕོ་ཉ་དང་འབྲེལ་ཏེ་གསུངས་པ་ཞིག་རེད། འདི་ནི་ལོ་ངོ་༦༠སྔོན་[18]ལ་ཐོས་པ་ཞིག་ཡིན། ཤྲཱི ཛིབནརཱམ ཤཱསྟྲཱི་[19]མཆོག་གིས་ལོ་རྒྱུས་འདིའི་ལག་བྲིས་མ་ཚིགས་བཅད་དུ་བྲིས་པ་ཞིག་ཁོང་ལ་ཡོད་གསུངས་མྱོང་ནའང་། དེ་དུང་ང་རང་ཉིད་བྱིས་པ་ཞིག་ཡིན་པས་སྤྲིན་གྱི་ཕོ་ཉའི་སྐོར་དེ་ནག་མོ་ཁོལ་གྱིས་མཛད་པ་ཙམ་མ་གཏོགས་གཞན་ཅང་མི་ཤེས། རྗེས་སུ། ལོ་ངོ་སུམ་ཅུ་ཙམ་གྱི་རྗེས་ལ་ངས་སྤྲིན་གྱི་ཕོ་ཉ་བཀླགས་དུས་མཁས་པ་ཁོང་རྣམས་ཀྱི་བཀའ་མཆིད་དེ་སྤྲོ་བ་དང་བཅས་ཏེ་དྲན་པར་གྱུར་ཞིང་། དུས་ལ་བསླེབས་པ་དང་ངས་ད་པར་དུ་བསྐྲུན་པའོ།།

 

རྩོམ་པ་བོ་ཙ་ར་ཎ་ཏཱིརྠ་ཁོང་ནི་སྙན་ངག་སྤྲིན་གྱི་ཕོ་ཉའི་འགྲེལ་བ་ལེགས་སྦྱར་དུ་མཛད་མཁན་གསར་ཤོས་ཡིན་པའོ། །


ཞབས་མཆན།

[1]Acharya Sri Charanatirtha Maharaja, Meghadutam of Kalidasa,Chowkhamba Sanskrit Series Office, Varanasi, 1973. Pp. 57-64.

[2]Kevalram Liladhar Shastri.

[3]Shri Jivanram Shastri.

[4]Shri Shankarlal Shastri.

[5] Vikrama Sabvat

[6]Ujjayini (उज्जयिनी) Ujain, Ujjayini, Avanti, Avantika, Avantikapur, འདི་ཚང་མ་ས་ཆ་གཅིག་གི་མིང་དུ་འདོད། སྤྲིན་གྱི་ཕོ་ཉར་འབྱུང་བའི་ཨུ་ཛྫ་ཡི་ནི་ཞེས་པའང་འདི་ཡིན། བོད་སྐད་དུ་འཕགས་རྒྱལ་བྱ་བའོ།། དེང་གི་མངའ་སྡེ་དབུས་མའི་(Madhya Pradesh)ཁོངས་གཏོགས་སུ་ཡོད།

[7]Jagannatha Panditaraja (1590 – 1670)

[8]दिल्लीश्वरो वा जगदीश्वरो वा मनोरथान् पूरयितं समर्थः।

[9]Jaipur

[10]Kashmir

[11]Amarnath

[12]Kailas

[13]Mansarovar

[14]Nasik

[15]Panchavatiབོད་སྐད་དུ་ལྔ་ཅན་མ་ཟེར་བ་སྟེ། སྐྱེད་མོས་ཚལ་ནྱ་གྲོ་དྷ་ལྔ་ཅན་ཞིག་ཡིན་པས་ནའོ།། དགའ་བྱེད་རཱ་མ་ལོ་བཅུ་བཞིར་ནགས་སུ་སྡོད་སའི་གནས།

[16]अन्योक्ति

[17]སྤྲིན་གྱི་ཕོ་ཉའི་ཤོ་ལོ་ཀ་དྲུག་པའི་ལས་ཀྱི་དབང་གིས་ཆུང་མ་བསྐལ་གྱུར་བདག་ནི་ཁྱོད་ཀྱི་དོན་གཉེར་ཉིད།།” ཅེས་པའོ།། (འགྱུར་གསར་མ།)

[18]དེབ་འདི་སྤྱི་ལོ༡༩༧༣ལོར་པར་སྐྲུན་གནང་འདུག་པས་མཁས་དབང་གསུམ་པོའི་བཀའ་མཆིད་འདི་སྤྱི་ལོ་༡༩༠༠ཡར་མར་ཙམ་ལ་ཡིན་དགོས་པ་འདྲ།

[19]Shri Jivaram Shastri ji 

Nov 25, 2022

དབྱུག་པ་ཅན་ལས་གཞན་པའི་འཕགས་ཡུལ་གྱི་རྒྱན་མཁན་པོ།


 

 

 

 

ཟླ་བ་གཞོན་ནུ།

 

དེ་ཡང་འཕགས་ཡུལ་གྱི་སྙན་ངག་གི་རྒྱན་གྱི་བསྟན་བཅོས་དག་ལས་ལོ་ཙཱ་བ་བཀའ་དྲིན་ཅན་གྱིས་བོད་སྐད་དུ་བསྒྱུརད་ཅིང་འཆད་ཉན་གྱི་ལུགས་ཀྱང་བྱུང་བའི་གཞུང་<<སྙན་ངག་མེ་ལོང་མ>>ལས་གཞན་མིང་ཙམ་གྲགས་པ་རྒྱལ་བོ་ཟས་བྱ་བས་མཛད་པར་གྲགས་པའི་<<དབྱངས་ཅན་མགུལ་རྒྱན>>ཙམ་མ་གཏོགས་བོད་ལ་ཡོངས་སུ་མ་གྲགས་ཤིང་། གཅིག་ནས་ད་ལྟ་ལ་ཐུག་ཏུ་དེའི་སྐོར་ཞིབ་ཏུ་བཤད་པ་མཐོང་ཞིང་། གཉིས་ནས་རང་ཉིད་གར་ཡོང་ཚ་མ་འཚལ་བའི་མོས་པ་དང་འདུན་པ་དྲག་པོས་བསྐུལ་ཏེ་བརྩོན་པས་ཐོབ་པའི་མིག་འདི་ཉིད་ཀྱི་སྤྱོད་ཡུལ་དུ་གྱུར་པ་གང་དང་གང་རང་གི་སྐད་ཡིག་ལ་སྙིང་ནས་བརྩེ་བ་དག་གི་བགོ་སྐལ་དུ་བསྩལ་རྒྱུ་ནི་རང་གི་ཐོག་མའི་སེམས་སྐྱེད་ཉིད་དུ་སོང་ཕྱིར། ད་ལན་རྒྱ་གར་གྱི་མཁས་པའི་གསུངས་དང་གཏུགས་[1]ཏེ་རྒྱན་མཁན་པོ་དག་གི་ངོ་སྤྲོད་རགས་ཙམ་བྱས་ནས་རྒྱུས་ཅུང་ཙམ་རེ་ཡོད་པར་བྱས་ཏེ་སླད་མར་ཁད་ཀྱིས་ཞིབ་ཇེ་ཚགས་དང་གཏིང་ཇེ་ཟབ་ཏུ་བཏང་སྟེ་གླེང་བར་བྱའོ།།

 

དེ་ལ་ཐོག་མར་རྒྱ་གར་གྱི་ལུགས་འཛིན་མཁན་གྱི་བརྒྱུད་པ་རྣམས་ཤེས་རྒྱུ་གལ་ཆེ་བས་དེ་བཤད་དེ། དེ་ནས་རྒྱན་མཁན་པོ་དག་དང་དེ་དག་གིས་མཛད་པའི་གཞུང་གི་མཚམས་སྦྱོར་ལ་གཞུག་པར་བྱའོ།།

 

དེ་ལྟ་ནའང་། ཧ་ཅང་ཡི་མུག་པ་ཞིག་ནི་འུ་ཅག་གི་ལོ་པཎ་བཀའ་དྲིན་ཅན་དག་གིས་ལེགས་སྦྱར་ཀྱི་སྐད་དང་འབྲེལ་ཏེ་ལེགས་པར་སྦྱར་བའི་སྐད་དེ་ཉིད་བོད་རང་གི་སྐད་དུ་ཇི་མ་ཇི་བཞིན་འབྲི་ཀློག་ཐུབ་པའི་ཕྱག་སྲོལ་ཧ་ཅང་ལེགས་པོ་ཞིག་མཛད་ཡོད་ནའང་། འུ་བུ་ཅག་ནི་བཀའ་དྲིན་མི་ཤེས་པ་ཙམ་གྱི་ཚོད་དུ་གདའ་བས། སྒྲ་ཀ་ཙན་དབྱངས་གསུམ་དང་སྒྲ་པཱ་ཎི་བའི་མདོ་སོགས་ལ་དོན་གཉེར་བྱེད་པ་ནི་བློ་ཡུལ་དུ་ག་ལ་ཤོངས་ཏེ། ཐ་ན་སྔགས་བཀླག་ཐབས་ཙམ་ཡང་དོན་གཉེར་བྱེད་འདོད་མེད་པར་གྱུར་འདུག་པས་ཐབས་རྡུགས།

སྤྱིར་རྒྱ་གར་གྱི་མིང་གི་སྐད་དོད་བོད་ཡིག་ཏུ་འབྲི་པེ་ལེན་ཡིན་ནའང་། དེང་གི་མི་ཕལ་མོ་ཆེར་ལ་ཉེ་མེད་པའི་རྒྱུ་མཚན་གྱིས་དེ་ཙམ་ཡང་ཀློག་ཐུབ་པར་མ་གྱུར་བས་བསྐྱར་དུ་སྐད་ཡིག་གཞན་པ་ཞིག་གི་རོགས་སྐྱོར་ལ་མ་བརྟེན་རང་བརྟེན་དུ་གྱུར་ལ། དེ་དང་མཉམ་དུ་དིང་དེ་ལ་དོན་གཉེར་བྱེད་པར་སྐུལ་བར་ཡང་ཐལ་ལོ།།

 

ད་ནི་དཀྱུས་སུ་འཇུག་པར་བྱ་སྟེ་དང་བོ་ལ་ནི་དེ་ཡང་མཁན་པོ་སྟོབས་ཀྱི་ལྷས་མཛད་པའི་ལེགས་སྦྱར་གྱི་རྩོམ་རིག་ལོ་རྒྱུས་[2]སུ་རྒྱན་གྱི་བསྟན་བཅོས་ཀྱི་རྒྱུད་འཛིན་པའི་བརྒྱུད་པ་རྣམས་གཙོ་བོར་བཞི་རུ་ཕྱེ་སྟེ། དེ་ཡང་།

 

༡༽ ཉམས་ཀྱི་ལུགས་འཛིན་པའི་བརྒྱུད་པ — ཐུབ་པ་རྒྱས་བྱེད།

 

༢༽ རྒྱན་གྱི་ལུགས་འཛིན་པའི་བརྒྱུད་པ — སྣང་ཆེན།  མཐོ་བཙུན།  དྲག་པོ།

 

༣༽ ཡོན་ཏན་གྱི་ལུགས་འཛིན་པའི་བརྒྱུད་པ — དབྱུག་པ་ཅན་དང་མིའུ་ཐུང་།

      འཁྱོག་བརྗོད་ཀྱི་གྲུབ་མཐའ་སྨྲ་བ — མདུང་ཅན།

 

༤༽ སྒྲའི་ལུགས་འཛིན་པའི་བརྒྱུད་པ — དགའ་བ་འཕེལ་དང་མངོན་གསར་སྦས་པ།

      འོས་པའི་གྲུབ་མཐའ་སྨྲ་བ — དགེ་བའི་དབང་བོ།

 

ཐུབ་པ་རྒྱས་བྱེད་ཀྱིས་མཛད་པའི་<<ཟློས་གར་གྱི་བསྟན་བཅོས>>ནི་ད་བར་རྙེད་སོན་བྱུང་བའི་ཆེས་རྙིང་བའི་གཞུང་དུ་བཞེད་པས། ཐོག་མར་འདིའི་ངོ་སྤྲོད་རགས་ཙམ་བྱའོ།།

 

དེ་ཡང་མཁན་པོ་སྟོབས་ཀྱི་ལྷས་མཛད་པའི་ལེགས་སྦྱར་རྩོམ་རིག་ལོ་རྒྱུས་ཀྱི་རྒྱན་གྱི་བསྟན་བཅོས་ཞེས་པའི་ཚན་པར་འདི་སྐད་དུ[3]། གླེགས་བམ་འདི་ལ་ང་ཚོས་རྒྱ་གར་གྱི་མཛེས་པའི་སྒྱུ་རྩལ་སྐོར་གྱི་འཇིག་རྟེན་ཀུན་ཁྱབ་མཛོད་ཅེས་བརྗོད་ཆོག་སྟེ། རྒྱུ་མཚན་ནི། དེ་རུ་ཟློས་གར་གཙོར་བཟུང་ཡོད་ཀྱང་དེའི་གྲོགས་སུ་སོང་བའི་རྒྱན་གྱི་བསྟན་བཅོས། རོལ་མོའི་བསྟན་བཅོས། སྡེབ་སྦྱོར་གྱི་བསྟན་བཅོས་ལ་སོགས་པའི་གྲུབ་མཐའི་རྩ་བ་ཡི་ངེས་བྱེད་ཀྱང་མང་དག་ཅིག་ཡོད་ལ། གླེགས་བམ་དེར་ལེའུ་༣༦ཡོད་པ་དང་། དེ་བཞིན་ཤོ་ལོ་ཀ་༥༠༠༠ ཡོད་པ་ཕལ་ཆེ་བ་རྗེས་བསྔགས་ཀྱི་སྡེབ་སྦྱོར་ཡིན་ལ། ལེའུ་དྲུག་པ་དང་། བདུན་པ། དེ་བཞིན་༢༨ པ་དག་ཏུ་དུམ་བུ་འགའ་ལྷུག་མར་ཡང་སྦྱར་ཡོད་པའོ།།

 

<<ཟློས་གར་གྱི་བསྟན་བཅོས>>འདི་ནི་དུས་སྐབས་གཅིག་རང་གཅིག་ལ་བརྩམས་པ་ཞིག་མ་ཡིན་པར། དེ་ལས་ལྡོག་སྟེ་བརྒྱ་ཕྲག་གང་མང་ཞིག་གི་རྩོམ་རིག་གི་དུས་ཡུན་རིང་མོའི་རྩོལ་བ་ལ་བརྟེན་ནས་བྱུང་བའི་འབྲས་བུ་ཤིན་ཏུ་ཡིད་དུ་འོང་ཞིག་གོ།།

<<ཟློས་གར་གྱི་བསྟན་བཅོས>>ལ་དུམ་བུ་གསུམ་ཡོད་དེ།

 

༡༽ མདོའི་བཤད་པ། ལྷུག་མར་ཡོད་པའི་དུམ་བུ་འདི་གླེགས་བམ་གྱི་རྙིང་བའི་ཚུལ་དུ་ཡོད་ཅིང་། རྩ་བའི་གླེགས་བམ་དུ་མདོ་དང་དེ་བཞིན་བཤད་པ་འབའ་ཞིག་ཡོད་པ་དེ་ཡར་རྒྱས་བྱུང་རྗེས་དུམ་བུ་གཞན་པ་དང་སྦྱར་ཡོད།

 

༢༽ ཚིག་ལེའུར་བྱས་པ། རྩ་བའི་གླེགས་བམ་གྱི་དགོངས་དོན་འགྲེལ་སླད་ཚིགས་སུ་བཅད་པ་འདི་དག་མཛད་ཡོད།

 

༣༽ རྗེས་སུ་དབང་བའི་ཚིགས་བཅད། དཔོན་སློབ་གྱི་བརྒྱུད་པ་ལས་བྱུང་བའི་ཚིགས་བཅད་རྙིང་བ་སྟེ། འཕགས་པའི་དབྱངས་དང་རྗེས་བསྔགས་ཀྱི་སྡེབ་སྦྱོར་གྱིས་བཅིངས་ཡོད་པ་ལྟར་རོ།།

རྒྱལ་བོ་མངོན་གསར་སྦས་པའི་འགྲེལ་བ་གཞིར་བཞག་ན་ཚིགས་བཅད་འདི་དག་བྷ་ར་ཏ་མུ་ནི་ལས་ཀྱང་སྔ་བའི་སློབ་དཔོན་དག་གིས་མཛད་པ་དང་། རང་ཉིད་ཀྱི་མདོ་དག་རྒྱས་པར་བྱེད་པའི་སླད་དུ་རྒྱས་བྱེད་ཀྱིས་དེ་དག་གླེགས་བམ་དུ་བསྡུས་པར་བཤད།

 

རྒྱས་བྱེད་ནི་ཉམས་ཀྱི་ལུགས་འཛིན་པའི་སློབ་དཔོན་ཞིག་ཡིན་ལ། ཁོང་གི་དགོངས་པར་ཟློས་གར་ལ་ཉམས་འབའ་ཞིག་གཙོ་བོར་བཞེད་ཅིང་། ཞར་བྱུང་དུ་ལེའུ་༦།༧།༡༦ སོགས་སུ་དེ་དག་གི་རྣམ་དབྱེ་མཛད་ཡོད།

གླེགས་བམ་འདི་དུས་ནམ་ཞིག་ལ་མཛད་མིན་ད་བར་མ་ངེས་ཀྱང་། གཞུང་འདི་ནག་མོ་ཁོལ་ལས་ཀྱང་སྔ་བར་ངེས་ཏེ། ནག་མོ་ཁོལ་གྱི་བིཀྲམོརྦཤཱིཡ་[4]སྟེ་<<རྒྱལ་བོ་རྣམ་གནོན་དང་དཔལ་གྱི་ལྷ་མོ>>རུ་(༢།༡༧) བྷ་ར་ཏའི་ལྷ་རྣམས་ཀྱི་ཟློས་གར་གྱི་སློབ་དཔོན་གྱི་ཚུལ་དུ་བཀོད་ཡོད་པར་མ་ཟད། ཟློས་གར་དག་ཏུ་ཉམས་བརྒྱད་པོའི་ཡར་རྒྱས་བྱུང་བ་དང་། དེ་བཞིན་ལྷ་མོ་དག་གིས་འཁྲབ་པར་བྱས་པའི་ངེས་བསྟན་ཡང་མཛད་ཡོད་པའོ།།

ནག་མོ་ཁོལ་ལས་སྔ་བའི་རྒྱུ་མཚན་གྱིས། ཐུབ་པ་རྒྱས་བྱེད་ཡེ་ཤུའི་འདས་ལོའི་བརྒྱ་ཕྲག་དང་བོ་ལས་བརྒལ་མི་སྲིད་པ་དང་། རྩ་བའི་མདོ་དག་དེ་ལས་ཀྱང་སྔ་བར་འདོད་ཅེས་གསུངས་སོ།།

 

ད་ནི་གཉིས་པ་རྒྱན་མཁན་པོ་དག་དང་དེ་དག་གིས་མཛད་པའི་གཞུང་གི་མཚམས་སྦྱོར་ལ་འཇུག་པར་བྱ་སྟེ་རིམ་པ་བཞིན།

 

༡༑ སྣང་ཆེན། (བྷཱམཧ / भामह Bhāmaha)

སྣང་ཆེན་གྱི་<<རྒྱན་གྱི་མདོ>>ལ་རྒྱན་སོ་བརྒྱད་བཀོད་ཡོད་ཅིང་། མཐོ་བཙུན་དང་དགའ་བ་འཕེལ།མམྨཊ་སོགས་ཀྱིས་སྣང་ཆེན་གྱི་མཚན་ཞེ་ས་དང་བཅས་ཏེ་སོ་སོའི་བསྟན་བཅོས་སུ་བཀོད་ཡོད་པ་དང་། <<རིག་པའི་སྐྱོན་གྱི་རབ་བྱེད>>བྱ་བ་ནི་དཔྱད་པས་རབ་ཏུ་རྫོགས་པའི་གཞུང་ཞིག་ཡིན་པར་བཤད།

 

༢༑ སློབ་དཔོན་ཆོས་གྲགས། (དྷརྨཀཱིརྟི / धर्मकीर्ति Dharmakīrti)

སློབ་དཔོན་ཆོས་གྲགས་ཀྱི་ཆོས་ཕྱོགས་ཀྱི་ལོ་རྒྱུས་ནི་ངེད་ཅག་བོད་པ་རྣམས་ལ་རབ་ཏུ་གྲགས་པ་ལྟར་དང་དེར་མ་ཟད། ཤི་བ་རཱ་མ་སྟེ་ཞི་བའི་དགའ་བྱེད་བྱ་བས་མཛད་པའི་བསྟན་བཅོས་ཤིག་ཏུ། རྒྱན་ཞེས་བྱ་བ་ཆོས་གྲགས་ཀྱིས་མཛད་པའི་གཞུང་གི་ཁྱད་པར་རོ།།” ཞེས་ཁ་འཕངས་པ་ལས་སློབ་དཔོན་ཆོས་གྲགས་ཀྱིས་སྙན་ངག་གི་རྒྱན་གྱི་བསྟན་བཅོས་ཀྱང་ངེས་པར་མཛད་ཡོད་པར་སྣང་ནའང་། ད་བར་མི་རྙེད་པར་གསུངས།

 

༣༑ མིའུ་ཐུང་། (བཱམན / वामन Vāmana)

<<སྙན་ངག་གི་རྒྱན་གྱི་མདོ>>རུ་རྒྱན་སོ་གསུམ་བཀོད་ཡོད་ཅིང་། མམྨཊ་ཡིས་བཱ་མན་གྱིས་རྒྱན་གྱི་ལུགས་འཛིན་མཁན་གྱི་ཕྱོགས་སུ་གནས་པར་བཤད།

 

༤༑ མཐོ་བཙུན། (ཨུདྦྷཊ / उद्भट / Udbhaṭa)

<<སྙན་ངག་གི་རྒྱན་གྱི་སྙིང་བོ་བསྡུས་པ>>བྱ་བ་གཞུང་གྲགས་ཅན་ཞིག་ཡིན་ལ།དེར་རྒྱན་༤༡ བཀོད་ཡོད་ཅིང་། ཁོང་ཁ་ཆེའི་རྒྱལ་བོའི་མདུན་ན་འདོན་ཡིན་པར་བཤད་ཅིང་། རྒྱལ་བ་སྐྱོང་ནི་སྤྱི་ལོ་༧༧༨ ནས་༨༡༣ བར་གྱི་མི་རུ་བཤད་པ་བཞིན་ཁོང་ཡང་དེའི་དུས་སྐབས་སུ་འཁྲུངས་པར་བཤད་དོ།།

 

༥༑ ལོལླཊ། (लोल्लट Lollaṭa)

ཁོང་གིས་<<ཟློས་གར་གྱི་བསྟན་བཅོས>>ལ་འགྲེལ་བ་མཛད་ཀྱང་། དེང་སང་དེའི་དཔེ་རྒྱུན་ཆད་པར་མངོན། ཁོང་གི་སྐོར་མངོན་གསར་སྦས་པ་དང་རྒྱལ་བོའི་ཏོག་གཉིས་ཀྱིས་ཁ་འཕངས་མཛད་པ་ལས་རྟོགས་ཐུབ། རྒྱལ་བོའི་ཏོག་ལྟར་ན། ཁོང་ནི་གཞན་གྱིས་མི་ཐུབ་པའི་བུ་རུ་བཤད་ལ། གཞན་གྱིས་མི་ཐུབ་པ་ནི་རྒྱལ་བོའི་ཏོག་དང་དུས་མཉམ་པས་དེའི་སྐབས་སུ་བྱུང་བ་རྟོགས་ཐུབ།

 

༦༑ ཤཾཁུཀ  (शंखुक / Śaṁkhuka)

ཁོང་གིས་ཉམས་དང་འབྲེལ་བའི་སྐོར་ལ་མངོན་གསར་སྦས་པས་སུན་འབྱིན་བྱས་ཡོད་ཅིང་། ཁོང་ནི་ཁ་ཆེའི་ཡུལ་གྱི་རྒྱལ་བོ་ཨ་ཛི་ཏ་པཱི་ཌའི་སྐབས་སུ་བྱོན་པར་བཤད། རྒྱལ་བོ་དེའི་འཁྲུངས་འདས་ཀྱི་ལོ་ཚིགས་ནི་༨༡༤ནས་༨༥༡བར་བཞེད། ཤཾཁུཀ་ལགས་ཀྱིས་སྒོམ་པ་མངོན་པར་འབྱོར་བ་ཞེས་པའི་སྙན་ངག་ཅིག་ཀྱང་མཛད་པར་གྲགས།

 

༧༑ གྷཎྚཀ  ( घण्टक / Ghaṅṭaka)

ཁོང་གི་སྐོར་ཡང་མངོན་གསར་སྦས་པའི་སུན་འབྱིན་བྱས་པའི་སྐོར་ལས་རྙེད་ཐུབ་ཅིང་། ཁོང་ཟློས་གར་དང་འབྲེལ་བའི་གཞུང་མཛད་མཁན་ཞིག་ཡིན་པར་བཤད།

 

༨༑ དགའ་བ་འཕེལ། (आनन्दवर्धन / Ānandvardhana)

ཁོང་ནི་<<སྒྲ་ཡི་སྣང་བ>>མཛད་མཁན་དུ་གྲགས།ཁོང་ནི་ཨབནྟི་བརྨ་བྱ་བའི་རྒྱལ་བོའི་དུས་སྐབས་སུ་བཞེད་ཅིང་།  དེ་ནི་སྤྱི་ལོ་༨༥༥ ནས་༨༨༥ བར་དུ་འདོད།

 

༩༑ རྗེ་བཙུན་འདྲེན་པ། (བྷཊྚནཱཡཀ / भट्टनायक / Bhaṭṭnāyaka)

ཁོང་ཡང་མངོན་གསར་སྦས་པས་ཁ་འཕངས་མཛད་ཡོད་ཅིང་། གྷཎྚཀ་དང་འདྲ་བར་ཨབནྟི་བརྨ་བྱ་བའི་རྒྱལ་བོའི་དུས་སྐབས་ཀྱི་ཕོ་བྲང་ནང་འཁོར་གྱི་སྙན་དངགས་མཁན་དུ་བཤད། དུས་སྐབས་ནི་གོང་ལྟར་སྤྱི་ལོ་༨༥༥ ནས་༨༨༥ བར་དུ་འདོད།

 

༡༠༑ མེ་ཏོག (མུཀུལ / मुकुल / Mukula)

ཁོང་གིས་<<བརྗོད་པའི་འགྲེལ་བ་མ་མོ>>ཞེས་པའི་གཞུང་གྲགས་ཅན་ཞིག་མཛད་པར་བཤད་ཅིང་། ཁོང་ཡང་སྤྱི་ལོ་༨༥༥ ནས་༨༨༥ བར་དུ་བྱོན་པར་གསུངས།

 

༡༡༑ རྒྱལ་བོའི་ཏོག  (राजशेखर Rājaśekara)

ཁོང་གི་<<སྙན་ངག་དཔྱོད་པ>>ཞེས་པའི་གཞུང་ཀུན་ལ་གྲགས་ཤིང་། ཁོང་ནི་སུན་འབྱིན་མཁན་གྲགས་ཅན་ཞིག་ཏུ་མ་ཟད། སྙན་དངགས་མཁན་ཡང་སྙན་གྲགས་ཅན་ཞིག་ཡིན། ཁོང་གི་བརྩམས་ཆོས་ཀྱི་ལོ་དུས་ནི་སྤྱི་ལོ་༨༨༥ནས་༩༢༥བར་འདོད།

 

༡༢༑ དྲག་པོ། (रुद्रट / Rudraṭa )

ཁོང་ནི་ཁ་ཆེའི་མི་ཡིན་པ་དང་། ཁོང་གིས་མཛད་པའི་གཞུང་གྲགས་ཅན་གཉིས་པོ་ནི་<<སྙན་ངག་རྒྱན>> བྱ་བ་དང་<<སྒེག་པའི་ཐིག་ལེ>>གཉིས་ཡིན། ཁོང་ནི་བརྒྱ་ཕྲག་དགུ་བའི་སྟོད་ཀྱི་ཆར་འཁྲུངས་པར་བཞེད་ཅིང་། ཁོང་གི་སྙན་ངག་རྒྱན་ནི་འཕགས་པའི་སྡེབ་སྦྱོར་དུ་མཛད་ཡོད་ཅིང་། ལེའུ་བཅུ་དྲུག་ཡོད། ཁོང་གིས་རྒྱན་རྣམས་རང་བཞིན་པ་དང་། དཔེ་ཅན་དང་། མན་ངག་དང་། སྦྱར་བ་དང་བཅས་དབྱེ་སྒོ་བཞི་རུ་ཕྱེ་བར་མཛད། འདིའི་ཚིགས་བཅད་འགའ་བདག་གིས་བསྒྱུར་བ་སྙན་ངག་གི་རྒྱན་གྱི་ཚིགས་བཅད་འགའ་ཞེས་པར་གཟིགས།

 

༡༣༑ ནམིསཱདྷུ། (नमिसाधुNamisādhu)

ནམིསཱདྷུ་བྱ་བ་རྒྱལ་བ་བ་གོས་དཀར་ཅན་ཁོང་གིས་དྲག་པོའི་<<སྙན་ངག་རྒྱན>>ལ་འགྲེལ་བ་མཛད་ཡོད་ཅིང་། འགྲེལ་བ་དེ་སྤྱི་ལོ་༡༡༢༥ ནས་༡༡༥༦ བར་དུ་མཛད་པར་གྲགས།

 

༡༤༑ ནོར་རྒྱལ། (དྷནཾཛཡ / धनंजय / Dhanaṁjaya)

ཁོང་གིས་མཛད་པའི་<<གཟུགས་ཅན་བཅུ>>ཞེས་པ་ཧ་ཅང་གྲགས་ཆེ། ཁོང་ནི་པྲཏིཧཱརེནྡུརཱཛ་གཉིས་པའི་དུས་སྐབས་ཀྱི་མི་ཡིན་པས། ཁོང་སྤྱི་ལོ་༩༧༥ ནས་༩༩༥ བར་སྐབས་སུ་བྱོན་པར་འདོད།

 

༡༥༑ མངོན་གསར་སྦས་པ། (अभिनवगुप्त / Abhinavgupta)

ཁོང་ནི་སློབ་དཔོན་ཁྱད་དུ་འཕགས་པ་ཞིག་ཡིན་ཞིང་། ཁོང་གིས་བརྩམས་པའི་<<ཚིག་གསར>>བྱ་བ་དང་<<མིག>>བྱ་བ་ནི་རྒྱན་གྱི་བསྟན་བཅོས་རྣམས་ཀྱི་ཚད་མ་ལྟ་བུར་གྱུར་བར་བརྩི། ཁོང་ནི་སྤྱི་ལོ་༩༧༠ ནས་༡༠༥༠ བར་དུ་བྱོན་པར་བཤད།

 

༡༦༑ ཨུཏྤལ་ལྷ། (उत्पलदेव / Utpaladeva)

ཁོང་གི་མངོན་གསར་སྦས་པའི་སློབ་དཔོན་གྱི་གྲས་སུ་བཞུགས་པར་བཤད་ཅིང་། ཁོང་གི་མཛད་པའི་<<སོ་སོར་མངོན་པར་ཤེས་པའི་ཡུལ་ཅན>>བྱ་བའི་གཞུང་ཧ་ཅང་གྲགས་ཆེ། ཁོང་ནི་བརྒྱ་ཕྲག་བཅུ་བའི་ནང་དུ་འཁྲུངས།

 

༡༧༑ བྷཊྚཏོོཏ།  (भट्टतौतBhaṭṭtauta)

ཁོང་གིས་མཛད་པའི་<<སྙན་ངག་དགེ་མཚན>>བྱ་བ་སྟེ་ནི་དེང་སྐབས་རྙེད་པར་མ་གྱུར་ན་འང་། དེའི་དཔེར་བརྗོད་ནོར་བུ་ཟླ་བས་རང་གི་བསྟན་བཅོས་སུ་བཀོད་པ་དེ་ལས་ཁོང་གི་གཞུང་དེ་རྩོམ་རིག་གི་བསྟན་བཅོས་ཡིན་པ་ཤེས་ཐུབ་ཅིང་།  ཁོང་ཡང་བརྒྱ་ཕྲག་བཅུ་བའི་སྐབས་སུ་འཁྲུངས་པར་བཞེད།

 

༡༨༑ རྒྱས་བྱེད་ཟླ་བ་རྒྱལ་བོ། (བྷརཏེནྡུརཱཛ / भरतेन्दुराज / Bharatendurāja)

ཁོང་གི་གཞུང་དམིགས་བསལ་བ་ཞིག་ད་བར་མ་རྙེད་ནའང་།དགེ་དབང་གིས་མཛད་པའི་<<རིགས་པ་དཔྱད་ཅིང་བརྗོད་པ>>རུ་ཁ་འཕངས་མཛད་ཡོད་ཅིང་། ཁོང་ཕལ་ཆེར་བརྒྱ་ཕྲག་དགུ་བའི་སྐབས་སུ་བྱོན་པར་བཞེད།

 

༡༩༑ འོ་མའི་རྗེ། (क्षीरस्वमी / Kṣīrsvamī)

ཁོང་ནི་རྗེ་བཙུན་ཟླ་བ་རྒྱལ་བོའི་སློབ་མར་བཤད་ཅིང་། ཁོང་གིས་མཛད་པའི་<<མངོན་གསར་ར་གྷུའི་བུ>>ཀྱི་གཞུང་དེའི་སྐོར་དགའ་བྱེད་ཟླ་བས་གླེང་། ཁོང་ཡང་བརྒྱ་ཕྲག་དགུ་བའི་ནང་བྱོན་པར་བཞེད།

 

༢༠༑ བྷོཛ།  (भोज / Bhoja)

རྒྱལ་བོ་ཟས་བྱ་བ་བརྒྱ་ཕྲག་བཅུ་གཅིག་པའི་སྟོད་ཀྱི་ཆར་འཁྲུངས་པར་བཤད། ཁོང་གི་གཞུང་གྲགས་ཅན་གཉིས་ཏེ། <<དབྱངས་ཅན་མགུལ་རྒྱན>>བྱ་བ་དང་<<སྒེག་པ་རབ་གསལ>>ཞེས་པ་རྩོམ་རིག་གི་འཇིག་རྟེན་དུ་ཧ་ཅང་གྲགས་ཆེ་བར་མ་ཟད། <<དབྱངས་ཅན་གྱི་མགུལ་རྒྱན>>གྱི་གཞུང་ནི་བོད་ལའང་ཅུང་གྲགས་ཡོད་དེ། ཁམས་འགྲེལ་དུ་འདི་སྐད་དུ། དེ་ལྟ་བུའི་སྙན་ངག་ཇི་ལྟར་སྦྱོར་བའི་ཚུལ་སྟོན་བྱེད་ཀྱི་གཞུང་རྒྱ་གར་ན་དུ་མ་ཞིག་བྱུང་བར་སྣང་ཡང་ཕྱིས་ནས་གྲགས་ཆེ་བ་དབྱངས་ཅན་མགུལ་རྒྱན་དང་མེ་ལོང་དུ་གྲགས་པ་འདི་གཉིས་ཡིན་[5]ཞེས་མིང་ཙམ་སྨོས་ཡོད་ཅིང་། མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་བ་འདོད་འཇོ་བ་མོར་འདི་ལྟར། འདི་ནི་རབ་ཏུ་དྭངས་པ་ཞེས་བྱ་བའི་སྙན་དངགས་ཀྱི་ཡོན་ཏན་ཏེ། ཇི་སྐད་དུ། དབྱངས་ཅན་གྱི་མགུལ་རྒྱན་གྱི་སྙན་དངགས་ཀྱི་རྒྱན་ལས། གང་གི་དོན་ནི་རབ་གསལ་བ།། དེ་ནི་རབ་ཏུ་དྭངས་པར་བརྗོད།། དཔེར་ན། འདི་ཤར་གྱུར་པས་རྒྱ་གྲོལ་པདྨ་ཅན་རྣམས་རྒྱས་གྱུར་ཅིང་།། རི་དང་ནགས་ཚུལ་མནྡཱ་ར་བའི་མེ་ཏོག་གཞོན་ནུ་བཞིན།། ངུར་པ་ལྷན་ཅིག་མི་གནས་རབ་ཏུ་བཅོམ་ཞིང་གཉིས་གཉིས་གཉེན།། སྤྲེའུ་རབ་ཏུ་ཁྲོས་པས་མཁུར་ཚོས་འགྲམ་པ་ཟངས་མདོག་བཞིན།།[6] ཞེས་རབ་དྭངས་ཀྱི་ཡོན་ཏན་འགྲེལ་ཞོར་དབྱངས་ཅན་གྱི་མགུལ་རྒྱན་དུ་བཞག་པའི་མཚན་ཉིད་དང་དཔེར་བརྗོད་བཀོད་པ་བོད་འགྱུར་དུ་ཡོད་པ་སོགས་གཞུང་འདིའི་སྐོར་རྟིང་སོར་ཁོལ་དུ་ཕྱུང་སྟེ་ཅུང་རྒྱས་པར་གླེང་བར་འདོད་པས་འདིར་རེ་ཞིག་བསྐྱུང་ངོ་།།

 

༢༡༑ མི་ཕམ་སྡེ། (अजितसेन / Ajitsena)

ཁོང་གིས་<<རྒྱན་གྱི་གཙུག་རྒྱན>>བྱ་བའི་རྒྱན་གྱི་སྐོར་ལ་བྲིས་པའི་བསྟན་བཅོས་ཤིག་དང་<<སྒེག་པའི་སྙེ་མ>>བྱ་བའི་ཉམས་ཀྱི་སྐོར་བྲིས་པའི་བསྟན་བཅོས་གཉིས་ཡོད་ཅིང་གཉིས་ཀ་ཚིགས་བཅད་དུ་མཛད། ཁོང་བརྒྱ་ཕྲག་བཅུ་བའི་སྐབས་སུ་བྱོན་པར་འདོད།

 

༢༢༑ དགེ་དབང་། (ཀྵེམེནྡྲ / क्षेमेन्द्र / Kṣemendra )

<<རིགས་པ་དཔྱོད་གླེང>>ཞེས་པ་མཛད་ཅིང་། དེ་ནི་རིགས་པའི་ལུགས་འཛིན་པའི་སྲོལ་འབྱེད་ཀྱི་གཞུང་ལྟ་བུར་བཞེད། ཕལ་ཆེར་སྤྱི་ལོ་༡༠༥༠ ཙམ་ལ་བྱོན། འདིའི་སྐོར་དགེ་རབ་ཀྱི་ཟིན་བྲིས་སུ་གཟིགས་པར་ཞུ།

 

༢༣༑ མདུང་ཅན། (कुन्तक / Kuntaka)

ཁོང་གིས་མཛད་པའི་<<འཁྱོག་བརྗོད་སྲོག>>བྱ་བ་འཁྱོག་བརྗོད་གཙོ་བོར་འཛིན་པའི་རིང་ལུགས་ཀྱི་གཞུང་གཙོ་བོར་འཇོགཁོང་གིས་སྒྲ་འཁྱོག་བརྗོད་ཀྱི་རང་བཞིན་དུ་བཞེད། ཁོང་ནི་བརྒྱ་ཕྲག་བཅུ་བའི་མཇུག་དང་བཅུ་གཅིག་པའི་སྟོད་དུ་བྱོན་པར་བཞེད།

 

༢༤༑ གཟི་བྱིན་ཞབས་འབྲིང་། (महिमभट्ट / Mahimabhaṭṭa)

ཁོང་གིས་ཁོང་གི་དུས་སྐབས་ཀྱི་<<སྒྲ་ཡི་སྣང་བ>>ཞེས་པ་ལ་སུན་འབྱིན་མཛད་པའི་གཞུང་<<གསལ་བ་རྣམ་འབྱེད་>>བྱ་བའི་གཞུང་ཧ་ཅང་རྒྱས་པ་ཞིག་མཛད་ཅིང་། ཁོང་ནི་སྙན་ངག་སུན་འབྱིན་མཁན་རྣམས་ཀྱི་ཁྲོད་ན་གཟི་བྱིན་ལྷག་པར་ཆེ་བ་ཞིག་གོ། ཁོང་ནི་བརྒྱ་ཕྲག་བཅུ་གཅིག་པའི་སྟོད་དུ་བྱོན།

 

༢༥༑ མམྨཊ། (मम्मट / Mammaṭa)

ཁོང་ནི་ངག་གི་ལྷའི་སྤྲུལ་བ་ཞེས་པའི་མིང་གིས་གྲགས་ཤིང་། ཁོང་གི་གཞུང་<<སྙན་ངག་རབ་གསལ>>བྱ་བས་ཁོང་གི་མཚན་གྱི་སྙན་པ་ཕྱོགས་སུ་བསྒྲགས་སོ།། ཁོང་ཡང་བརྒྱ་ཕྲག་བཅུ་གཅིག་པར་བྱོན། ཁོང་གི་སྙན་ངག་གི་གཞུང་འདི་ཉིད་ལ་འགྲེལ་བ་མཛད་མཁན་ཧ་ཅང་མང་བོ་བྱུང་།

 

༢༦༑ ནོར་བུ་ཟླ་བ། (མཱཎིཀྱཙནྡྲ / माणिक्यचन्द्र / Māṇikyacandra)

ཁོང་ནི་<<སྙན་ངག་རབ་གསལ>>ལ་འགྲེལ་བ་ཐོག་མར་མཛད་མཁན་དུ་གྲགས་ཤིང་། ཁོང་གི་<<བརྡ>>བྱ་བའི་འགྲེལ་བ་སྤྱི་ལོ་༡༡༦༠ ལོར་མཛད་པར་གྲགས་པས་ཁོང་བྱོན་པའི་དུས་ཀྱང་དེའི་སྐབས་སུ་ཡིན་པར་གསལ།

 

༢༧༑ གསེར་གྱི་ཟླ་བ། ( हेमचन्द्र / Hemacandra)

ཁོང་གིས་མཛད་པའི་གཞུང་<<སྙན་ངག་རྗེས་སུ་བསྟན་པ>>བྱ་བ་རྒྱན་གྱི་གཞུང་གྲགས་ཅན་ཞིག་ཡིན་ཞིང་། ཁོང་གི་ལྗགས་རྩོམ་གནང་བའི་དུས་ནི་སྤྱི་ལོ་༡༠༨༨ ནས་༡༡༧༤ བར་དུ་བཞེད་ཅིང་། ཁོང་དང་དུས་མཉམ་པའི་བཀྲ་ཤིས་རྒྱལ་བས་<<སྙན་ངག་མཁན་གྱི་བསླབ་པ>>བྱ་བ་ཞིག་དང་། ཀླུའི་གོ་ཆས་<<སྙན་ངག་མིག>>བྱ་བའི་གཞུང་དག་མཛད།

 

༢༨༑ ངག་གི་དཔའ་བོ། (བཱགྦྷཊ / वाग्भट / Vāgbhaṭa )

ཁོང་གིས་<<ངག་གི་དཔའ་བོའི་རྒྱན>>ཞེས་པའི་གཞུང་སྤྱི་ལོ་༡༠༩༤ནས་༡༡༤༣བར་དུ་མཛད་པར་བཞེད།

 

༢༩༑ ལྷའི་དབང་ཕྱུག  (देवेश्वर Deveśvara)

ཁོང་གིས་<<སྙན་ངག་མཁན་གྱི་དཔག་བསམ་འཁྲི་ཤིང>>བྱ་བའི་གཞུང་ཞིག་བརྩམས་ཤིང་། དེ་ནི་ཕལ་ཆེར་སྤྱི་ལོ་༡༣༠༠ ཡས་མས་སུ་བྲིས་པར་བཤད།

 

༣༠༑ ངག་གི་དཔའ་བོ།(གཉིས་པ)  ( वाग्भट / Vāgbhaṭa )

ཁོང་གིས་<<སྙན་ངག་རྗེས་སུ་བསྟན་པ>>བྱ་བའི་གཞུང་མཛད་ཅིང་། ཁོང་ནི་བརྒྱ་ཕྲག་བཅུ་གསུམ་པའི་མཇུག་ཏུ་བྱོན་པར་བཞེད།

 

༣༡༑ རུཡྱཀ  (रुय्यक / Ruyyaka)

ཁོང་གིས་མཛད་པའི་<<རྒྱན་གྱི་བདོག་ཀུན>>བྱ་བ་གཞུང་གྲགས་ཅན་ཞིག་ཡིན་ལ། ཁོང་ནི་གྲགས་ཅན་གྱི་པཎྜིཏ་ཞིག་གོ། ཁོང་གི་གཞུང་དེར་ཆ་གཉིས་སུ་ཕྱེ་ཡོད་དེ། མདོ་དང་འགྲེལ་བའོ།། ལོ་རྒྱུས་སྨྲ་བ་རྣམས་ཀྱིས་བཞེད་པ་ལྟར་ན། རུཡྱཀ་ཁོང་གིས་མདོ་ཙམ་ཁོ་ན་མཛད་ཅིང་། འགྲེལ་བའི་ཆ་དེ་མངྑ་ཡིས་མཛད་པར་བཤད། འགྲེལ་བའི་གཞུང་འདི་ལ་<<རྩོམ་རིག་སྙིང་བོ>>བྱ་བའི་འགྲེལ་བ་གྲགས་ཅན་ཞིག་ཡོད་པར་གསུངས།།

 

༣༢༑ མ་ལ་ཡར་སྐྱེས་པཎྜིཏ། (मलयज पण्डित Malayapaṇḍita)

ཁོང་གིས་མཛད་པའི་གཞུང་ནི་གོང་དུ་བཤད་པའི་<<རྩོམ་རིག་སྙིང་བོ>>ཞེས་པའི་འགྲེལ་བ་གྲགས་ཅན་དེ་ཡིན་ལ། ཕལ་ཆེར་སྤྱི་ལོ་༡༡༦༨ ལ་བརྩམས་པར་བཤད།

 

༣༣༑ རྒྱལ་བོའི་རྒྱལ་བོ། (རཱཛརཱཛ / राजराज / Rājarāja)

ཁོང་གིས་<<རྒྱལ་བོའི་ཕྲེང་བ>>བྱ་བའི་རྒྱན་གྱི་གཞུང་བརྒྱ་ཕྲག་བཅུ་གཉིས་པར་མཛད་པར་བཤད།

 

༣༤༑ བསམ་འཛིན། (आशाधर / Āśādhara)

ཁོང་སྤྱི་ལོ་༡༢༤༠ སྐབས་སུ་བྱོན་པར་བཞེད་ཅིང་། ཁོང་ལ་བརྩམས་ཆོས་དུ་མ་ཡོད་པ་ལས་<<དྲན་པ་རེ་གསུམ་མའི་བསྟན་བཅོས>>བྱ་བ་གྲགས་ཆེ།

 

༣༥༑ ཆོས་ཀྱི་ཁོལ། (धर्मदास / Dharmadāsa)

ཁོང་ནི་ནང་བ་སངས་རྒྱས་པ་ཞིག་ཡིན་པར་གྲགས་ཤིང་། ཁོང་གི་གཞུང་<<མཁས་པའི་ཞལ་གྱི་དཀྱིལ་འཁོར>> བྱ་བ་གྲགས་ཆེ་བར་བཤད་ཅིང་། ཁོང་ནི་༡༣༠༩ ཙམ་ལ་བྱོན་པར་བཞེད།

 

༣༦༑ སྟོན་སྐྱེས་བུ། (ཤཱརདཱཏནཡ / शारदातनय / Śāradātanaya)

ཁོང་གིས་མཛད་པའི་<<དགོངས་པ་རབ་གསལ>>བྱ་བའི་གཞུང་ཧ་ཅང་གྲགས་ཆེ། ཁོང་ནི་བརྒྱ་ཕྲག་བཅུ་གཉིས་པ་དང་བཅུ་གསུམ་པའི་དཀྱིལ་ལ་བྱོན་པར་འདོད།

 

༣༧༑ མཛེས་པའི་འབྱུང་གནས། (शोभाकर / Śobhākara)

ཁོང་གིས་མཛད་པའི་<<རྒྱན་གྱི་རིན་ཆེན་འབྱུང་གནས>>ཞེས་པ་གྲགས་པའི་འབྱུང་གནས་ཀྱིས་བརྩམས་པའི་གཞུང་རྩ་བའི་འགྲེལ་བཤད་ཡིན་པར་བཞེད་ཅིང་། བརྒྱ་ཕྲག་བཅུ་གསུམ་པར་བྱོན།

 

༣༨༑ སིངྒ་ས་སྐྱོང་། (སིཾགབྷཱུཔཱལ / सिंगभूपाल / Siṁgabhūpāla)

ཁོང་ནི་བརྒྱ་ཕྲག་བཅུ་བཞི་བར་རྒྱ་གར་ལྷོ་ཕྱོགས་སུ་འཁྲུངས་ཤིང་། ཁོང་གི་གཞུང་གཉིས་རྙེད་པ་ལས་སྔ་མ་ཉམས་ཀྱི་སྐོར་ཡིན་པ་དང་། ཕྱི་མ་དེ་ཟློས་གར་གྱི་སྐོར་ཡིན་པར་བཤད།

 

༣༩༑ སྣ་ཚོགས་མགོན་པོ།  (विश्वनाथ / Viśvanātha)

ཁོང་གི་ལེགས་སྦྱར་རྩོམ་རིག་ལོ་རྒྱུས་ཁྲོད་ཧ་ཅང་གྲགས་ཆེ་བ་ཞིག་ཡིན་ཞིང་། ཁོང་གིས་མཛད་པའི་<<རྩོམ་རིག་མེ་ལོང>>ནི་དེང་སྐབས་འཕགས་ཡུལ་གྱི་གཙུག་ལག་སློབ་ཆེན་དག་གི་སྦྱོང་ཚན་ཁྲོད་དུའང་བཞུགས་ཡོད།

 

༤༠༑ སྣ་ཚོགས་མགོན་པོ།(གཉིས་པ) (विश्वनाथ / Viśvanātha)

ཁོང་ནི་དྷཱ་རཱ་སུར་ལ་བཞུགས་པའི་སྣ་ཚོགས་མགོན་པོ་གོང་མ་དེ་ལས་གཞན་པའི་སྣ་ཚོགས་མགོན་པོ་མིང་ཅན་ཞིག་ཡིན་ལ། ཁོང་གིས་མཛད་པའི་<<རྩོམ་རིག་བདུད་རྩིའི་ཆུ་གཏེར་>>བྱ་བ་རྙེད་དུ་ཡོད། ཁོང་གི་དུས་མི་ངེས་ནའང་། ཁོང་གི་གཞུང་དུ་<<སྙན་ངག་རབ་གསལ>>གྱི་འགྲེལ་མཛད་མཁན་པོ་གཏུམ་མོའི་ཁོལ་གྱི་མཚན་ཐོན་པས་ཁོང་གཏུམ་མོའི་ཁོལ་གྱི་རྗེས་ལ་བྱོན་པ་གསལ།

 

༤༡༑ ཉི་མས་སྦྱིན། (བྷཱནུདཏྟ / भानुदत्त / Bhānudatta)

ཁོང་ནི་མི་ཐི་ལི་རུ་འཁྲུངས་པར་བཤད་ཅིང་། ཁོང་གིས་མཛད་པའི་<<ཉམས་ཀྱི་སྙེ་མ>>ཧ་ཅང་གྲགས་ཆེ་བའོ།།

 

༤༢༑ རྒྱལ་བ་ལྷ།  (जयदेव / Jayadeva)

ཁོང་གི་གཞུང་<<ཟླ་བའི་སྣང་བ>>བྱ་བ་གྲགས་ཆེ། ཁོང་ནམ་བྱུང་མིན་ལ་བཞེད་པ་མི་མཐུན་ཏེ།  གལ་ཏེ་<<ཟླ་བའི་སྣང་བ>>མཛད་མཁན་རང་<<རབ་དགའ་ར་གྷུའི་བུ>>མཛད་མཁན་དུའང་འདོད་ན་ནི། ཁོང་བརྒྱ་ཕྲག་བཅུ་གཉིས་པ་དང་བཅུ་གསུམ་པའི་དུས་དཀྱིལ་ཙམ་དུ་བྱོན་པར་གསལ་ལ། གལ་ཏེ་མི་ཐི་ལི་བ་རྣམས་ཀྱི་ལུགས་གཞིར་བཞག་སྟེ། གཞུང་དེ་གཉིས་ཀྱི་མཛད་པ་པོ་སོ་སོ་བ་ཡིན་པར་གྱུར་ན་ནི། ཁོང་སྔོན་ལ་བྱོན་པར་བྱས་ན་རིགས་པ་དང་ལྡན་པར་འདོད།

 

༤༣༑ སུཁལཱལ།  (सुखलाल / Sukalāla)

བསྲེས་པོ་ཁོང་གིས་<<ཟླ་བའི་སྣང་བ>>ཡི་ཚིག་ལེའུར་བྱས་པ་དག་གཞིར་བཞག་སྟེ་<<རྒྱན་གྱི་སྙེ་མ>>བྱ་བའི་གཞུང་ཞིག་མཛད་ཅིང་། ཁོང་ནི་བརྒྱ་ཕྲག་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་དུ་བྱོན་པར་བཞེད།

 

༤༤༑ ཐག་བཟང་ས་སྐྱོང་།  (वेमभूपाल / Vembhūpāla)

ཁོང་གིས་མཛད་པའི་<<རྩོམ་རིག་ཡིད་བཞིན་ནོར་བུ>>བྱ་བའི་རྒྱན་གྱི་གཞུང་དེང་རྙེད་དུ་ཡོད་ཅིང་། ཁོང་ནི་བརྒྱ་ཕྲག་བཅོ་ལྔ་བའི་མགོ་ཙམ་དུ་བྱོན་པར་བཞེད་དེ། སྤྱི་ལོ་༡༤༢༠ ལོར་ཁོང་གྲོངས་པར་བཤད་པའི་ཕྱིར་རོ།།

 

༤༥༑ ཨནུརཐ་མཎྜལ།  (अनुरथमण्डल / Anurathamaṇdala)

ཁོང་ནི་རྒྱལ་བ་བ་ཞིག་ལགས་ཤིང་། ཁོང་གིས་མཛད་པའི་གཞུང་གཉིས་ཧ་ཅང་གྲགས་ཆེ་སྟེ། <<སྨྲ་བ་དཔག་བསམ་འཁྲི་ཤིང>>བྱ་བ་དང་<<མཛེས་པའི་སྤྲིན་གྱི་འབྱུང་གནས>>ཞེས་བྱ་བ་གཉིས་ཡོད། ཁོང་ནི་བརྒྱ་ཕྲག་བཅོ་བརྒྱད་པའི་དུས་དཀྱིལ་དུ་བྱོན་པར་བཤད།

 

༤༦༑ ཚོགས་རྒྱལ།  (पुञ्जराज / Puñjarāja)

ཁོང་ནི་རྒྱལ་བོ་ཞིག་ལགས་ཤིང་།  ཁོང་གིས་རང་གི་སྤུན་མུཉྫའི་ཆེད་དུ་རྒྱལ་སྲིད་སྤང་བའི་གཏམ་ཧ་ཅང་གྲགས་ཆེ་ལ། ཁོང་གིས་མཛད་པའི་<<སྒྲའི་སྒྲོན་མ>>བྱ་བ་དང་། <<བྱིས་པ་རྟོགས་བྱེད་ཀྱི་རྒྱན>>བྱ་བ་གཉིས་ཧ་ཅང་སྙན་གྲགས་ཆེ། ཁོང་ནི་བརྒྱ་ཕྲག་བཅོ་ལྔ་བར་བྱོན་པར་བཞེད།

 

༤༧༑ ཨཔྤཡདཱིཀྵིཏ།  (अप्पयदीक्षित / Appayadīkṣita)

ཁོང་གི་<<ཨུཏྤལ་དགའ་བ>>བྱ་བ་དང་། དེ་བཞིན་<<རིས་དཔྱོད་པ>>བྱ་བའི་རྒྱན་གྱི་གཞུང་གཉིས་ལ་གྲགས་པ་ཧ་ཅང་རྒྱས་པར་གྱུར། ཁོང་གི་འཁྲུངས་འདས་ནི་སྤྱི་ལོ་༡༥༥༤ ནས་༡༦༡༣ བར་དུ་བཤད།

 

༤༨༑ ནག་པོ་བློ་བཟང་། (ཀྲྀཥྞསུདྷཱི / कृष्णसुधी / Kṛiṣṇasudhī)

ཁོང་གི་<<སྙན་ངག་གི་སྒྱུ་རྩལ་གྱི་གཏེར>>བྱ་བ་གྲགས་ཆེ་ཞིང་། ཁོང་ནི་བརྒྱ་ཕྲག་བཅོ་བརྒྱད་པའི་མགོ་སྟོད་དུ་བྱོན་པའོ།།

 

༤༩༑ ནག་པོ་ཞི་བ།  (कृष्णशर्मा / Kṛiṣṇaśarmā)

ཁོང་གིས་<<མནྡཱ་ར་བའི་རྒྱན་སྤེལ་མ>>བྱ་བའི་རྒྱན་གྱི་གཞུང་ལེགས་པོ་ཞིག་ཡིན་ལ། ཁོང་གིས་སྤེལ་མ་ཞེས་བརྗོད་ཀྱང་དེ་ནི་རྒྱན་དང་ཉམས་ཀྱི་མཛོད་ལྟ་བུར་གྱུར་ཡོད་ཅིང་།། ཁོང་ནི་བརྒྱ་ཕྲག་བཅུ་བདུན་པར་བྱོན་པར་བཤད།

 

༥༠༑ འོད་ཟེར་འབྱུང་གནས།  (प्रभाकर / Prabhākara)

ཁོང་གིས་<<ཉམས་ཀྱི་སྒྲོན་མ>>བྱ་བ་སྤྱི་ལོ་༡༥༨༣ ལོར་མཛད་ཅིང་། དེ་ལ་ལེའུ་གསུམ་ཡོད་ལ། དེར་རིམ་པ་བཞིན་སྙན་ངག་དང་། ཉམས། སྒྲ་ཡི་སྐོར་བཀོད་ཡོད་དོ།།

 

༥༡༑ སྟོབས་ཀྱི་ལྷ། (बलदेव / Baladeva)

ཁོང་ནི་རིག་པའི་རྒྱན་རྟོགས་ལྡན་ཁྱབ་བདག་ཆེན་པོའི་རྗེས་མཇུག་པ་ལགས་ཤིང་། ཁོང་གིས་མཛད་པའི་གཞུང་<<རྩོམ་རིག་ཟླ་བའི་འོད་ཟེར>>བྱ་བ་དང་<<སྙན་ངག་ནོར་བུ>>བྱ་བ་གཉིས་གྲགས་ཆེ། ཁོང་ནི་རྒྱལ་བ་སེང་གེའི་དུས་ཏེ་བརྒྱ་ཕྲག་བཅོ་བརྒྱད་པར་བྱོན།

 

༥༢༑ སྣ་ཚོགས་དབང་ཕྱུག  (विश्वेश्वर / Viśveśvara)

ཁོང་རི་བོའི་ལྗོངས་ཨལྨོ་ཌའི་ཡུལ་དུ་བྱོན་ཞིང་། ཁོང་ནི་སྐྱེས་སྟོབས་ཀྱི་དཔལ་འབར་བ་ཞིག་སྟེ། དགུང་ལོ་སུམ་ཅུ་སོ་ལྔ་ཙམ་ལ་གྲོངས་ནའང་། ཁོང་གིས་བརྩམས་པའི་གཞུང་དུ་མ་ཡོད་པ་ནི། <<རྒྱན་གྱི་ནོར་བུ>> དང་། <<རྒྱན་གྱི་རྒྱན>>བྱ་བ། <<འཕགས་པ་བདུན་བརྒྱ་བ་>>དང་<<རྒྱན་གྱི་སྒྲོན་མ>>དང་། <<རྒྱན་གྱི་མུ་ཏིག་ཕྲེང་བ>>སོགས་ཧ་ཅང་སྐད་གྲགས་ཆེ། ཁོང་གི་མི་རབས་བཅུ་བའི་ཚ་རྒྱུད་རྣམས་ད་ལྟའང་འཚོ་གཞེས་གནང་གི་ཡོད་པར་བཤད་པས་ཁོང་ནམ་བྱོན་མིན་ཚོད་དཔག་ཐུབ་པ་ཞིག་གོ།

 

༥༣༑ རྒྱལ་བོའི་ཏོག  (राजशेखर / Rājaśekhara)

ཁོང་ནི་བརྒྱ་ཕྲག་བཅུ་དགུ་བར་རྒྱ་གར་ལྷོ་ཕྱོགས་སྐུ་འཁྲུངས་ཤིང་། མཁས་པ་ཁོང་གིས་ཡལ་འདབ་གྱ་གཅིག་ཏུ་ཕྱེ་སྟེ་<<རྩོམ་རིག་དཔག་བསམ་ལྗོན་པ>>བྱ་བའི་རྒྱན་གྱི་གཞུང་ཞིག་མཛད་པར་གསུངས།

 

༥༤༑ རིན་ཆེན་རྒྱན། (रत्नभूषण / Ratnabhūṣaṇa)

རིན་ཆེན་རྒྱན་མིང་ཅན་གྱི་ཟ་ཧོར་གྱི་མཁས་པ་ཁོང་གིས་སྤྱི་ལོ་༡༨༥༩ ལོར་<<སྙན་ངག་ཟླ་བའི་འོད་ཟེར>>བྱ་བ་ཞིག་མཛད་ཅིང་། གཞུང་དེའི་མཇུག་གི་ལེའུར་རྒྱན་གྱི་དབྱེ་བ་ཞིབ་མོར་མཛད་པར་སྣང་།།

 

༥༥༑ སློབ་དཔོན་དཔལ་མི་ཡི་སེང་གེ  (श्रीशैल नरसिंहाचार्य / Śriśaila Narasiṁhāchārya)

ཁོང་གིས་<<རྒྱན་གྱི་ཟླ་བའི་ཏོག>>བྱ་བ་དང་<<མཚན་ཉིད་མཱ་ལི་ཀཱ>>བྱ་བའི་གཞུང་ལ་འགྲེལ་བ་མཛད་ཅིང་། རྒྱན་ལ་དཔྱད་པས་མཛད་རྗེས་ཆེ། ཁོང་ནི་ཕལ་ཆེ་བས་བརྒྱ་ཕྲག་བཅུ་བདུན་པར་བྱོན་པར་བརྩི།

 

༥༦༑ དགའ་བྱེད་ཚངས་ཤིང་།  (रामसुब्रह्मण्यम् / Rāmasubrahmaṇyaṁ)

ཁོང་གིས་<<རྒྱན་གྱི་འཇོ་སྒེག་བསྟན་བཅོས་>>བྱ་བའི་གཞུང་མཛད་ཅིང་། སྤྱི་ལོ་༡༩༢༢ ལོར་གྲོངས་པར་གྲགས།

༥༧༑ མུདུམྦཨི  སློབ་དཔོན་མི་ཡི་སེང་གེ (मुदुम्बई नरसिंहाचार्य / Mudumbai Narasiṁhāchārya)

ཁོང་ནི་རྣམ་རྒྱལ་གྲོང་ཁྱེར་གྱི་རྒྱལ་བོ་ཆེན་པོའི་ཚོགས་ཀྱི་པཎྜིཏ་ལགས་ཤིང་། ཁོང་གིས་མཛད་པའི་གཞུང་ནི་<<སྙན་ངག་མདོ་འགྲེལ>><<སྙན་ངག་ཉེ་བར་འཇལ་བ>>བྱ་བ།  <<སྙན་ངག་སྦྱོར་བའི་ཆོ་ག>>དང་<<རྒྱན་གྱི་ཕྲེང་བ>>ལ་སོགས་པ་མཆིས་ཤིང་། ཁོང་ནི་བརྒྱ་ཕྲག་བཅུ་དགུ་བར་བྱོན།

 

༥༨༑ རིག་པའི་མགོན་པོ།  (विद्यानाथ / Vidyānātha)

ཁོང་གིས་མཛད་པའི་གཞུང་<<གཟི་བྱིན་དྲག་པོའི་རྒྱན>>བྱ་བ་ཧ་ཅང་སྙན་གྲགས་ཅན་གྱི་གཞུང་ཞིག་ལགས་ཤིང་། ཁོང་ནི་སྤྱི་ལོ་༡༢༦༨ ནས་༡༣༢༨ བར་དུ་བྱོན་པར་བརྩི།

 

༥༩༑ རིན་འཛིན།  (विद्याधर / Vidyādhara)

ཁོང་གིས་<<ཕྲེང་བ་གཅིག་པོ>>བྱ་བའི་གཞུང་ཞིག་མཛད་ཅིང་། ཁོང་ནི་བརྒྱ་ཕྲག་བཅུ་གསུམ་པའི་སྟོད་ཀྱི་ཆར་བྱོན་པར་བཞེད།

 

༦༠༑ ཆོས་ཀྱི་བློ་བཟང་།  (धर्मसुधी / Dharmasudhī)

ཁོང་ནི་ཏྲི་ལིངྒར་འཁྲུངས་ཤིང་། ཁོང་གིས་<<རྩོམ་རིག་རིན་ཆེན་འབྱུང་གནས>>བྱ་བའི་གཞུང་མཛད། ཁོང་ནི་བརྒྱ་ཕྲག་བཅོ་བརྒྱད་པའི་སྟོད་ཀྱི་ཆར་བྱོན་པར་བཤད།

 

༦༡༑ སློབ་དཔོན་གཡོ་འཁྲུགས།  (शठकोपाचार्य / Śaṭhakopāchārya)

སློབ་དཔོན་གཡོ་འཁྲུགས་བྱ་བའི་ཁྱབ་འཇུག་པའི་གྲུབ་ཐོབ་མིང་ཅན་འདིས་<<གཡོ་འཁྲུགས་ཀྱི་རྒྱན་གྱི་ཡོངས་འདྲིས>>ཅེས་པའི་རྒྱན་གྱི་གཞུང་ཞིག་མཛད་པ་རྙེད་དུ་ཡོད་ནའང་། དེའི་མཛད་མཁན་དངོས་གནས་པ་སུ་ཡིན་པ་ད་དུང་གསང་བའི་གནས་སུ་གྱུར་བར་བཤད།

 

༦༢༑ བློ་བཟང་དབང་འབྱོར། (སུདྷཱིནྡྲཡོགཱི / सुधीन्द्रयोगी / Sudhīndrayogī)

ཁོང་གིས་<<སྙན་ངག་རྣམ་པར་རྒྱས་པ>>བྱ་བའི་གཞུང་ཞིག་མཛད་པར་རབ་ཏུ་གྲགས་ལ། ཁོང་བརྒྱ་ཕྲག་བཅུ་བདུན་པར་བྱོན་པར་བཤད།

 

༦༣༑ བཱིརནཱརཱཡཎ།  (वीरनारायण / Vīranārāyaṇa)

ཁོང་གིས་བརྒྱ་ཕྲག་བཅོ་ལྔ་བར་<<རྩོམ་རིག་གཙུག་གི་རྒྱན>>བྱ་བ་ཞིག་མཛད་པར་གྲགས།

 

༦༤༑ ནག་པོ་དཔལ། (श्रीकृष्ण / Śrīkṛiṣna)

ཁོང་གིས་<<རྒྱན་གྱི་ནོར་བུ་འཕྲོག་བྱེད>>བྱ་བའི་གཞུང་ཞིག་མཛད་པར་བཤད་ཅིང་། ཁོང་ནི་བརྒྱ་ཕྲག་བཅུ་དགུ་བར་བྱོན་པར་འདོད།

 

༦༥༑ རྣ་རྒྱན། (ཀརྞཔཱུར / कर्णपूर / Karṇapūra)

གླང་རྗེ་རྣ་རྒྱན་གྱིས་<<རྒྱན་གྱི་ནོར་བུ>>བྱ་བའི་གཞུང་མཛད་ཅིང་། ཁོང་ནི་བརྒྱ་ཕྲག་བཅུ་དྲུག་པའི་སྨད་ཀྱི་ཆར་བྱོན་པར་བཞེད།

 

༦༦༑ གཟུགས་བཟང་གླང་བོའི་རྗེ། (रूपगोस्वामी / Rūpagosvāmī)

ཁོང་གིས་<<ནོར་བུ་སྔོན་པོ་འབར་བ>>བྱ་བའི་ཉམས་ཀྱི་སྐོར་བརྗོད་པའི་གཞུང་ཞིག་མཛད་ཅིང་། དེ་ནི་བརྒྱ་ཕྲག་བཅོ་ལྔ་བར་མཛད་པར་བཞེད།

 

༦༧༑ སློབ་དཔོན་སྐྲ་བཟང་། (आचार्य केशव / Āchārya Keśava)

ཁོང་གིས་ནང་བའི་སློབ་དཔོན་ཟས་གཙང་མ་ཞེས་བྱ་བའི་མིང་གིས་རབ་ཏུ་གྲགས་ཤིང་། མིང་དེ་སྤྱད་དེ་ཁོང་གིས་རྒྱན་གྱི་སྐོར་ལ་ཚིག་ལེའུར་བྱས་པ་མཛད་པ་དེ་གཞིར་བཞག་སྟེ་སྐྲ་བཟང་བསྲེས་པོས་<<རྒྱན་གྱི་ཏོག>>བྱ་བའི་འགྲེལ་བའི་གཞུང་ཞིག་བརྩམས། སྐྲ་བཟང་བསྲེས་པོའི་དུས་ནི་བརྒྱ་ཕྲག་བཅུ་དྲུག་པ་ཡིན་ཞིང་། ཁོང་གིས་འགྲེལ་བ་མཛད་པའི་ཚིག་ལེའུར་བྱས་པ་དག་བརྒྱ་ཕྲག་བཅུ་གཉིས་པར་བརྩམས་པར་བཞེད།

 

༦༨༑   རྒྱལ་བོ་མཁས་པ།  (पण्डितराज / Paṇḍitarāja)

རྒྱལ་བོ་མཁས་པ་འགྲོ་བའི་མགོན་པོ་ནི་རང་གིས་མཛད་པའི་<<ཉམས་ཀྱི་གངྒཱའི་རྒྱུན>>ཞེས་པར་བརྟེན་ནས་སྙན་པའི་གྲགས་པ་ཕྱོགས་སུ་ཁྱབ། ཁོང་ནི་བརྒྱ་ཕྲག་བཅུ་དགུ་བའི་སྟོད་ཀྱི་ཆར་བྱོན་པར་བཞེད།

 

༦༩༑ མུརཱརིདཱན་དང་ཚངས་ཤིང་ལེགས་པ།( मुरारिदान  सुब्रह्मण्यम्Murāridān and Subrahmaṇyaṁ)

མེ་བཱ་ཌའི་མི་དབང་གྲགས་ཅན་སེང་གེའི་མཚན་སྙན་ལ་འཆི་བ་མེད་པའི་གོ་འཕང་ཐོབ་ཏུ་འཇུག་ཕྱིར་སྙན་དངགས་མཁན་གྱི་རྒྱལ་བོ་མུརཱརིདཱན་དང་དེ་བཞིན་ཚངས་ཤིང་ལེགས་པ་ཤཱསྟྲཱི་གཉིས་ཀྱིས་<<གྲགས་ཅན་གྲགས་པའི་རྒྱན>>བྱ་བའི་གཞུང་མཛད་ཅིང་། དེ་ནི་བརྒྱ་ཕྲག་བཅུ་དགུ་བའི་སྨད་ཀྱི་ཆར་བརྩམས་པར་བཞེད།

ཤིས་པར་གྱུར་ཅིག

 

 


ཞབས་མཆན།



[1] དགའ་བྱེད་ཟླ་བ་བསྲེས་པོ་དང་མཁན་པོ་སྟོབས་ཀྱི་ལྷ་གཉིས་ཀྱི་གཞུང་།

[2] संस्कृत साहित्य का इतिहासआर्चार्य वलदेव उपाध्यायशारदा निकेतनपुनर्मुद्रण २००१

ལེགས་སྦྱར་གྱི་རྩོམ་རིག་ལོ་རྒྱུས། མཁན་པོ་སྟོབས་ཀྱི་ལྷས་མཛད་པ། ༢༠༠༡ལོའི་དཔར་མ།  (ལེགས་སྦྱར་དང་ཧིནྡཱི)

[3] आचार्य बलदेव उपाध्याय. संस्कृत साहित्य का इतिहास. वाराणसी: शारदा निकेतन. २००१, पृ. ६०२.

[4] སློབ་དཔོན་ནག་མོ་ཁོལ་གྱི་ཟློས་གར་གྱི་བསྟན་བཅོས་ཤིག

[5] ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ། དབྱངས་ཅན་ངག་གི་རོལ་མཚོ། ཁམས་པ་སྒར་དཔར་མ། ཤ༡༦།

[6] བསྟན་འགྱུར།  སྒྲ་མདོ། སེ། འདོད་འཇོ་བ་མོ། ཤ༦༩༡།