-->
Showing posts with label རྩོམ་རིག. Show all posts
Showing posts with label རྩོམ་རིག. Show all posts

Feb 2, 2024

སྤྲིན་གྱི་ཕོ་ཉའི་ལོ་ཙཱ་བའི་སྔོན་གླེང་ཐུང་བ་བཞུགས།

                                     

     སྙན་ངག་སྤྲིན་གྱི་ཕོ་ཉ།  ལོ་ཙཱ་བ། ཌོ་ རྡོ་རྗེ་སྐྱབས།           

The Cloud Messenger.  Trans. Dr. Dorjee Kyab   

                 

                                                

ལོ་ཙཱ་བའི་སྔོན་གླེང་།

 

༄༅། །ལར་སྤྲིན་གྱི་ཕོ་ཉ་ནི་རང་ཅག་བོད་ཁ་བ་ཅན་པར་སྔར་ནས་འགྱུར་ཞིང་གྲགས་ལ། བོད་ལ་མ་འགྱུར་གོང་ནས་ཀྱང་ས་པཎ་མཆོག་གིས་གཞུང་དེ་སོགས་ལ་གསན་བསམ་མཛད་པ་རྣམ་ཐར་ཁག་དང་ཞུས་ལན་ཁག་ལས་ཀྱང་རྟོགས་ནུས། ཤེལ་དཀར་ཆོས་སྡེའི་མཁན་ཐོག་གསུམ་པ་ལོ་ཆེན་གྲགས་པ་རྒྱལ་མཚན་(༡༣༥༢-༡༤༠༥)མཆོག་གིས་ལྕགས་མོ་བྱའི་ལོ་སྤྱི་ལོ་༡༣༨༡ལོ་སྟེ། དགུང་ལོ་༣༠ལ་ཕེབས་སྐབས་མཛད་པའི་ལོ་ཆེན་བྱང་རྩེའི་(༡༣༡༥-༡༣༧༩)རྣམ་ཐར་སྣང་བ་སྤེལ་བ་ཞེས་བྱ་བ་དེ་ཉིད་ལྟར་ན།  སྙན་ངག་སྤྲིན་གྱི་ཕོ་ཉ་དེ་ཉིད་དཔོན་ཆེན་ནམ་མཁའ་བརྟན་པའི་བཀའ་ལུང་བཞིན། རྒྱ་གར་གྱི་ཁ་ཆེའི་པཎྜི་ཏ་སུ་མ་ན་ཤྲཱི་དང་ལྷན་དུ་བསྒྱུར་བའི་དུས་ནི་སྤྱི་ལོ་༡༣༥༦ཡིན་པར་ངེས་ཏེ། དེ་ལྟར་བརྩིས་ན་གུས་པས་སྤྱི་ལོ་༢༠༡༧ལོར་བསྒྱུར་བའི་སྙན་ངག་སྤྲིན་གྱི་ཕོ་ཉ་འདི་དང་མི་ལོ་༦༦༡ཙམ་གྱིས་ཆོད་ཡོད་ཅིང་།  སྙན་ངག་དེ་འགྱུར་བ་ནས་བཟུང་མི་ལོ་དྲུག་བརྒྱ་ཙམ་གྱི་བར་དུ་སྙན་ངག་འདི་ལ་དགོས་ངེས་ཀྱི་འགྱུར་བཅོས་དང་ཞིབ་འཇུག་སོགས་བྱུང་མེད་པ་ནི། མི་རབས་གསར་བ་རྣམས་ལ་ལོ་རྒྱུས་ཀྱིས་བཀལ་བའི་འགན་དུ་འཁུམས་སོ། ། སྤྱི་ལོ་༡༨༡༣ལོར་བིལ་སོན་མཆོག་གིས་དབྱིན་སྐད་དུ་བསྒྱུར་ཞིང་དེབ་ཏུ་བསྒྲིགས་པ་ནི་དེང་རབས་ཀྱི་དེབ་གཟུགས་སུ་ཕབ་པ་ཐོག་མ་དང་ཡུ་རོབ་པའི་སྐད་ཀྱི་འགྱུར་ཐོག་མར་ཡང་བརྩི་བ་དེ་ཡང་བོད་འགྱུར་ལས་མི་ལོ་༤༥༧ཙམ་གྱིས་འཕྱིས་པ་ཡིན་ལ། བིལ་སོན་གྱི་འགྱུར་ལ་བརྟེན་ནས་རིམ་གྱིས་ཡུ་རོབ་པའི་སྐད་རིགས་གཞན་ཁག་ཏུའང་འགྱུར་ཡོད། 

སྙན་ངག་འདི་ལ་བྱང་བ་རིགས་ལྡན་རྣམ་རྒྱལ་གྲགས་པས་བསྐུལ་ནས། ལོ་ཆེན་གྲགས་རྒྱན་གྱི་དབོན་པོ་བོ་དོང་པཎ་ཆེན་(༡༣༧༦-༡༤༥༡)གྱིས་མཆན་བུ་ཤིན་ཏུ་གསལ་བ་ཞིག་མཛད་ཡོད་ཚུལ་ཨ་ཁུ་ཆིང་ཤེས་རབ་རྒྱ་མཚོའི་(༡༨༠༣-༡༨༧༥)དཔེ་དཀོན་ཐོ་ཡིག་ཏུ་གསལ་བ་བཞིན་དུ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་དུ་ཡང་ཐོ་མཇལ་དུ་ཡོད་ཀྱང་། གཞུང་དེ་ད་སྔ་རྙེད་མེད་པས། ཨ་ལགས་དོར་ཞི་མཆོག་གིས་སྤྱི་ལོ་༡༩༨༧ལོར་མཛད་པའི་སྤྲིན་གྱི་ཕོ་ཉའི་འགྲེལ་བ་ཀུན་དའི་ཟླ་ཟེར་བྱ་བ་དེ་ནི་ད་སྔ་མཇལ་དུ་ཡོད་པའི་སྙན་ངག་འདིའི་བོད་འགྲེལ་ཐོག་མར་བརྩི་ཆོག་ལ། དེར་མཐུད་དེ་ཁག་ཅིག་གིས་ཀྱང་འགྲེལ་བ་བྲིས་པ་མཐོང་དུ་ཡོད་ཀྱང་། དེ་དག་ཕལ་མོ་ཆེ་ཐད་སྒྱུར་ཤུགས་ཆེ་དྲགས་པའི་བོད་འགྱུར་དེ་ཉིད་ཀྱི་ཚིག་རིས་ལ་བསྟུན་ཅི་ཐུབ་དང་། གཞུང་ཚིག་བོད་སྐད་ཁོ་ནའི་སྟེང་ནས་བཙལ་བའི་གོ་བ་ལ་བརྟེན་པ་དེ་ལྟ་བུ་ནི་རྒྱ་གཞུང་གི་གོ་བ་ལེགས་པར་ལོན་པའི་ཐབས་མ་ཡིན་པར་སོང་། གུས་པས་༢༠༡༩ལོར་ཏཱ་ལའི་བླ་མ་མཐོ་སློབ་ཏུ་བདུན་ཕྲག་གཉིས་རིང་མཚམས་སྦྱོར་ལྔ་བ་དང་སྙན་ངག་འདིའི་དཔེ་ཁྲིད་བྱེད་ཞོར་རྒྱ་འགྲེལ་ཁུངས་འཕེར་དུ་མར་གཏུགས་ཏེ་བྲིས་པའི་སྙན་ངག་སྤྲིན་གྱི་ཕོ་ཉའི་འགྲེལ་བ་བྱཱ་ཁྱཱ་ཞེས་པ་ཞིག་ཀྱང་གྲུབ་ཡོད་པས། དེ་ཡང་མི་འགྱངས་པར་ཀློག་མཁན་དག་གི་སྤྱན་སྔར་གདོན་རེ་ཆེའོ། ། 

འདིར་མིང་ཚིག་གི་སྤྲོས་པ་མང་དུ་མི་བྱེད་པར་རགས་པ་ཆེ་ལོང་ཙམ་ལ་མོས་པ་དག་གི་སླད་དུ་སྤྲིན་གྱི་ཕོ་ཉའི་བསྡུས་དོན་རགས་ཙམ་སྨྲ་ན། དེ་ཡང་སྙན་ངག་འདིར་གནོད་སྦྱིན་ཞིག་བག་མེད་པའི་དབང་དུ་གྱུར་ནས་རང་གི་བྱ་བ་དུས་ལྟར་མ་བསྒྲུབས་པས། ནོར་གྱི་བདག་པོ་གདོང་ངན་རབ་ཏུ་ཁྲོས་ཏེ། ཁོའི་དགའ་མ་དང་ཕྲལ་ཞིང་། དགའ་བྱེད་ཀྱི་རི་བོར་བསྐྲད་པར་བྱས་སོ། ། གནོད་སྦྱིན་དེ་ཉིད་དགའ་བྱེད་ཀྱི་རི་བོའི་བསྟི་གནས་དག་ཏུ་གནས་ནས་ཟླ་བ་བརྒྱད་ཙམ་ཕྱིན་ཞིང་། ནམ་ཞིག་ཆུ་སྟོད་ཟླ་བ་རྫོགས་ནས་ཆར་དུས་ཐོན་པ་དང་བདག་གི་དགའ་མ་དྲན་པས་གདུངས་ཤིང་འདོད་པས་ལྷག་པར་གཙེས་པར་གྱུར་བ་ན། རི་ལ་འཁྱུད་པའི་སྤྲིན་གྱི་གླང་བོ་རོལ་རྩེད་བྱེད་པ་ལྟ་བུ་དག་མཐོང་སྟེ། བྱང་ཕྱོགས་ལྕང་ལོ་ཅན་ན་བཞུགས་པའི་རང་གི་དགའ་མར་རང་གི་ལོ་རྒྱུས་འཕྲིན་དུ་བྱའོ་སྙམ་ནས་དེ་ལ་སེམས་ལྡན་སེམས་མེད་ཀྱི་རྣམ་དཔྱད་ཅི་ཡང་མེད་པར་སྙིང་གི་གཏམ་ལྷུག་པར་བརྗོད་པ་ལགས་ཤིང་། བོད་རང་གི་འགྱུར་ལྟར་གཞུང་འདིར་ཤོ་ལོ་ཀ་བརྒྱ་དང་བཅུ་བདུན་ཡོད་པའི་དབང་དུ་བྱས་ན། མགོ་ནས་དྲུག་ཅུ་རེ་ལྔ་བར་དུ་སྤྲིན་སྔ་མ་དང་། རེ་ལྔ་ནས་མཐའ་མ་བརྒྱ་དང་བཅུ་བདུན་བར་དུ་སྤྲིན་ཕྱི་མ་ཞེས་སྙན་ངག་འདི་ཚན་པ་གཉིས་སུ་ཕྱེ་བར་མཛད་པ་ཕྱི་རབས་འགྲེལ་མཛད་ཕྲེང་བའི་མགོན་པོ་(मल्लिनाथ)སོགས་ཀྱི་ལུགས་ཏེ། ཚན་པ་སྔ་ཕྱི་གཉིས་ལ་ཕྲེང་བའི་མགོན་པོས་སྤྲིན་སྔ་མ་དང་སྤྲིན་ཕྱི་མ་ཞེས་པའི་ཐ་སྙད་བཀོལ་ཡོད་ཅིང་། གཡས་འཁྱིལ་མགོན་པོས་(दक्षिणावर्त्तनाथ)སྙན་ངག་འདིའི་མཚན་ལའང་སྤྲིན་གྱི་འཕྲིན་པ་ཞེས་བཏགས་ཡོད་པ་བཞིན་སྟོད་སྨད་གཉིས་ལ་རིམ་པ་བཞིན་འཕྲིན་སྔ་མ་དང་འཕྲིན་ཕྱི་མ་ཞེས་དང་། ཡང་གང་བ་དབྱངས་ཅན་(पूर्णसरस्वती)གྱིས་ཨཱ་ཤྭཱ་ས་སྟེ་དབུགས་དབྱུང་ངམ་ལེའུ་དང་བོ། ཨཱ་ཤྭཱ་ས་གཉིས་པ་ཞེས་གཞུང་སྔ་ཕྱི་གཉིས་སུ་ཕྱེ་བའི་བརྡ་ཁྱད་ཅུང་ཟད་མི་མཐུན་ཡང་། སྔ་མ་ལམ་གྱི་བཀོད་པ་སྤྲིན་ལ་བརྗོད་པ་གཙོ་བོར་བྱས་པ་དང་། ཕྱི་མ་ཡུལ་ལྕང་ལོ་ཅན་མའི་སྣོད་བཅུད་ཀྱི་བཀོད་པ་ལྷུག་པོར་བརྗོད་དེ། འཕྲིན་དུ་བྱ་བ་དངོས་བརྗོད་ཡོད་ཚུལ་གྱི་བཞེད་པ་མཐུན་ནོ། ། གཞན་ཡང་། མིའི་སེང་གེས་(नरहरि)སྙན་ངག་འདི་ལ་ལྔ་བཅུ་བ་སྔ་མ་དང་ལྔ་བཅུ་བ་ཕྱི་མ། མཆོག་གི་མ་ཚོགས་པའི་བསྔགས་པ་ཤོ་ལོ་ཀ་བཅུ་བདུན་པ་ཞེས་ལྔ་བཅུ་ཚན་པ་གཉིས་དང་ཤོ་ལོ་ཀ་བཅུ་བདུན་ཅན་གཅིག་བཅས་ཚན་པ་གསུམ་དུ་ཕྱེ་སྟེ་བཤད་པའི་ལུགས་ཀྱང་ཡོད་དོ། །

སྙན་ངག་མཁན་ནག་མོ་ཁོལ་མཆོག་ནི་མཛེས་པའི་དཔེ་སྟོན་པ་ལ་མཆོག་ཏུ་གྱུར་བ་ཞེས་སྔོན་གྱི་མཁས་པ་དག་གིས་བསྔགས་ཤིང་། སྒྱུ་རྩལ་གྱི་གཏིང་ལོན་ཞིང་རོའི་མཆོག་ཏུ་གྱུར་བའི་ཀུན་རྟོག་གི་མཛེས་པ། བྱེད་པོའི་སྤོབས་པས་སྤྲུལ་བའི་རྣམ་པར་འཕྲུལ་བ། ངག་གི་རང་བཞིན་དུ་གྱུར་བའི་དཔལ་དང་ལྡན་པ། བཟོ་དང་བཟོ་བ་མཐའ་དག་གི་མངའ་ཐང་ཞབས་ཀྱིས་ནོན་པས་ཁྱད་པར་དུ་བྱས་པའི་ཁོང་གི་རྩོམ་པའི་ཡོན་ཏན་ནི་རི་ར་བ་ཁང་ཁྱིམ། ཆུ་ཀློང་ཆེན་འཇུག་ངོགས་སོགས་ཕྱིའི་ཁོར་ཡུག་གི་རྣམ་པ་སྟེ་རང་བྱུང་གི་མཛེས་པ་ལྷུར་ལེན་པ་ལ་མཆོག་ཏུ་གྱུར་བ་དང་གཅིག །ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་སོགས་རྣམ་འགྱུར་ཅི་རིགས་པ་དག་ཉམས་ཅི་རིགས་པ་དང་དཔེ་ཅི་རིགས་པས་སྤྲོ་བར་སྤོབས་པས་མཆོག་ཏུ་དགེ་བ་དང་གཉིས་ནི་ཁོང་གི་གཞན་གྱི་དྲིང་མི་འཇོག་པའི་ཡོན་ཏན་དུ་འཁུམས་ལ། དེ་ཡང་ཡོན་ཏན་དེ་གཉིས་སོ་སོ་ཐ་དད་ནས་མ་ཡིན་པར། སྐྱ་འཐབ་ཅིང་ཟུང་དུ་འཇུག་པའི་སྒྱུ་འཕྲུལ་གྱི་གར་ལ་མཁས་པས། ལྐུགས་པར་ངག་འབྱིན་པར་བྱེད་པ་དང་། འོན་པར་སྒྲ་ཐོས་པར་བྱེད་པ། ལོང་བར་འོད་སྣང་སྦྱིན་པར་བྱེད་པ་དང་། བྲལ་བས་གདུངས་པ་དག་ལ་འདུས་པ་འདོད་པའི་ལོངས་སྤྱོད་དངོས་སུ་མྱོང་བར་བྱེད་པ་ལྟ་བུའི་ཚོར་སྣང་འཁྲུལ་བྲལ་དུ་སྟེར་བའི་ཁྱད་ཆོས་མངའ་བས་ན། ད་ལྟ་ལ་ཐུག་གི་བར་གྱི་ངག་གི་རང་བཞིན་གྱི་བཟོ་བོ་ཡོངས་ཀྱི་བླ་ན་མེད་པ། གོང་མའི་ཡང་གོང་མ། སྙན་ངག་མཁན་གྱི་རིགས་ཀྱི་བླ་མའོ་ཞེས་འཛམ་གླིང་ཤར་ནུབ་ཀུན་ལ་མི་ལོ་བརྒྱ་ཕྲག་མང་བོར་མཚན་སྙན་གྱི་དབྱར་རྔ་ཟམ་མ་ཆད་པར་མཆེད་པའི་བྱུང་བ་བསུབ་ཏུ་མེད་པ་འདི་བྱུང་བར་མངོན་ནོ།།

སྙན་ངག་སྤྲིན་གྱི་ཕོ་ཉ་འདི་སྒེག་པའི་ཉམས་གཙོ་བོར་འདོན་པའི་གཞུང་ཞིག་ཡིན་ལ། དེ་ཡང་སྙན་ངག་གི་མཚན་ཉིད་སྟོན་པའི་གཞུང་དག་ཏུ་སྒེག་པའི་ཉམས་ལ་འདུ་བའི་སྒེག་པ་དང་། བྲལ་བའམ་མིང་གི་རྣམ་གྲངས་སུ་བསླུ་བའམ་ཡང་ན་མ་ཚོགས་པ་ཞེས་ཀྱང་བྱ་བའི་སྒེག་པ་ཞེས་དབྱེ་བ་གཉིས་སུ་ཕྱེ་བ་ལས་ཕྱི་མ་གཙོ་བོར་སྟོན་པའི་སྙན་ངག་ཅིག་གོ ། ཕྱི་མ་མ་ཚོགས་པ་ལའང་སྔོན་གྱི་ཆགས་པ་དང་། ང་རྒྱལ་དང་། བྱེས་སུ་བགྲོད་པ་(ཡུལ་གཞན་དུ་བགྲོད་པ་)དང་། སྙིང་རྗེ་བཅས་བཞི་རུ་ཕྱེ་བ་ལས། བྱེས་སུ་བགྲོད་པའང་ལས་ལས་བྱུང་བ་དང་། དམོད་པ་ལས་བྱུང་བ་དང་། རྨོངས་པ་ལས་བྱུང་བ་གསུམ་ལས་འདིར་བར་མ་དམོད་པ་ལས་བྱུང་བ་ཡིན་པ་ཤིན་ཏུ་གསལ་བ་ལྟར་རོ། །སྤྲིན་གྱི་ཕོ་ཉ་ལས་གནོད་སྦྱིན་ཕོ་དང་གནོད་སྦྱིན་མོ་ཕན་ཚུན་དམིགས་པའི་རྣམ་འགྱུར་ཡིན་ལ། སྤྲིན་ལ་སོགས་པ་མཐོང་བ་ནི་གསལ་བྱེད་ཀྱི་རྣམ་འགྱུར་དང་། དཔྱོད་པ་མེད་པ་དང་། འདོད་པ་དང་། ཉམས་སུ་མྱོང་བ་དང་། ན་བ་དང་། བསམ་པ་དང་། མྱ་ངན་ལ་སོགས་པ་ནི་གཡོ་ལྡན་གྱི་འགྱུར་བ་དང་། དེ་བཞིན་དགའ་བ་ནི་གནས་ཅན་གྱི་འགྱུར་བའོ། །དེ་ལྟའི་སྙན་ངག་གི་ཉམས་དང་དེ་འབྲེལ་གྱི་རྒྱུ་དང་དམིགས་རྐྱེན། ལྷན་ཅིག་བྱེད་རྐྱེན། ཀུན་འགྲོ་དང་འབྲས་བུ་ལ་སོགས་པའི་ཞུ་བར་བྱ་བ་མང་དུ་ཡོད་ཀྱང་འདིར་ཡི་གེ་མང་དོགས་ཀྱིས་བཞག་ལ། དོན་གཉེར་ཅན་དག་གིས་སླད་མར་བདག་གི་འགྲེལ་བ་བྱཱ་ཁྱཱར་གཟིགས་པར་ཞུའོ། །

མེ་ལོང་མའི་ལུགས་སུ་སྙན་ངག་སྤྲིན་གྱི་ཕོ་ཉ་འདི་ནི་རྒྱ་གར་ཤར་ལྷོའི་ལུགས་གཉིས་ལས་བཻ་ད་རྦྷ་སྟེ་རྒྱ་གར་ལྷོ་བའི་ལུགས་ཀྱི་སྙན་ངག་ཡིན་ལ། སྙན་ངག་ཆེ་ཆུང་གང་ཡིན་ཐད་ཁ་ཅིག་ན་རེ་སྤྲིན་གྱི་ཕོ་ཉ་འདི་སྙན་ངག་པ་ཆེན་པོས་མཛད་པས་ན་སྙན་ངག་ཆེན་པོའོ་ཞེས་སྨྲ་བ་ཡང་ཡོད་མོད། རྩོམ་རིག་མེ་ལོང་མཛད་པོ་སྣ་ཚོགས་མགོན་པོས་(विश्वानाथ)རྩོམ་རིག་མེ་ལོང་དུ་སྤྲིན་གྱི་ཕོ་ཉ་ལྟ་བུ་ལ་སྙན་ངག་ཆེན་པོའི་མཚན་ཉིད་གྲོང་ཁྱེར་རྒྱ་མཚོ་རི་དང་དུས་ཞེས་པ་ལ་སོགས་པའི་ཁྱད་ཆོས་དག་ལས་ཡུལ་བྱེ་བྲག་པ་གཅིག་གི་རྗེས་སུ་འཇུག་པས་སྙན་ངག་ཆུང་ངུའམ་སྙན་ངག་དུམ་བུའོ་ཞེས་པའི་བརྡ་མཛད་ཅིང་ཕལ་མོ་ཆེས་ཀྱང་དེ་བཞིན་དུ་བཞེད་ལ། སྙན་ངག་འདི་མེ་ལོང་མའི་གྲོལ་རིགས་མཛོད་འདུས་ཀྱི་དབྱེ་སྒོ་དབང་དུ་བྱས་ན་འདུས་པའི་རིགས་སུ་གཏོགས་པའོ། །

སྙན་ངག་མཁན་ཁོང་ནམ་ཞིག་བྱོན་མིན་ནི་དེང་གི་མཁས་དབང་པ་ཋག་དང་བི་སནྟ་སོགས་ཕལ་མོ་ཆེའི་བཞེད་ཚུལ་ལྟར་ན་སྦས་པའི་རྒྱལ་རབས་སྐབས་ཏེ། བརྒྱ་ཕྲག་བཞི་བ་ནས་ལྔ་བ་བར་གྱི་དུས་སྐབས་ཤིག་ཏུ་བྱོན་པར་བཞེད་ཅིང་།  མེ་ཁི་སི་མུ་ལར་མཆོག་གིས་དུས་རབས་དང་བོ་ནས་ལྔ་བ་དེ་རྒྱ་གར་གྱི་རྩོམ་རིག་གི་ལོ་རྒྱུས་ཀྱི་ཆ་ནས་མུན་ནག་གི་དུས་རབས་ལྟ་བུར་བརྩི་བ་བཞིན། རྒྱ་གར་ལོ་རྒྱུས་སྤྱི་དང་། ལེགས་སྦྱར་རྩོམ་རིག་ལོ་རྒྱུས་སོགས་གང་ནས་བལྟས་ཀྱང་བར་སྐབས་དེའི་ལོ་རྒྱུས་ཧ་ཅང་མི་གསལ་བ་དང་། དེ་བཞིན་ཁི་ཐི་མཆོག་གིས་གསུངས་པ་ལྟར། དུས་རབས་བདུན་པ་ཙམ་ནས་རིམ་བཞིན་སྙན་ངག་གི་བསྟན་བཅོས་དང་སྙན་ངག་གི་གཞུང་། དེ་བཞིན་རྡོ་བརྐོས་དག་ལ་ནག་མོ་ཁོལ་གྱི་མཚན་འདོན་པ་དང་། ཁོང་གི་སྙན་ངག་གི་སྦྱོར་བ་ལ་ལད་ཟློས་བྱེད་པ་དང་། ལུང་འདྲེན་པ་སོགས་ཀྱིས་མཁས་པའི་སྡེ་ལ་སྙན་གྲགས་རྒྱས་མགོ་བཙུགས་པ་སོགས་གང་ལ་བལྟས་ཀྱང་། སྙན་ངག་མཁན་ནག་མོ་ཁོལ་དུས་རབས་བཞི་བའི་མཇུག་དང་ལྔ་བའི་སྟོད་དུ་བྱོན་པར་བརྩིས་ན་འོས་ཤིང་འཚམས་པར་མཐོང་ངོ་།།

དེ་ཡང་སྙན་ངག་མཁན་ཁོང་ལ་ཟློས་གར་གསུམ་དང་།  སྙན་ངག་ཆེ་ཆུང་བསྡོམས་པས་བཞི་དང་བཅས་བརྩམས་ཆོས་ཡོངས་གྲགས་སུ་ཁས་ལེན་པ་བདུན་ཡོད་ཅིང་།  ཞིབ་འཇུག་པ་དང་རྩོམ་རིག་ཞིབ་དཔྱོད་པ་དག་གིས་ནག་མོ་ཁོལ་གྱི་བརྩམས་ཆོས་ཁག་གི་སྒྱུ་རྩལ་གྱི་འཕེལ་རིམ་ལ་གཞིགས་ནས། ཁོང་གི་གསར་རྩོམ་ལ་དུས་རིམ་གསུམ་བཀར་ཡོད་དེ། དེ་ཡང་ཐོག་མའི་དུས། བར་མའི་དུས། མཐའ་མའི་དུས་བཅས་གསུམ་དུ་ཕྱེ་ནས། གོང་གསལ་བརྩམས་ཆོས་འཁྲུལ་བྲལ་ཁག་ལས། དུས་ཚིགས་བསྡུས་པ་དང་། མེ་བཤེས་མ་ལ་བ་ཅན་མའི་ཟློས་གར་གཉིས་ཐོག་མའི་དུས་སྐབས་ཀྱི་བརྩམས་ཆོས་ཡིན་པར་འདོད་པ་དང་། གཞོན་ནུ་འབྱུང་བ་དང་། རྣམ་གནོན་རྒྱས་བྱེད་མའི་ཟློས་གར་ དེ་བཞིན་སྤྲིན་གྱི་ཕོ་ཉ་གསུམ་ནི་བར་མའི་དུས་སྐབས་སུ་བརྩམས་པ་དང་། བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་དང་ཉི་མའི་གདུང་ནི་མཐའ་མའི་དུས་སྐབས་ཀྱི་བརྩམས་ཆོས་ཡིན་པར་བཞེད་དོ། ། སྙན་ངག་དང་ཟློས་གར་འདི་དག་གི་བརྗོད་སྙིང་རྒྱས་པ་སྔོན་གླེང་དུ་གསལ་བས། རྒྱས་པ་དང་ཞིབ་པར་མོས་པ་དག་གིས་དེ་ཉིད་གཟིགས་པར་འཚལ་ལོ། །

དེ་ཡང་གཞུང་འདིར་སྤྲིན་གྱི་ཕོ་ཉའི་འགྱུར་གསར་བ་ཙམ་མ་ཡིན་པར།  སྙན་ངག་སྤྲིན་གྱི་ཕོ་ཉའི་ལེགས་སྦྱར་གྱི་རྩ་བའི་གཞུང་ལ་གཤིབ་བསྡུར་དང་བཅས་དཔེ་མི་འདྲ་བ་རྣམས་མཆན་དུ་ཞིབ་པར་བཀོད་ཡོད་ཅིང་།  དཔེ་མི་འདྲ་བ་སྤྲིན་གྱི་ཕོ་ཉའི་རྒྱ་དཔེ་གང་ཡོད་ལ་གཏུགས་ཤིང་། མཆན་དུ་བཀོད་པ་ཁག་རྒྱ་དཔེ་བ་ལླ་བྷ་དེ་བ་ཡིད་འོང་ལྷས་དུས་རབས་༡༠བའི་སྟོད་དུ་མཛད་པའི་འགྲེལ་བ་ཡོངས་གྲགས་སུ་པ་ཉྫི་ཀཱ་དཀའ་འགྲེལ་ལམ་བི་བྲྀ་ཏི་རྣམ་བཤད་དུའང་གྲགས་པ་ཞུ་སྒྲིག་པ་ཧྭེ་ཆིས་བསྒྲིགས་པ་དང་། ད་ཀྵི་ཎཱ་བ་རྟྟ་ནཱ་ཐ་གཡས་འཁྱིལ་མགོན་པོས་དུས་རབས་༡༣པའི་དུས་དཀྱིལ་ཙམ་དུ་མཛད་པར་གྲགས་པའི་པྲ་དཱི་པ་སྒྲོན་མ་བྱ་བ་གཎ་པ་ཏིས་བསྒྲིགས་པ་དང་། མ་ལླི་ནཱ་ཐ་ཕྲེང་བའི་མགོན་པོས་དུས་རབས་༡༤བར་མཛད་པའི་འགྲེལ་བ་ས་ཉྫཱི་བ་ནཱི་ཡང་དག་འཚོ་བྱེད་ཀ་ལེས་བསྒྲིགས་པ་གསུམ་སྟེ། རྒྱ་གར་ཤར་ལྷོ་ནུབ་གསུམ་གྱི་རྒྱ་དཔེ་ཁུངས་འཕེར་གསུམ་ནས་བཏུས་པ་ཡིན་ལ། ཞུ་སྒྲིག་པ་དེ་དག་གི་གཞུང་དུ་གསལ་བའི་སྤྲིན་གྱི་ཕོ་ཉའི་ཤོ་ལོ་ཀའི་གྲངས་རིམ་ཅི་ཡིན་ཤོ་ལོ་ཀ་རེ་རེའི་མཇུག་ཏུ་གསལ་བོར་བཀོད་ཡོད་ཅིང་།  གུས་པས་བསྒྲིགས་པའི་ལེགས་སྦྱར་རྩ་བའི་ཤོ་ལོ་ཀའི་གྲངས་རིམ་ནི་བོད་རྣམས་ལ་བདེ་བའི་སླད་དུ་ལོ་ཆེན་གྱི་འགྱུར་རྙིང་ལྟར་དུ་བཀོད་ཡོད་པའང་ཤེས་པར་བྱའོ། །  སྙན་ངག་པའི་ལོ་རྒྱུས་དང་ཁོང་གི་བརྩམས་ཆོས་ངོ་སྤྲོད། བོད་འགྱུར་རྙིང་བའི་ལོ་ཙཱ་བའི་སྐོར། གཞུང་གི་ཤོ་ལོ་ཀའི་གྲངས་རིམ་དང་མང་ཉུང་བསྡུར་བའི་རེའུ་མིག་དང་བཅས་པའི་སྔོན་གླེང་རྒྱས་པ་ཞིག་དང་། འགྱུར་གཞུང་དངོས། ལེགས་སྦྱར་དང་བོད་འགྱུར་ཚིགས་བཅད་ཀྱི་ཀ་ཐོ། དེ་བཞིན་སྙན་ངག་འདིར་འབྱུང་བའི་ཐ་སྙད་༢༩༡༤མ་ལུས་པ་ཚང་བའི་སཾ་བོད་ཚིག་མཛོད་ཅིག་དང་། སྙན་ངག་འདིའི་རྒྱ་དཔེ་ལག་བྲིས་མ་འགའི་ངོ་བཤུས་དུ་མ་དང་། དེ་ཡང་མཁས་པ་མེ་ཡོར་(Marek Mejor)ལགས་ཀྱིས་སྤྱི་ལོ་༡༣༦༣ལོའི་ལག་བྲིས་མ་ཞིག་ཡོད་པ་དེ་ནི་ད་ཡོད་སྤྲིན་གྱི་ཕོ་ཉའི་ལག་བྲིས་ཆེས་རྙིང་ཤོས་ཡིན་ཚུལ་བཤད་པའི་དབང་དུ་བྱས་ན། ལོ་ཆེན་བྱང་རྩེས་སྤྲིན་གྱི་ཕོ་ཉ་བསྒྱུར་བའི་ལོ་ནི་སྤྱི་ལོ་༡༣༥༦ཡིན་པ་རྣམ་ཐར་ལས་ངེས་པས། ལོ་ཆེན་གྱི་འགྱུར་གཞིའི་རྒྱ་དཔེ་དངོས་ཁ་ཆེ་པཎྜི་ཏ་སུ་མན་ཤྲཱིས་བསྣམས་ཕེབས་པ་ཡིན་པའི་དབང་དུ་བྱས་ཀྱང་། སྤྲིན་གྱི་ཕོ་ཉའི་ལག་བྲིས་རྙིང་ཤོས་སུ་གྲགས་པ་དེ་ལས་ཀྱང་སྔ་ལ། བརྒྱ་ལ་ལོ་ཆེན་གྱི་འགྱུར་དེའི་རྒྱ་དཔེ་དངོས་དེ་དཔལ་ནཱ་ལནྡཱའི་ཁྲི་རབས་མཐའ་མ་པཎ་ཆེན་ཤཱཀྱ་ཤྲཱིའི་(༡༡༢༧-༡༢༢༥)སྐབས་བསྣམས་ཕེབས་པའི་རྒྱ་དཔེའི་གྲས་ཡིན་ན་ནི། དེ་ལས་ཀྱང་བརྒྱ་ཕྲག་གཅིག་ལྷག་གིས་སྔ་བ་ཡིན་པར་འགྱུར་བ་སོགས་ལོ་ཆེན་གྱི་འགྱུར་གཞི་དེ་ལོ་རྒྱུས་ཀྱི་ཆ་ནས་ཧ་ཅང་རྩ་ཆེན་དུ་གྱུར་ཡོད་པ་དེ་ལྟ་ནའང་། དེ་ཉིད་ད་སྔ་མིག་ལམ་དུ་མ་མངོན་པར་མ་གྱུར་བར་བརྟེན། ཕྲན་གྱིས་ལོ་ཆེན་བྱུང་རྩེའི་འགྱུར་གཞིར་བཞག་སྟེ་བོད་འགྱུར་རྙིང་བའི་ལེགས་སྦྱར་མ་དཔེ་བསྐྱར་གསོ་བྱས་ཤིང་། གཞུང་འདི་དེ་ལ་སོགས་པའི་ལྷན་ཐབས་༡༢ཙམ་གྱིས་གྲུབ་ཡོད་པས། དཔྱོད་ལྡན་དག་གི་མིག་གི་དགའ་སྟོན་དུ་འགྱུར་རེ་ཆེའོ། །

དེ་ཡང་ཇི་སྐད་དུ། དཔག་བསམ་འཁྲི་ཤིང་གི་ལེགས་བཤད་འཚོལ་བའི་རྟོགས་པ་བརྗོད་པའི་ཡལ་འདབ་ལས། “མཁས་པ་ཉིད་ནི་མེད་ན་བློ་གྲོས་རྣམས་[རྣམ་]ཉམས་མི་རྣམས་འཚོ་བ་དོན་ཡོད་མིན། །མཚུངས་མེད་རྒྱས་པའི་སྙན་ངག་མེད་ན་མཁས་པ་ཉིད་ནི་ནེ་ཙོའི་ཀློག་དང་མཚུངས། །སྙིང་ལྡན་[ཡོད་]རྣམས་ཀྱིས་[ཀྱི་]ནང་གི་དེ་ཉིད་དཔྱོད་པ་མེད་ན་རབ་མཛེས་སྙན་ངག་ནི། །སྟོང་པ་[བ་]ཉིད་དེ་དབེན་སའི་ཁྲོན་པའི་མར་མེ་བཞིན་དུ་ནང་དུ་བསྟེན་[བརྟེན་]པར་འགྱུར། །ཞེས་གསུངས་པ་ལྟར་མཁས་པ་མེད་ན་བློ་གྲོས་རྣམས་ཉམས་པར་འགྱུར་བས་མི་རྣམས་ཀྱི་འཚོ་བ་དོན་དང་ལྡན་པར་མི་འགྱུར་ལ། མཚུངས་མེད་རྒྱས་པའི་སྙན་ངག་མེད་ན་མཁས་པའི་གསུང་ནི་ནེ་ཙོའི་ཀློག་དང་མཚུངས་པར་རོ་དང་བྲལ་བ་ཉིད་དུ་འགྱུར་ལ།  རབ་ཏུ་མཛེས་པའི་སྙན་ངག་ལ་སྙིང་དང་ལྡན་པའམ་ཡོད་པ། སྐབས་ཡོད་པའམ་སྤོབས་པ་ཡོད་པའམ། ཡང་ན་བློ་ལྡན་སྙན་ངག་མཁན་ཉམས་ཤེས་པ་དག་གི་དེ་ཉིད་ལ་དཔྱོད་པའི་དཔྱད་འཇོག་མེད་ན་དབེན་ས་སྟེ་མི་མེད་ལུང་སྟོང་གི་ཁྲོན་པའི་ནང་དུ་སྦར་བའི་མར་མེ་བཞིན་དོན་མེད་དུ་འགྱུར་བས་རབ་ཏུ་མཛེས་པའི་སྙན་ངག་ལ་རྣམ་དཔྱོད་ཀྱི་མིག་དང་ལྡན་ཞིང་། གཟུ་བོར་གནས་པའི་མཁས་པ་དག་གིས་ལེགས་ཉེས་བླང་དོར་གྱི་དཔྱད་གཏམ་སྤེལ་དགོས་པའི་གནད་ཤིན་ཏུ་ཆེ་ཚུལ་གསུངས་པ་ལྟར། སྙན་ངག་འདི་དང་གཞན་ཡང་རྩོམ་རིག་བརྩམས་ཆོས་ཁག་ལ་དཔྱད་འཇོག་གནང་མཁན་གྱི་དཔུང་སྡེ་གང་མང་འབྱུང་བའི་རེ་བ་དང་། མཐར་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་བརྟན་ཞིང་། གཞིས་བྱེས་ལྷན་འཛོམས་ཀྱི་སྐྱིད་པའི་ཉི་མ་མྱུར་བ་མྱུར་དུ་འཆར་བའི་སྨོན་འདུན་ཤུགས་དྲག་ཞུ་བ་དང་བཅས།  ཟླ་བ་གཞོན་ནུའམ་ཡང་གླེ་རྡོ་རྗེ་སྐྱབས་ཀྱིས་སྤྱི་ལོ་༢༠༢༢ལོའི་ཟླ་༩བའི་ཚེས་༡༥ལ་སྦྱར་བ་དགེའོ། །

 ཤྲཱིརསྟུ།

पाण्डित्येन विना विनाशितधियां व्यर्थं नृणां जीवितं पाण्डित्यं शुकपाठषण्ढमसमोल्लासं कवित्वं विना।

काव्यं   चारुतरं  विना   सहृदयैस्तत्त्वान्तरालोचनशून्यं   निर्जनकूपदीपकलनामन्तः   समालम्बते।।

(सुभाषितगवेष्यवदानम्,१४)

པཱཎྜིཏྱེཎ བིནཱ བིནཱཤིཏདྷིཡཱཾ བྱརྠཾ ནྲྀཎཱཾ ཛཱིབིཏཾ  པཱཎྜིཏྱཾ ཤུཀཔཱཋཥཎྜམསམོལླཱསཾ ཀབིཏྭཾ བིནཱ།

ཀཱབྱཾ ཙཱརུཏརཾ བིནཱ སཧྲྀདཡཻསྟཏ྄ཏྭཱནྟརཱལོཅནཤཱུནྱཾ ནིརྫནཀཱུཔདཱིཔཀལནཱམནྟཿ སམཱལམྦཏེ།།

 

 

Dec 2, 2023

སྙན་ངག་སྤྲིན་གྱི་ཕོ་ཉའི་འགྱུར་ལ་དཔྱད་པ།



སྙན་ངག་སྤྲིན་གྱི་ཕོ་ཉའི་འགྱུར་ལ་དཔྱད་པ།[1]



ཟླ་བ་གཞོན་ནུ།

བརྡ་ཆད་གཙོ་བོ།

སྙན་ངག  སྤྲིན་གྱི་ཕོ་ཉ། འགྱུར་དཔྱད། གནའ་རྩོམ།


བརྗོད་བྱ་སྙིང་བསྡུས།

དཔྱད་རྩོམ་འདིའི་ནང་གཙོ་བོར་སྤྲིན་གྱི་ཕོ་ཉ་བོད་གངས་ཅན་པའི་སྐད་དུ་སྒྱུར་མཁན་གྱི་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་དང་། སྒྲ་བ་ནམ་མཁའ་བཟང་བོ་གཉིས་ཀྱི་ལོ་རྒྱུས་སྔོན་འགྲོའི་ཚུལ་དུ་བརྗོད་དེ། ཁོང་གཉིས་དང་རྒྱ་གར་གྱི་པཎྜི་ཏ་སུ་མན་ཤྲཱི་བཅས་ཀྱིས་བསྒྱུར་བའི་བོད་འགྱུར་དེ་ཉིད་དང་བོད་འགྱུར་གྱི་གཞི་འཇོག་སའི་རྒྱ་དཔེ་གང་ཡིན་གསལ་བར་མ་ངེས་ཀྱང་། ད་སྔ་ལག་སོན་བྱུང་བའི་རྒྱ་དཔེ་དག་ལས་དཔྱད་གཞིར་འོས་པ་གསུམ་བདམས་ཏེ་དེ་དག་དང་དཔྱད་བསྡུར་བྱས་ཡོད།  དེ་ཡང་སྐབས་སུ་བབ་པ་ནི་ལོ་ཆེན་བྱུང་ཆུབ་རྩེ་མོ་དང་སྒྲ་བ་ནམ་མཁའ་བཟང་བོ་གཉིས་ཀྱི་བོད་འགྱུར་ལ་དཔྱད་པ་བྱེད་རྒྱུ་དེ་ཡིན་པས། ད་སྔ་བར་དུ་སྤྲིན་གྱི་ཕོ་ཉར་ཞིབ་འཇུག་དང་སློབ་སྦྱོང་བྱས་པའི་ཁྲོད། འགྱུར་གྱི་གནད་དོན་བྱུང་རིགས་ཆེ་ཁག་ཟིན་ཐོར་བཀོད་པ་དག་ལས་གནད་ཆེ་བ་འགའ་དཔེ་མཚོན་དུ་བཀོད་དེ་བཤད་པར་འདོད་དོ། ། དེ་ལ་སྤྱིའི་ས་བཅད་ལྟ་བུར། ཐོག་མར་སྤྲིན་གྱི་ཕོ་ཉའི་ལོ་ཙཱ་བའི་སྐོར་བཤད་པ་དང་། དེ་ནས་བརྗོད་པར་བྱ་བ་དངོས་སྤྲིན་གྱི་ཕོ་ཉའི་ལོ་ཙཱའི་ལེགས་ཉེས་སྐོར་བཤད་པ་གཉིས་སུ་ཕྱེ་སྟེ་བཤད་ཡོད། །


སྤྱིར་བཤད་པ།

དེ་ཡང་སློབ་དཔོན་ནག་མོ་ཁོལ་གྱིས་མཛད་པའི་སྙན་ངག་གི་བརྩམས་ཆོས་གྲགས་ཅན་སྤྲིན་གྱི་ཕོ་ཉ་ཞེས་བྱ་བ་འདི་ནི།  བོད་སྐད་དུ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་དབོན་པོར་གྱུར་བ་ལོ་ཙཱ་བ་ཆེན་པོ་བྱང་ཆུབ་རྩེ་མོ་དང་ནམ་མཁའ་བཟང་བོ་གཉིས་ཀྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ།  རྒྱ་གར་གྱི་པཎ་ཆེན་སུ་མ་ན་ཤྲཱི་དང་ལྷན་དུ་བྱང་གི་བདག་པོ་ནམ་མཁའ་བརྟན་པའི་བཀའ་ལུང་བཞིན་བོད་ཀྱི་སྐད་དུ་བསྒྱུརད་ཅིང་།  སྙན་ངག་སྤྲིན་གྱི་ཕོ་ཉ་འདི་ད་བར་གྱི་ལེགས་སྦྱར་ལས་སྐད་ཡིག་གཞན་དུ་བསྒྱུར་བ་ཐོག་མ་ལྟ་བུར་མངོན།   འགྱུར་གྱི་ཐད་ནས་བཤད་ན།  ཐད་སྒྱུར་ཤུགས་ཆེ་བས་བོད་སྐད་ལ་གཞན་གྱི་དྲིང་མི་འཇོག་པ་ཕལ་མོ་ཆེའི་དགོངས་པ་ལྟར་ན།  འགྱུར་ལེགས་པོ་རང་དུ་བརྩི་བ་མ་ཡིན་ལ། དེ་ལྟ་བུའི་དགོངས་ཚུལ་འབྱུང་དོན་ཡང་འོག་ཏུ་འབྱུང་བ་ལྟར་གཙོ་བོ་འགྱུར་དེ་བོད་སྐད་དུ་བྱུང་བ་ནས་དེང་གི་བར་འགྱུར་བཅོས་སོགས་ཀྱི་ཞབས་ཏོག་མེད་པས་ལན་པར་བདག་འདོད་དོ། ། དེ་ལྟ་ནའང་། སྐད་ཡིག་གཞན་གྱི་འགྱུར་དང་བསྡུར་ནས་བཤད་ན་སྤྲིན་གྱི་ཕོ་ཉའི་བོད་འགྱུར་ནི་འགྱུར་རྩེ་གྲས་ཡིན་པར་དཔྱོད་ལྡན་དག་འདོད་པ་ལྟར་བདག་ཀྱང་ངོ་། །


གཅིག  སྤྲིན་གྱི་ཕོ་ཉའི་ལོ་ཙཱ་བའི་སྐོར་བཤད་པ།

༡༽ ལོ་ཆེན་བྱང་ཆུབ་རྩེ་མོ། (༡༣༡༥-༡༣༧༩)


ལོ་ཆེན་བྱང་ཆུབ་རྩེ་མོ་ནི་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་ (༡༢༧༦-༡༣༤༢ཡི་དབོན་པོ་ཡིན་ལ། བོ་དོང་ཕྱོགས་ལས་རྣམ་རྒྱལ་མཆོག་ (༡༣༧༦-༡༤༥༡ཁོང་གི་ཚ་བོ་ཡིན་ཏེ ཇི་སྐད་དུ། རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས། “བྱང་ཆུབ་ཐུགས་ཀྱི་རྩ་བ་རབ་བརྟན་ཅིང་། །རྩེ་མོའི་ལྷག་བསམ་འབྲུའི་[འབྲས་བུའི་]ཁུར་གྱིས་ལྕི། །གཞན་ཕན་ལོ་འདབ་རྒྱས་པའི་གྲིབ་བསིལ་གྱིས། །ཉོན་མོངས་གདུང་སེལ་ཆོས་རྗེའི་ཞབས་ལ་འདུད། །”[2]ཅེས་ཀྱང་བསྟོད་པ་མཛད། ཁོང་གི་ཁུ་བོ་ཤོང་ལོ་ཙཱ་བས་བུ་སྟོན་མཁས་པར་ཆེན་པོར་གཟིགས་ནས། རང་གི་དབོན་པོ་ལོ་ཆེན་བྱང་ཆུབ་རྩེ་མོ་ཁོང་ལ་སྦྱར་ཏེ། ཁྱོད་རང་དང་མཉམ་པ་ཞིག་བཟོས་གསུངས།[3]” དེ་ནས་བྱང་རྩེས་བུ་ལས་སྒྲ་ཚད་དུས་འཁོར་སོགས་མཁས་པར་བསླབས། དེའི་སློབ་མ་ལོ་ཙཱ་བ་ནམ་མཁའ་བཟང་པོ། དེའི་སློབ་མ་སྒྲ་པ་ཐུགས་རྗེ་དཔལ་ཏེ། སྒྲ་སྙན་དངགས་ལ་སྐུ་དྲིན་ཆེའོ། །[4]ཞེས་པ་ལྟར་ཐ་སྙད་རིག་གནས་ལས་སྒྲ་སྙན་ངག་ལ་སྐུ་དྲིན་ཆེ་བར་ཀུན་མཁྱེན་པདྨ་དཀར་བོ་གསུང་ངོ་།།


དེ་ཡང་ཆོས་འབྱུང་སོགས་ལོ་རྒྱུས་ཡིག་ཆ་དང་ཚིག་མཛོད་སོགས་ཕལ་མོ་ཆེར་ལོ་ཆེན་གྱི་འཁྲུངས་ལོ་སྤྱི་ལོ་༡༣༠༣ལོར་བྱས་འདུག་ཅིང་། དུང་དཀར་ཚིག་མཛོད་ཀྱི་ལོ་ཆེན་བྱང་ཆུབ་རྩེ་མོའི་ངོ་སྤྲོད་སྐབས་སུའང། “དཔང་ལོ་ཙཱ་བའི་དབོན་པོ་འདི་ཉིད་ལ་སྟོད་ཟུར་ཚོ་ཞེས་པར་ཡབ་གཞོན་ནུ་དཔལ་བཟང་། ཡུམ་དཔང་ལོའི་ལྕམ་མོ་ཡེ་ཤེས་སྨན་ནེ་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ཆུ་ཡོས་(༡༣༠༣)ལོར་སྐུ་བལྟམས།[5]” ཞེས་གསལ་ནའང་། དྲུང་བཞི་ཐོག་པ་ཆེན་པ་ཀུན་དགའ་རིན་ཆེན་རྒྱལ་མཚན་དཔལ་བཟང་བོ་བའི་ཞལ་སྔ་ནས་དང་། དྲུང་སྤྱན་སྔ་རིན་པོ་ཆེ་གྲགས་པ་བྱང་ཆུབ་རྒྱལ་མཚན་དཔལ་བཟང་བོ་བའི་ཞལ་སྔ་ནས་བཀས་བསྐུལ་བའི་ཞལ་ངོར། ཤེལ་དཀར་ཆོས་སྡེའི་མཁན་ཐོག་གསུམ་པ་ལོ་ཆེན་གྲགས་པ་རྒྱལ་མཚན་(༡༣༥༢-༡༤༠༥)མཆོག་གིས་ལྕགས་མོ་བྱའི་ལོ་སྟེ་སྤྱི་ལོ་ ༡༣༨༡ ལོ་སྟེ་དགུང་ལོ་ ༣༠ ལ་ཕེབས་པའི་ལོར་མཛད་པའི་རྣམ་ཐར། ཆོས་རྗེ་རིན་པོ་ཆེ་བྱང་ཆུབ་རྩེ་མོའི་རྣམ་པར་ཐར་བ་སྣང་བ་སྤེལ་བ་ཞེས་བྱ་བར་བདག་ཉིད་ཆེན་པོ་འདིའི་སྐུ་སྐྱེ་བ་བཞེས་པའི་ཡུལ་ནི་སྐྱེས་བུ་དམ་པ་དུ་མ་བྱོན་ཞིང་བསྟེན་པའི་གནས་ལས་སྟོད་ཀྱི་ཆ་ཟུར་ཚོ་ཞེས་གྲགས་པའོ།། འདིའི་ཡབ་ཀྱི་མཚན་ནི་གཞོན་ནུ་དཔལ་བཟང་པོ་ཞེས་བྱ་བ་ཡིན་ལ། ཡུམ་ནི། ཆོས་ཀྱི་རྗེ་མཁས་པའི་དབང་པོ་དཔང་ལོ་ཚ་བ་ཆེན་པོ་དཔལ་ལྡན་བློ་གྲོས་བརྟན་པའི་ཡབ་ཡུམ་གཉིས་ཀ་གཅིག་པའི་ལྕམ་མོ། ཇོ་ལྕམ་ཡེ་ཤེས་སྨན་ནེ་ཞེས་པ་སྟེ། ཡབ་ཡུམ་གཉི་གའང་རང་བཞིན་བཟང་ཞིང་ཁྱད་པར་དུ་ཡུམ་ནི་ལྐོག་ཏུ་གྱུར་པའི་ཆོས་མང་པོ་ལུང་སྟོན་པར་ཡང་བྱེད་ལ། ཡུལ་དེ་པ་རྣམས་ཀྱིས་ཡེ་ཤེས་ཀྱི་མཁའ་འགྲོ་མར་ཡང་འཛིན་ཏོ།། འདི་ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ། ཡུམ་གྱི་རྨི་ལམ་དུ་ཉི་མ་ཤར་བ་དང་རི་མཐོན་པོ་ལ་འཛེགས་པ་དང་གཡུ་ཆེན་པོ་བཏགས་པ་དང་གཏོར་མ་བཏང་བ་ལ་སོགས་པ་རྨི་ཞིང་། དངོས་ཉིད་དུའང་ལུས་སེམས་བདེ་བར་གྱུར་པ་སོགས་ངོ་མཚར་ཞིང་རྨད་དུ་བྱུང་བའི་དགེ་མཚན་དུ་མ་དང་བཅས་ཏེ། ཤིང་མོ་ཡོས་ཀྱི་ལོ་བལྟམས་པར་གྱུར་ཏོ།།[6]” ཞེས་གསལ་བས། ལོ་ཆེན་གྱི་འཁྲུངས་ལོ་ཤིང་མོ་ཡོས་ཞེས་ཤིན་ཏུ་གསལ་བར་གསུངས་ཤིང་། ཤིང་མོ་ཡོས་ཀྱི་ལོ་དེ་སྤྱི་ལོ་ ༡༣༡༥ ཡིན་གྱི། ༡༣༠༣ མ་ཡིན་ཏེ། སྤྱི་ལོ་ ༡༣༠༣ ནི་ཆུ་ཡོས་ཡིན་ནོ།། ཡང་དུང་དཀར་ཚིག་མཛོད་ཀྱི་མཇུག་གི་ལོ་ཚིགས་དྭངས་ཤེལ་མེ་ལོང་ལས། “ཆུ་ཡོས། སྤྱི་ལོ་ ༡༣༠༣ གྲུབ་ཐོབ་རྡོ་རྗེ་དང་། འཁྲུལ་ཞིག་དྷརྨ་སེང་གེ་གཤེགས། ལོ་ཆེན་བྱང་ཆུབ་རྩེ་མོ་འཁྲུངས་ཞེས་མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་བསྟན་རྩིས་ལས་གསུངས།[7]” ཞེས་འཁོད་འདུག་པས། ཁོང་གིས་ལོ་ཆེན་གྱི་འཁྲུངས་ལོ་སྤྱི་ལོ་ ༡༣༠༣ ལོར་མཛད་པའི་ཁུངས་དེ་ཡིན་སྣང་། དེས་ན་དུང་དཀར་མཆོག་གིས་ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག་གི་བསྟན་རྩིས་ལ་གཏུགས་ཤིང་། དེབ་སྔོན་དང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་གསལ་བའི་ཉིན་བྱེད་དུའང་[8]ལོ་ཆེན་གྱི་འཁྲུངས་ལོ་ཆུ་ཡོས་ལ་བྱས་འདུག་པས། བསྟན་རྩིས་ཀུན་བཏུས་ཀྱི་ཁུངས་ཀྱང་དེ་ལ་གཏུགས་འདུག་གམ་སྙམ་མོ། དེབ་སྔོན་སོགས་སུ་འཁྲུངས་ལོ་ཆུ་ཡོས་ལ་བྱས་པའི་རྒྱུ་མཚན་མ་ངེས་ཀྱང་།དེང་ཡོངས་གྲངས་སུ་ལོ་ཆེན་བྱང་ཆུབ་རྩེ་མོའི་འཁྲུངས་གཤེགས་ལོ་ཚིགས་ཆུ་མོ་ཡོས་(༡༣༠༣)དང་ལྕགས་ཕོ་སྤྲེའུའི་ལོ་(༡༣༨༠)བྱེད་ཅིང་། དགུང་གྲངས་༧༨པ་ལ་གཤེགས་པར་བཤད་པ་འདི་དེབ་སྔོན་གྱི་ལུགས་གཞིར་བཞག་པར་སྣང་ངོ་། །གྲགས་པ་རྒྱལ་མཚན་མཆོག་གིས་མཛད་པའི་རྣམ་ཐར་སྣང་བ་སྤེལ་བ་ལྟར་ན། ལོ་ཆེན་གྱི་འཁྲུངས་ལོ་དེ་སྤྱི་ལོ་ ༡༣༡༥ ལ་འཁེལ་བར་ངེས་པ་གོང་དུ་བཀོད་པ་ཟིན་ནོ།། མཁས་དབང་དུང་དཀར་མཆོག་གིས་ཀྱང་། ལོ་ཚིགས་དྭངས་ཤེལ་མེ་ལོང་དུ། “ཤིང་ཡོས། སྤྱི་ལོ་ ༡༣༡༥ ལོ་ཆེན་བྱང་ཆུབ་རྩེ་མོ་འཁྲུངས་སམ་བརྟག[9]ཅེས་བསྟན་འདུག་པས། རྣམ་ཐར་སྣང་བ་སྤེལ་བ་མཇལ་ནས་བཀོད་པར་ངེས། དེ་བས་རྣམ་ཐར་སྣང་བ་སྤེལ་བ་ལྟར་ན། ལོ་ཆེན་གྱི་འཁྲུངས་ལོ་ཤིང་མོ་ཡོས་ཏེ་སྤྱི་ལོ་ ༡༣༡༥ ཡིན་དགོས་པར་སྣང་ངོ


དེ་ཡང་ལོ་ཆེན་དུས་ནམ་ཞིག་ལ་གཤེགས་མིན་སྐོར། རྣམ་ཐར་སྣང་བ་སྤེལ་བར་རྟག་འཛིན་ཅན་རྣམས་ངེས་འབྱུང་སྐྱེད་པ་དང་ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ་བསྐུལ་བའི་ཕྱིར་དོན་གྲུབ་ཀྱི་ལོ་སྟ་[རྟ་]པའི་ཟླ་བའི་ཉི་ཤུའི་ཐོ་རངས་ཉི་ཤུ་གཅིག་གི་དང་པོ་སྐྱ་རེངས་འཆར་ཀ་ཕྱིའི་མངོན་པར་བྱང་ཆུབ་པ་ལ་ཉེ་བ་ན་སྟོང་པ་ཉིད་དང་མི་འགྱུར་བའི་བདེ་བ་ཆེན་པོ་རོ་གཅིག་ཏུ་འདྲེས་པའི་ཏིང་ངེ་འཛིན་ཟབ་མོ་མངོན་དུ་མཛད་ནས་སྤྲོས་པ་མེད་ཅིང་མཐའ་དབུས་དང་བྲལ་བའི་འོད་གསལ་ཆེན་པོའི་ངང་ལ་དཔའ་བོ་དང་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པའི་བསུ་བ་དང་བཅས་ཏེ་ནུབ་ཕྱོགས་དབུ་[ཨུ་]རྒྱན་གྱི་ཞིང་དུ་གཤེགས་སོ་ཞེས་ཐོས་[10]ཞེས་པ་ལྟར་ན། དོན་གྲུབ་ཀྱི་ལོ་སྤྱི་ལོ་ ༡༣༧༩ ལོར་དགོངས་པ་རྫོགས་པ་གསལ་ནའང་། ལོ་ཆེན་དགུང་ལོ་དུ་བཞུགས་མི་གསལ་ལ། དུང་དཀར་ཚིག་མཛོད་དུ། གཤེགས་ལོའི་སྐོར་ཡོངས་གྲགས་ལྟར་ ༡༣༨༠ ལས་གཞན་དུ་གསུངས་པ་མི་འདུག་གོ ། དེ་ཡང་ཤེལ་དཀར་ཆོས་འབྱུང་དུ་དམ་པ་འདི་ཉིད་དགུང་ལོ་དོན་བདུན་པ་[11]དང་མང་ཐོས་ཀྱི་བསྟན་རྩིས་དང་དེབ་སྔོན་དུ་དོན་བརྒྱད་པ་ལ་སྐུ་གཤེགས་པར་བཤད་པ་དེ་ནི་དགུང་གྲངས་ཧྲིལ་བོ་ཡིན་མིན་དང་རང་ལོ་བརྩིས་མ་བརྩིས་ཀྱི་ཁྱད་པར་ཙམ་དུ་འདོད་དོ། །

 

རྒྱས་པར་བོད་རིག་པའི་དྲ་ཚིགས་སུ་གཟིགས། 



[1] དཔྱད་རྩོམ་འདི༢༠༡༩ལོའི་སྤྱི་ཟླ་༧པར་ཕེ་རི་སིར་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་༡༥པའི་ཐོག་སྒྲོགས་སྦྱང་བྱས།

[2] རེད་མདའ་བ་གཞོན་ནུ་བློ་གྲོས། “ཆོས་ཀྱི་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་ལ་བསྟོད་པ།གསུང་འབུམ། པོད། ༩། ཀཱ་ཋ་མཾཌཱུ། ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། ༡༩༩༩། ཤ ༢༢། 

[3] ཀུན་མཁྱེན་པདྨ་དཀར་པོ། ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཧྥ་རན་སི། འབྲུག་པའི་ཆོས་ཚོགས། ༢༠༠༦ ཤ༣༡༩

[4] ཀུན་མཁྱེན་པདྨ་དཀར་པོ། ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཧྥ་རན་སི། འབྲུག་པའི་ཆོས་ཚོགས། ༢༠༠༦ ཤ༣༡༩

[5] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། པེ་ཅིང་། ༢༠༠༢ ཤ༡༩༧༡

[6] གྲགས་པ་རྒྱལ་མཚན། ཆོས་རྗེ་རིན་པོ་ཆེ་བྱང་ཆུབ་རྩེ་མོའི་རྣམ་པར་ཐར་པ་སྣང་བ་སྤེལ་བ། (དབུ་མེད་ལག་བྲིས-

[7] དུང་དཀར་བློ་བཟང་འཕྲིན་ལས།  དུང་དཀར་ཚིག་མཛོད་ཆེན་མོ། པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤ༢༢༩༤

[8] མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། “’སུམ་སྟོང་བཞི་བརྒྱ་དང་སོ་ལྔ་འདས་པའི་སོ་དྲུག་པ་ཆུ་མོ་ཡོས་(སྤྱི་ལོ་༡༣༠༣)ལ་ལོ་ཆེན་བྱང་རྩེ་ལ་སྟོད་ལྷོ་ཟུར་ཚོར་དཔང་གི་ལྕམ་མོ་ཞིག་གི་སྲས་སུ་བལྟམས། (ཤ༡༨༤)’ ཞེས་དང་། ’དོན་བརྒྱད་པ་ཉ་ཟླའི་ཚེས་ཉེར་གཅིག་ལ་གཤེགས་སོ།། (ཤ༡༨༥)’” བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། (གངས་ཅན་རིག་མཛོད། ༤) ༡༩༨༨། ཤ༡༨༤-༡༨༥།

[9] དུང་དཀར་བློ་བཟང་འཕྲིན་ལས།  དུང་དཀར་ཚིག་མཛོད་ཆེན་མོ། པེ་ཅིང། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤ༢༢༩༥

[10] གྲགས་པ་རྒྱལ་མཚན། ཆོས་རྗེ་རིན་པོ་ཆེ་བྱང་ཆུབ་རྩེ་མོའི་རྣམ་པར་ཐར་པ་སྣང་བ་སྤེལ་བ། (དབུ་མེད་ལག་བྲིས༦༤-

[11] ངག་དབང་སྐལ་ལྡན་རྒྱ་མཚོ། ཤེལ་དཀར་ཆོས་འབྱུང་ལེགས་བཤད་ནོར་བུའི་མེ་ལོང་སྐལ་བཟང་མགྲིན་རྒྱན། (ཤེལ་དཀར་ཆོས་འབྱུང་།)  ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༢། ཤ༩༠།

Dec 16, 2022

སྤྲིན་གྱི་ཕོ་ཉ་དང་འབྲེལ་བའི་སློབ་དཔོན་ནག་མོ་ཁོལ་གྱི་ལོ་རྒྱུས་ཤིག


ཟླ་བ་གཞོན་ནུ། 


           འདི་ནི་ཨཱཙཱརྱ་ཤྲཱི་ཙརཎ་ཏཱིརྠ་མ་ཧཱ་རཱ་ཛས[1]རྒྱ་གར་གྱི་ནུབ་བྱང་སྟེ་མུཾབྷཻ་ཕྱོགས་ཀྱི་ཉེ་རབས་ཀྱི་ལེགས་སྦྱར་མཁས་པའི་དབང་བོ་གསུམ་གྱིས་ནག་མོ་ཁོལ་དང་འབྲེལ་ཏེ་བཀའ་མོལ་གནང་བ་ཞིག་ཇི་ལྟར་ཐོས་པ་བཞིན་བྲིས་པ་ཞིག་སྟེ། མཁས་པ་དེ་དག་ནི་ཤྲཱི་ཀེབལ་རཱམ་ལཱི་ལ་དྷཱར་ཤཱསྟྲཱི་[2]དང་། ཤྲཱི་ཛི་བན་རཱམ་ཤཱསྟྲཱི་མཆོག[3] ཤྲཱི་ཤངྐར་ལཱལ་ཤཱསྟྲཱི་[4]གསུམ་མོ།། ཚན་པ་འདི་ཨཱཙཱརྱ་ཤྲཱི་ཙརཎ་ཏཱིརྠ་མ་ཧཱ་རཱ་ཛ་མཆོག་གི་སྤྲིན་གྱི་ཕོ་ཉའི་འགྲེལ་བའི་གླེང་བརྗོད་ལས་དྲངས་ཏེ་བསྒྱུར།

           སྙན་ངག་དམ་པ་སྤྲིན་གྱི་ཕོ་ཉའི་ནང་གི་གནོད་སྦྱིན་རྒྱལ་བོ་སྟེ་ཀུ་བེ་ར་ལུས་ངན་བྱ་བ་ནི་རྒྱལ་བོ་རྣམ་གནོན་རང་ཡིན་པ་དང་། ཆུང་མ་དང་བྲལ་བའི་གནོད་སྦྱིན་སྙན་ངག་མཁན་ནག་མོ་ཁོལ། དེ་བཞིན་དུ་ཁོང་གི་ཆུང་མ་གསར་བ་དེ་གནོད་སྦྱིན་མོ། རྣམ་གནོན་གྱི་རྒྱལ་ས་འཕགས་རྒྱལ་ནི་ལྕང་ལོ་ཅན་མ་དང་། སྤྲིན་གྱི་ཕོ་ཉ་ནི་སྙན་ངག་མཁན་གྱི་གྲོགས་སྤྲིན་གྱི་ང་རོ་ཡིན་པར་བཤད།

           ཁོང་ཚོའི་དགོངས་པ་ལྟར་ན། ནག་མོ་ཁོལ་ནི་རྒྱལ་བོ་རྣམ་གནོན་གྱི་རིན་ཆེན་དགུའི་གྲས་ཀྱི་གཅིག་ཡིན་པ་དང་། རྒྱལ་བོ་དེས་རྣམ་གནོན་གྱི་ལོ་[5]ཟེར་བའི་རང་ཉིད་ཀྱི་དུས་རབས་ཤིག་གསར་དུ་བཏོད། རྒྱལ་བོ་ཁོ་རང་ཉིད་ཀྱང་ལེགས་སྦྱར་མཁས་པ་ཞིག་ཡིན་པས། ཁོས་མཁས་པ་རྣམས་ལ་རྒྱལ་བོ་དང་རྒྱལ་བོ་ཆེན་པོ་གཞན་ལས་ཀྱང་བཀུར་བསྟི་ཆེ་བར་མཛད། མཁས་པ་དག་ལ་གཞིས་ཀ་ལ་སོགས་པའི་ལེགས་སྐྱེས་གནང་བས་ན་དེ་དག་སྐུ་དྲག་ལྟ་བུའི་འཚོ་བ་རོལ་ཐུབ་ཀྱི་ཡོད། ཕོ་བྲང་གཞན་གྱི་ལེགས་སྦྱར་མཁས་པ་དག་ལའང་གཅིག་མཚུངས་ཀྱིས་བཀུར་བསྟི་གནང་། དུས་སྐབས་དེར། རྒྱལ་བོ་ཞིག་གི་སྟོབས་འབྱོར་དེ་ཁོང་གིས་སྦྱིན་བདག་བྱེད་སའི་པཎྜི་ཏ་རྣམས་ཀྱི་གོ་ཐོབ་དང་རྒྱུ་འབྱོར། མཚན་མཐོང་སོགས་ཀྱིས་འབྱེད་པ་ཡིན། དམངས་རྣམས་ཀྱིས་ཀྱང་རྒྱལ་བོ་ལེགས་སྦྱར་མཁས་པ་དང་ཡང་ན་ལེགས་སྦྱར་གྱི་པཎྜི་ཏ་རྣམས་ལ་འོས་འཚམས་ཀྱི་བཀུར་བསྟི་བྱེད་མཁན་ཞིག་ལ་དགའ་མོས་ཆེན་པོ་བྱེད་པ་ཡིན།

           གྲོང་ཁྱེར་འཕགས་རྒྱལ་[6]ནི་རྒྱ་གར་གྱི་རྒྱལ་བོ་རྣམ་གནོན་གྱི་རྒྱལ་ས་ཡིན་པ་དང་། ཁོའི་འོག་ཏུ་ཚོ་དཔོན་༨༠༠ཙམ་ཡོད་ཅིང་། དེ་དག་སོ་སོར་སོ་སོའི་ཕོ་བྲང་ཡང་གྲོང་ཁྱེར་དེ་རང་དུ་ཡོད། དུས་ནས་དུས་སུ། རྒྱལ་སྲས་རྣམས་རྒྱལ་སར་འཛོམས་དགོས་ཤིང་། རྒྱལ་བོའི་དུས་སྟོན་དང་དགའ་སྟོན་སོགས་ལ་ཞུགས་དགོས་པ་ཡིན། དེ་དག་གིས་རྒྱལ་བོར་བློ་འདོན་ཞིང་། བརྒྱ་ལ་ཕྱིའི་རྒྱལ་ཁབ་ཁག་གིས་དཔུང་འཇུག་བྱས་ཚེ། རྒྱལ་བོ་ལ་དམག་རོགས་བྱེད་པས། དེ་དག་རྒྱལ་བོ་ལ་ཕན་ཐོགས་ཧ་ཅང་ཆེ་བ་ཡིན། དེ་བཞིན་རྒྱལ་བོས་ཀྱང་དེ་དག་སྒེར་སོ་སོའི་འཇོན་ནུས་ལ་ལྟོས་ཏེ་གཟིགས་སྐྱོང་མཛད།

           སློབ་དཔོན་ནག་མོ་ཁོལ་དགུང་ལོ་༣༢ཟིན་པ་ན། ཁོང་གི་ཆུང་མ་གྲོངས་ཤིང་། དེ་ལ་ཤིན་ཏུ་བརྩེ་བས། ཁོས་གཉེན་བསྐྱར་དུ་མ་བསྒྲིགས། དུས་ཤིག་ལ། བིན་དྷ་ཡའི་རྒྱལ་བོའི་སྲས་མོས་ཁོང་ལ་གཉེན་སྒྲིག་འདོད་ཀྱི་བསམ་པ་བསྟན། སྲས་མོ་དེ་ནི་ལེགས་སྦྱར་ལ་ཤིན་ཏུ་མཁས་ཤིང་། ནག་མོ་ཁོལ་ནི་མོའི་སློབ་དཔོན་ཡིན་པས། མོ་སྙན་ངག་མཁན་གྱི་རང་བཞིན་དང་འཇོན་ནུས། མཁས་ཚུལ་སོགས་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད། ཡིན་ནའང་། གཉེན་སྒྲིག་དེ་སྲས་མོའི་ཡབ་ལ་མཚོན་ན་ཁས་ལེན་བྱེད་ཐབས་བྲལ་བ་སྟེ། ཁོ་ནི་རྒྱལ་བོ་རྣམ་གནོན་གྱི་མག་པ་ཡིན་པས་སོ།། དེ་བས་ཁོས་རང་གི་ཉེ་དུའི་སེམས་པ་དཀྲུགས་འདོད་མེད་པར་མ་ཟད། རང་གི་སྲས་མོ་རྒྱལ་བོ་ཞིག་ལ་སྟེར་འདོད་ཀྱི་བྲམ་ཟེ་སྙན་ངག་མཁན་ཞིག་སྤྲད་འདོད་མེད། དེ་བས་ཁོས་ནག་མོ་ཁོལ་ལ་དེ་ཁས་ལེན་མི་ཉན་ཚུལ་གྱི་ཞལ་ཏ་གནང་། ཡིན་ནའང་། སྲས་མོའི་བློ་ཐག་རྦད་དེ་ཆོད་ཡོད་པས། སྲས་མོའི་ཡུམ་ནི་གཉེན་སྒྲིག་དེ་དོན་ཐོག་ཏུ་མ་འཁྱོལ་ན་དོན་རྐྱེན་ངན་པ་འདྲ་འབྱུང་དོགས་དང་། རང་ཉིད་ཀྱི་བུ་མོ་ལ་བརྩེ་བའི་དབང་གིས་རྒྱལ་བོ་ལ་གོ་སྐོན་བྱས་ཏེ་སྲས་མོ་དང་ནག་མོ་ཁོལ་གཉིས་གཉེན་སྒྲིག་ཏུ་བཅུག

           ནག་མོ་ཁོལ་ནི་རྒྱས་སྤྲོས་ཀྱི་འཚོ་བར་རོལ་མྱོང་བ་སྟེ། སྙན་ངག་མཁན་འཇིག་རྟེན་མགོན་པོ་ལ་ཐུག་པའི་བར་དུ་ལེགས་སྦྱར་གྱི་སྙན་ངག་མཁན་རྣམས་ནི་དེ་དག་གི་རྒྱལ་བོ་རྣམས་ཀྱིས་ཡོན་སྦྱར་ཏེ་རྒྱས་སྤྲོས་ཀྱི་འཚོ་བར་རོལ་ཡོད་པ་ང་ཚོས་ཤེས་ཐུབ། སྙན་ངག་མཁན་འཇིག་རྟེན་མགོན་པོ་[7]ནི་ཁ་ཆེའི་རྒྱལ་བོའི་སྲས་མོ་ཞིག་དང་གཉེན་བསྒྲིགས། ཁོང་གིས་རོལ་མྱོང་བའི་འཚོ་བ་རྒྱས་སྤྲོས་ཅན་དེས་དམངས་ཀྱི་གཏམ་དཔེ་འདི་གྲུབ་པར་བྱས། (དིལླིཤྭརོ བཱ ཛགདཱིཤྭརོ བཱ མནོརཐཱན྄ པཱུརཡིཏུཾ སམརྠཿ[8]) འཇིག་རྟེན་མགོན་པོའི་ཡིད་ཀྱི་ཤིང་རྟ་ནི།། ལྷའམ་དིལླིའི་དབང་བོས་ཚིམས་པར་ནུས།། ཞེས་པའོ།། བཤད་སྲོལ་ཞིག་ལ། སྙན་ངག་མཁན་འཇིག་རྟེན་མགོན་པོ་ལན་ཅིག་རྒྱལ་བའི་གྲོང་[9]གི་རྒྱལ་བོ་ཆེན་པོས་གདན་དྲངས་ཤིང་། ལྷན་ཅིག་ནགས་སུ་རི་དྭགས་བཤོར་དུ་ཕྱིན། ངལ་གསོ་བའི་དུས་སུ། ནུབ་འཚལ་འཐུང་ཟིན་ནའང་། བཏུང་བ་མཆོད་པའི་དུས་ཟིན་པའི་ཚེ། ཞབས་ཞུ་བས་བྲེལ་འཚུབ་ཀྱི་དབང་གིས་རྡོ་ཐལ་འཁྱེར་མི་འདུག་པ་རྟོགས་པས། རྒྱལ་བོ་ཆེན་པོས་མྱུར་བ་མྱུར་དུ་ཞབས་ཞུ་བ་འགའ་དེ་ལེན་དུ་བརྫངས་ནའང་། སྙན་ངག་མཁན་གྱིས་སྒུག་མ་བཟོད་པར། ཁོས་ཁོང་གི་སོར་གདུབ་རིན་ཐང་ཅན་དེ་རྡོ་ལ་བརྡར་ཏེ་དེའི་ཚབ་ཏུ་བྱས་ཏེ་བཏུང་བར་རོལ། སྙན་ངག་མཁན་འཇིག་རྟེན་མགོན་པོའི་སོར་གདུབ་བརྡར་ཟིན་པ་དེ་དུས་དེང་སང་ཡང་རྒྱལ་བའི་གྲོང་གི་དཀོར་མཛོད་དུ་བདག་ཉར་བྱས་ནས་ཡོད།

           གཏམ་རྒྱུད་འདིས་ཁ་ཆེ་རྒྱལ་བོ་ཞིག་གི་མངའ་ཞབས་ཀྱི་ལེགས་སྦྱར་མཁས་པ་ཞིག་གི་རྒྱས་སྤྲོས་དང་བདེ་སྐྱིད་མཚོན་ཐུབ་པ་དང་། དེ་ཡང་དུས་རབས་འགའི་གོང་གི་ཡིན་པས། ང་ཚོས་ལོ་ངོ་ཉིས་སྟོང་སྔོན་ཏེ། ལེགས་སྦྱར་གྱི་སྐད་དེ་སྤྱི་སྐད་ཡིན་དུས་ཀྱི་ལེགས་སྦྱར་མཁས་པ་དག་ལ་མཚན་མཐོང་དང་འབྱོར་བ་ཅི་ཙམ་ཡོད་པ་ཚོད་དཔག་བྱེད་ཐུབ་པ་ཞིག་གོ།།

           བྲམ་ཟེ་དང་རྒྱལ་རིགས་གཉིས་གཉེན་སྒྲིག་པའི་སྲོལ་དེ་སྔོན་གྱི་བྱུང་རབས་དང་མ་ཧཱ་བྷཱ་ར་ཏ་སོགས་ལས་ཀྱང་འབྱུང་། ལུགས་སྲོལ་དེ་རྒྱལ་བོ་རྣམ་གནོན་གྱི་རྗེས་ཀྱི་ལོ་ཆིག་སྟོང་ཙམ་གྱི་རིང་ལ་ཡང་རྒྱུན་བསྐྱངས་འདུག དེ་ལྟ་བུའི་དཔེ་མཚོན་གནའ་སྔ་མོ་དང་དེའི་རྗེས་སུ་ཡང་ཇི་སྙེད་ཅིག་འབྱུང་། རིམ་གྱིས་རིམ་གྱིས། རིགས་བཞི་བོ་དེ་དག་ཀྱང་ནང་གསེས་ནང་གསེས་བྱས་ཏེ་ཇེ་མང་དུ་གྱུར།

           ནག་མོ་ཁོལ་རྣམ་གནོན་ལོ་བརྒྱད་པར་སྲས་མོ་དེ་དང་གཉེན་བསྒྲིགས་ཤིང་། དེའི་རྗེས་སུ། ཁོང་དགའ་མགུའི་ལོངས་སྤྱོད་ལ་ཆེས་ཆགས་ཏེ་ཕོ་བྲང་ལ་ཡང་དུས་ཐོག་བཅར་མ་ཐུབ། མཁས་པ་དང་བློན་པོ་རྣམས་གདན་འཛོམས་དུས་ཀྱང་ནག་མོ་ཁོལ་མ་ཕེབས་པས་རྒྱལ་བོ་ཅུང་ཙམ་ཐུགས་ཁྲོས་པར་གྱུར་ཞིང་། གཉེན་བསྒྲིགས་ནས་ཅང་འགོར་མེད་པ་དེ་དེའི་རྒྱུ་མཚན་ཡིན་པའང་ཁོང་གིས་རྟོགས།

           ནག་མོ་ཁོལ་ནི་ཕོ་བྲང་ནང་གི་ལེགས་སྦྱར་གྱི་སྙན་ངག་མཁན་གྲགས་ཅན་ཙམ་དུ་མ་ཟད། ཁོང་ནི་བློན་ཆེན་བརྒྱད་ཀྱི་གྲས་ཀྱང་ཡིན་ཏེ། ཕྱི་འབྲེལ་དང་ཆོས་ལུགས་ཚན་པའི་མདུན་ན་འདོན་ཡིན་པས་ཁོང་འཛིན་སྐྱོང་དང་འབྲེལ་བའི་ལས་དོན་ཆ་ཚང་ལ་ཞུགས་དགོས་ཤིང་། ཕྱི་དང་ནང་གི་མཁས་པ་དག་ལ་སྣེ་ལེན་དང་བཀུར་བསྟི་བྱེད་རྒྱུའང་ཁོའི་གཞུང་ཕྱོགས་ཀྱི་ལས་འགན་རིགས་ཤིག་ཡིན་པ་རེད། སྲས་མོ་དང་གཉེན་བསྒྲིགས་རྗེས། ནག་མོ་ཁོལ་སྒྱིད་ལུག་པར་གྱུར་བ་དང་ལས་འགན་ཡང་དུས་ཐོག་ཏུ་ཁུར་མ་ཐུབ་པ་ལན་མང་བྱུང་།

           སྙན་ངག་མཁན་ཁོང་ཕོ་བྲང་དུ་བཅར་མ་ཐུབ་པ་ལ་བརྟེན་ནས། གཞུང་གི་ལས་དོན་མང་དག་ཅིག་འཐུས་ཤོར་དུ་ཕྱིན། ཁོང་གི་ཚན་ཁོངས་སུ་གླེང་རྙོག་ཀྱང་ལན་འགར་བྱུང་། དེ་ལ་ཐུགས་རབ་ཏུ་ཁྲོས་པས། རྒྱལ་བོ་ཆེན་པོས་ནག་མོ་ཁོལ་ལས་གནས་ནས་བསྐྲད་འདོད་ཀྱང་། སྙན་ངག་མཁན་གྱི་མཁས་ཚུལ་དང་སྒེར་གྱི་ཉེ་དུའི་འབྲེལ་བ་སོགས་ལ་བརྟེན་ནས་དེ་ལྟར་གནང་མ་ཐུབ། གང་ལྟར་ཡང་། རྒྱལ་བོ་ཁོང་ལ་མི་དགའ་བ་ཇེ་ཐུར་ཕྱིན། ལན་ཅིག་མ་ག་དྷཱ་དང་ཨངྒའི་ཕྱོགས་ནས་ངོ་ལོག་བྱུང་ཞིང་། ནག་མོ་ཁོལ་ནི་ཕྱི་བློན་ཡིན་པས་འགན་དེ་ཁོང་ལ་འཁྲི་ནའང་། དེ་ལ་ཐུགས་སྣང་མ་གནང་བས། རྒྱལ་བོ་རང་ཉིད་ཀྱིས་འོ་བརྒྱལ་མྱངས་ཏེ་ཟིང་འཁྲུག་ཞོད་འཇགས་ཐུབ་ཙམ་བྱུང་། དུས་སྐབས་དེར། རྒྱལ་བོའི་སྲས་ཆེ་བའང་གློ་བར་དུ་གྲོངས་པར་གྱུར། ནག་མོ་ཁོལ་སྙན་ངག་མཁན་མཆོག་ཏུ་གྱུར་བ་ཞིག་ཡིན་པ་ཙམ་དུ་མ་ཟད། ཕྱི་བློན་ཡིན་པ་དང་། སྐར་རྩིས་ལ་མཁས་པ། དེར་མ་ཟད་ད་དུང་སྨན་པའང་ལེགས་གྲས་ཤིག་ཡིན་ནའང་། ཁོང་གིས་དུས་སྐབས་དེ་དག་ཏུ་རྒྱལ་བོ་ལ་སེམས་ཁུར་མི་བྱེད་པ་དང་། དམིགས་བསལ་གྱིས་རྒྱལ་སྲས་ལ་སྙུང་གཞི་ཕོག་དུས་ཁ་ཡ་མ་བྱས་པ་སོགས་ཀྱི་གནས་ཚུལ་བཀྲ་མ་ཤིས་པ་མཐའ་དག་གཅིག་ཏུ་འཛོམས་པས། རྒྱལ་བོ་ཁོང་ནས་ཁྲོ་བར་གྱུར་ཏེ་རྣམ་གནོན་ལོ་༡༠བའི་སྨིན་དྲུག་ཟླ་བའི་ཉིན་བཅུ་བར་ནག་མོ་ཁོལ་ལོ་གཅིག་ལ་རྒྱང་ཕུད་ལ་གཏོང་བའི་བཀའ་ཕབ།

           སྙན་ངག་མཁན་གྱིས་རང་ཉིད་ཀྱི་ནོར་འཁྲུལ་ཤེས་པར་གྱུར་ནའང་། རང་ཉིད་ཀྱི་ཆེ་བ་བསམ་ནས་རྒྱལ་བོར་ཞུ་བ་ཕུལ་བར་མ་བཅར་བར་ཉེས་ཆད་གུས་པ་དང་བཅས་ཏེ་དང་དུ་བླངས། དེ་ནས་ཅང་མ་འགོར་བར་ཁོང་འཕགས་རྒྱལ་གྱི་ཡུལ་ནས་རང་གི་གྲོགས་པོ་སྤྲིན་གྱི་ང་རོ་དང་ལྷན་དུ་གནས་གཞན་དུ་བསྙེགས། དོན་རྐྱེན་དེ་རྒྱལ་བོའི་ཕོ་བྲང་ཕྱི་ནང་ཀུན་གྱི་གླེང་གཞིར་གྱུར་བར་མ་ཟད། ནག་མོ་ཁོལ་རྒྱལ་བོའི་ཉེ་དུ་ཡིན་པའི་རྐྱེན་གྱིས། དེས་རྒྱལ་བོའི་སྣག་གི་གཉེན་མཚམས་དག་ཀྱང་མ་སྐྱིད་པ་ཞིག་བྱུང་། ག་ལེ་ག་ལེར་དོན་དེ་ས་ཕྱོགས་ཀུན་ཏུ་གྲགས་པར་གྱུར། རྒྱལ་བོ་ནི་ནག་མོ་ཁོལ་གྱིས་ཁོང་གི་བཀའ་གང་ཕབ་པ་གུས་པ་དང་བཅས་བརྩིས་པ་དེར་ཤིན་ཏུ་ཡ་མཚན་པར་གྱུར། ཁོང་གིས་བཀའ་ཕབ་དུས་ཐུགས་ཧ་ཅང་ཁྲོས་ཡོད་ནའང་། ནག་མོ་ཁོལ་གྱིས་རྒྱལ་བོའི་ཁབ་དང་རང་གི་ཁྱིམ། ད་དུང་རང་གི་ཆུང་མ་ཐམས་ཅད་སྤངས་ཏེ་གཤེགས་པར་གྱུར་བ་རྟོགས་པའི་ཚེ། ཡ་མཚན་པ་དང་སྡུག་བསྔལ་བ་གཉིས་འགྲན་པ་བཞིན་དུ་བྱུང་། ཟླ་བ་འགར། རྒྱལ་བོས་རང་གི་དགོངས་པ་འདི་གཞན་སུ་ལའང་ཤེས་སུ་མ་བཅུག དེ་ནས་དམངས་ཀྱིས་རྒྱལ་བོས་ཆད་པ་བཅད་པ་ཧ་ཅང་གདུག་རྩུབ་ཆེ་དྲགས་ཚུལ་གྱི་ལབ་གླེང་ཐོས་པ་ན། ཁོང་གི་འགྱོད་པ་ནོན་མི་ཐུབ་པར་གྱུར། སྤྱིར་ནག་མོ་ཁོལ་གྱིས་ཐུགས་བརྩེ་བར་མཛོད་ཅེས་ཞུ་བ་ཕུལ་བ་ཙམ་གྱིས་ཆག་ཡངས་བཏང་ཆོག་ཅིང་དོན་དག་དེ་ནས་མཇུག་རྫོགས་འགྲོ་ནའང་། སྙན་ངག་མཁན་གྱིས་དེ་ལྡོག་སྟེ་གུས་པ་དང་བཅས་ཏེ་ཁོང་གི་བཀའ་ཕབ་པ་དང་དུ་བླངས་ཏེ། འཕགས་རྒྱལ་སྤངས་པས། རྒྱལ་བོ་དང་མི་དམངས་ཐམས་ཅད་ནག་མོ་ཁོལ་གྱིས་རང་གི་ཆུང་མ་གསར་བ་སྤངས་ཐུབ་པར་ཡ་མཚན་ཞིང་། རིམ་གྱིས་རིམ་གྱིས་ཁོའི་བྱ་སྤྱོད་ལ་བསྔགས་བརྗོད་མཛད། རྒྱལ་སྲས་གཞན་པ་དག་གིས་ནག་མོ་ཁོལ་རྒྱལ་བོ་རྣམ་གནོན་གྱིས་རྒྱང་ཕུད་དུ་བཏང་བ་རྟོགས་མ་ཐག་སོ་སོའི་སར་ལོ་གཅིག་ལ་ཉར་བར་འདོད་ནའང་། སྙན་ངག་མཁན་ཁོང་གིས་རྗེ་བོ་གཅིག་རང་ལ་བློ་གཏོད་འདོད་ཀྱིས་ཁས་མ་བླངས་པར་ད་དུང་ན་རེ། ཉེས་ཆད་གཅོད་པ་ནི་རྒྱལ་བོའི་འགན་འཁྲི་ཡིན་པ་བཞིན་དུ་དེའི་ཉེས་པ་ཁུར་རྒྱུ་ཁོའི་འོས་འགན་ཡིན་ཚུལ་ཞུས་ཏེ། བློ་ཐག་རྦད་ཆོད་ཀྱིས་རྒྱལ་བོ་གཞན་གང་གིའང་ཡོན་ལེན་འདོད་མ་བྱུང་བར་ལོ་འཁོར་མོ་གཅིག་ལྗོངས་རྒྱུ་དང་གནས་མཇལ་གྱིས་སྐྱེལ་བར་དགོངས། གྲོང་ཁྱེར་འཕགས་རྒྱལ་ནས་ཐོན་ཏེ། ཆས་རྫུས་ཤིང་མཚན་བརྗེས་ཏེ་གནོད་སྦྱིན་ཞེས་བཏགས་ཤིང་གྲོགས་སྤྲིན་གྱི་ང་རོ་དང་ལྷན་དུ་ཡུལ་གྲུ་ཀུན་ཏུ་མྱུལ་ཞིང་། གནས་རྩ་ཆེན་གང་མང་མཇལ། འཕགས་རྒྱལ་ནས་ཁ་ཆེའི་[10]ཕྱོགས་སུ་བཞུད་པ་དང་། དེ་ནས་རི་བོ་གངས་ཅན་རྒྱུད་ཀྱི་འཆི་མེད་མགོན[11]། གངས་ཀྱི་རི་བོ[12]། ཡིད་ཀྱི་མཚོ་[13]སོགས་སུ་ཕྱིན། དེའི་རྗེས་སུ་ན་སིཀ་[14]དང་ལྔ་ཅན་མའི་[15]ཕྱོགས་སུ་གཤེགས། དེ་དུས་སུ་ཟླ་བ་བརྒྱད་ཙམ་རྫོགས་པར་གྱུར་ཞིང་། དབྱར་ཡང་རྫོགས་ལ་ཉེ་བ་དང་། ཆུ་སྟོད་ཟླ་བའི་ཆར་དུས་མགོ་འཛུགས་ལ་ཁད་དུ་གྱུར་ཙ་ན། རང་གི་ཆུང་མ་དང་ཐེངས་དང་བོར་བྲལ་བ་ཡིན་པས་ཧ་ཅང་གདུང་བར་གྱུར། སྙན་ངག་མཁན་ཁོང་གིས་རྒྱལ་བོའི་རང་གཤིས་ལེགས་པར་མཁྱེན་ལ། རྒྱལ་བོའི་བཀའ་དེ་ཡང་ཐུགས་རབ་ཏུ་ཁྲོས་པའི་དབང་གིས་ཕབ་པ་རྟོགས་པར་གྱུར་བ་དང་། ཁོང་མེད་པས་རྒྱལ་བོ་ལགས་ཀྱང་ཧ་ཅང་ཐུགས་མི་བདེ་བར་ཡོད་ངེས་སྙམ། གང་ལྟར་ཡང་། ཁོང་གིས་རྒྱལ་བོ་མཆོག་ལ་ཞུ་བ་ཕུལ་རྩིས་མེད་པ་དང་། རྒྱལ་བོས་ཀྱང་སྙན་ངག་མཁན་གྱིས་ཞུ་བ་མ་ཕུལ་བར་གུ་ཡངས་གནང་ན་ཁོས་ཁས་མི་ལེན་པ་མཁྱེན་ཡོད་པས་དེ་མུར་ལུས།

           ནག་མོ་ཁོལ་མཆོག་གིས་ཆུང་མ་དང་བྲལ་བའི་ཆར་དུས་དེ་གཅིག་པུར་སྐྱེལ་ཤིན་ཏུ་དཀའ་བར་གྱུར་བས། སྡུག་བསྔལ་བའི་སེམས་ཁམས་ཤིག་དང་བཅས་ཏེ་ཆུ་སྟོད་ཟླ་བའི་ཉིན་ཞིག་ལ་ཁོང་གིས་སྤྲིན་གྱི་ཕོ་ཉ་བརྩམས། དེ་ཡང་སྙན་ངག་མཁན་ཁོང་གིས་གཞན་བརྗོད་[16]ཀྱི་རྒྱན་འཚམས་ཤོས་སུ་གཟིགས་ཏེ། སྒྱུ་རྩལ་གྱི་བཅུད་ཀྱིས་གཏམས་པའི་རྩོམ་པ་དེ་ཡོངས་སུ་རྫོགས་པར་བྱས་ཏེ། གྲོགས་སྤྲིན་གྱི་ང་རོ་ལ་བཅོལ་ཏེ་ཡུལ་ལྔ་ཅན་མ་ནས་འཕགས་རྒྱལ་གྱི་ཕྱོགས་སུ་ཕོ་ཉར་བརྫངས། སྙན་ངག་དེ་དང་ལྷན་དུ་འཕྲིན་ཡིག་དང་བཅས་པ་ཆུང་མར་འཕྲོད་པ་ན། མོས་བཀླགས་ཚར་མ་ཐག་རྒྱལ་བོ་ལ་བསྐུར་བས། རྒྱལ་བོས་དེ་བཀླགས་ཏེ་ཤིན་ཏུ་མཉེས་པར་གྱུར་ནས། ཁོང་ལ་སྙན་ངག་མཁན་གྱི་ཕྱོགས་ནས་ཞུ་བ་ཞིག་ཕུལ་དགོས་ཡོད་པ་དེ། ‘ཡཱཉྩཱ མོགྷཱ བརམདྷིགུཎེ ནཱདྷམེ ལབྡྷཀཱམཱ[17]’(ལས་ཀྱི་དབང་གིས་ཆུང་མ་བསྐལ་གྱུར་བདག་ནི་ཁྱོད་ཀྱི་དོན་གཉེར་ཉིད།།) ཞེས་པ་དེ་ཤུགས་ཀྱིས་ཞུ་བ་ཕུལ་བར་གོ་བ་བླངས་ཏེ། རྒྱལ་བོས་མྱུར་བ་མྱུར་དུ་སྙན་ངག་མཁན་གྱི་ཉེས་པར་གུ་ཡངས་གནངས་ཏེ། རྟའི་ཁྱུ་དང་། གླང་བོའི་ཚོགས། དམག་སྡེ། ཤིང་རྟ་ལ་སོགས་པ་བརྫངས་ཏེ་སྙན་ངག་མཁན་ཕྱིར་རྒྱལ་བོའི་ཁབ་འཕགས་རྒྱལ་དུ་བསྟི་སྟང་དང་གུས་པ་རྒྱ་ཆེན་དང་བཅས་ཏེ་གདན་དྲངས།

           གཞན་བརྗོད་ཅེས་པའི་རྒྱན་གྱིས་བཅིངས་པའི་སྙན་ངག་སྤྲིན་གྱི་ཕོ་ཉ་འདི་ཆུང་མ་དང་བྲལ་བ་ལ་བརྟེན་ནས་མཛད་ཅིང་། འདིས་སྙན་ངག་མཁན་ཁོང་གི་སྒེག་པ་དང་སྙིང་རྗེའི་ཉམས་མཚོན་པའི་ཐབས་ལེགས་པར་བསྟན་ཡོད། སྙན་ངག་དེར་རྒྱང་ཕུད་ལ་གཏོང་མཁན་གྱི་རྒྱལ་བོར་རྒོལ་བའི་ཚིག་ཅང་མེད་པར་མ་ཟད། དེ་ལས་ལྡོག་སྟེ། སྙན་ངག་མཁན་གྱིས་རང་ཉིད་ཀྱི་ལས་དབང་ལ་འཁང་ར་གནང་ཡོད། ཁོང་གིས་རྒྱལ་བོ་ནི་གནོད་སྦྱིན་རྒྱལ་བོ་ལུས་ངན་བཞིན་དུ་དང་རྒྱལ་བོའི་ཁབ་འཕགས་རྒྱལ་ནི་ལྕང་ལོ་ཅན་བཞིན་དུ་བསྔགས་པ་མཛད། འདི་ལྟ་བུའི་སྐྱེས་བུ་ཆེན་པོའི་མཛད་སྤྱོད་ནི་ཤིན་ཏུ་ནས་བསྔགས་པར་འོས་པ་སྟེ། སྤྱིར་བཏང་མི་ཕལ་མོ་ཆེས་རང་ཉིད་ཀྱི་ནོར་འཁྲུལ་དང་ནོངས་པ་ངོས་མི་ཟིན་པ་དང་། རང་ཉིད་ཀྱི་ཉེས་པ་ཁས་མི་ལེན་པར་མ་ཟད། ད་དུང་རང་ཉིད་ལ་མ་ཉེས་ཁག་གཡོགས་བྱས་སོང་ཚུལ་བཤད་པ་འདི་མིའི་རང་བཞིན་ཤིག་གོ། འདི་ལྟ་བུའི་བསམ་བློ་ཡོད་མཁན་ཕལ་མོ་ཆེ་ནི་ལེགས་སྦྱར་དོན་དུ་གཉེར་མ་མྱོང་མཁན་དང་འཕགས་པའི་བསྟན་བཅོས་དག་ལ་ཐོས་བསམ་བྱས་མ་མྱོང་མཁན་དག་སྟེ། ལེགས་སྦྱར་མཁས་པ་དག་ནི་དགེ་བ་གཙུགས་སུ་འཛིན་མཁན་དང་། དེ་དག་ནི་དུས་གཏན་དུ་རང་ཉིད་ཀྱི་སྐྱོན་ཆ་དང་དེ་འབྲེལ་གྱི་མཇུག་འབྲས་དང་དུ་ལེན་པར་རྟག་ཏུ་ཉེར་བསྡོགས་ཡོད་མཁན་དག་ཡིན། ཁོང་ཅག་གིས་རང་ཉིད་ཀྱི་ལས་དབང་ལ་འཁང་ར་གནང་བ་ཡིན།

           མཁས་དབང་ཁོང་གསུམ་པོ་བཀའ་མཆིད་མཛད་པ་འདི་ནི་སྤྲིན་གྱི་ཕོ་ཉ་དང་འབྲེལ་ཏེ་གསུངས་པ་ཞིག་རེད། འདི་ནི་ལོ་ངོ་༦༠སྔོན་[18]ལ་ཐོས་པ་ཞིག་ཡིན། ཤྲཱི ཛིབནརཱམ ཤཱསྟྲཱི་[19]མཆོག་གིས་ལོ་རྒྱུས་འདིའི་ལག་བྲིས་མ་ཚིགས་བཅད་དུ་བྲིས་པ་ཞིག་ཁོང་ལ་ཡོད་གསུངས་མྱོང་ནའང་། དེ་དུང་ང་རང་ཉིད་བྱིས་པ་ཞིག་ཡིན་པས་སྤྲིན་གྱི་ཕོ་ཉའི་སྐོར་དེ་ནག་མོ་ཁོལ་གྱིས་མཛད་པ་ཙམ་མ་གཏོགས་གཞན་ཅང་མི་ཤེས། རྗེས་སུ། ལོ་ངོ་སུམ་ཅུ་ཙམ་གྱི་རྗེས་ལ་ངས་སྤྲིན་གྱི་ཕོ་ཉ་བཀླགས་དུས་མཁས་པ་ཁོང་རྣམས་ཀྱི་བཀའ་མཆིད་དེ་སྤྲོ་བ་དང་བཅས་ཏེ་དྲན་པར་གྱུར་ཞིང་། དུས་ལ་བསླེབས་པ་དང་ངས་ད་པར་དུ་བསྐྲུན་པའོ།།

 

རྩོམ་པ་བོ་ཙ་ར་ཎ་ཏཱིརྠ་ཁོང་ནི་སྙན་ངག་སྤྲིན་གྱི་ཕོ་ཉའི་འགྲེལ་བ་ལེགས་སྦྱར་དུ་མཛད་མཁན་གསར་ཤོས་ཡིན་པའོ། །


ཞབས་མཆན།

[1]Acharya Sri Charanatirtha Maharaja, Meghadutam of Kalidasa,Chowkhamba Sanskrit Series Office, Varanasi, 1973. Pp. 57-64.

[2]Kevalram Liladhar Shastri.

[3]Shri Jivanram Shastri.

[4]Shri Shankarlal Shastri.

[5] Vikrama Sabvat

[6]Ujjayini (उज्जयिनी) Ujain, Ujjayini, Avanti, Avantika, Avantikapur, འདི་ཚང་མ་ས་ཆ་གཅིག་གི་མིང་དུ་འདོད། སྤྲིན་གྱི་ཕོ་ཉར་འབྱུང་བའི་ཨུ་ཛྫ་ཡི་ནི་ཞེས་པའང་འདི་ཡིན། བོད་སྐད་དུ་འཕགས་རྒྱལ་བྱ་བའོ།། དེང་གི་མངའ་སྡེ་དབུས་མའི་(Madhya Pradesh)ཁོངས་གཏོགས་སུ་ཡོད།

[7]Jagannatha Panditaraja (1590 – 1670)

[8]दिल्लीश्वरो वा जगदीश्वरो वा मनोरथान् पूरयितं समर्थः।

[9]Jaipur

[10]Kashmir

[11]Amarnath

[12]Kailas

[13]Mansarovar

[14]Nasik

[15]Panchavatiབོད་སྐད་དུ་ལྔ་ཅན་མ་ཟེར་བ་སྟེ། སྐྱེད་མོས་ཚལ་ནྱ་གྲོ་དྷ་ལྔ་ཅན་ཞིག་ཡིན་པས་ནའོ།། དགའ་བྱེད་རཱ་མ་ལོ་བཅུ་བཞིར་ནགས་སུ་སྡོད་སའི་གནས།

[16]अन्योक्ति

[17]སྤྲིན་གྱི་ཕོ་ཉའི་ཤོ་ལོ་ཀ་དྲུག་པའི་ལས་ཀྱི་དབང་གིས་ཆུང་མ་བསྐལ་གྱུར་བདག་ནི་ཁྱོད་ཀྱི་དོན་གཉེར་ཉིད།།” ཅེས་པའོ།། (འགྱུར་གསར་མ།)

[18]དེབ་འདི་སྤྱི་ལོ༡༩༧༣ལོར་པར་སྐྲུན་གནང་འདུག་པས་མཁས་དབང་གསུམ་པོའི་བཀའ་མཆིད་འདི་སྤྱི་ལོ་༡༩༠༠ཡར་མར་ཙམ་ལ་ཡིན་དགོས་པ་འདྲ།

[19]Shri Jivaram Shastri ji