-->
Showing posts with label པཱ་ལི།. Show all posts
Showing posts with label པཱ་ལི།. Show all posts

Sep 20, 2026

སྐར་མཁན་མཽད་གལ་གྱི་བུའི་མདོ།



དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །

 

རྒྱ་གར་སྐད་དུ། གཎཀམོགྒལླཱནསུཏྟཾ།

བོད་སྐད་དུ། སྐར་མཁན་མཽད་གལ་གྱི་བུའི་མདོ།


འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། ཤར་གྱི་ཀུན་དགའ་ར་བ་རི་དྭགས་འཛིན་གྱི་མའི་ཁང་བཟངས་ན་བཞུགས་སོ། །དེའི་ཚེ་བྲམ་ཟེ་སྐར་མཁན་མཽད་གལ་གྱི་བུ་བཅོམ་ལྡན་འདས་ག་ལ་བར་ཤིན་ཏུ་ཉེ་བར་དོང་སྟེ། དོང་ནས་ཀྱང་བཅོམ་ལྡན་འདས་དང་ལྷན་ཅིག་དྲན་པ་ཡང་དག་པར་འཇོག་བཞིན་ཞེ་ས་དང་བཅས་ཏེ་ཡང་དག་པར་དགའ་བར་འགྱུར་བའི་གཏམ་དག་བྱས་ནས། ཕྱོགས་གཅིག་ཏུ་འདུག་གོ ། ཕྱོགས་གཅིག་ཏུ་བསྡད་ནས་ཀྱང་བྲམ་ཟེ་སྐར་མཁན་མཽད་གལ་གྱི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ། གོའུ་ཏ་མ། འདི་ལྟ་སྟེ། དཔེར་ན། རི་དྭགས་འཛིན་གྱི་མའི་ཁང་བཟངས་འདིའི་རྡོ་སྐས་མཐའ་མ་བར་གྱིས་བསླབ་པ་མཐར་གྱིས་པ་དང་། བྱ་བ་མཐར་གྱིས་པ་དང་། ལམ་མཐར་གྱིས་པ་སྟོན་པར་བྱེད་དོ། །ཀྱེ་གོའུ་ཏ་མ། བྲམ་ཟེའི་ཁ་ཏོན་ལ་ཡང་བསླབ་པ་མཐར་གྱིས་པ་དང་། བྱ་བ་མཐར་གྱིས་པ་དང་། ལམ་མཐར་གྱིས་པ་སྟོན་པར་བྱེད་དོ། །ཀྱེ་གོའུ་ཏ་མ། འཕོང་རྩལ་ལ་ཡང་བསླབ་པ་མཐར་གྱིས་པ་དང་། བྱ་བ་མཐར་གྱིས་པ་དང་། ལམ་མཐར་གྱིས་པ་སྟོན་པར་བྱེད་དོ། །ཀྱེ། གོའུ་ཏ་མ། བདག་ཅག་སྐར་མཁན་རྩིས་ཀྱིས་འཚོ་བ་རྣམས་ཀྱི་གྲངས་ལའང་བསླབ་པ་མཐར་གྱིས་པ་དང་། བྱ་བ་མཐར་གྱིས་པ། ལམ་མཐར་གྱིས་པ་སྟོན་པར་བགྱིད་དོ། །ཀྱེ། གོའུ་ཏ་མ། བདག་གིས་སློབ་མ་རྣམས་ལ་ཐོག་མར་འདི་ལྟར་བརྩི་བར་བྱེད་དེ། གཅིག་གཅིག་གི་གཅིག གཉིས་གཅིག་གི་གཉིས། གསུམ་གཅིག་གི་གསུམ། བཞི་གཅིག་གི་བཞི། ལྔ་གཅིག་གི་ལྔ། དྲུག་གཅིག་གི་དྲུག །བདུན་གཅིག་གི་བདུན། བརྒྱད་གཅིག་གི་བརྒྱད། དགུ་གཅིག་གི་དགུ། བཅུ་གཅིག་གི་བཅུའོ། །ཀྱེ། གོའུ་ཏ་མ། བདག་གིས་བརྒྱ་བར་དུའང་བརྩི་བར་བགྱིད་དོ། །དེ་ལས་མང་བ་ཡང་བརྩི་བར་བགྱིད་དོ། །ཀྱེ། གོའུ་ཏ་མ། ཅི་ཁྱོད་ཀྱིས་ཆོས་འདུལ་བ་ལ་འདི་བཞིན་དུ་བསླབ་པ་མཐར་གྱིས་པ་དང་། བྱ་བ་མཐར་གྱིས་པ་དང་། ལམ་མཐར་གྱིས་པ་རྣམས་རབ་ཏུ་སྟོན་པར་བྱེད་ནུས་སམ། 

བྲམ་ཟེ། ཆོས་འདུལ་བ་ལ་ཡང་འདི་ལྟར་བསླབ་པ་མཐར་གྱིས་པ་དང་། བྱ་བ་མཐར་གྱིས་པ་དང་། ལམ་མཐར་གྱིས་པ་རྣམས་རབ་ཏུ་སྟོན་པར་མཛད་ནུས་སོ། །འདི་ལྟ་སྟེ། དཔེར་ན། རྟ་འདུལ་མཁན་མཁས་པས་རྟ་ཅང་ཤེས་བཟང་པོ་རྙེད་པ་ཐོག་མ་ཉིད་དུ་ཁ་ལ་སྲབ་སྐོན་པར་བྱེད་དུ་འཇུག་པ་དང་། དེ་ནས་བྱ་བ་གཞན་བྱེད་དུ་འཇུག་པ་དེ་ལྟར་དུ། བྲམ་ཟེ། དེ་བཞིན་གཤེགས་པས་ཀྱང་སྐྱེས་བུ་གདུལ་བར་བྱ་བ་རྙེད་པ་ཐོག་མ་ཉིད་དུ་རྣམ་པར་གདུལ་དུ་འཇུག་སྟེ། དགེ་སློང་། ཁྱོད་ཚུར་ཤོག འདུལ་བ་དང་ལྡན་པར་བྱའོ། ། སོ་སོ་ཐར་པའི་སྡོམ་པ་ལ་སྤྱད་པར་བྱའོ། །སྤྱོད་པ་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་ལྡན་པར་བྱའོ། །རྡུལ་གྱི་ཚད་ཀྱི་སྤང་བྱའང་འཇིག་པར་བལྟ་བར་བྱའོ། །བསླབ་པ་རྣམས་དང་བསླབ་པའི་གནས་རྣམས་ཡང་དག་པར་སྤྱད་པར་བྱའོ། །བྲམ་ཟེ། ནམ་ཞིག་དགེ་སློང་རྣམས་ཚུལ་ཁྲིམས་དང་ལྡན་པར་གྱུར། སོ་སོ་ཐར་པའི་སྡོམ་པ་ལ་སྤྱོད་པར་གྱུར། སྤྱད་པ་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། རྡུལ་གྱི་ཚད་ཀྱི་སྤང་བྱར་ཡང་འཇིག་པར་ལྟ། བསླབ་པ་རྣམས་དང་བསླབ་པའི་གནས་རྣམས་ལ་ཡང་དག་པར་སྤྱོད་པར་གྱུར་བ་ན། དེ་བཞིན་གཤེགས་པས་དེ་དག་ལ་གཞན་རྣམས་གདུལ་དུ་གཞུག་སྟེ། དགེ་སློང་དག ཁྱོད་འདིར་ཤོག དབང་པོ་རྣམས་ཀྱིས་ཡོངས་སུ་སྒོ་བསྡམ་པར་བྱའོ། །མིག་གིས་གཟུགས་མཐོང་ནས་མཚན་མར་མ་འཛིན་པར་མ་འགྱུར་ཞིག མངོན་རྟགས་སུ་འཛིན་པར་མ་འགྱུར་ཞིག །གང་གི་ཕྱིར་མིག་གི་དབང་པོ་བསྡམས་པར་མ་གྱུར་པར་སྤྱོད་པ་དག་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་སྡིག་པ་མི་དགེ་བའི་ཆོས་རྣམས་ལ་སེམས་ཟག་པ་དང་བྲལ་བར་བྱ་བའི་ཕྱིར་དེ་དག་ལ་འབད་པ་དང་། སྡོམ་ཞིང་སྲུང་སྟེ། མིག་གི་དབང་པོ་ལ་མིག་གི་དབང་པོ་བསྡམས་ཏེ་གནས་པར་བྱའོ། །རྣ་ཡིས་སྒྲ་ཐོས་ནས་མཚན་མར་མ་འཛིན་པར་མ་འགྱུར་ཞིག མངོན་རྟགས་སུ་འཛིན་པར་མ་འགྱུར་ཞིག །གང་གི་ཕྱིར་རྣའི་དབང་པོ་བསྡམས་པར་མ་གྱུར་པར་སྤྱོད་པ་དག་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་སྡིག་པ་མི་དགེ་བའི་ཆོས་རྣམས་ལ་སེམས་ཟག་པ་དང་བྲལ་བར་བྱ་བའི་ཕྱིར་དེ་དག་ལ་འབད་པ་དང་། སྡོམ་ཞིང་སྲུང་སྟེ། རྣའི་དབང་པོ་ལ་རྣའི་དབང་པོ་བསྡམས་ཏེ་གནས་པར་བྱའོ། །སྣ་ཡིས་དྲི་ཚོར་ནས་མཚན་མར་མ་འཛིན་པར་མ་འགྱུར་ཞིག མངོན་རྟགས་སུ་འཛིན་པར་མ་འགྱུར་ཞིག །གང་གི་ཕྱིར་སྣའི་དབང་པོ་བསྡམས་པར་མ་གྱུར་པར་སྤྱོད་པ་དག་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་སྡིག་པ་མི་དགེ་བའི་ཆོས་རྣམས་ལ་སེམས་ཟག་པ་དང་བྲལ་བར་བྱ་བའི་ཕྱིར་དེ་དག་ལ་འབད་པ་དང་། སྡོམ་ཞིང་སྲུང་སྟེ། སྣའི་དབང་པོ་ལ་སྣའི་དབང་པོ་བསྡམས་ཏེ་གནས་པར་བྱའོ། །ལྕེ་ཡིས་རོ་ཚོར་ནས་མཚན་མར་མ་འཛིན་པར་མ་འགྱུར་ཞིག མངོན་རྟགས་སུ་འཛིན་པར་མ་འགྱུར་ཞིག །གང་གི་ཕྱིར་ལྕེའི་དབང་པོ་བསྡམས་པར་མ་གྱུར་པར་སྤྱོད་པ་དག་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་སྡིག་པ་མི་དགེ་བའི་ཆོས་རྣམས་ལ་སེམས་ཟག་པ་དང་བྲལ་བར་བྱ་བའི་ཕྱིར་དེ་དག་ལ་འབད་པ་དང་། སྡོམ་ཞིང་སྲུང་སྟེ། ལྕེའི་དབང་པོ་ལ་ལྕེའི་དབང་པོ་བསྡམས་ཏེ་གནས་པར་བྱའོ། །ལུས་ཀྱིས་རེག་བྱ་མྱང་ནས་མཚན་མར་མ་འཛིན་པར་མ་འགྱུར་ཞིག མངོན་རྟགས་སུ་འཛིན་པར་མ་འགྱུར་ཞིག །གང་གི་ཕྱིར་ལུས་ཀྱི་དབང་པོ་བསྡམས་པར་མ་གྱུར་པར་སྤྱོད་པ་དག་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་སྡིག་པ་མི་དགེ་བའི་ཆོས་རྣམས་ལ་སེམས་ཟག་པ་དང་བྲལ་བར་བྱ་བའི་ཕྱིར་དེ་དག་ལ་འབད་པ་དང་། སྡོམ་ཞིང་སྲུང་སྟེ། ལུས་དབང་པོ་ལ་ལུས་ཀྱི་དབང་པོ་བསྡམས་ཏེ་གནས་པར་བྱའོ། །ཡིད་ཀྱིས་ཆོས་རྣམ་པར་ཤེས་ནས་མཚན་མར་མ་འཛིན་པར་མ་འགྱུར་ཞིག མངོན་རྟགས་སུ་འཛིན་པར་མ་འགྱུར་ཞིག །གང་གི་ཕྱིར་ཡིད་ཀྱི་དབང་པོ་བསྡམས་པར་མ་གྱུར་པར་སྤྱོད་པ་དག་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་སྡིག་པ་མི་དགེ་བའི་ཆོས་རྣམས་ལ་སེམས་ཟག་པ་དང་བྲལ་བར་བྱ་བའི་ཕྱིར་དེ་དག་ལ་འབད་པ་དང་། སྡོམ་ཞིང་སྲུང་སྟེ། ཡིད་ཀྱི་དབང་པོ་ལ་ཡིད་ཀྱི་དབང་པོ་བསྡམས་ཏེ་གནས་པར་བྱའོ། །
བྲམ་ཟེ། ནམ་ཞིག་དགེ་སློང་རྣམས་དབང་པོའི་སྒོ་ཡོངས་སུ་བསྡམས་ཤིང་གནས་པ་དང་། དེ་བཞིན་གཤེགས་པས་དེ་རྣམས་ལ་གཞན་གདུལ་དུ་གཞུག་སྟེ། དགེ་སློང་ཁྱོད། ཚུར་ཤོག ཟས་ཀྱི་ཚོད་རིག་པར་འགྱུར་བར་བྱའོ། །སོ་སོ་བརྟགས་པས་ཚུལ་བཞིན་དུ་ཟས་བཟའ་བར་བྱ་སྟེ། རྩེ་བའི་ཕྱིར་མ་ལགས། རྒྱགས་པའི་ཕྱིར་མ་ལགས། འཚག་གི་ཕྱིར་མ་ལགས། རྣམ་པར་བརྒྱན་པའི་ཕྱིར་མ་ལགས་ཀྱི། ཇི་ལྟར་སྲིད་དུ་ལུས་གནས་ཤིང་རྟེན་པ་དང་། བཀྲེས་པ་བཟློག་པ་དང་། ཚངས་པར་སྤྱོད་པ་རྗེས་སུ་གཟུང་བའི་ཕྱིར་རོ། །ཚོར་བ་སྔ་མ་བཟློག་ཅིག་ཚོར་བ་གསར་པ་སྐྱེད་པར་བྱ་བའི་ཕྱིར་དང་། བདག་གང་དུ་སྐྱེ་བར་འགྱུར་ན། དེར་བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར་རོ། །བྲམ་ཟེ། ནམ་ཞིག་དགེ་སློང་རྣམས་ཟས་ཀྱི་ཚོད་རིག་པར་གྱུར་ན། དེ་བཞིན་གཤེགས་པས་དེ་རྣམས་ལ་གཞན་ལ་གདུལ་དུ་གཞུག་སྟེ། དགེ་སློང་དག །ཁྱོད་ཚུར་ཤོག མི་ཉལ་བའི་སྦྱོར་བ་ལ་བརྩོན་པར་བྱའོ། །མཚན་ཉིན་མོ་རྒྱུ་བ་དང་གནས་པ་དག་ལ་ཆོས་རྣམས་ལ་སེམས་སྒྲིབ་པ་མེད་ཅིང་ཡོངས་སུ་དག་གོ །མཚན་མོའི་ཐུན་དང་པོ་ལ་རྒྱུ་བ་དང་གནས་པ་དག་ལས་ཆོས་རྣམས་ལ་སེམས་སྒྲིབ་པ་མེད་ཅིང་ཡོངས་སུ་དག་ནས་མཚན་མོའི་ཐུན་བར་པ་ལ་སེང་གེ་ཉལ་སྟབས་ཀྱིས་གློ་གཡས་པ་ཕབ་སྟེ། རྐང་པས་རྐང་པ་མནན་ནས། དྲན་པ་དང་ཤེས་བཞིན་གྱིས་སྣང་བའི་འདུ་ཤེས་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་ཅིང་ཉལ་བར་བྱེད་དོ། །མཚན་མོའི་ཐུན་ཐ་མ་ལ་མྱུར་བ་མྱུར་བར་ལངས་ནས་རྒྱུ་བ་གནས་པ་དག་ལ་ཆོས་རྣམས་ལ་སེམས་སྒྲིབ་པ་མེད་ཅིང་ཡོངས་སུ་དག་གོ །བྲམ་ཟེ། དགེ་སློང་རྣམས་མི་ཉལ་བའི་སྦྱོར་བ་དང་རྗེས་སུ་ལྡན་པར་གྱུར་ན། དེ་བཞིན་གཤེགས་པས་དེ་རྣམས་ལ་གཞན་གདུལ་དུ་གཞུག་སྟེ། དགེ་སློང་དག ཁྱོད་ཚུར་ཤོག དྲན་པ་དང་ཤེས་བཞིན་དང་ཡང་དག་པར་ལྡན་པར་བྱའོ། །སྔོན་དུ་སྐྱོད་པ་དང་ཕྱིར་ལྡོག་པ་ན་ཡང་དྲན་པ་ཉེ་བར་བཞག་པ་དང་ལྡན་པས་བྱའོ། །སྔོན་དུ་ལྟ་བ་དང་ཕྱིར་ལྟ་བ་ན་ཡང་དྲན་པ་ཉེ་བར་བཞག་པ་དང་ལྡན་པས་བྱའོ། །ཕྱིར་དགྱེ་བ་དང་མར་སྒུར་བ་ན་ཡང་དྲན་པ་ཉེ་བར་བཞག་པ་དང་ལྡན་པས་བྱའོ། །ཕྱིའི་ལྷུང་བཟེད་དང་ཆོས་གོས་དང་སྣམ་སྦྱར་འཛིན་པ་ན་ཡང་དྲན་པ་ཉེ་བར་བཞག་པ་དང་ལྡན་པས་བྱའོ། །ཟ་བ་དང་། འཐུང་བ་དང་། ལྡོད་པ་དང་། མྱོང་བ་ན་ཡང་དྲན་པ་ཉེ་བར་བཞག་པ་དང་ལྡན་པས་བྱའོ། །བཤང་བ་དང་གཅི་བ་ན་ཡང་དྲན་པ་ཉེ་བར་བཞག་པ་དང་ལྡན་པས་བྱའོ། །འགྲོ་བ་དང་། ལང་བ་དང་། སྡོད་པ་དང་། ཉལ་བ་དང་། སད་པ་དང་། བཤད་པ་དང་། ཁ་རོག་གེར་འདུག་པ་ན་ཡང་དྲན་པ་ཉེ་བར་བཞག་པ་དང་ལྡན་པས་བྱའོ། །བྲམ་ཟེ། ནམ་ཞིག་དགེ་སློང་རྣམས་དྲན་པ་དང་ཤེས་བཞིན་ཡང་དག་པ་དང་ལྡན་པར་གྱུར་ན། དེ་བཞིན་གཤེགས་པས་དེ་རྣམས་ལ་གཞན་གདུལ་དུ་གཞུག་སྟེ། དགེ་སློང་དག ཁྱོད་ཚུར་ཤོག གནལ་མལ་དབེན་པ་བསྟེན་པར་བྱའོ། །ནགས་དང་། ཤིང་དྲུང་དང་། རི་དང་། ཕུག་དང་། རིའི་ཁང་པ་དང་། དུར་ཁྲོད་དང་། ནགས་ཁྲོད་དང་། བླ་གབ་མེད་པ་དང་། རྩྭ་སྤྱིལ་བསྟེན་པར་བྱའོ། །དེ་དག་ཟས་ཟོས་ནས་བསོད་སྙོམས་ལས་སླར་ལོག་སྟེ། སྐྱིལ་མོ་ཀྲུང་བཅས་ནས་འདུག་ཅིང་ལུས་དྲང་པོར་བསྲང་སྟེ། དྲན་པ་མངོན་དུ་བཞག་ནས། དེ་དག་འཇིག་རྟེན་པའི་ཆགས་པ་སྤངས་ཏེ། ཆགས་པ་དང་བྲལ་བའི་སེམས་མང་པོར་སྤྱོད་ཅིང་། ཆགས་པའི་སེམས་ཡོངས་སུ་སྦྱོང་ངོ་། །གནོད་སེམས་སྤངས་ཏེ་གནོད་པ་དང་བྲལ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་རྗེས་སུ་བརྩེ་བའི་སེམས་མང་པོར་སྤྱོད་ཅིང་། གནོད་སེམས་ཀྱི་སྐྱོན་དང་བཅས་པའི་སེམས་ཡོངས་སུ་སྦྱོང་ངོ་། །རྨུག་གཉིད་སྤངས་ཏེ་རྨུག་གཉིད་དང་བྲལ་བ་སྣང་བའི་སེམས་དང་བཅས་ཏེ་རང་ཉིད་རབ་ཏུ་ཤེས་པར་བྱེད་ཅིང་། རྨུགས་གཉིད་ཀྱི་སེམས་ཡོངས་སུ་སྦྱོང་ངོ་། །རྒོད་འགྱོད་སྤངས་ཏེ། དྲེགས་པ་མེད་པ་ནང་གི་ཡོངས་སུ་ཞི་བའི་སེམས་མང་པོར་སྤྱོད་ཅིང་། རྒོད་འགྱོད་ཀྱི་སེམས་ཡོངས་སུ་སྦྱོང་ངོ་། །ཐེ་ཚོམ་སྤངས་ཏེ། ཐེ་ཚོམ་ལས་ཡོངས་སུ་བརྒལ་བར་སྤྱོད་ཅིང་། དགེ་བའི་ཆོས་རྣམས་ལ་འདི་ལྟ་བུའམ་ཇི་ལྟ་བུ་ཞེས་བྱ་བའི་ཐེ་ཚོམ་གྱི་སེམས་ཡོངས་སུ་སྦྱོང་ངོ་།།


དེ་དག་སྒྲིབ་པ་ལྔ་པོ་འདི་དག་སྤངས་ཏེ། སེམས་ཀྱི་ཉེ་ཉོན་དག་ཤེས་རབ་ཀྱིས་སྟོབས་མེད་པར་བྱས་ཏེ། འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བའི་བསམ་གཏན་དང་པོ་མངོན་དུ་བསྒྲུབས་ནས་གནས་སོ། །དེ་དག་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཞི་བར་བྱ་བའི་ཕྱིར། ནང་གི་སེམས་ལ་རབ་ཏུ་དགའ་བ་གཅིག་ཏུ་དམིགས་པས་རྣམ་པར་མི་རྟོག །རྣམ་པར་མི་དཔྱོད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བའི་བསམ་གཏན་གཉིས་པ་མངོན་དུ་བསྒྲུབས་ཏེ་གནས་སོ། །དེ་དག་དགའ་བ་སྤངས་ནས་བཏང་སྙོམས་དང་། དྲན་པ་དང་། རབ་ཏུ་ཤེས་པ་དང་། བདེ་བས་ལུས་ལ་སོ་སོར་མྱོང་བར་གནས་ཏེ། གང་འཕགས་པ་དག་གིས་གསུངས་པའི་དྲན་པ་དང་ལྡན་པའི་བཏང་སྙོམས་པར་བྱས་ཏེ། བདེ་བར་གནས་སོ་ཞེས་བྱ་བའི་བསམ་གཏན་གསུམ་པ་མངོན་དུ་བསྒྲུབས་ཏེ་གནས་སོ། །དེ་དག་བདེ་བ་ཡང་སྤངས། སྡུག་བསྔལ་བ་ཡང་སྤངས་ཏེ། ཡིད་བདེ་བ་དང་། ཡིད་མི་བདེ་བ་ནི་སྔར་སྤངས་པས་ན་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་བཏང་སྙོམས་དང་། དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་བ་མངོན་པར་བསྒྲུབས་ནས་གནས་སོ། །

བྲམ་ཟེ། དགེ་སློང་གང་དག་སློབ་པ་ཡིན་པ་རྣམས་ཀྱིས་མ་ཐོབ་པའི་ཡིད་ཀྱིས་བླ་ན་མེད་པའི་གྲུབ་པ་དང་བདེ་བ་དོན་གཉེར་བས་སྤྱོད་པ་ཡིན་ལ། དེ་དག་ལ་བདག་གི་རྗེས་སུ་བསྟན་པ་འདི་ལྟ་བུའོ། །གཞན་ཡང་དགེ་སློང་གང་དག་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་སྦྱོར་བ་ཡོངས་སུ་བས་པ། བཀའ་ཡང་དག་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དེ་དག་ཆོས་འདི་དག་ལ་མཐོང་ཆོས་བདེ་བར་སྤྱོད་པ་དང་དྲན་པ་ཉེ་བར་གཞག་པའི་ཕྱིར་ཉིད་དུ་ཡོངས་སུ་སྒྲུབ་པར་འགྱུར་རོ། །

དེ་སྐད་ཅེས་བཀའ་སྩལ་པ་དང་། བྲམ་ཟེ་སྐར་མཁན་མཽད་གལ་གྱི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་པ། ཅི་གོའུ་ཏ་མའི་ཉན་ཐོས་རྣམས་གོའུ་ཏ་མ་ཁྱོད་ཀྱིས་ཇི་ལྟར་གདམས་པ་དང་རྗེས་སུ་བསྟན་པ་བཞིན་དུ་ཐམས་ཅད་མཐར་ཐུག་མྱ་ངན་མེད་པ་འཐོབ་པར་འགྱུར་རམ། ཡང་ལ་ལ་ལ་ཐོབ་པར་མི་འགྱུར། བྲམ་ཟེ། བདག་གི་ཉན་ཐོས་རྣམས་ལས་ལ་ལ་བདག་གིས་ཇི་ལྟར་གདམས་པ་དང་རྗེས་སུ་བསྟན་པ་བཞིན་དུ་ཐམས་ཅད་མཐར་ཐུག་མྱ་ངན་ལས་འདས་པར་འགྱུར་ལ། ལ་ལ་མྱ་ངན་ལས་འདས་པར་མི་འགྱུར་རོ། །བཙུན་པ། རྒྱུ་ཅི་དང་རྐྱེན་ཅིས་གང་མྱ་ངན་ལས་འདས་པ་ཡོད་པ་དང་། མྱ་ངན་ལས་འདས་པར་འགྲོ་བའི་ལམ་ཡོད་པ་དང་། ཡང་དག་པར་འཛིན་དུ་འཇུག་པ་པོ་གོའུ་ཏ་མ་བཞུགས་པ་དང་། གོའུ་ཏ་མའི་ཉན་ཐོས་རྣམས་གོའུ་ཏ་མ་ཁྱོད་ཀྱིས་ཇི་ལྟར་གདམས་པ་དང་རྗེས་སུ་བསྟན་བཞིན་དུའང་ལ་ལ་ལ་མཐར་ཐུག་མྱ་ངན་མེད་པ་འཐོབ་པར་འགྱུར་བ་དང་། ཡང་ལ་ལ་ལ་ཐོབ་པར་མི་འགྱུར། 


བྲམ་ཟེ། དེ་ལ་བདག་ཁྱོད་ལ་འདི་ལྟར་སླར་འདྲི་བར་བགྱི་ཡི། ཇི་ལྟར་ནུས་པ་ལྟར་དུ་ཁྱོད་ཀྱིས་བདག་ལ་སྨྲོས་ཤིག བྲམ་ཟེ། ཁྱོད་ཇི་སྙམ་དུ་སེམས། ཁྱོད་རྒྱལ་པོའི་ཁབ་ཏུ་འགྲོ་བའི་ལམ་སྟོན་པ་ལ་མཁས་སམ། ཀྱེ། བདག་རྒྱལ་པོའི་ཁབ་ཏུ་བགྲོད་པའི་ལམ་སྟོན་པ་ལ་མཁས་པ་ཉིད་དོ། །བྲམ་ཟེ། དེ་ལ་ཁྱོད་ཇི་སྙམ་དུ་སེམས། སྐྱེས་བུ་རྒྱལ་པོའི་ཁབ་ལ་བགྲོད་པར་འདོད་པ་ཞིག་འདིར་འོངས་ཏེ། དེ་ཁྱོད་ལ་ཤིན་ཏུ་ཉེ་བར་བཅར་ཏེ་སྨྲས་པ། བཙུན་པ། བདག་རྒྱལ་པོའི་ཁབ་ཏུ་བགྲོད་པར་འདོད་ན། རྒྱལ་པོའི་ཁབ་དེ་ལ་བགྲོད་པའི་ལམ་བདག་ལ་སྟོན་པར་མཛོད།  དེ་ལ་ཁྱོད་འདི་སྐད་ཅེས་སྨྲས་པ། ཀྱེ། སྐྱེས་བུ། ལམ་འདི་རྒྱལ་པོའི་ཁབ་ལ་འགྲོ་བ་སྟེ། དེ་ནས་ཡུད་ཙམ་སོང་ཞིག དེ་ནས་ཡུད་ཙམ་སོང་ཞིག་དང་ཁྱོད་ཀྱིས་མིང་ལ་ག་གེ་མོ་བྱ་བ་གྲོང་ཞིག་མཐོང་བར་འགྱུར་རོ། ། དེ་ནས་ཡུད་ཙམ་སོང་བར་གྱུར་ན་མིང་ལ་ག་གེ་མོ་བྱ་བའི་གྲོང་རྡལ་ཞིག་མཐོང་བར་འགྱུར་རོ། ། དེ་ནས་ཡུད་ཙམ་ཞིག་སོང་ཞིག དེ་ནས་ཡུད་ཙམ་ཞིག་སོང་ན་ཁྱོད་ཀྱིས་རྒྱལ་པོའི་ཁབ་ཀྱི་ཉམས་དགའ་བའི་ཀུན་དགའ་ར་བ་དང་། ཉམས་དགའ་བའི་ནགས་དང་། ཉམས་དགའ་བའི་ས་དང་། ཉམས་དགའ་བའི་རྫིང་བུ་དག་མཐོང་བར་འགྱུར་རོ། ། དེ་ལ་ཁྱོད་ཀྱིས་འདི་ལྟར་གདམས་པ་དང་རྗེས་སུ་བསྟན་པ་བཞིན་དུའང་། ལམ་ལོག་པར་ཞུགས་ནས་ནུབ་ཏུ་གདོང་ཕྱོགས་ཏེ་སོང་བར་གྱུར་ཏོ། །དེ་ནས་ཡང་རྒྱལ་པོའི་ཁབ་ཏུ་བགྲོད་པར་འདོད་པའི་སྐྱེས་བུ་གཞན་ཞིག་འོངས་ཏེ། དེ་ཁྱོད་ལ་ཤིན་ཏུ་ཉེ་བར་བཅར་ཏེ་སྨྲས་པ། བཙུན་པ། བདག་རྒྱལ་པོའི་ཁབ་ཏུ་བགྲོད་པར་འདོད་ན། རྒྱལ་པོའི་ཁབ་དེ་ལ་བགྲོད་པའི་ལམ་བདག་ལ་སྟོན་པར་མཛོད།  དེ་ལ་ཁྱོད་འདི་སྐད་ཅེས་སྨྲས་པ། ཀྱེ། སྐྱེས་བུ། ལམ་འདི་རྒྱལ་པོའི་ཁབ་ལ་འགྲོ་བ་སྟེ། དེ་ནས་ཡུད་ཙམ་སོང་ཞིག དེ་ནས་ཡུད་ཙམ་སོང་ཞིག་དང་ཁྱོད་ཀྱིས་མིང་ལ་ག་གེ་མོ་བྱ་བ་གྲོང་ཞིག་མཐོང་བར་འགྱུར་རོ། ། དེ་ནས་ཡུད་ཙམ་སོང་བར་གྱུར་ན་མིང་ལ་ག་གེ་མོ་བྱ་བའི་གྲོང་རྡལ་ཞིག་མཐོང་བར་འགྱུར་རོ། ། དེ་ནས་ཡུད་ཙམ་ཞིག་སོང་ཞིག དེ་ནས་ཡུད་ཙམ་ཞིག་སོང་ན་ཁྱོད་ཀྱིས་རྒྱལ་པོའི་ཁབ་ཀྱི་ཉམས་དགའ་བའི་ཀུན་དགའ་ར་བ་དང་། ཉམས་དགའ་བའི་ནགས་དང་། ཉམས་དགའ་བའི་ས་དང་། ཉམས་དགའ་བའི་རྫིང་བུ་དག་མཐོང་བར་འགྱུར་རོ། ། དེ་ལ་ཁྱོད་ཀྱིས་འདི་ལྟར་གདམས་པ་དང་རྗེས་སུ་བསྟན་པ་བཞིན་དུ་བདེ་བར་རྒྱལ་པོའི་ཁབ་ཏུ་ཕྱིན་པར་གྱུར་ཏོ། །

བྲམ་ཟེ། རྒྱུ་ཅི་དང་རྐྱེན་ཅིས་གང་རྒྱལ་པོའི་ཁབ་ཡོད་པ་དང་། རྒྱལ་པོའི་ཁབ་ཏུ་བགྲོད་པའི་ལམ་ཡོད་པ་དང་། ཡང་དག་པར་འཛིན་དུ་འཇུག་པ་པོ་ཁྱོད་ཡོད་པ་དང་། ཁྱོད་ཀྱིས་ཇི་ལྟར་གདམས་པ་དང་རྗེས་སུ་བསྟན་བཞིན་དུའང་སྐྱེས་བུ་གཅིག་ལམ་ལོག་པར་ཞུགས་ནས་ནུབ་ཏུ་གདོང་ཕྱོགས་ནས་ཕྱིན་པར་གྱུར་ལ། གཅིག་བདེ་བར་རྒྱལ་པོའི་ཁབ་ཏུ་བདེ་བར་ཕྱིན་པར་གྱུར་ཏམ། ཀྱེ། གོའུ་ཏ་མ། བདག་གིས་དེ་ལ་ཅི་ཞིག་བྱ། བདག་ནི་ལམ་སྟོན་པ་པོ་ཙམ་ལགས་སོ། །

བྲམ་ཟེ། དེ་བཞིན་དུ། མྱ་ངན་ལས་འདས་པ་ཡོད་པ་དང་། མྱ་ངན་ལས་འདས་པར་འགྲོ་བའི་ལམ་ཡོད་པ་དང་། ཡང་དག་པར་འཛིན་དུ་འཇུག་པ་པོ་གོའུ་ཏ་མ་བཞུགས་པ་དང་། བདག་གི་ཉན་ཐོས་རྣམས་ལ་བདག་གིས་ཇི་ལྟར་གདམས་པ་དང་རྗེས་སུ་བསྟན་བཞིན་དུའང་། ལ་ལ་ལ་མཐར་ཐུག་མྱ་ངན་མེད་པ་འཐོབ་པར་འགྱུར་བ་དང་། ཡང་ལ་ལ་ལ་ཐོབ་པར་མི་འགྱུར་བ་འདིར་བདག་གིས་ཅི་ཞིག་བྱ། བྲམ་ཟེ། དེ་བཞིན་གཤེགས་པ་ནི་ལམ་སྟོན་པ་པོའོ། །


དེ་སྐད་ཅེས་བཀའ་སྩལ་པ་དང་། བྲམ་ཟེ་སྐར་མཁན་མཽད་གལ་གྱི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་པ།  ཀྱེ། གོའུ་ཏ་མ། སྐྱེས་བུ་གང་དག་དད་པ་མེད་པ། དད་པས་མ་ཡིན་པར་འཚོ་འཚོས་ཙམ་གྱི་སླད་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ། གཡོ་དང་སྒྱུ་དང་ཁེངས་པ་དང་རྒྱགས་པ་དང་། མི་བརྟན་པ་དང་། མུ་ཅོར་སྒྲོག་པ་དང་། རྒྱས་པར་སྨྲ་བ་དང་། དབང་པོའི་སྒོ་མ་བསྡམས་པ་དང་། ཟས་ཀྱི་ཚོད་མི་རིག་པ་དང་། མི་ཉལ་བའི་སྦྱོར་བ་དང་མི་ལྡན་པ་དང་། དགེ་སྦྱོང་གི་ཆོས་ལ་ལྟོས་པ་མེད་པ་དང་། བསླབ་པ་ལ་མི་གུས་པ་དང་། མང་པོ་ཅན་དང་། ལེ་ལོ་ཅན་དང་། འཇུག་པ་ལ་སྔོན་དུ་འགྲོ་བ་དང་། ཪབ་ཏུ་དབེན་པ་ལ་མངོན་པར་མི་དགའ་བ་དང་། བརྩོན་འགྲུས་ཞན་པ་དང་། བརྗེས་ངས་པ་དང་། ཤེས་བཞིན་མ་ཡིན་པ་དང་། མཉམ་པར་མ་གཞག་པ་དང་། སེམས་རྣམ་པར་འཕྲུལ་བ་དང་། ཤེས་རབ་འཆལ་བ་དང་། ལུག་ལྟར་གླེན་པ་དེ་དག་དང་། གོའུ་ཏ་མ། ལྷན་ཅིག་གནས་པར་མ་མཛད་ཅིག 


གཞན་ཡང་། རིགས་ཀྱི་བུ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ། གཡོ་མེད་པ་དང་། སྒྱུ་མེད་པ་དང་། ཁེངས་པ་མེད་པ་དང་། རྒྱགས་པ་མེད་པ་དང་། བརྟན་པ་དང་། མུ་ཅོར་སྒྲོག་པ་མ་ཡིན་པ་དང་། རྒྱས་པར་སྨྲ་བ་མ་ཡིན་པ་དང་། དབང་པོའི་སྒོ་བསྡམས་པ་དང་། ཟས་ཀྱི་ཚོད་རིག་པ་དང་། མི་ཉལ་བའི་སྦྱོར་བ་དང་ལྡན་པ་དང་། དགེ་སྦྱོང་གི་ཆོས་ལ་ལྟོས་པ་དང་། བསླབ་པ་ལ་གུས་པ་དང་། མང་པོ་ཅན་མ་ཡིན་པ་དང་། ལེ་ལོ་ཅན་མ་ཡིན་པ་དང་། འཇུག་པ་ལ་མངོན་པར་མི་དགའ་བ་དང་། ཪབ་ཏུ་དབེན་པ་ལ་སྔོན་དུ་འགྲོ་བ་དང་། བརྩོན་འགྲུས་རྩོམ་པ་དང་། བདག་ཉིད་སྤངས་པ་དང་། ཤེས་བཞིན་དང་། མཉམ་པར་གཞག་པ་དང་། སེམས་རྩེ་གཅིག་པ་དང་། ཤེས་རབ་ལྡན་པ་དང་། ལུག་ལྟར་གླེན་པ་མ་ཡིན་པ་དེ་དག་དང་། གོའུ་ཏ་མ། ལྷན་ཅིག་གནས་པར་མཛོད། ཀྱེ། གོའུ་ཏ་མ། འདི་ལྟ་སྟེ། དཔེར་ན། རྩ་བ་དྲི་མ་ཅན་གང་དག་ལས་དུས་དང་རྗེས་སུ་འབྲང་བའི་ཙན་དན་ནི་མཆོག་ཏུ་བརྗོད་པ་དང་། སྙིང་པོ་དྲི་མ་ཅན་གང་དག་ལས་ཙན་དན་དམར་པོ་ནི་མཆོག་ཏུ་བརྗོད་པ་དང་། མེ་ཏོག་དྲི་མ་ཅན་གང་དག་ལས་མེ་ཏོག་བཱ་རྴི་ཀཱི་ནི་མཆོག་ཏུ་བརྗོད་པ་དེ་ལྟར་དུ། གོའུ་ཏ་མ་ཁྱོད་ཀྱི་གདམས་པ་ནི་ཆོས་རྣམས་ལས་མཆོག་ཏུ་གྱུར་པའོ། །ཀྱེ། གོའུ་ཏ་མ། ངོ་མཚར་རྨད་དུ་བྱུང་ངོ་། ། ཀྱེ། གོའུ་ཏ་མ། ངོ་མཚར་རྨད་དུ་བྱུང་ངོ་། །འདི་ལྟ་སྟེ། དཔེར་ན།  མགོ་མཇུག་ལྡོག་པ་རྣམས་མགོ་འཇུག་མ་ལོག་པར་མཛད། བསྒྲིབས་པར་གྱུར་པ་རྣམས་རྣམ་པར་ཕྱེ་བར་མཛད།  རྨོངས་པ་རྣམས་ལ་ལམ་བསྟན་པར་མཛད། སྨག་ལ་སྣུམ་གྱི་སྒྲོན་མེ་བཏེགས་པར་མཛད་ནས། མིག་དང་ལྡན་པ་རྣམས་ཀྱིས་གཟུགས་རྣམས་མཐོང་བར་མཛད་དོ། །གོའུ་ཏ་མ་ཁྱོད་ཀྱིས་རྣམ་གྲངས་དུ་མའི་སྒོ་ནས་ཆོས་རབ་ཏུ་གསལ་བར་མཛད་དོ། །དེ་བས་འདིར་བདག་གོའུ་ཏ་མ་ཁྱོད་ལ་སྐྱབས་སུ་མཆིའོ། ། ཆོས་དང་དགེ་འདུན་ལའང་སྐྱབས་སུ་མཆིའོ། ། བདག་གོའུ་ཏ་མ་ཁྱོད་ཀྱི་དགེ་བསྙེན་དུ་གཟུང་དུ་གསོལ་ལ། དེང་སླན་ཆད་ཇི་སྲིད་འཚོ་བའི་བར་དུ་བདག་སྐྱབས་སུ་མཆིའོ། །



སྐར་མཁན་མཽད་གལ་གྱི་བུ་ཞེས་བྱ་བའི་མདོ་ཡོངས་སུ་རྫོགས་སོ། །

གངས་ཅན་གྱི་ལོ་ཙཱ་བ་ཟླ་བ་གཞོན་ནུའམ་ཡང་གླེ་རྡོ་རྗེ་སྐྱབས་ཀྱིས་བསྒྱུར་བ་དགེའོ། །

 

Apr 30, 2026

སངས་རྒྱས་རྒྱུད་ཀྱི་མཁས་པ་བློ་གྲོས་བཟང་བོའི་གཏམ་དུ་བྱ་བ་བཞུགས།


 

མཁས་པ་བློ་གྲོས་བཟང་བོའི་གཏམ་དུ་བྱ་བ།

 


བསྐལ་བ་གྲངས་མེད་བཞི་དང་ནི། །འབུམ་ཕྲག་གཅིག་ནི་ལྷག་པ་ན། །

གྲོང་ཁྱེར་འཇིགས་མེད་ལྡན་ཞེས་པ། །མཐོང་བ་ཡིས་ནི་དགའ་བར་བྱེད། །

རྒྱུན་མི་འཆད་པ་སྒྲ་བཅུ་བཞིན། །བཟའ་དང་བཏུང་བ་ཡང་དག་ལྡན། །༡༢

གླང་བོའི་སྒྲ་དང་རྟ་ཡི་སྒྲ། །རོལ་མོ་དུང་དང་ཤིང་རྟའི་སྒྲ། །

ཟ་དང་འཐུང་བ་དེ་ཉིད་དང་། ། བཟའ་དང་བཏུང་བའི་སྒྲ་དང་ནི། །༡༣

གྲོང་ཁྱེར་ཡན་ལག་ཉིང་ལག་ལྡན། །འདོད་པ་ཐམས་ཅད་ཉེ་རབ་གནས། །

རིན་ཆེན་བདུན་པོ་ཡང་དག་ལྡན། །སྐྱེ་བོ་སྣ་ཚོགས་ཡང་དག་གང། །༡༤

ལྷ་ཡི་གྲོང་ཁྱེར་ཕུན་ཚོགས་བཞིན། །བསོད་ནམས་ཅན་ནི་གནས་པའོ། །

འཇིག་མེད་ལྡན་པའི་གྲོང་ཁྱེར་དུ། །བྲམ་ཟེ་བློ་བཟངས་ཞེས་བྱ་བས། །༡༥

ལོངས་སྤྱོད་བྱེ་བ་དུ་མ་བསགས། །ནོར་དང་འབྲུ་ནི་མང་བོ་ཡི། །

ནང་གི་གསང་སྔགས་འཛིན་པ་དང་། །རིག་བྱེད་གསུམ་གྱི་ཕ་རོལ་སོན། །

མཚན་ཉིད་དེ་ལྟ་བུ་བྱུང་དང་། །དམ་པའི་ཆོས་ཀྱི་ཕ་རོལ་སོན། །༡༦

དབེན་པར་གཅིག་པུར་གནས་ནས་ནི། །དེ་ཚེ་བདག་ནི་འདི་ལྟར་བསམས། །

སྲིད་པར་སྐྱེ་བ་སྡུག་བསྔལ་ཞིང། །ལུས་ནི་ཡོངས་སུ་ཞིག་པ་ན། །༡༧

སྐྱེ་བའི་ཆོས་དང་རྒ་བའི་ཆོས། །ན་བའི་ཆོས་དང་དེ་ཚེ་བདག །

སྐྱེ་བ་མེད་དང་འཆི་མེད་བདེ། །མྱ་ངན་འདས་པ་ཡོངས་སུ་བཙལ། །༡༨

གང་ཚེ་དྲི་ངན་ལུས་འདི་ནི། །སྣ་ཚོགས་མི་གཙང་གིས་གང་ཞིང། །

དོན་མེད་ལྟོས་པ་མེད་པ་ཡིན། །དོར་ནས་འགྲོ་བར་བྱ་བ་ཡིན། །༡༩

དེ་ཡི་ལམ་ནི་ཡོད་དམ་སྙམ། །འབད་པ་མེད་པར་ལམ་མི་ཐོབ། །

དེ་ཡི་ལམ་ནི་བཙལ་བར་བྱ། །སྲིད་པ་རྣམས་ལས་གྲོལ་འགྱུར་སྙམ། །༢༠

ཇི་ལྟར་སྡུག་བསྔལ་ཡོད་པ་ན། །བདེ་བ་ཞེས་པའང་ཡོད་པ་ཡིན། །

དེ་ལྟར་སྲེད་པ་ཡོད་པ་ན། །སྲིད་པ་མེད་པའང་ཡོད་པ་ཡིན། །༢༡

ཇི་ལྟར་ཚ་བ་ཡོད་གྱུར་ན། །གྲང་བ་ཡང་ནི་ཡོད་པ་ཡིན། །

དེ་ལྟར་མེ་གསུམ་ཡོད་གྱུར་ན། །མྱ་ངན་འདས་པའང་ཡོད་པ་ཡིན། །༢༢

ཇི་ལྟར་སྡིག་པ་ཡོད་གྱུར་ན། །དགེ་བ་ཡང་ནི་ཡོད་པ་ཡིན། །

དེ་ལྟར་སྐྱེ་བ་ཡོད་གྱུར་ན། །སྐྱེ་བ་མེད་པའང་ཡོད་པར་འདོད། །༢༣

ཇི་ལྟར་མི་གཙང་གོས་པའི་མི། །གང་བའི་མཚོ་ནི་མཐོང་བཞིན་དུ། །

མཚོ་དེར་འཇུག་པར་མི་བྱེད་ན། །དེ་ནི་མཚོ་ཡི་སྐྱོན་མིན་ནོ། །༢༤

དེ་ལྟར་ཉོན་མོངས་དྲི་འཁྲུད་པ། །བདུད་རྩིའི་མཚོ་ནི་ཡོད་པ་ཡི། །

མཚོ་དེ་ལ་ནི་མི་འཇུག་ན། །བདུད་རྩི་མཚོ་ཡི་སྐྱོན་མིན་ནོ། །༢༥

ཇི་ལྟར་ཆོམ་རྐུན་གྱིས་བསྐོར་བ། །འགྲོ་བའི་ལམ་ནི་ཡོད་པ་ལ། །

སྐྱེས་བུ་འབྲོས་པར་མི་བྱེད་ན། །དེ་ནི་ལམ་གྱི་སྐྱོན་མ་ཡིན། །༢༦

ཇི་ལྟར་ཉོན་མོངས་ཀྱིས་བསྐོར་ན། །ཞི་བའི་ལམ་ནི་ཡོད་པ་ལ། །

དེ་ཡི་ལམ་དུ་མི་འཇུག་ན། །ཞི་བའི་ལམ་གྱི་སྐྱོན་མ་ཡིན། །༢༧

ཇི་ལྟར་ནད་ཀྱིས་གཟིར་བའི་མི། །གསོ་དཔྱད་བྱེད་པ་ཡོད་གྱུར་བ། །

ནད་ནི་ཞི་བར་མི་བྱེད་ན། །དེ་ནི་སྨན་པའི་སྐྱོན་མ་ཡིན། །༢༨

དེ་ལྟར་ཉོན་མོངས་པ་ཡི་ནད། །གཟིར་ཞིང་སྡུག་བསྔལ་གྱུར་བའི་ཚེ། །

སློབ་དཔོན་འཚོལ་བར་མི་བྱེད་ན། །སློབ་དཔོན་གྱི་ནི་སྐྱོན་མ་ཡིན། །༢༩

ཇི་ལྟར་མི་ཡིས་དྲི་ང་བ། །མགུལ་ལ་བཅིངས་ན་སྐྱུག་བྲོ་སྟེ། །

དེ་དག་སྤངས་ནས་འགྲོ་བྱེད་ན། །སྐྱུག་མི་བྲོ་ཞིང་བདེ་བར་འགྲོ། །༣༠

དེ་བཞིན་དུ་ནི་དྲི་ང་ལུས། །སྣ་ཚོགས་པ་ཡིས་གང་གྱུར་བ། །

སྤངས་ནས་འགྲོ་བར་བྱེད་པ་ནི། །དོན་མེད་ལྟོས་པ་མེད་པ་ཡིན། །༣༡

ཇི་ལྟར་བཤང་བའི་གནས་སུ་ནི། །སྐྱེས་པ་བུད་མེད་ཀྱིས་བཤངས་ནས། །

དོར་ནས་འགྲོ་བར་བྱེད་པ་ནི། །དོན་མེད་ལྟོས་པ་མེད་པ་ཡིན། །༣༢

དེ་ལྟར་བདག་གི་ལུས་འདི་ཡང། །མི་གཙང་སྣ་ཚོགས་ཀྱིས་གང་བ། །

དོར་ནས་བདག་ཀྱང་འགྲོ་བར་བྱ། །ཇི་ལྟར་བཤང་བའི་གནས་བཞིན་ནོ། །༣༣

ཇི་ལྟར་གྲུ་ནི་རྡོལ་གྱུར་ན། །ཆུ་ནི་ནང་དུ་འབྱུང་བར་འགྱུར། །

དེ་ནི་གྲུ་མཁན་གྱིས་དོར་ནས། །དོན་མེད་ལྟོས་པ་མེད་པ་ཡིན། །༣༤

དེ་ལྟར་བདག་གི་ལུས་འདི་ཡང། །བུ་ག་དགུ་ཡང་མི་རྟག་པས། །

དོར་ནས་འགྲོ་བར་བྱེད་པ་ན། །གྲུ་མཁན་གྲུ་ནི་དོར་བ་བཞིན། །༣༥

ཇི་ལྟར་ཆོམ་རྐུན་ལྷན་ཅིག་མི། །ནོར་ནི་ཁྱེར་ནས་འགྲོ་བ་ན། །

ནོར་ཁྱེར་འཇིགས་པ་མཐོང་བ་ན། །འཇིགས་གནས་དོར་ནས་འགྲོ་བྱེད་བཞིན། །༣༦

དེ་བཞིན་དུ་ནི་ལུས་འདི་ནི། །ཆོམ་རྐུན་ཆེན་པོ་དང་མཚུངས་ཞིང། །

འདིར་ནི་དོར་ནས་འགྲོ་བ་ན། །དགེ་བ་སྤྱོད་པ་འཇིགས་མེད་དོ། །༣༧

ཇི་ལྟར་བདག་གིས་བསམས་གྱུར་བ། །སྣ་ཚོགས་བྱེ་བ་བརྒྱ་ཡི་ནོར། །

མགོན་དང་མགོན་མེད་རྣམས་ལ་སྦྱིན། །གངས་ཅན་ལ་ནི་ཉེ་བར་སོང། །༣༨

གངས་ཅན་དང་ནི་མི་རིང་བར། །ཆོས་ཀྱི་རི་ཞེས་བྱ་བ་ལ། །

བདག་གིས་དེ་ལ་མཆོག་ཏུ་བརྟེན། །ལོ་མའི་ཁང་བ་ལེགས་བྱས་སོ། །༣༩

དེ་རུ་འཆག་པར་བྱེད་པ་དང་། །སྐྱོན་ནི་ལྔ་བོ་རྣམ་པར་སྤངས། །

ཡོན་ཏན་བརྒྱད་དང་ཡང་དག་ལྡན། །མངོན་པར་ཤེས་པའི་སྟོབས་ལྡན་ནོ། །༤༠

སྐྱོན་དགུ་དང་ནི་ལྡན་པ་ཡི། །དེར་ནི་དེ་ཉིད་དོར་གྱུར་ནས། །

ཤིང་ཤུན་དུམ་བུའི་གོས་གྱོན་ན། །ཡོན་ཏན་བཅུ་གཉིས་ལྡན་པའོ། །༤༡

སྐྱོན་ནི་བརྒྱད་དང་ལྡན་པ་ཡི། །ལོ་མའི་ཁང་བ་སྤངས་གྱུར་ནས། །

ཤིང་གི་དྲུང་དུ་ཉེ་བར་འདུག །ཡོན་ཏན་བཅུ་དང་ལྡན་པ་ཡིན། །༤༢

རྨོས་དང་བསྐྲུན་པའི་འབྲུ་རྣམས་ནི། །ལྷག་མ་མེད་པར་དོར་བྱས་ནས། །

ཡོན་ཏན་མ་ལུས་ལྡན་པ་ཡི། །ཤིང་ཏོག་མཆོག་ནི་དང་བོར་ཟོས། །༤༣

དེ་རུ་དཀའ་ཐུབ་བྱས་ནས་ནི། །འདུག་དང་འཆག་པའི་གནས་རྣམས་སུ། །

ཞག་བདུན་གྱི་ནི་ནང་ཉིད་དུ། །མངོན་པར་ཤེས་པའི་སྟོབས་ཐོབ་བོ། །༤༤

སྟན་གཅིག་ལ་ནི་རྟེན་ནས་སུ། །བདག་གིས་དེ་ལྟར་གྲུབ་པ་ཐོབ། །

རྒྱལ་བ་མར་མེ་མཛད་ཅེས་པ། །འཇིག་རྟེན་འདྲེན་པ་བྱོན་པར་གྱུར། །༤༥

མངལ་དུ་ཞུགས་ནས་སྐྱེས་གྱུར་བ། །སངས་རྒྱས་ནས་ནི་ཆོས་བསྟན་པ། །

མཚན་མ་བཞི་བོ་མཐོང་མ་གྱུར། །བསམ་གཏན་བདེ་བས་མ་ཐོས་སོ། །༤༦

ཡུལ་དང་ཕྱོགས་ཀྱི་མཐར་གནས་པའི། །དེ་བཞིན་གཤེགས་པ་མགྲོན་དུ་གཉེར། །

དེ་ཉིད་བྱིན་ནས་ལམ་འདི་ནི། །སེམས་ནི་དགའ་བས་ལམ་ཕྱོགས་གཅིག །༤༧

བདག་ནི་དེ་ཚེ་དེ་ཡི་དུས། །རང་གི་གནས་ནི་བྱེད་པ་དང་། །

ཤིང་ཤུན་གོས་ནི་རླུང་གིས་གཡོ། །དེ་ཚེ་བདག་ནི་མཁའ་ལ་འགྲོ། །༤༨

དགའ་དང་ཚིམ་དང་བདེ་བ་ཡིས། །སྐྱེ་བོ་ལམ་འཕྱག་བྱེད་པ་མཐོང། །

ནམ་མཁའ་ལས་ནི་བྱོན་ནས་སུ། །དེ་མ་ཐག་པར་མི་ལ་དྲིས། །༤༩

དགའ་དང་ཚིམ་ལ་བདེ་བ་ཡི། །མཁས་ཤིང་རིག་པའི་སྐྱེ་བོ་ཆེ། །

ལམ་ནི་སྙོམས་པར་བྱེད་པ་ན། །སུ་ཞིག་ཕྱིར་དུ་ལམ་འདི་འཆོས། །༥༠

བདག་གི་དེ་ལ་དྲི་ལུང་བསྟན། །འཇིག་རྟེན་འདས་པའི་སངས་རྒྱས་ནི། །

རྒྱལ་བ་མར་མེ་མཛད་ཅེས་པ། །འཇིག་རྟེན་འདྲེན་པ་བྱོན་པ་ཡིན། །༥༡

མི་མཉམ་ལམ་ནི་འཆོས་པ་དང་། །དེ་ཡི་ལམ་ནི་བྱི་དོར་བྱེད། །

སངས་རྒྱས་ཞེས་པ་བདག་གིས་ཐོས། །དེ་མ་ཐག་ཏུ་དགའ་བ་སྐྱེས། །༥༢

སངས་རྒྱས་སངས་རྒྱས་ཞེས་བརྗོད་པ། །ཡིད་བདེ་དགའ་བ་སྐྱེས་པར་གྱུར། །

ཚིམ་ཞིང་དགའ་བ་སྐྱེས་པའི་སེམས། །དེ་རུ་འཁོར་ཏེ་རྣམ་པར་བསམས། །༥༣

འདིར་ནི་ས་བོན་བསྐྲུན་བྱས་ནས། །དེ་མ་ཐག་ཏུ་བདག་ལ་སྐྱེ། །

གལ་ཏེ་སངས་རྒྱས་ཆེད་བྱི་དོར། །མ་བཅོས་གནས་གཅིག་བདག་ལ་བྱིན། །༥༤

བདག་ཀྱང་བྱི་དོར་བྱེད་པ་ཡིན། །མི་མཉམ་པ་ནི་འཆོས་པ་ཡིན། །

དེ་ཚེ་ལམ་ནི་བྱི་དོར་བྱ། །བདག་ལ་མ་བཅོས་གནས་གཅིག་བྱིན། །༥༥

སངས་རྒྱས་སངས་རྒྱས་ཞེས་བསམ་ཞིང། །དེ་ཚེ་བདག་ནི་ལམ་འདི་འཆོས། །

བདག་གི་གནས་ནི་མ་གྲུབ་པར། །ཐུབ་པ་ཆེན་པོ་མར་མེ་མཛད། །༥༦

མངོན་ཤེས་དྲུག་པོ་མཚུངས་ལྡན་པར། །འབུམ་ཕྲག་བཞི་བོ་རྣམས་ལ་ནི། །

དྲི་མ་མེད་ཅིང་ཟག་པ་ཟད། །རྒྱལ་བ་ལམ་དུ་བྱོན་པར་གྱུར། །༥༧

བསུ་བ་བྱེད་པ་བོ་རྣམས་ནི། །རོལ་མོ་རྣམས་ནི་དཀྲོལ་བ་དང་། །

ལྷ་དང་མི་རྣམས་ཡི་རང་བྱེད། །ལེགས་སོ་ཞེས་པའི་ཚིག་བྱིན་ནོ། །༥༨

ལྷ་ཡིས་མི་རྣམས་མཐོང་བ་དང་། །མི་རྣམས་ཀྱིས་ཀྱང་ལྷ་རྣམས་མཐོང། །

དེ་གཉིས་ཀྱིས་ནི་ཐལ་མོ་སྦྱོར། །དེ་བཞིན་གཤེགས་དང་ཐབས་ཅིག་འགྲོ། །༥༩

ལྷ་དང་ལྷ་ཡི་རོལ་མོ་དང་། །མི་དང་མི་ཡི་རོལ་མོ་དང་། །

གཉིས་ཀ་ཡང་ནི་རོལ་མོ་དཀྲོལ། །དེ་བཞིན་གཤེགས་དང་ཐབས་ཅིག་འགྲོ། །༦༠

ལྷ་མི་མེ་ཏོག་མན་དཱ་ར། །པད་མ་ཡོངས་སུ་འདུ་བའི་ཤིང་། །

ཕྱོགས་དང་མཚམས་སུ་མེ་ཏོག་འཐོར། །ལྷ་རྣམས་མཁའ་ལ་གནས་ནས་སོ། །༦༡

ཙམ་པ་རྒྱ་སྐྱེགས་ས་ལ་ལཾ། །ཀླུ་དང་ཀླུ་ཤིང་ཀེ་ཏ་ཀཾ །

སྟེང་གི་ཕྱོགས་དང་མཚམས་སུ་འཐོར། །ས་སྟེང་འགྲོ་བ་མི་རྣམས་སོ། །༦༢

དེར་ནི་བདག་གི་སྐྲ་བཀྲོལ་ནས། །ཤིང་ཤུན་ཆོས་གོས་གཟིག་ལྤགས་ནི། །

འཇིམ་པའི་སྟེང་དུ་བཏིང་ནས་སུ། །ཁ་སྦུབ་ཏུ་ནི་བདག་གིས་ཉལ། །༦༣

འཇིམ་པའི་སྟེང་ནས་མི་གཤེགས་པར། །བདག་ནི་གནོན་ཅིང་སངས་རྒྱས་རྣམས། །

སློབ་མ་འཁོར་བཅས་གཤེགས་སུ་གསོལ། །བདག་ལ་ཕན་པར་འགྱུར་བ་ཡིན། །༦༣ ཀ

ས་གཞི་ལ་ནི་ཉལ་ནས་ནི། །བདག་གིས་དེ་ལྟར་བསམས་པ་ན། །

བདག་ནི་དེ་རིང་འདོད་པ་ཡི། །བདག་གིས་ཉོན་མོངས་གཞོམ་པའོ། །༦༤

བདག་ནི་ཆ་ལུགས་གཞན་གྱིས་ཀྱང། །འདིར་ནི་ཆོས་འདི་མངོན་དུ་བྱ། །

ཐམས་ཅད་མཁྱེན་པ་ཐོབ་གྱུར་ནས། །ལྷ་དང་བཅས་པ་སངས་རྒྱས་འགྱུར། །༦༥

བདག་ཉིད་གཅིག་པུ་གྲོལ་ནས་ཅི། །སྐྱེས་བུ་མཐུ་ལྡན་མཐོང་བ་དང་། །

ཐམས་ཅད་མཁྱེན་པ་ཐོབ་གྱུར་ནས། །ལྷ་དང་མི་རྣམས་ཡང་དག་བསྒྲལ། །༦༦

བདག་གི་འདི་ཡི་གཞི་ཡིས་ནི། །མཐུ་དང་ལྡན་པ་མཐོང་བ་དང་། །

ཐམས་ཅད་མཁྱེན་པ་ཐོབ་ནས་ནི། །སྐྱེ་བོ་མང་བོ་བདག་གིས་བསྒྲལ། །༦༧

འཁོར་བའི་མདུད་པ་བཅད་ནས་ནི། །སྲིད་གསུམ་པོ་ཟད་བྱས་ལ། །

ཆོས་ཀྱི་གྲུ་ཡི་ནང་ཞུགས་ནས། །ལྷ་དང་མི་རྣམས་ཡང་དག་བསྒྲལ། །༦༨

མི་ཡི་ལུས་ནི་མཚན་མར་ལྡན། །སྟོན་པའི་ལྟ་བའི་རྒྱུ་དང་ནི། །

རབ་བྱུང་ཡོན་ཏན་ལྡན་པ་དང་། །རིགས་པ་དང་ནི་འདུན་པ་དང་། །

ཆོས་བརྒྱད་པོ་ནི་བསྡུས་ནས་སུ། །སྨོན་ལམ་མངོན་པར་འཕེལ་བའོ། །༦༩

མར་མེ་མཛད་པ་འཇིག་རྟེན་མཁྱེན། །སེམས་ཅན་ཕན་ཕྱིར་འཇིག་རྟེན་བྱུང། །

བདག་གི་མགོ་བོའི་གམ་འདུག་སྟེ། །འདི་ལྟ་བུ་ཡི་ཚིག་གསུངས་སོ། །༧༠

དཀའ་ཐུབ་པ་འདི་ལྟོས་ཤིག་དང་། །དཀའ་བ་མཆོག་གི་རལ་བ་འཛིན། །

འདི་ནི་བསྐལ་བ་མང་འདས་ནས། །འཇིག་རྟེན་དུ་ནི་སངས་རྒྱས་འགྱུར། །༧༡

སེར་སྐྱ་དགའ་བའི་གྲོང་དུ་འཁྲུངས། །དེ་བཞིན་གཤེགས་པ་ངེས་པར་འབྱུང། །

དཀའ་ཐུབ་གནས་སུ་གནས་ནས་ནི། །ཤིན་ཏུ་དཀའ་བའི་དཀའ་ཐུབ་སྤྱད། །༧༢

ཨ་ཙ་པཱ་ལའི་ཤིང་དྲུང་དུ། །དེ་བཞིན་གཤེགས་པ་བཞུགས་ནས་སུ། །

དེར་ནི་འོ་ཐུག་བླངས་ནས་ནི། །ནཻ་ར་ཛ་རའི་འགྲམ་གནས་ནས། །༧༣

ནཻ་ར་ཛ་རའི་འགྲམ་དུ་ནི། །འོ་ཐུག་རྒྱལ་བས་ལོངས་སྤྱོད་དོ། །

ལམ་གྱི་མཆོག་གི་ཆེད་དུ་ནི། །བྱང་ཆུབ་བཞིར་ནི་བྱོན་འགྱུར་རོ། །༧༤

བླ་མེད་བྱང་ཆུབ་སྙིང་བོ་ལ། །དེ་ནས་བསྐོར་བ་བྱས་ནས་ནི། །

ཨ་ཤྭཏྠ་ཡི་དྲུང་དུ་ནི། །གྲགས་ཆེན་ཞེས་པ་སངས་རྒྱས་འགྱུར། །༧༥

འདི་ཡི་སྐྱེ་བའི་ཡུམ་གྱུར་བ། །སྒྱུ་མ་ཞེས་པར་འགྱུར་བ་ཡིན། །

ཡབ་ནི་ཟས་གཙང་ཞེས་བྱའོ། །འདི་ནི་གཽ་ཏམ་ཞེས་པར་འགྱུར། །༧༦

ཟག་པ་ཟད་ཅིང་འདོད་ཆགས་བྲལ། །ཞི་བའི་སེམས་དང་མཚུངས་པར་ལྡན། །

པང་ནས་སྐྱེས་དང་ཉེ་རྒྱལ་ནི། །ཉན་ཐོས་རྣམས་ཀྱི་མཆོག་ཡིན་ནོ། །༧༧

ཉེ་གནས་ཀུན་དགའ་བོ་ཞེས་པས། །རྒྱལ་བ་དེ་ལ་ཞབས་ཏོག་བྱེད། །

དགེ་མ་དང་ནི་ཨུད་པལ་མདོག །ཉན་ཐོས་མ་ཡི་མཆོག་ཡིན་ནོ། །༧༨

ཟག་པ་མེད་ཅིང་འདོད་ཆགས་བྲལ། །ཞི་བའི་སེམས་དང་མཚུངས་པར་ལྡན། །

དེ་ཡི་བཅོམ་ལྡན་བྱང་ཆུབ་ཤིང། །ཨ་ཤྭཏྠ་ཞེས་བརྗོད་པ་ཡིན། །༧༩

འདི་ཡི་ཚིག་ནི་ཐོས་ནས་ནི། །མཚུངས་མེད་དྲང་སྲོང་ཆེན་པོ་ལ། །

ལྷ་དང་མི་ནི་རྗེས་ཡི་རངས། །སངས་རྒྱས་ས་བོན་མྱུ་གུ་འདི། །༨༠

སྒྲ་ནི་ཆེན་པོ་སྒྲོགས་བྱེད་ཅིང། །གསལ་བར་བཞད་པར་བྱེད་པ་དང་། །

ཐལ་མོ་སྦྱར་ནས་ཕྱག་བྱེད་པ། །སྟོང་ཕྲག་བཅུ་ཡི་ལྷ་དང་བཅས། །༨༡

བསྟན་པ་འདི་ལ་འབྲས་མ་ཐོབ། །གལ་ཏེ་འཇིག་རྟེན་མགོན་པོ་འདི། །

མ་འོངས་པ་རྣམས་འདས་གྱུར་ནས། །འདི་ནི་སྔོན་དུ་འགྱུར་བའོ། །༨༢

ཇི་ལྟར་ཆུ་ཀླུང་ཕ་རོལ་མི། །འགྲོ་བ་བོ་ཡི་མུ་གནས་ལ། །

འོག་གི་མུ་ནས་བཟུང་ནས་ནི། །ཆུ་ཀླུང་ཆེན་པོའི་ཕ་རོལ་འགྲོ། །༨༣

དེ་ལྟར་འདི་ལྟར་བདག་གིས་ནི། །རྒྱལ་བ་འདི་ནི་གལ་ཏེ་ན། །

མ་འོངས་པ་ནི་མང་སོང་ནས། །འདི་ནི་མངོན་སུམ་གྱུར་བ་ཡིན། །༨༤

མར་མེ་མཛད་ནི་འཇིག་རྟེན་མཁྱེན། །འདི་ལྟར་འགྱུར་ཞེས་གསུངས་པ་ཡིན། །

བདག་གི་ལས་རྣམས་བསལ་བྱས་ནས། །རྐང་བ་གཡས་པ་བཏེགས་བྱས་སོ། །༨༥

གང་ཞིག་དེ་ལ་རྒྱལ་སྲས་ནི། །བདག་ལ་ཀུན་གྱིས་བསྐོར་བ་བྱས། །

མི་དང་ཀླུ་དང་དྲི་ཟ་རྣམས། །ཕྱག་བྱས་ནས་ནི་གཤེགས་པར་གྱུར། །༨༦

དགེ་འདུན་བཅས་པ་འཇིག་རྟེན་འདྲེན། །བདག་གིས་གཤེགས་པ་མཐོང་བ་ན། །

དགའ་ཞིང་ཚིམ་པའི་སེམས་ཀྱིས་ནི། །དེ་ཚེ་བདག་གིས་སྟན་ལས་ལངས། །༨༧

བདག་ནི་བདེ་ཞིང་བདེ་བར་འགྱུར། །དགའ་ཞིང་དགའ་བར་གྱུར་བ་སྟེ། །

དགའ་དང་ལྡན་པར་སྐྱེ་བ་དང་། །དེ་ཡི་ཚེ་ན་སྐྱིལ་ཀྲུང་བཅས། །༨༨

སྐྱིལ་ཀྲུང་ལ་ནི་གནས་ནས་སུ། །དེ་ལ་བདག་གིས་འདི་ལྟར་བསམས། །

བདག་གི་བསམ་གཏན་དབང་དུ་གྱུར། །ཡེ་ཤེས་ཀྱི་ནི་ཕ་རོལ་ཕྱིན། །༨༩

སྟོང་ཕྲག་གི་ནི་འཇིག་རྟེན་ན། །ང་དང་མཚུངས་པའི་དྲང་སྲོང་མེད། །

རྫུ་འཕྲུལ་ཆོས་ནི་བདག་མི་མཚུངས། །འདི་འདྲ་ཅི་བདེ་གཞན་མ་ཐོབ། །༩༠

བདག་གིས་སྐྱིལ་ཀྲུང་བཅས་ནས་བདག །སྟོང་ཕྲག་བཅུ་ལྷག་གནས་ནས་སུ། །

སྒྲ་ཆེན་པོ་ནི་སྒྲོགས་པར་བྱེད། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༩༡

གང་ཞིག་བྱང་སེམས་སྔོན་མ་རྣམས། །སྐྱིལ་ཀྲུང་དུ་ནི་བཞུགས་ནས་སུ། །

མཚན་མ་རྣམས་ནི་མཐོང་བ་ནི། །དེ་རྣམས་དེ་རིང་མཐོང་བ་ཡིན། །༩༢

གྲང་བ་རྣམས་ནི་མེད་པར་གྱུར། །དྲོ་བ་རྣམས་ནི་ཉེ་བར་ཞི། །

དེ་རྣམས་དེ་རིང་སོ་སོར་མཐོང། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༩༣

སྟོང་ཕྲག་བཅུ་ཡི་འཇིག་རྟེན་ཁམས། །ཕན་ཚུན་དུ་ནི་འཇིགས་མེད་གྱུར། །

དེ་རྣམས་དེ་རིང་སོ་སོར་མཐོང། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༩༤

རླུང་ཆེན་པོ་ནི་མི་ལྡང་ཞིང། །ཆུ་རྣམས་རྒྱུན་ལས་ལོག་པ་དང་། །

དེ་རྣམས་དེ་རིང་སོ་སོར་མཐོང། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༩༥

ཐང་སྐྱེས་ཆུ་སྐྱེས་མེ་ཏོག་རྣམས། །ཐམས་ཅད་དུ་ནི་མེ་ཏོག་བྱེ། །

དེ་རྣམས་དེ་རིང་མེ་ཏོག་བྱེ། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༩༦

འཁྲི་ཤིང་ཡང་ན་ཤིང་གྱུར་བ། །དེ་མ་ཐག་ཏུ་འབྲས་བུར་གྱུར། །

དེ་རྣམས་དེ་ཀུན་འབྲས་གྱུར་བ། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༩༧

ནམ་མཁའ་དང་ནི་ས་གཞི་ལ། །རིན་ཆེན་དེ་དག་འོད་འགྱེད་དོ། །

དེ་རྣམས་དེ་རིང་འོད་འགྱེད་པས། །ངེས་པར་ཁྱོད་ནི་སངས་རྒྱས་འགྲོ། །༩༨

ལྷ་རྣམས་དང་ནི་མི་རྣམས་ནི། །དེ་དག་རོལ་མོའི་སྒྲ་སྒྲོགས་སོ། །

དེ་རྣམས་དེ་རིང་སྒྲ་འབྱིན་པས། །ཁྱོད་ནི་ངེས་པར་སངས་རྒྱས་འགྱུར། །༩༩

མེ་ཏོག་སྣ་ཚོགས་པ་ཡི་ཚོགས། །དེ་མ་ཐག་ཏུ་ཆར་བ་འབེབས། །

དེ་རྣམས་དེ་རིང་ཆར་འབེབས་པས། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༡༠༠

རྒྱ་མཚོ་ཆེན་པོ་མ་གཡོ་ཞིང། །འཇིག་རྟེན་སྟོང་ཕྲག་བཅུ་བོ་གཡོ། །

དེ་རྣམས་དེ་རིང་གྱུར་བས་ན། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༡༠༡

སྟོང་ཕྲག་བཅུ་ཡི་དམྱལ་བ་རྣམས། །དེ་མ་ཐག་ཏུ་བསྲེག་དང་བྲལ། །

དེ་རྣམས་དེ་རིང་ཞི་བས་ན། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༡༠༢

ཉི་མ་དྲི་མ་མེད་པ་དང་། །རྒྱུ་སྐར་ཐམས་ཅད་མཐོང་བ་དང་། །

དེ་རྣམས་དེ་རིང་མཐོང་བས་ན། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༡༠༣

ཆར་བ་འབབ་པར་མ་གྱུར་ཀྱང། །ས་ནི་སྣུམ་བག་བཅས་པ་དང་། །

དེ་རྣམས་དེ་རིང་ས་ལ་གྱུར། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༡༠༤

རྒྱུ་སྐར་ཚོགས་ནི་རྣམ་པར་གསལ། །ནམ་མཁའི་དབྱིངས་སུ་རྒྱུ་སྐར་རྣམས། །

ཟླ་བ་དང་ནི་འགྲོགས་པ་བཞིན། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༡༠༥

ས་ཁུང་རི་ཁུང་སྲོག་ཆགས་རྣམས། །སེམས་གཅིག་པས་ནི་ཕ་རོལ་མཐོང། །

དེ་རིང་དེ་རྣམས་སེམས་དགའ་བས། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༡༠༦

སེམས་ཅན་རྣམས་ནི་མི་དགའ་མེད། །དེ་མ་ཐག་ཏུ་དགའ་བར་འགྱུར། །

དེ་རིང་དེ་རྣམས་དགའ་བས་ན། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༡༠༧

དེ་ཚེ་ནད་རྣམས་ཉེ་བར་ཞི། །འདོད་པའི་ནད་ནི་མེད་པའོ། །

དེ་རིང་དེ་རྣམས་མཐོང་བས་ན། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༡༠༨

དེ་ཚེ་ཆགས་པ་བསྲབས་པ་དང་། །སྐྱོན་དང་རྨོངས་པ་རྣམ་པར་ཞིག །

དེ་རིང་དེ་ཀུན་དོར་བས་ན། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༡༠༩

དེ་ཡི་ཚེ་ན་འཇིགས་མེད་པ། །དེ་རིང་དེ་རྣམས་མཐོང་བས་ན། །

བདག་གི་རྟགས་དེ་ཀུན་གྱིས་ཤེས། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༡༡༠

སྟེང་འོག་རྡུལ་ནི་གོ་བཟློག་འགྲོ། །དེ་རིང་ཡང་ནི་དེ་རྣམས་མཐོང། །

བདག་གི་རྟགས་དེ་ཀུན་གྱིས་ཤེས། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༡༡༡

དྲི་རྣམས་ངན་པ་སོང་བ་དང་། །ལྷ་ཡི་དྲི་ནི་འོང་བ་དང་། །

དེ་རིང་དེ་རྣམས་དྲི་ལྡང་བས། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༡༡༢

ལྷ་རྣམས་ཐམས་ཅད་མཐོང་བ་དང་། །གཟུགས་མེད་པ་རྣམས་སྤངས་པ་ནི། །

དེ་རིང་དེ་ཀུན་མཐོང་བས་ན། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༡༡༣

དམྱལ་བ་རྣམས་ནི་ཇི་སྲིད་པ། །དེ་ཡི་ཚེ་ན་ཐམས་ཅད་མཐོང། །

དེ་རྣམས་དེ་རིང་ཀུན་མཐོང་བས། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༡༡༤

སྒོ་ཆུང་དང་ནི་རི་ཡི་རྣམས། །དེ་ཡི་ཚེ་ན་མི་མཐོང་མེད། །

དེ་རིང་ནམ་མཁའ་བཞིན་དུ་མཐོང། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༡༡༥

རུམ་དུ་གནས་དང་འཐོན་པ་ནི། །སྐད་ཅིག་ཙམ་གྱིས་མ་ཡིན་ནོ། །

དེ་རིང་དེ་རྣམས་སོ་སོར་མཐོང། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༡༡༦

བརྩོན་འགྲུས་བརྟན་པར་བྱས་ནས་ནི། །ངེས་པར་འབྱུང་བ་ལྡོག་མི་བྱ། །

བདག་གིས་འདི་རྣམས་ལེགས་ཤེས་པས། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །༡༡༧

སངས་རྒྱས་ཀྱི་ནི་གསུང་ཐོས་ནས། །སྟོང་ཕྲག་བཅུ་དང་གཉིས་ཀ་ཡི། །

ཚིམ་ཞིང་དགྱེས་ལ་རབ་ཏུ་དགའ། །བདག་གིས་དེ་ཚེ་འདི་ལྟར་བསམས། །༡༡༨

གཉིས་ནི་མི་གསུང་སངས་རྒྱས་ནི། །རྒྱལ་བ་དོན་ཡོད་པ་ཡི་གསུང། །

སངས་རྒྱས་རྣམས་ནི་གཞན་མི་གསུང། །བདག་ནི་ངེས་པར་སངས་རྒྱས་འགྱུར། །༡༡༩

ཇི་ལྟར་མཁའ་ལ་རྡོ་འཕངས་པ། །ངེས་པར་ས་ལ་ལྷུང་བར་འགྱུར། །

དེ་བཞིན་དུ་ནི་སངས་རྒྱས་ཀྱི། །གསུང་ནི་ངེས་པར་འགྱུར་བ་བཞིན། །༡༢༠

ཇི་ལྟར་སེམས་ཅན་ཐམས་ཅད་ནི། །ངེས་པར་འཆི་བར་འགྱུར་བའོ། །

དེ་བཞིན་དུ་ནི་སངས་རྒྱས་ཀྱི། །གསུང་ནི་ངེས་པར་འགྱུར་བ་བཞིན། །༡༢༡

ཇི་ལྟར་ནམ་ནི་ཟད་པ་ན། །ངེས་པར་ཉི་མ་འཆར་བར་འགྱུར། །

དེ་བཞིན་དུ་ནི་སངས་རྒྱས་ཀྱི། །གསུང་ནི་ངེས་པར་འགྱུར་བ་བཞིན། །༡༢༢

ཇི་ལྟར་སེང་གེའི་གནས་ནས་ནི། །སེང་གེའི་སྒྲ་ནི་ངེས་པའོ། །

དེ་བཞིན་དུ་ནི་སངས་རྒྱས་ཀྱི། །གསུང་ནི་ངེས་པར་འགྱུར་བ་བཞིན། །༡༢༣

ཇི་ལྟར་སྦྲུམ་མ་སྨིན་གྱུར་ན། །མངལ་ནས་ངེས་པར་སྐྱེ་བར་འགྱུར། །

དེ་བཞིན་དུ་ནི་སངས་རྒྱས་ཀྱི། །གསུང་ནི་ངེས་པར་འགྱུར་བ་བཞིན། །༡༢༤

བདག་གིས་སངས་རྒྱས་བྱེད་པའི་ཆོས། །གང་དང་དེ་རུ་བཙལ་བྱས་པ། །

སྟེང་དང་འོག་དང་ཕྱོགས་བཅུ་དང་། །ཆོས་ཀྱི་དབྱིངས་ཀྱི་བར་དུ་ཡིན། །༡༢༥

དེ་ཚེ་བཙལ་བ་ན་ནི་མཐོང། །དང་བོར་སྦྱིན་པའི་ཕ་རོལ་ཕྱིན། །

སྔོན་གྱི་སྐྱེས་བུ་ཆེན་པོ་ཡི། །ལམ་ནི་ཕ་རོལ་རྗེས་སུ་འགྲོ། །༡༢༦

འདི་ནི་རེ་ཞིག་ཁྱོད་ཀྱིས་ཀྱང། །བརྟན་པོར་བྱས་ནས་གཟུང་བར་གྱིས། །

གལ་ཏེ་བྱང་ཆུབ་ཐོབ་འདོད་ན། །སྦྱིན་པའི་ཕ་རོལ་ཕྱིན་པར་གྱིས། །༡༢༧

ཇི་ལྟར་བུམ་པ་གང་གྱུར་བ། །གང་གི་ཁ་ནི་སྦུབ་པ་ན། །

ཆུ་ནི་ལྷག་མ་མེད་པར་འབོ། །བུམ་པའི་ནང་དུ་མི་གནས་སོ། །༡༢༨

དེ་བཞིན་དུ་ནི་སློང་བ་མཐོང། །མཆོག་དམན་འབྲིང་བོ་གང་ཡིན་པ། །

མ་ལུས་པར་ནི་སྦྱིན་པར་བྱ། །ཁ་སྦུབ་བུམ་པ་དེ་བཞིན་ནོ། །༡༢༩

འདི་ཙམ་འབའ་ཞིག་མ་ཡིན་གྱི། །གང་ཞིག་བྱང་ཆུབ་ཐོབ་བྱེད་ཆོས། །

གཞན་ལ་ཡང་ནི་བཙལ་བར་བྱ། །གང་ཞིག་ཆོས་ནི་ཐོབ་བྱེད་པ། །༡༣༠

དེ་ཡི་ཚེ་ན་ཚོལ་བ་མཐོང། །གཉིས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན། །

སྔོན་གྱི་སྐྱེས་བུ་ཆེན་པོ་ཡིས། །བསྙེན་དང་བརྟེན་པར་བྱས་པས་སོ། །༡༣༡

རེ་ཞིག་གཉིས་པ་འདི་ཡིས་ནི། །བརྟན་པོར་བྱས་ནས་གཟུང་བར་བྱ། །

གལ་ཏེ་བྱང་ཆུབ་ཐོབ་འདོད་ན། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་གྱིས། །༡༣༢

ཇི་ལྟར་རྒོད་གཡག་རྔ་མ་ནི། །གང་དང་གང་གིས་བཟུང་བ་ན། །

ལྟོས་པ་མེད་པར་སྲོག་འདོར་རོ། །རྔ་མ་ལ་དགའ་ཁྲོ་བ་མེད། །༡༣༣

དེ་བཞིན་དུ་ནི་ས་བཞི་རུ། །ཚུལ་ཁྲིམས་ཡོངས་སུ་རྫོགས་པ་དང་། །

རྟག་ཏུ་ཚུལ་ཁྲིམས་ཀུན་སྲུང་བྱེད། །རྒོད་གཡག་རྔ་མ་བསྲུང་བ་བཞིན། །༡༣༤

འདི་ཙམ་འབའ་ཞིག་མ་ཡིན་གྱི། །གང་ཞིག་བྱང་ཆུབ་ཐོབ་བྱེད་ཆོས། །

གཞན་པ་ཡང་ནི་བཙལ་བར་བྱ། །གང་ཞིག་ཆོས་ནི་ཐོབ་བྱེད་པ། །༡༣༥

དེ་ཡི་ཚེ་ན་ཚོལ་བ་མཐོང། །གསུམ་པ་ངེས་འབྱུང་ཕ་རོལ་ཕྱིན། །

སྔོན་གྱི་སྐྱེས་བུ་ཆེན་པོ་ཡིས། །བསྙེན་དང་བརྟེན་པར་བྱས་པས་སོ། །༡༣༦

རེ་ཞིག་གསུམ་པ་འདི་ཡིས་ནི། །བརྟན་པོར་བྱས་ཏེ་གཟུང་བར་བྱ། །

གལ་ཏེ་བྱང་ཆུབ་ཐོབ་འདོད་ན། །ངེས་འབྱུང་ཕ་རོལ་ཕྱིན་པར་གྱིས། །༡༣༧

ཇི་ལྟར་སྐྱེས་བུ་བཙོན་རར་བཅིངས། །ཡུན་རིང་གནས་ཤིང་སྡུག་བསྔལ་བ། །

དེ་ལ་དགའ་བར་མི་བྱེད་པར། །མྱུར་དུ་འགྲོལ་བར་འདོད་པར་སེམས། །༡༣༨

དེ་བཞིན་ཁྱོད་ནི་སྐྱེ་ཀུན་དུ། །བཙོན་ར་བཞིན་དུ་བལྟ་བར་གྱིས། །

ངེས་པར་འབྱུང་བ་སྔོན་དུ་ན། །སྐྱེ་བ་ལས་ནི་གྲོལ་བར་འགྱུར། །༡༣༩

འདི་ཙམ་འབའ་ཞིག་མ་ཡིན་གྱི། །གང་ཞིག་བྱང་ཆུབ་ཐོབ་བྱེད་ཆོས། །

གཞན་པ་ཡང་ནི་བཙལ་བར་བྱ། །གང་ཞིག་ཆོས་ནི་ཐོབ་བྱེད་པ། །༡༤༠

དེ་ཡི་ཚེ་ན་ཚོལ་བ་མཐོང། །བཞི་བ་ཤེས་རབ་ཕ་རོལ་ཕྱིན། །

སྔོན་གྱི་སྐྱེས་བུ་ཆེན་པོ་ཡིས། །བསྙེན་དང་བརྟེན་པར་བྱས་པས་སོ། །༡༤༡

རེ་ཞིག་བཞི་བ་འདི་ཡིས་ནི། །བརྟན་པོར་བྱ་སྟེ་གཟུང་བར་བྱ། །

གལ་ཏེ་བྱང་ཆུབ་ཐོབ་འདོད་ན། །ཤེས་རབ་ཕ་རོལ་ཕྱིན་པར་གྱིས། །༡༤༢

ཇི་ལྟར་དགེ་སློང་བསོད་སྙོམས་པ། །དམན་དང་འབྲིང་དང་ཆེན་པོ་ཡི། །

རིགས་རྣམས་དཔྱོད་པར་མི་བྱེད་པར། །དེ་ལྟར་བཟའ་བའི་ཟས་ཐོབ་བོ། །༡༤༣

དེ་བཞིན་ཁྱོད་ཀྱིས་དུས་ཀུན་དུ། །སྐྱེ་བོ་མཁས་ལ་ཡོངས་སུ་དྲིས། །

ཤེས་རབ་ཕ་རོལ་ཕྱིན་སོང་བས། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། །༡༤༤

འདི་ཙམ་འབའ་ཞིག་མ་ཡིན་གྱི། །གང་ཞིག་བྱང་ཆུབ་ཐོབ་བྱེད་ཆོས། །

གཞན་པ་ཡང་ནི་བཙལ་བར་བྱ། །གང་ཞིག་ཆོས་ནི་ཐོབ་བྱེད་པ། །༡༤༥

དེ་ཡི་ཚེ་ན་ཚོལ་བ་མཐོང། །ལྔ་བ་བརྩོན་འགྲུས་ཕ་རོལ་ཕྱིན། །

སྔོན་གྱི་སྐྱེས་བུ་ཆེན་པོ་ཡིས། །བསྙེན་དང་བརྟེན་པར་བྱས་པས་སོ། །༡༤༦

རེ་ཞིག་ལྔ་བ་འདི་ཡིས་ནི། །བརྟན་པོར་བྱས་ཏེ་གཟུང་བར་བྱ། ། 

གལ་ཏེ་བྱང་ཆུབ་མཆོག་འདོད་ན། །བརྩོན་འགྲུས་ཕ་རོལ་ཕྱིན་པར་གྱིས། ༡༤༧

ཇི་ལྟར་རི་དྭགས་རྒྱལ་བོ་ནི། །སྡོད་དང་འགྲོ་བའི་གནས་རྣམས་སུ། །

ཞུམ་པ་མེད་པའི་བརྩོན་འགྲུས་ཀྱིས། །ཡིད་ནི་རྟག་ཏུ་བརྟན་པ་ཡིན། །༡༤༨

དེ་བཞིན་ཁྱོད་ཀྱིས་དུས་ཀུན་དུ། །བརྩོན་འགྲུས་བརྟན་པོར་གྱིས་ལ་ཟུངས། །

བརྩོན་འགྲུས་ཕ་རོལ་ཕྱིན་གྱུར་ནས། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། །༡༤༩

འདི་ཙམ་འབའ་ཞིག་མ་ཡིན་གྱི། །གང་ཞིག་བྱང་ཆུབ་ཐོབ་འདོད་པ། །

གཞན་པ་ཡང་ནི་བཙལ་བར་བྱ། །གང་ཞིག་ཆོས་ནི་ཐོབ་བྱེད་པ། །༡༥༠

དེ་ཡི་ཚེ་ན་ཚོལ་བ་མཐོང། །དྲུག་པ་བཟོད་པའི་ཕ་རོལ་ཕྱིན། །

སྔོན་གྱི་སྐྱེས་བུ་ཆེན་པོ་ཡིས། །བསྙེན་དང་བརྟེན་པར་བྱས་པས་སོ། །༡༥༡

རེ་ཞིག་དྲུག་པ་འདི་ཡིས་ནི། །བརྟན་པོར་བྱས་ཏེ་གཟུང་བར་བྱ། །

དེ་ལ་ཞེ་སྡང་མ་བྱས་ན། །ཡང་དག་བྱང་ཆུབ་ཐོབ་པར་འགྱུར། །༡༥༢

ཇི་ལྟར་ཡང་ནི་ས་གཞི་ལ། །གཙང་དང་མི་གཙང་བྱུགས་པ་ན། །

ཐམས་ཅད་བླུགས་ཀྱང་བཟོད་པར་བྱེད། །སྐྱུག་བྲོ་བ་ནི་བྱེད་པ་མེད། །༡༥༣

དེ་བཞིན་ཁྱོད་ཀྱིས་ཐམས་ཅད་ལ། །ཕན་དང་གནོད་པ་བྱེད་པ་ན། །

བཟོད་པའི་ཕ་རོལ་ཕྱིན་གྱུར་ནས། །བྱང་ཆུབ་ཡང་དག་ཐོབ་པར་འགྱུར། །༡༥༤

འདི་ཙམ་འབའ་ཞིག་མ་ཡིན་གྱི། །གང་ཞིག་བྱང་ཆུབ་ཐོབ་འདོད་ཆོས། །

གཞན་པ་ཡང་ནི་བཙལ་བར་བྱ། །གང་ཞིག་ཆོས་ནི་ཐོབ་བྱེད་པ། །༡༥༥

དེ་ཡི་ཚེ་ན་ཚོལ་བ་མཐོང། །བདུན་པ་བདེན་པའི་ཕ་རོལ་ཕྱིན། །

སྔོན་གྱི་སྐྱེས་བུ་ཆེན་པོ་ཡིས། །བསྙེན་དང་བརྟེན་པར་བྱས་པས་སོ། །༡༥༦

རེ་ཞིག་བདུན་པ་འདི་ཡིས་ནི། །བརྟན་པར་བྱས་ནས་གནས་པར་གྱིས། །

དེ་ལ་རྫུན་ནི་མི་སྨྲ་བས། །ཡང་དག་བྱང་ཆུབ་ཐོབ་པར་འགྱུར། །༡༥༧

ཇི་ལྟར་ཐ་སྐར་ཞེས་བྱ་བ། །ལྷ་དང་མི་རྣམས་མཚུངས་པར་ནི། །

དུས་ཀྱི་ལོ་ཡི་དུས་སུ་ནི། །ལམ་གཞན་དུ་ནི་མི་འགྲོ་ཞིང་། །༡༥༨

ཁྱོད་ཀྱིས་ཀྱང་ནི་དེ་བཞིན་བདེན། །བདེན་པ་བཟུང་ནས་མི་འགྲོ་བ། །

བདེན་པའི་ཕ་རོལ་ཕྱིན་གྱུར་པས། །བྱང་ཆུབ་ཡང་དག་ཐོབ་པར་འགྱུར། །༡༥༩

འདི་ཙམ་འབའ་ཞིག་མ་ཡིན་གྱི། །གང་ཞིག་བྱང་ཆུབ་ཐོབ་འདོད་ཆོས། །

གཞན་པ་ཡང་ནི་བཙལ་བར་བྱ། །གང་ཞིག་ཆོས་ནི་ཐོབ་བྱེད་པ། །༡༦༠

དེ་ཡི་ཚེ་ན་ཚོལ་བ་མཐོང། །བརྒྱད་པ་ལྷག་གནས་ཕ་རོལ་ཕྱིན། །

སྔོན་གྱི་སྐྱེས་བུ་ཆེན་པོ་ཡིས། །བསྙེན་དང་བརྟེན་པར་བྱས་པས་སོ། །༡༦༡

རེ་ཞིག་བརྒྱད་པ་འདི་ཡིས་ནི། །བརྟན་པར་བྱས་ཏེ་གནས་པར་གྱིས། །

དེ་ལ་ཁྱོད་ནི་གཡོ་མེད་པས། །ཡང་དག་བྱང་ཆུབ་ཐོབ་པར་འགྱུར། །༡༦༢

ཇི་ལྟར་རི་བོའི་བྲག་ཆེན་པོ། །གཡོ་བ་མེད་ཅིང་ལེགས་པར་གནས། །

རླུང་ཆེན་པོས་ནི་གཡོ་བ་མེད། །རང་གི་གནས་སུ་གནས་པ་ཉིད། །༡༦༣

དེ་བཞིན་ཁྱོད་ཀྱིས་ལྷག་གནས་པར། །ཐམས་ཅད་དུ་ནི་མི་གཡོ་བར། །

ལྷག་གནས་ཕ་རོལ་ཕྱིན་གྱུར་པས། །ཡང་དག་བྱང་ཆུབ་ཐོབ་པར་འགྱུར། །༡༦༤

འདི་ཙམ་འབའ་ཞིག་མ་ཡིན་གྱི། །གང་ཞིག་བྱང་ཆུབ་ཐོབ་འདོད་ཆོས། །

གཞན་པ་ཡང་ནི་བཙལ་བར་བྱ། །གང་ཞིག་ཆོས་ནི་ཐོབ་བྱེད་པ། །༡༦༥

དེ་ཡི་ཚེ་ན་ཚོལ་བ་མཐོང། །དགུ་བ་བྱམས་པའི་ཕ་རོལ་ཕྱིན། །

སྔོན་གྱི་སྐྱེས་བུ་ཆེན་པོ་ཡིས། །བསྙེན་དང་བརྟེན་པར་བྱས་པའོ། །༡༦༦

རེ་ཞིག་དགུ་བ་འདི་ཡིས་ནི། །བརྟན་པར་བྱས་ཏེ་གནས་པར་གྱིས། །

གལ་ཏེ་བྱང་ཆུབ་ཐོབ་འདོད་ན། །བྱམས་པ་མཚུངས་པ་མེད་པར་གྱིས། །༡༦༧

ཇི་ལྟར་ཆུ་ཞེས་བྱ་བ་ལ། །དགེ་འམ་སྡིག་པའི་སྐྱེ་བོ་ནི། །

མཚུངས་པར་བསིལ་བར་གྱུར་ལ་རེག །རྡུལ་དང་དྲི་མ་སྤོང་བར་བྱེད། །༡༦༨

དེ་ལྟར་ཁྱོད་ཀྱིས་མི་ཕན་དང་། །ཕན་ལའང་མཚུངས་པར་བྱམས་པར་བྱ། །

བྱམས་པའི་ཕ་རོལ་ཕྱིན་གྱུར་ནས། །ཡང་དག་བྱང་ཆུབ་ཐོབ་པར་འགྱུར། །༡༦༩

འདི་ཙམ་འབའ་ཞིག་མ་ཡིན་གྱི། །གང་ཞིག་བྱང་ཆུབ་ཐོབ་འདོད་ཆོས། །

གཞན་པ་ཡང་ནི་བཙལ་བར་གྱིས། །གང་ཞིག་ཆོས་ནི་ཐོབ་བྱེད་པ། །༡༧༠

དེ་ཡི་ཚེ་ན་ཚོལ་བ་མཐོང། །བཅུ་བ་བཏང་སྙོམས་ཕ་རོལ་ཕྱིན། །

སྔོན་གྱི་སྐྱེས་བུ་ཆེན་པོ་ཡིས། །བསྙེན་དང་བརྟེན་པར་བྱས་པས་སོ། །༡༧༡

རེ་ཞིག་བཅུ་བ་འདི་ཡིས་ནི། །བརྟན་པར་བྱས་ནས་གནས་པར་གྱིས། །

སྲང་ནི་གང་བར་འགྱུར་བ་བཞིན། །ཡང་དག་བྱང་ཆུབ་ཐོབ་པར་འགྱུར། །༡༧༢

ཇི་ལྟར་ས་གཞི་ཞེས་བྱ་ལ། །གཙང་དང་མི་གཙང་བྱུགས་པ་ན། །

ལྟོས་པ་མེད་ཅིང་བཏང་སྙོམས་པས། །ཁྲོ་བ་མེད་པར་སྤོང་བ་ཡིན། །༡༧༣

ཇི་ལྟར་ཁྱོད་ཀྱིས་ཀྱང་བདེ་སྡུག །དུས་རྣམས་ཀུན་ཏུ་སྲང་བཞིན་དུ། །

བཏང་སྙོམས་ཕ་རོལ་ཕྱིན་གྱུར་ནས། །ཡང་དག་བྱང་ཆུབ་ཐོབ་པར་འགྱུར། །༡༧༤

འདི་ཡི་འཇིག་རྟེན་དེ་རྣམས་ཉིད། །གང་ཞིག་བྱང་ཆུབ་ཐོབ་བྱེད་ཆོས། །

འདི་ནི་སྟེང་དང་གཞན་ནའང་མེད། །བརྟན་པར་བྱ་སྟེ་སེམས་ལ་ཞོག །༡༧༥

རང་བཞིན་གྱིས་ནི་གཡོ་མེད་པར། །འདི་ཡི་ཆོས་ནི་དྲན་པར་བྱེད། །

ཆོས་ཀྱི་གཞི་ཡི་ས་གཞི་ནི། །འཇིག་རྟེན་སྟོང་ཕྲག་རབ་ཏུ་གཡོས། །༡༧༦

སེམས་མེད་པ་ཡི་ས་གཞི་ནི། །བུར་ཤིང་འཁྲུལ་འཁོར་བཞིན་དུ་བཙིར། །

འབྲུ་མར་འཁྲུལ་འཁོར་བཞིན་དུ་འཁོར། །དེ་ལྟར་ས་ནི་རབ་ཏུ་གཡོས། །༡༧༧

ཇི་སྲིད་འཁོར་རྣམས་ཡོད་པ་ལ། །སངས་རྒྱས་ཀྱི་ནི་སྦྲེལ་བས་ན། །

དེ་ནི་དེ་རུ་སྡུག་བསྔལ་སེམས། །བརྒྱལ་བར་གྱུར་ནས་ས་ལ་ཉལ། །༡༧༨

བུམ་པ་སྟོང་ཕྲག་དུ་མ་དང་། །སྣོད་ཆེན་བརྒྱ་ཕྲག་མང་བོ་རྣམས། །

དེར་ནི་ཕྱེ་མ་ཞིབ་མོར་གྱུར། །ཕན་ཚུན་ཐུག་ཅིང་འཆག་པས་སོ། །༡༧༩

བརྒྱལ་དང་སྐྲག་དང་འཇིགས་པ་དང་། །གནོད་ཅིང་གཟིར་བའི་སེམས་ཀྱིས་འགྱེལ། །

སྐྱེ་བོ་ཐམས་ཅད་གཅིག་ཏུ་འདུས། །མར་མེ་མཛད་ཀྱི་དྲུང་དུ་སོང། །༡༨༠

འཇིག་རྟེན་པ་རྣམས་ཅི་ཕྱིར་གྱུར། །དགེ་བའམ་ཡང་ན་སྡིག་གམ་ཅི། །

འཇིག་རྟེན་ཀུན་ལ་ཉེར་འཚེ་བྱུང། །སྤྱན་ལྡན་ལེགས་པར་གསུང་དུ་གསོལ། །༡༨༡

དེ་རྣམས་ཀུན་ལ་ཆོས་བསྟན་ཅིང། །ཐུབ་པ་ཆེན་པོ་མར་མེ་མཛད། །

འཇིགས་པར་མ་བྱེད་དབུགས་དབྱུང་གིས། །འདི་ཡི་ས་གཞི་གཡོ་བས་ནི། །༡༨༢

གང་ཞིག་དེ་རིང་བདག་ལུང་བསྟན། །འཇིག་རྟེན་པ་རྣམས་སངས་རྒྱས་འགྱུར། །

དེ་ནི་ཆོས་ནི་དྲན་པར་བྱེད། །སྔོན་གྱི་རྒྱལ་བ་བསྟེན་བྱས་ཤིང། །༡༨༣

དེ་ཡི་ཆོས་རྣམས་དྲན་བྱེད་པས། །སངས་རྒྱས་ས་ནི་མ་ལུས་པ། །

དེས་ན་འདི་ཡི་ས་རྣམས་གཡོས། །ལྷ་དང་བཅས་པ་སྟོང་ཕྲག་བཅུ། །༡༨༤

སངས་རྒྱས་ཀྱི་ནི་གསུང་ཐོས་ནས། །དེ་མ་ཐག་ཏུ་འཇིགས་མེད་སེམས། །

ཐམས་ཅད་བདག་གི་དྲུང་དུ་འོངས། །སླར་ཡང་བདག་ལ་ཕྱག་དག་བྱས། །༡༨༥

སངས་རྒྱས་ཡོན་ཏན་བསམས་བྱས་ཤིང་། །ཡིད་ནི་བརྟན་པར་བྱས་ནས་ནི། །

མར་མེ་མཛད་ལ་ཕྱག་བྱས་ནས། །དེ་ཚེ་བདག་ནི་སྟན་ལས་ལངས། །༡༨༦

ལྷ་དང་མི་ཡི་མེ་ཏོག་རྣམས། །ལྷ་དང་མི་རྣམས་གཉིས་ཀ་ཡིས། །

སྟན་ལས་ལངས་པར་གྱུར་ནས་ནི། །མེ་ཏོག་མཚུངས་པར་བསྡུས་ནས་སོ། །༡༨༧

ལྷ་དང་མི་རྣམས་གཉིས་ཀ་ཡང། །ཐམས་ཅད་ཞི་བར་གྱུར་ཞེས་བསྟོད། །

ཁྱོད་ཀྱིས་ཆེན་པོ་དོན་དུ་གཉེར། །ཇི་ལྟར་འདོད་པ་དེ་ཐོབ་བོ། །༡༨༨

དུས་མིན་འཆི་བ་རིང་དུ་སོང། །ནད་རྣམས་ཐམས་ཅད་ཉམས་པར་གྱུར། །

ཁྱོད་ལ་བར་ཆད་མི་འབྱུང་ངོ་། །མཆོག་གི་བྱང་ཆུབ་མྱུར་དུ་ཐོབ། །༡༨༩

ཇི་ལྟར་དུས་སུ་སླེབ་པ་ན། །ལྗོན་ཤིང་མེ་ཏོག་བྱེ་བར་གྱུར། །

དེ་བཞིན་དཔའ་བོ་ཆེན་པོ་ཁྱོད། །སངས་རྒྱས་ཡེ་ཤེས་མེ་ཏོག་གྱུར། །༡༩༠

གང་ཞིག་ཇི་ལྟར་རྫོགས་སངས་རྒྱས། །ཕ་རོལ་ཕྱིན་བཅུ་རྫོགས་པར་བྱས། །

དེ་བཞིན་དཔའ་བོ་ཆེན་པོ་ཁྱོད། །ཕ་རོལ་ཕྱིན་བཅུ་རྫོགས་པར་གྱིས། །༡༩༡

ཇི་ལྟར་གང་ཞིག་རྫོགས་སངས་རྒྱས། །བྱང་ཆུབ་སྙིང་པོ་རྫོགས་པར་གྱུར། །

དེ་བཞིན་དཔའ་བོ་ཆེན་པོ་ཁྱོད། །རྒྱལ་བའི་བྱང་ཆུབ་རྫོགས་པར་གྱིས། །༡༩༢

གང་ཞིག་ཇི་ལྟར་རྫོགས་སངས་རྒྱས། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར། །

དེ་བཞིན་དཔའ་བོ་ཆེན་པོ་ཁྱོད། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །༡༩༣

ཇི་ལྟར་ཟླ་བ་ཉ་བ་ཡིས། །ཡོངས་སུ་དག་པས་འོད་འགྱེད་པ། །

དེ་བཞིན་ཁྱོད་ཀྱི་བསམ་རྫོགས་ནས། །སྟོང་ཕྲག་བཅུ་བོར་འོད་ཁྱེས་ཤིག །༡༩༤

ཉི་མ་སྒྲ་གཅན་ལས་གྲོལ་ནས། །ཚ་ཟེར་རབ་ཏུ་འགྱེད་བྱེད་པ། །

དེ་བཞིན་འཇིག་རྟེན་གྲོལ་བྱས་ནས། །ཁྱོད་ཀྱི་དཔལ་གྱིས་འོད་ཁྱེས་ཤིག །༡༩༥

གང་ཞིག་ཇི་ལྟར་ཆུ་ཀླུང་ནི། །རྒྱ་མཚོ་ཆེན་པོའི་རྗེས་སུ་འགྲོ། །

དེ་ལྟར་ལྷ་མིའི་འཇིག་རྟེན་ཚོགས། །ཁྱོད་ཀྱི་རྗེས་སུ་འཇུག་འགྱུར་ཤོག །༡༩༦

དེ་རྣམས་ཁྱོད་ལ་བསྟོད་ཅིང་བསྔགས། །ཆོས་བཅུ་བོ་ལ་གནས་བྱས་ནས། །

དེ་ཡི་ཆོས་རྣམས་རྫོགས་བྱེད་ཅིང། །དེ་ཚེ་ནགས་ཚལ་ཆེན་པོར་ཕྱིན། །༡༩༧

 

མཁས་པ་བློ་གྲོས་བཟང་བོའི་གཏམ་དུ་བྱ་བ་རྫོགས་སོ།། །།

 

སློབ་དཔོན་ཟླ་བ་གཞོན་ནུས་ཁོལ་དུ་ཕྱུང་སྟེ་རྒྱ་དཔེ་དང་གཏུགས་ཏེ་གཅིག་ཞུས་པ་དགེ།