-->

Jun 18, 2021

གྱང་ངོས་ཀྱི་ཁྲ་ཐིག

 


གྱང་ངོས་ཀྱི་ཁྲ་ཐིག

 

The Mark on the Wall

Virginia Woolf(1882-1941)

 


བིར་རྗེ་ནེ་ཡ་བོལ་ཧྥུས་བརྩམས།

སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར།



ད་ལོའི་ཟླ་དང་བོའི་ཟླ་དཀྱིལ་ཡས་མས་སུ། ངས་གྱང་ངོས་སུ་ཁྲ་ཐིག་ཅིག་ཡོད་པ་ཐོག་མར་མཐོང་། དོན་དམ་ཉི་མ་དེ་གང་ཡིན་པ་ཤེས་དགོས་ཚེ། ངས་སྐབས་དེར་མཐོང་བ་ནི་ཅི་ཞིག་ཡིན་པ་དྲན་དགོས། ཕྱིར་འདང་བརྒྱབ་ན་ངའི་སེམས་ལ་རྩིག་ཐབ་ཀྱི་མེ་ཤར་ཡོང་། མེའི་གཟུགས་བརྙན་བདག་གི་ཀློག་བཞིན་པའི་དེབ་ཀྱི་ཤོག་ངོས་སུ་འཕྲོས་པ་དང་། རྩིག་ཐབ་སྟེང་གི་ཤེལ་གྱི་ཕོར་པའི་ནང་དུ་མེ་ཏོག་ལུག་མིག་རྐང་གསུམ་གཟེར་ཡོད། རེད་དེ། དེ་ནི་དགུན་དུས་ཀྱི་ཉི་མ་ཞིག་ཡིན་ལ། བདག་གིས་ཇ་བཏུངས་མ་ཐག་པའི་དུས་ཡིན། ངས་དེ་དྲན་དོན་ཅི་ཡིན་ཞེ་ན་སྐབས་དེར་ངས་ཏག་ཏག་ཐ་མག་འཐེན་བཞིན་ཡར་བལྟས་པས་གྱང་ངོས་ན་ཁྲ་ཐིག་ཅིག་ཡོད་པ་མཐོང་བས་སོ།།

 

ཐ་མག་གི་དུ་ཞགས་གྱ་གྱུར་རྒྱུ་བ་བརྒྱུད་དེ། ངའི་མིག་ཟུང་ཡུད་ཙམ་རིང་འབར་བཞིན་པའི་བུད་ཤིང་ལ་གཏད། ཡུན་རིང་མ་བྱུང་བའི་འཕྲུལ་སྣང་ཉིད་སླར་མངོན་པ་སྟེ། གོས་དམར་གྱོན་པའི་རྟ་དམག་གྲངས་ཀྱིས་མི་ཟིན་པ་ཞིག་ཆུའི་འཕྲུལ་འཁོར་དང་འདྲ་བར་རྟ་ལ་ལྕག་གིས་སྐུལ་བཞིན་བྲག་ལྡེབས་ཀྱི་གཞོགས་ཤིག་ཏུ་འགོ་བ་དང་། དམར་ལམ་ལམ་གྱི་དར་ཆ་ཉིད་མཁར་རྫོང་གི་ལྕོག་ཁང་དུ་རླུང་གིས་ལྷབ་ལྷུབ་གཡོ་བར་བྱེད། ཡིན་ཡང་གྱང་ངོས་ཀྱི་ཁྲ་ཐིག་དེས་ང་རང་འཕྲུལ་སྣང་ལ་ཡན་པ་ལས་ཕྱིར་ཐོན་པར་བྱས་ཤིང་། སེམས་ནི་དར་ཅིག་ལྷོད་ལ་བབས་པར་གྱུར། དེའང་འཕྲུལ་སྣང་དེ་ནི་རྙིང་པ་ཞིག་ཡིན་ལ་རང་བཞིན་དུ་བྱུང་བ་ཞིག་ཡིན་པས་བྱིས་དུས་ནས་ཡོད་པ་ཞིག་ཡིན་ཡང་སྲིད། མདོག་ནག་ཅིང་དབྱིབས་སྒོར་ལ་ཆུང་བའི་ཁྲ་ཐིག་དེ་ཏག་ཏག་རྩིག་ཐབ་ཀླད་ཀྱི་ཨིན་ཁྲེ་དྲུག་བདུན་མཚམས་ཀྱི་གྱང་ངོས་དཀར་པོ་དེར་ཡོད་དོ།།

 

རང་རེའི་སེམས་ནི་གསར་བྱུང་གི་ཆོས་གང་ཞིག་དང་ལྷན་ཅིག་རབ་ཏུ་གཡོ་བར་འགྱུར་ཏེ། དཔེར་ན་གྲོག་མའི་ཚོགས་ཀྱིས་སྤྲོ་བ་ཆེན་པོས་རྩྭ་རྐང་གཅིག་ཡར་འདེགས་པ་དང་། ཡང་དེ་ཉིད་སྐད་ཅིག་རིང་འདོར་བ་བཞིན་ནོ།། …… གལ་སྲིད་ཁྲ་ཐིག་དེ་ནི་གཟེར་མ་ཞིག་གི་ཤུལ་ཡིན་སྲིད་ན། དེར་འདྲ་པར་ཞིག་བཀལ་བ་མིན་པར་བྲིས་རིས་ཆུང་ཆུང་ཞིག་བཀལ་བ་ཡིན་སྲིད། བྲིས་རིས་དེའང་ལྕམ་མོ་ཞིག་གི་བྲིས་རིས་ཡིན་ལ། ལྕམ་མོ་དེ་ནི་ལྕང་ལོར་ཚོས་སྐྱ་དང་གདོང་ལ་སྐེག་ཚོན་བྱུགས་ཤིང་། མཆུ་ཡི་བིམ་སྒྲོས་ནི་ཁཱར་ནེ་ཞིན་བཞིན་དམར་མདངས་བཀྲ་བ་ཞིག་ཡིན་ངེས། རེད་དེ། བྲིས་རིས་དེ་ནི་བསླད་མ་ཞིག་ཡིན་པ་དང་ཁང་པ་དེའི་བདག་པོ་སྔོན་མ་དེས་ཀྱང་རི་མོའི་རིགས་དེ་འདྲ་བ་དག་བདམས་པར་ངེས། ཁོང་ཚོ་ནི་ཁང་པ་རྙིང་པའི་ནང་ལ་རི་མོའི་རིགས་རྙིང་པ་འཕྲོད་པར་འདོད་པའི་སྐྱེ་བོའི་རིགས་ཡ་མཚན་པ་འགའ་ཡིན་ངེས། ངས་རྟག་པར་ཁོང་ཚོ་སེམས་ལ་དྲན་ནའང་། ཁོང་ཚོ་ནི་ཡུལ་ཁྱད་མཚར་བ་དག་ཏུ་ཡོད་པས་ཁོ་ཚོ་དང་འཕྲད་པའི་སྐལ་བ་མེད་ལ། ཕྱིས་འབྱུང་ཁོང་ཚོ་དོན་ཅི་ཞིག་ལ་འཕྲད་པའང་ཤེས་ཐབས་བྲལ། ཁྱིམ་ཚང་དེའི་ཁྱིམ་བདག་གིས་བཤད་ན། ཁོང་ཚོ་ནི་ཁྱིམ་ཆས་ཀྱི་རིགས་བརྗེ་འདོད་དེ་ཁང་པ་འདི་ནས་གནས་སྤར་བ་ཡིན་ཟེར། ཡང་ཁོས་ཁོ་རང་གི་བསམ་ཚུལ་ལྟར་ན་སྒྱུ་རྩལ་བརྩམས་ཆོས་ཀྱི་ལྟག་རྒྱབ་ན་སྒྱུ་རྩལ་མཁན་པོའི་བསམ་བློ་ཡང་ཡོད་པ་རེད་ཅེས་ཤོད་ཀྱིན་པའི་སྒང་ལ་ངེད་གཉིས་སོ་སོར་གྱེས་དགོས་བྱུང་། ཚུལ་དེ་ནི་ངེད་ཅག་མེ་འཁོར་དུ་ཡོད་དུས། ལམ་ཁའི་གཞིས་བྲང་ཞིག་གི་མེ་ཏོག་ལྡུམ་རའི་ནང་ན་བགྲེས་མོ་ཞིག་གིས་ཇ་ལྡུག་བཞིན་པ་དང་། གཞོན་ནུ་ཞིག་གིས་ལག་ནང་དུ་ཡོད་པའི་དྲ་སྤོར་རྡེག་རྩིས་བྱེད་པ་མཐོང་ཞིང་། སྐད་ཅིག་ཉིད་ལ་དེ་དག་མེ་འཁོར་གྱི་རྗེས་སུ་བསྐྱུར་བ་དང་གཉིས་སུ་མ་མཆིས།

 

དེ་ལྟ་ནའང་། ངས་ཁྲ་ཐིག་དེ་ཡང་སྙིང་ཅི་ཞིག་ཡིན་པ་ཁ་ཚོན་གཅོད་མི་ཐུབ། དྲང་མོར་བཤད་ན་ངས་དེ་ཉིད་གཟེར་མ་ཞིག་ལས་བྱུང་བར་རློམ་ཐབས་བྲལ། དེ་ནི་སྤྱིར་བཏང་གི་གཟེར་ཤུལ་ཞིག་ལས་སྒོར་ཞིང་ཆེ་བ་ཞིག་རེད། གལ་སྲིད་ངས་ཡར་ལངས་ཏེ་བལྟས་ནའང་དེ་ཉིད་ཅི་ཞིག་ཡིན་པ་ཕལ་ཆེར་ཤེས་མི་སྲིད། དེའང་དོན་གང་ཞིག་བྱུང་བའི་རྗེས་སུ། དེ་ཇི་ལྟར་བྱུང་བ་སུས་ཀྱང་ཤེས་ཐབས་བྲལ་བ་བཞིན་ནོ།། ཀྱེ་མ། མི་ཚེ་ནི་ཇི་འདྲའི་ལྐོག་ཏུ་གྱུར་བ་ཞིག་དང་སེམས་ནི་ཅི་འདྲའི་ངེས་གཏན་མེད་པ་ཞིག འགྲོ་བ་མིའི་རིགས་ནི་ཇི་འདྲའི་རྨོངས་ཤིང་འཐོམས་པ་ཞིག་རེད་ཨང་། ངེད་ཅག་གིས་རང་ལ་དབང་བའི་ཆོས་གང་ལའང་ཁ་ལོ་སྒྱུར་ཐབས་བྲལ་བ་དང་། མིའི་རིགས་ཀྱི་ཤེས་རིག་མཐའ་དག་གི་མདུན་དུ་སོ་སོའི་མི་ཚེ་ནི་ངེས་པ་མེད་པ་ཞིག་ཡིན་པ་བསྟན་ཆེད། ངས་འདིར་དེ་སྔོན་བོར་བརླག་ཐེབས་པའི་ཅ་ལག་འགའ་ཞིག་དཔེར་བཞག་པས་ཆོག་གོ། དེའང་ཐོག་མར་ནང་དུ་ངའི་དཔེ་ཆ་འཚེམ་བྱེད་དག་བླུགས་པའི་ལྕགས་སྒམ་སྔོ་སྐྱ་དག་བཤད་འོས་ཏེ། དེ་ཚོ་ནི་དངོས་གནས་ཅི་ཡིན་འདི་ཡིན་མེད་པར་བོར་སོང་། དེ་དག་བྱི་ལས་འཆོས་པ་དང་ཙི་གུས་མུར་བ་ཡིན་སྲིད་དམ། དེའི་རྗེས་སུ་ད་དུང་བྱེའུ་གཟེབ་འགའ་དང་། ཤམ་ལྭའི་མཐའ་ཤན། ལྕགས་ཀྱི་ཤུད་ལྷམ། རྒྱལ་མོ་ཨཱན་རིང་གི་སོལ་སླེའུ། རྡེའུ་རྩེད་སྟེགས་བུ། ལག་སྦྲེང་སོགས་ཐམས་ཅད་མི་སྣང་བར་གྱུར་ཅིང་། རིན་པོ་ཆེའི་རྒྱན་ཆ་འགའ་ཡང་དེ་བཞིན་ནོ།། འོ་མདོག་གི་གཏེར་རྡོ་དང་མརྒད་ཀྱང་བོར་སོང་། དེ་དག་ནི་ཉུང་མའི་རྩད་པའི་གམ་ན་ཡོད། དེ་དག་ཐམས་ཅད་ནི་འབད་པ་དང་སེར་སྣའི་ངང་དུ་བསགས་པ་ཤ་སྟག་ཡིན། ཡིན་ཡང་སྐབས་འདི་ལ་ངའི་ལུས་ན་གྱོན་གོས་འགའ་ཞིག་ཡོད་པ་དང་ཉེ་འཁོར་ན་ཁྱིམ་ཆས་སྤུས་ལེགས་འགའ་ཡང་ཡོད་པས་དེ་ནི་དངོས་གནས་ཧ་ལས་དགོས་པའི་དོན་ཞིག་རེད་ཅེས་བཤད་ཆོག གལ་སྲིད་ངེས་པར་མི་ཚེ་ཉིད་དཔེ་རུ་འགོད་དགོས་བྱུང་ན། དེ་ནི་མི་ཞིག་ཆུ་ཚོད་རེར་ཨིན་ལེ་ལྔ་བཅུའི་མགྱོགས་ཚད་ཀྱིས་ཕུག་དོང་ནང་དུ་འཕངས་ཤིང་། དེ་ཉིད་དོང་སྒོ་ནས་ཐོན་དུས་ལུས་པོ་གཅེར་བུར་གྱུར་ཏེ་ཐ་ན་སྐྲ་འཛེར་ཞིག་ཀྱང་ལྷག་མེད་པ་དང་། དེའི་འཕྲོར་སླར་ཡང་ཡེ་ཤུའི་ལྷ་ཆེན་གྱི་རྐང་འདབས་སུ་འཕངས་ཏེ་མེ་ཏོག་ཆུ་ལྷ་བཞད་སའི་ནེའུ་གསེང་དུ་ལུས་ཀྱི་མགོ་རྔ་ལྡོག་སྟེ་སར་ལྷུང་བ་ཉིད་དོ།། ཡང་ཚུལ་དེ་ནི་ཤོག་བུ་སྨུག་པོས་བཏུམས་པའི་དོས་པོ་དག་སྦྲག་ཁང་གི་སྦུག་ལམ་དུ་གཡུགས་པ་དང་འདྲ་ལ། རླུང་གིས་སྐྱོད་པའི་སྐྲ་ལོ་ནི་རྟ་རྒྱུགས་ར་བའི་རྟ་ཡི་མཇུག་མ་དང་ཤིན་ཏུ་མཚུངས་སོ།། དཔེ་འདི་དག་གིས་འཚོ་བ་ཉིད་མི་རྟག་པའི་རང་བཞིན་དུ་གནས་པ་དང་། མཚམས་མེད་པར་སྟོང་ཟད་དུ་འགྲོ་ཞིང་ཡང་ཡང་བསྐྱབ་དགོས་པའི་ངེས་པ་མེད་ཅིང་ཡིད་རྟོན་བྲལ་བ་མཚོན་ནུས་སོ།།

 

དེས་ན་སྐྱེ་བ་ཕྱི་མ་ནི་ཅི་ལྟ་བུ་ཞིག་ཡིན་ནམ། ཕོན་ཆེ་བའི་གཞུང་རྟ་ཉིད་གེ་སར་གྱིས་ལྕི་བར་བྱས་ཏེ་མར་དུད་པ་དང་། ཕོར་པའི་ཁ་དང་འདྲ་བའི་མེ་ཏོག་ནི་མགོ་བོ་གུག་སྟེ་རྒྱ་སྨུག་གི་བཀྲག་མདངས་འགྱེད་པར་བྱེད། སྐྱེ་བོ་གང་ཞིག་ཅིའི་ཕྱིར་མགོན་མེད་སྐྱབས་མེད་དང་སྨྲ་བ་མེད་པའི་ངང་དུ་གནས་འདིར་ཚེ་འཕོས་པ་ལས་གཞན་དུ་མ་འཕོས་པ་དང་། ཕྱི་རོལ་གྱི་གཟུགས་གང་ཞིག་ལ་དམིགས་པའང་གཏད་མི་ཐུབ་པར་རྩྭ་གསེབ་བམ་གྱད་མིའི་རྐང་མཛུབ་ཀྱི་བར་ནས་ལུས་སོང་ངམ། ཡང་གང་ཞིག་ནི་ལྗོན་པ་ཡིན་པ་དང་། སྐྱེས་པ་དང་སྐྱེས་དམན་ཟེར་བ་དེ་ཅི་ཞིག་ཡིན་པ། ཡང་ན་ཆོས་དེ་དག་དོན་དམ་དུ་ཡོད་དམ་མེད་ཅེ་ན་བགྲང་བྱ་ལྔ་བཅུ་འདས་རྗེས་སུ་དེ་ལ་དྲིས་ལན་ཡོད་མི་སྲིད་དོ།། ཡལ་ག་སྦོམ་པོ་འགའ་འཕྲེད་དུ་ཉལ་སྐབས་སུ་འོད་དང་གྲིབ་མ་འཐབ་པ་ལས་གཞན་ཅི་ཡང་ལྷག་མི་འདུག་སྟེ། གཅིག་བྱས་ན་ཅུང་མཐོ་བའི་གནས་སུ་རྒྱ་སེ་མེ་ཏོག་གི་ཆ་ཤས་གློ་མདོག་དང་སྔོན་པོར་སྣང་བ་རེ་ཡོད་ཅིང་དེ་དག་ནི་དུས་ཀྱི་འགྲོས་དང་ལྷན་ཅིག་ཇེ་གསལ་ནས་ཇེ་གསལ་དུ་འགྲོ། མཐར་ཅི་ཞིག་ལ་འགྱུར་བ་ངས་ཀྱང་མི་ཤེས།

 

ཡིན་ཡང་གྱང་ངོས་ཀྱི་ཁྲ་ཐིག་དེ་ནི་བུ་ག་ཕྲ་མོ་ཞིག་ཀྱང་མ་ཡིན་པར་དངོས་པོ་ནག་པོ་དབྱིབས་སྒོར་མོ་ཅན་ཞིག་གིས་བཟོས་པ་ཡིན་སྲིད། དཔེར་ན་དབྱར་དུས་ཀྱིས་བཞག་པའི་རྒྱ་སེ་མེ་ཏོག་གི་ལོ་མ་ཆུང་ངུ་ཞིག་ལྟ་བུའོ།། དེའང་ང་ནི་ཧ་ཅང་གཟབ་གཟབ་བྱེད་པའི་ཁྱིམ་བདག་མ་ཞིག་མ་ཡིན་པ་རྩིག་ཐབ་སྟེང་གི་ས་རྡུལ་ལ་བལྟས་པས་ཤེས་སོ།། གོ་ཐོས་སུ་ཐྲི་རོ་དབྱི་མཁར་ནི་འདི་ལྟ་བུའི་ས་རྡུལ་གྱིས་ཐེངས་གསུམ་ལ་མར་མནན་པར་གྲགས། ཡིན་ནའང་རྫ་མ་སོགས་སྣོད་ཆས་གང་རུང་གི་ཆག་རོ་ལ་ས་རྡུལ་དེ་དག་གིས་ཅི་ཡང་མི་ནུས་ཏེ། འདི་ནི་སུས་ཀྱང་རློམ་རུང་བ་ཡིན།

 

སྒོ་ཁའི་ཤིང་གི་ཡལ་གས་སྒེའུ་ཁུང་གི་ཤེལ་ལ་དལ་གྱིས་རྡེག་ཅིང་། ངས་ནི་ཅ་ཅོ་མེད་ཅིང་། ཁོག་རྒྱ་ཡངས་ལ། ལྷིང་ཞིང་འཇགས་པའི་ངང་དུ་བསམ་གཞིག་གཏོང་འདོད་པས་དེ་ལ་བར་ཆད་ཕྲན་ཙམ་མེད་པ་དང་རྐུབ་སྟེགས་ལས་ཀྱང་ཡར་ལངས་མི་དགོས་པ་དང་། རྒོལ་བ་དང་རྐྱེན་ངན་གང་ཡང་མེད་པའི་ངང་ལས་སླ་མོས་དོན་འདི་བརྒྱུད་ནས་དོན་གཞན་དག་དྲན་རྒྱུ་བྱུང་ན་བསམ། ཕྱི་ཚུལ་གྱི་དོན་འགའ་ཞིག་དང་རིང་དུ་གྱེས་ཏེ་གཏིང་ཟབ་ས་ནས་ཟབ་སར་འབྱིང་ན་བསམ། འགྱུར་བ་མེད་པར་བརྟན་པོར་བསྡད་ན་ངས་སེམས་ནང་ནས་འཁྱུག་ཙམ་གྱིས་འགྲོ་བའི་དོན་དེ་འཛིན་ཐུབ། རེད་དེ། དེ་ནི་ཤིག་སི་ཕེར་རམ་ཡང་ན་གཞན་ཞིག་ཡིན་ཡང་ཆོག སྐྱེ་བོ་གང་དེ་རྐུབ་སྟེགས་ལག་འཇུ་ཅན་དུ་བརྟན་པོར་བསྡད་ཡོད་ལ། ཁོས་ཐབ་ནང་གི་མེ་ལ་བལྟས་འདུག དྲག་ཆར་དང་འདྲ་བའི་འཆར་སྒོ་ཞིག་ལྷ་ཡུལ་བརྒྱུད་ནས་ཁོའི་སེམས་ནང་ལ་བྱུང་། མི་རྣམས་ཆེས་ཆེར་ཕྱེ་བའི་རྒྱ་སྒོའི་ཕྱིར་འགྲེང་ཞིང་ཁོ་ཚོས་ཕྱིར་ནང་ལ་ལྟ་བ་དང་། ཁོས་ལག་པ་དཔྲལ་བར་བཞག་འདུག རྣམ་པ་འདི་འདྲ་བ་ནི་དབྱར་གྱི་ས་སྲོད་ཅིག་ལ་བྱུང་བར་བལྟ་ཆོག འོན་ཏེ་རྟོག་བཟོ་བྱས་པའི་འདས་དོན་དེ་ནི་ཇི་འདྲའི་སྙིང་པོས་སྟོང་བ་ཞིག་རེད་ཨང་། ང་ནི་དེ་ལ་ཅུང་ཙམ་ཡང་ཡིད་ཕྱོགས་པར་མ་གྱུར་ཏོ།། ངས་ང་རང་ལ་མི་ཚོར་སྤྲོ་བ་སྐྱེད་བྱེད་ཀྱི་བསམ་ཚུལ་ཞིག་བྱུང་ན་སྙམ་ཞིང་། བསམ་ཚུལ་དེ་ནི་ང་རང་ལ་བརྒྱུད་པའི་ངང་དུ་དཔལ་དང་གཟི་བརྗིད་སྟེར་བྱེད་ཅིག་ཡིན་ན་སྙམ། བསམ་ཚུལ་དེ་འདྲ་བྱུང་ན་དངོས་གནས་ཡིད་དུ་འོང་བ་ཞིག་རེད་དོ།། བསམ་ཚུལ་དེ་ནི་དུས་རྟག་པར་རང་ཉིད་ནི་གཞན་གྱི་ངོ་བསྟོད་ལ་སུན་པར་འདོད་པའི་སྐྱེས་བུ་ཞི་ཞིང་དུལ་བ་དེ་དག་གི་སེམས་ལའང་འཆར་ངེས་པ་དང་། དེ་ནི་སྦ་གསང་ཅི་ཡང་མེད་པར་རང་གིས་རང་ལ་བསྔགས་པ་དང་གཏན་ནས་མི་འདྲ། དེ་བས་དེ་ཉིད་ངོ་མཚར་རྨད་དུ་བྱུང་བ་ཞིག་ཏུ་ངེས། བསམ་ཚུལ་དེ་ནི་གཤམ་དུ་གསལ་བ་བཞིན་ནོ།།

 

ང་ཁང་པའི་ནང་དུ་འཛུལ་དུས། ཁོ་ཚོས་རྩི་ཤིང་རིག་པའི་སྐོར་ནས་ཁ་བརྡ་བྱེད་ཀྱིན་འདུག ངས་དེ་སྔ་ཁེན་སི་ཝེའི(Kingsway)ཁང་རྙིང་ཞིག་གི་རྩིག་གདན་ལས་མེ་ཏོག་ཅིག་མཐོང་མྱོང་བ་དང་། དེ་ནི་ཕལ་ཆེར་མི་རྣམས་ཀྱིས་ཆར་ལེ་སེའི(Charles)མཚན་ཅན་དང་པོའི་སྐབས་སུ་སོན་བཏབ་པ་ཞིག་ཡིན་ངེས་ཞེས་སྨྲས། མི་རྣམས་ཀྱིས་ཆར་ལེ་སེའི་མཚན་ཅན་དང་པོའི་སྐབས་སུ་མེ་ཏོག་ཅི་ཞིག་གདབ་སྲིད་དམ” ངས་དེ་ལྟར་དྲིས་པ་ཡིན། (འོན་ཏེ་ཕྱིར་ལན་ཅི་ཞིག་བཏབ་པ་ངའི་དྲན་པའི་ཡུལ་དུ་མི་འདུག) ངས་ཅུང་ཙམ་དྲན་པ་ནི། དེ་ནི་ཟེའུ་འབྲུ་མཆིན་མདོག་ཅན་གྱི་མེ་ཏོག་རིང་པོ་ཞིག་ཡིན་པ་དེ་རེད། དེ་བས་ངས་ཡུན་རིང་བར་དེ་ལྟར་དྲན་པ་ཡིན། ངས་དུས་རྒྱུན་རྟོག་བཏགས་ཀྱི་ཀློང་ནས་རང་ཉིད་ལ་མཆོར་སྒེག་སྤྲས་ཤིང་། གཞན་གྱིས་མི་ཚོར་བ་བྱས་ཏེ་སྣང་བ་སྐྱིད་པོ་བྱ་བ་ལས། ཀུན་གྱི་མདུན་ནས་རང་ཉིད་མཆོག་ཏུ་གྱུར་པར་བསྒོམས་མེད། གལ་སྲིད་ངས་དངོས་སུ་མཆོར་ཉམས་སྤྲས་དགོས་ཚེ། ངས་ཁ་རོག་གེར་དཔེ་དེབ་ཅིག་ལག་ཏུ་ཐོགས་ནས་འཚབ་བཞིན་པའི་ངང་ཚུལ་དེ་སྦ་སྲིད་པ་དང་། དེ་ལྟར་བྱས་ཚེ་ད་གཟོད་ངའི་སེམས་བདེ་ལ་འབབ་སྲིད། བཤད་ན་ཅུང་ཁྱད་མཚར་བ་ཞིག་ནི། མི་རྣམས་རྒྱུ་མཚན་མེད་པར་གཞན་མཆོག་ཏུ་བཀུར་བའམ་རྒྱུ་རྐྱེན་གཞན་གྱིས་རྨོངས་པར་བྱེད་པ། ཡང་ན་རང་ཉིད་ཅི་ཡིན་འདི་ཡིན་མེད་པར་གྱུར་ཏེ་གཞན་གྱིས་ཡིད་ཆེས་བརླག་པར་དོགས་ནས་རང་གི་སྣང་བརྙན་སྲུང་བར་དགའ། ཡིན་ཡང་། ཞིབ་ཏུ་བསམས་ན་དེ་ནི་ཧ་ཅང་ཁྱད་མཚར་བ་ཞིག་རེད་དམ་ཞེ་ན། དེ་གནད་ཀྱི་དོན་པོ་རང་རེད། གལ་སྲིད་མེ་ལོང་ཐམས་ཅད་ཧྲུག་ཆག་ཏུ་གྱུར་ཚེ། སྣང་བརྙན་ནི་ཡལ་བར་འགྱུར་བ་དང་། མེ་ལོང་ནས་མངོན་པའི་ཡིད་འོང་གི་གཟུགས་བརྙན་ཡང་ཉེ་འཁོར་དུ་ལྗང་ཤིག་གེར་ཡོད་པའི་ལྗོན་པའི་ཚོགས་དང་ལྷན་ཅིག་མི་སྣང་བར་འགྱུར་སྲིད། མི་དེའི་ཤུན་སྐོགས་ཀྱང་སྐྱེ་བོ་གཞན་ཁོ་ནའི་མཐོང་སྣང་དུ་འཆར་བར་འགྱུར། དེ་འདྲའི་འཇིག་རྟེན་ནི་དབུགས་ཀྱི་རྒྱུ་བ་འགག་པར་བྱེད་ཅིང་། གཏིང་མི་ཟབ་པ་དང་། སྙིང་པོས་དབེན་པ། ཡ་མ་གཟུགས་སུ་གྱུར་པ་ཞིག་རེད་ཨང་། འཇིག་རྟེན་དེ་ནི་འཚོ་ཞིང་གཞེས་རུང་གི་གནས་ཤིག་མ་ཡིན་ཏེ། གནས་དེ་ནས་སྤྱི་སྤྱོད་མོ་ཊའམ་ས་འོག་མེ་འཁོར་དུ་སྡོད་པའི་སྐབས་ཁོ་ནར། སྐྱེ་བོ་ཕན་ཚུན་གྱི་མིག་གི་ཤེལ་སྒོ་མེ་ལོང་དང་འདྲ་བ་དེ་ནས་རང་ཉིད་ཀྱི་སྣང་བརྙན་གསལ་ལ་མི་གསལ་བ་དེ་མཐོང་བར་འགྱུར། མ་འོངས་པའི་དུས་ཀྱི་སྒྲུང་མཁན་ཚོས་སྣང་བརྙན་དེ་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ཡིན་པ་རིམ་གྱིས་རྟོགས་པར་འགྱུར་ཞིང་། དེ་གར་སྣང་བརྙན་གཅིག་ཙམ་མ་ཡིན་པར་གྲངས་མེད་པ་ཞིག་ཡོད། འདི་ནི་ཁོ་ཚོས་བརྟགས་ཤིང་དཔྱད་པའི་ཟབ་ཚད་དེ་ཡིན་པ་དང་། སྙེག་པར་བྱ་བའི་འཁྲུལ་སྣང་དེ་ཡིན་སྲིད། ཡང་ན་གྷི་རིག་པ་དང་ཤིག་སི་ཕེར་གྱིས་བྱས་པ་ཇི་བཞིན་རྫོགས་རྒྱུ་མེད་པའི་སྒྲུང་ནང་གི་མངོན་སུམ་གྱི་བརྗོད་པ་དག་མར་གཡུགས་ཏེ་ཤེས་བྱ་གང་ཞིག་སོ་སོའི་མོས་པ་བཞིན་ལེན་འོས་སམ། གཅིག་བྱས་ན་དེ་ལྟར་སྤྱི་མཚན་ཅན་གྱི་དོན་དུ་བསྒྱུར་ན་རིན་ཐང་ཅི་ཡང་མེད་དེ། ཚིག་དེ་དམག་དཔུང་གི་འབོད་སྒྲ་བཞིན་ཚད་ལྡན་དུ་བཟོས་ཡོད་པ་དེ་ཤེས་པས་ཆོག་གོ། ཚིག་དེས་མི་རྣམས་ལ་གསར་འགྱུར་གྱི་དབུ་རྩོམ་དྲན་དུ་འཇུག་ཅིང་ནང་སྲིད་བློན་ཆེན་དྲན་དུ་འཇུག་ལ་དེ་དང་དེ་འདྲ་ཐམས་ཅད་དྲན་དུ་འཇུག ཆུང་བྱིས་པའི་དུས་ནས་ལེགས་པར་བསམས་ཤིང་ཚད་དང་ལྡན་པ་དང་བདེན་པར་བཟུང་བའི་དོན་དེ་དག་ལས་སུ་ཡང་བརྒལ་བར་མི་ནུས་ཏེ་གལ་སྲིད་བརྒལ་གྱུར་ན་དམྱལ་བར་ལྟུང་ངེས་སོ།། ཡང་སྤྱི་མཚན་ཅན་གྱི་དོན་ཞེས་པས་ལོན་ཊོན་གྱི་རེས་གཟའ་ཉི་མ་དྲན་དུ་འཇུག དེ་ནི་རེས་གཟའ་ཉི་མའི་གུང་ཡོལ་དུས་ཀྱི་འཆམ་འཆམ། རེས་གཟའ་ཉི་མའི་གུང་ཚིགས། ཤི་བོ་ཚོའི་སྐོར་དང་། གྱོན་གོས་ཀྱི་སྐོར། གོམས་སྲོལ་གྱི་སྐོར་གླེང་བའི་གཏམ་སོགས་ཏེ། སུ་ལའང་མོས་པ་མེད་ནའང་ཐམས་ཅད་ཁང་པའི་ནང་མཉམ་དུ་འཛོམས་ནས་སྐབས་ཤིག་ལ་སྡོད་པ་བཞིན་ནོ།། དེ་གར་ཐམས་ཅད་སྲོལ་ལུགས་ལས་འདའ་མི་རུང་སྟེ། དམིགས་བསལ་གྱི་དུས་སྐབས་དེར་སྒྲོག་ཁེབས་ནི་ཅིས་ཀྱང་ཐིག་ལེ་གྲུ་བཞི་སེར་པོ་ཅན་གྱི་ཐགས་རིས་ཡིན་དགོས། དཔེར་ན། ཁྱོད་ཀྱིས་རེས་འགར་འདྲ་པར་ནས་མཐོང་སྲིད་པའི་གོང་མའི་ཕོ་བྲང་གི་ཁྱམས་རར་ཡོད་པའི་ཀམ་པ་ལི་བཞིན་ནོ།། གལ་སྲིད་སྒྲོག་ཁེབས་ནི་རིགས་དེ་འདྲ་བ་མ་ཡིན་ཚེ་དེ་ལ་སྒྲོག་ཁེབས་སུ་ཇི་ལྟར་འབོད། ནམ་ཞིག་གི་ཚེ་ན། གཟའ་ཉི་མའི་གུང་ཚིགས་དང་། གཟའ་ཉི་མའི་འཆམ་འཆམ། གྲོང་གསེབ་ཀྱི་དུས་ཚོད། སྒྲོག་ཁེབས་སོགས་བདེན་པར་སྣང་བ་མཐའ་དག་དོན་དངོས་སུ་བདེན་པ་མིན་པར་མ་ཟད། དེ་དག་ནི་སྒྱུ་མའི་སྣང་བརྙན་ཕྱེད་ཙམ་གྱིས་གྲུབ་པ་ཤེས་ཤིང་། དེ་ལྟར་སྣང་མཁན་ལའང་ཁྲིམས་མེད་ལུགས་མེད་ཀྱི་རང་དབང་གི་ཚོར་ཤེས་ཙམ་ཡོད་པ་མ་གཏོགས་ཁྲིམས་ཆད་གཞན་གང་ཡང་མི་ཕོག་པ་ཡིན་ན་དེ་ནི་ཅི་འདྲའི་ཧ་ལས་དགོས་པ་ཞིག་དང་ཅི་འདྲའི་ཡ་མཚན་པ་ཞིག་རེད་ཨང་། ངས་འདང་མི་ཕོག་པ་ཞིག་ནི། དོན་དངོས་སུ་གང་ཞིག་གིས་བདེན་པར་གྲུབ་པའི་ཆོས་དེ་དག་གི་ཚབ་བྱས་པ་དེ་རེད། གལ་སྲིད་ཁྱོད་རང་བུད་མེད་ཡིན་ན། དེ་ནི་སྐྱེས་པ་ཡིན་ངེས་རེད། སྐྱེས་པ་ཚོའི་འདོད་ཚུལ་གྱིས་ངེད་ཅག་གི་འཚོ་བར་ཁ་ལོ་བསྒྱུར་ཡོད་ཅིང་། དེས་ཚད་ཐིག་དེ་དག་གཏན་ལ་ཕབ་པ་དང་། ཝེ་ཐྲི་ཁེར་གྱི་སྐྱེས་བུ་མཆོག་དམན་གྱི་རིམ་བསྟར་རེའུ་མིག་[1]བཟོས་པ་རེད། ངས་བརྟགས་པ་ལྟར་ན། དེ་ཉིད་དམག་འཁྲུག་གི་རྗེས་ཀྱི་སྐྱེས་ཕོ་མོ་མང་པོའི་སེམས་ཀྱི་སྒྱུ་མའི་སྣང་བརྙན་ཕྱེད་ཙམ་དུ་གྱུར་འདུག་པར་མ་ཟད། ངེད་ཅག་གིས་དེ་ཉིད་དུས་ཚོད་ཐུང་ངུའི་ནང་འཕྱ་སྨོད་ཀྱི་ཡུལ་དུ་བསྒོམས་ཏེ་སྣང་བརྙན་གྱི་སྙིགས་ཟོམ་དུ་འཕེན་བྱའི་ཤིང་དམར་གྱི་ཕོར་སྒྲོམ་[2]དང་། ལཱན་སེར་[3]གྱི་བརྐོས་རིས། ལྷ་དང་བདུད། དམྱལ་ཁམས་སོགས་སུ་འགྱུར་ངེས། གལ་སྲིད་རང་དབང་ཟེར་བ་དེ་ཡོད་ན། དེས་ངེད་ཅག་ལ་བཞག་པ་ནི་ཡིད་མྱོས་པར་བྱེད་པའི་ཁྲིམས་མེད་ལུགས་མེད་ཀྱི་རང་དབང་གི་ཚོར་བ་འབའ་ཞིག་རེད།

 

འོད་སྣང་གང་རུང་གི་འོག་ནས་གྱང་ངོས་ཀྱི་ཁྲ་ཐིག་དེ་གྱང་ངོས་ནས་ཚུར་འབུར་བ་དང་འདྲ། དེ་ཉིད་རྦད་དེ་དབྱིབས་སྒོར་སྒོར་ཞིག་ཏུའང་མ་ངེས། ངས་ཁ་ཚོན་གཅོད་མི་ཐུབ་ཀྱང་ཕལ་ཆེར་དེ་ཡིས་གྲིབ་མ་རབ་རིབ་ཅིག་འགྱེད་པ་འདྲ་ལ། གལ་སྲིད་ངས་མཛུབ་མོས་གྱང་ངོས་དེད་དེ་དེར་རེག་ཚེ་ཚེག་གཅིག་གི་སྟེང་ནས་བང་སོའི་དེའུ་ཞིག་ལ་རེག་ཐུབ་པའི་ཚོར་བ་འབྱུང་། བང་སོའི་དེའུ་དེ་ལྟ་བུ་ནི་ལྷོ་ཕྱོགས་དྷོན་ཟིའི་[4]ཡུལ་གྱི་རི་མ་ཐང་གི་བང་སོའི་དེའུ་དག་དང་འདྲ་བར་ངོས་འཇམ་པ་ཤ་སྟག་རེད། ཁོ་ཚོས་བཤད་ན་དེ་གར་ཡོད་པ་ནི་དུར་ས་མིན་ན་དམག་སྒར་ཡིན་ཟེར། དེ་གཉིས་ལས་ང་ནི་དུར་ས་ཡིན་ན་དགའ། ཨིན་ཇི་བ་མང་ཤོས་དང་འདྲ་བར། ང་ནི་སྐྱོ་ཤས་ཆེ་བ་ལ་ཞེན་ཏེ། འཆམ་འཆམ་ལ་ཕྱིན་རྗེས་སུ་རྐང་ཞབས་ཀྱི་སྤང་གི་འོག་ན་རུས་པ་དཀར་པོ་སྦས་ཡོད་པ་དྲན་སྲིད། …… དེའི་སྐོར་དེབ་ཅིག་གི་ནང་ངེས་པར་བྲིས་ཡོད་པར་ངེས་ལ། གནའ་རྫས་ཉར་ཚགས་མཁན་ཞིག་གིས་ཀེང་རུས་དེ་དག་ཡར་བཏོན་ཏེ་དེ་དག་ལ་མིང་བཏགས་ཡོད་ངེས། …… གནའ་རྫས་ཉར་ཚགས་མཁན་དེ་མི་ཅི་འདྲ་ཡིན་པ་བསམས་ནས་ང་ལ་མཚར་སྣང་ཞིག་བྱུང་། དེ་ནི་ཕལ་ཆེར་ལས་འཁྱུར་ངལ་གསོ་བྱས་པའི་དམག་སྤྱི་དེ་རིགས་ཡིན་སྲིད་ལ། ཁོས་བཟོ་པ་རྒས་འཁོགས་འགའ་རོགས་སུ་ཁྲིད་དེ་འདི་གའི་ཐོག་ཤོད་ལ་འཛེགས་རྗེས་འདམ་གོང་དང་རྡོ་ལ་ཞིབ་བཤེར་བྱེད་པ་དང་། ཁྱིམ་མཚེས་ཀྱི་ཆོས་དཔོན་དབར་ཕན་ཚུན་འཕྲིན་པ་གཏོང་རེས་བྱེད་ངེས། འཕྲིན་ཡིག་གང་ཞིག་ཞོགས་ཟས་ཀྱི་དུས་སུ་ཁ་ཕྱེ་དུས། ཁོང་ཚོས་རང་ཉིད་ནི་ཧ་ཅང་གནད་ཡོད་དུ་ཚོར་སྲིད། མདའ་རྩེ་མི་འདྲ་བ་ཕན་ཚུན་བསྡུར་ཕྱིར་ཁོང་ཚོས་དུས་རྒྱུན་གྲོང་དང་གྲོང་རྡལ་གྱི་བར་དུ་འགྲུལ་སྐྱོད་བྱ་དགོས་ཤིང་དེ་ནི་ཁོང་ཚོ་དང་ཁོང་ཚོའི་ཆུང་མ་དག་ལ་མཚོན་ན་དགའ་བ་འཕེལ་བའི་ལས་ཤིག་རེད། ཁོང་ཚོས་ཆུང་མས་པ་ལམ་[5]གྱི་ལྡེ་གུ་བཟོ་འདོད་པའམ། ཡང་ན་དཔེ་ཁང་གི་ནང་ལ་གད་བདར་བྱ་རྩིས་ཡོད་ངེས། གནས་དེ་ནི་དུར་སའམ་དམག་སྒར་གང་ཡིན་གྱི་དོན་ཆེན་པོ་དེའི་སྐོར་ནས་ཁོང་ཚོས་ཁ་གཡོར་ས་སྣ་ཚོགས་བཙལ་ནས་ལས་དེ་རེ་ཞིག་བཏང་སྙོམས་སུ་བཞག་ཆོག འོན་ཏེ་དམག་སྤྱི་ཁོང་གིས་ནི་སྤྲོ་བ་ཆེན་པོས་ཕྱོགས་དེ་གཉིས་ས་ནས་ཡིད་རྟོན་འཕེར་བའི་བདེན་དཔང་བཙལ་ཐུབ་པར་སྙམ་འདུག ཡིན་ཡང་མཐར་ཁོང་གི་ཐུགས་ནི་དམག་སྒར་ལ་ཕྱོགས་འདུག དེར་རྒོལ་ལན་བྱུང་རྗེས། ཁོས་དྲིལ་སྒྲོག་དེབ་ཅིག་བྲིས་ཏེ་ཡུལ་དེའི་གྲོང་ཁུལ་གྱི་དུས་ཚིགས་འདུ་ཚོགས་[6]སུ་ཀློག་པའི་འཆར་གཞི་བཀོད། སྟབས་མ་ལེགས་པ་ཞིག་ལ་སྐབས་དེར་ཁོང་གྲིབ་ནད་ཀྱིས་མནར་ཏེ་མལ་སར་ལྷུང་ཞིང་། རིག་པ་གསལ་དུས་ཀྱི་དུས་མཐའ་མ་དེར་སེམས་སུ་དྲན་པ་ནི་ཆུང་མ་དང་བུ་ཕྲུག་མ་ཡིན་པར། དམག་སྒར་དང་མདའ་རྩེ་རང་རེད། མདའ་རྩེ་དེ་ནི་ཡུལ་དེའི་དངོས་མང་བཤམས་སྟོན་ཁང་དུ་འགྲེམས་སྒྲོམ་དུ་བཤམས་ཡོད་ལ། དེ་ཉིད་རྒྱ་ནག་གི་བུད་མེད་གཤེད་མ་ཞིག་གི་རྐང་པ་དང་། ཨེ་ལེ་སེ་བྷེ་ཟེའི་དུས་སྐབས་ཀྱི་ལྕགས་གཟེར་སྤར་མ་གང་། ཐུ་དྷིར་རྒྱལ་རབས་[7]དུས་ཀྱི་ས་ཡིས་བཟོས་པའི་གང་ཟ་ཞིག རོ་མན་སྐབས་ཀྱི་རྫ་ཆས་ཤིག དེ་སྔོན་ནེལ་སོན་[8]གྱིས་ཆང་འཐུང་བྱེད་དུ་སྤྱད་པའི་ཆང་ཕོར་ཞིག་བཅས་དང་མཉམ་པོར་བཤམས་ཡོད། ཡིན་ཡང་དེས་རྒྱུ་མཚན་ཅི་ཞིག་སྒྲུབ་ཀྱིན་པ་བདག་གིས་ཤེས་མ་སོང་།

 

མིན་ཏེ། ག་ལ་ཡིན། དེས་རྒྱུ་མཚན་གང་ཡང་ར་སྤྲད་མེད་ལ་ཅི་ཡང་ཤེས་མེད། ཏག་ཏག་དུས་འདི་ལ་ང་རང་ཡར་ལངས་ཏེ་གྱང་ངོས་ཀྱི་ཁྲ་ཐིག་དེ་ནི་ཅི་ཞིག་ཡིན་པ་གསལ་པོར་བཤད་ན། ཇི་ལྟར་བཤད་ན་ལེགས་སམ། དེ་ནི་བགྲང་བྱ་ཉིས་བརྒྱ་ལྷག་གི་སྔོན་ལ་བརྡབས་པའི་གཟེར་མ་རྙིང་པ་ཧ་ཅང་ཆེ་བ་ཞིག་གི་གཟེར་མགོ་རང་རེད། ད་ལྟའི་བར་དུ། རབས་རེ་རེའི་བྲན་མོ་དག་གིས་སུན་པ་མེད་པར་ཡང་ནས་ཡང་དུ་ཕྱིས་པས་དེའི་སྟེང་གི་སྣུམ་རྩི་ལྷུང་སྟེ་གཟེར་མགོ་ལྷང་ངེར་བུད་པ་རེད། ནང་དུ་ཐབ་མེ་ལྷབ་ལྷུབ་ཏུ་འབར་ཞིང་གྱང་ངོས་དཀར་པོ་ཡིན་པའི་ཁང་པ་ཞིག་ནས་དེང་རབས་ཀྱི་འཚོ་བའི་རྣམ་པ་ཐོག་མར་མཐོང་བ་དེས་ང་ལ་ཅི་ཞིག་ཕན་ནམ། རྒྱུད་ཀྱི་ཤེས་བྱ་འཕེལ་ལམ། ཡང་ན་མུ་མཐུད་དུ་ཚོད་བགམ་བྱ་དགོས་སམ། དེ་བས་ང་རང་ཡར་ལངས་སམ་ཙོག་པུར་སྡོད་པ་གང་ཡིན་ཡང་བསམ་གཞིག་གི་རྒྱུན་ནི་སྐྱོང་ཐུབ་བོ།། དེས་ན་ཅི་ཞིག་ནི་ཤེས་བྱ་ཡིན་ནམ། མཁས་པར་རློམ་པ་དག་ནི་གཟུངས་སྔགས་མཁན་དང་སྦས་པའི་བརྟུལ་ཞུགས་འཆང་མཁན་དག་གི་རྗེས་རབས་པ་སྟེ། ཁོ་ཚོའི་མི་རབས་སྔོན་མ་དག་གིས་བྲག་ཕུག་དང་ནགས་ཀླུང་ནས་བསྡད་དེ་སྔོ་སྨན་བཟོ་བ་དང་། ཙི་ཙི་ལ་དྲི་བ་འདོན་པ། གནམ་གྱི་སྐར་མའི་རྒྱུ་བར་རྟོག་པ་ལས་གཞན་ཅི་ཞིག་ནུས། ངེད་ཅག་གི་སེམས་ཀྱི་རྨོངས་དད་ཇེ་ཆུང་ལ་སོང་བ་དང་ཁོང་ཚོར་སྔོན་ཆད་བཞིན་བཀུར་འདོད་མེད་པར་གྱུར་ཏེ་ངེད་ཅག་གི་སེམས་ནི་མཛེས་པ་དང་བདེ་ཐང་ལ་ཕྱོགས་པར་གྱུར། …… རེད་དེ། སུས་ཀྱང་ཡི་གར་འོངས་པའི་འཇིག་རྟེན་ཞིག་རྟོག་བཟོ་བྱ་ཆོག དེ་ནི་འཇམ་ཐིང་ངེར་གནས་ཤིང་རྒྱ་ཆེ་བ་དང་། ཤིན་ཏུ་དམར་བ་དང་སྔོ་བའི་མེ་ཏོག་དག་ཐང་དུ་ཅི་དགར་བཞད་པ་ཞིག་ཡིན། གནས་དེར་སློབ་དཔོན་ཆེན་མོ་མེད་ལ་ཆེད་མཁས་པའང་མེད། ཉེན་རྟོག་དང་འདྲ་བའི་ཕྱག་མཛོད་ཀྱང་མེད། གནས་དེར་མི་རྣམས་ཀྱི་བསམ་པ་ནི་ཉ་མོའི་རྫིའུས་ཆུ་གཤགས་ཏེ་ཡིད་དུ་འོང་བའི་ཆུ་རིས་བཀྲ་བར་བྱེད་ཅིང་། ཆུ་པདྨའི་རྩ་བ་ལ་དལ་གྱིས་རེག་པར་བྱེད་པ་དང་། ཡང་ན་བྱེའུ་མཁའ་ལ་ཐོགས་མེད་དུ་རྒྱུ་ཞིང་མཚོ་ནང་གི་བྱ་སྒོང་དཀར་པོ་ཡོད་སར་ལྡིང་སྐོར་རྒྱག་པ་ཇི་བཞིན་ཅི་དགར་ཡན་པོར་གཏང་ཆོག …… གལ་སྲིདཝེ་ཐྲི་ཁེར་གྱི་ལོ་རིམ་མེ་ལོངམེད་པ་དང་། སྐྱེས་བུ་མཆོག་དམན་གྱི་རིམ་བསྟར་རེའུ་མིག་མེད་ཚེ། འཇིག་རྟེན་གྱི་ལྟེ་བར་གཞིས་བཅས་ཏེ། མཚོ་ཆུ་སྐྱ་བོ་བརྒྱུད་ནས་སྐད་ཅིག་གཅིག་ལ་འོད་ཀྱི་གོང་བུ་དང་དེ་དག་གི་ལྡོག་གཟུགས་ལ་བལྟས་ཚེ་གནས་དེ་ནི་ཇི་འདྲའི་ཞི་འཇགས་ལྡན་པ་ཞིག་རེད་ཨང་།

 

ངས་མྱུར་བར་ཡར་མཆོངས་ཏེ་གྱང་ངོས་ཀྱི་ཁྲ་ཐིག་དེ་ནི་གཟེར་མ་ཞིག་གམ། རྒྱ་སེའི་ལོ་མ་ཞིག་གམ། ཤིང་གི་གས་ཁ་ཞིག་སོགས་དོན་དམ་ཅི་ཞིག་ཡིན་པར་གསལ་པོར་བལྟ་དགོས།

 

དེ་ནི་རང་བྱུང་ལྷན་སྐྱེས་ཀྱི་བུ་མོས་རང་ཉིད་བསྲུང་བའི་ཆེད་དུ་རྩེད་མོ་རྙིང་པ་དེ་རྩེ་བ་མ་ཡིན་ནམ། བསམ་གཞིག་གི་རྒྱུན་རིང་མོ་དེ་ལས་མོས་ལུས་སྟོབས་དང་སེམས་ཤུགས་ཉམས་པའི་ཉེན་ཁ་ཡོད་པར་མ་ཟད། མངོན་སུམ་དང་གདོང་ཐུག་ཤོར་བའང་ཚོར་འདུག རྒྱུ་མཚན་ནི་སུ་ཞིག་གིས་ཝེ་ཐྲི་ཁེར་གྱི་སྐྱེས་བུ་མཆོག་དམན་གྱི་རིམ་བསྟར་རེའུ་མིག་ལ་འཛུབ་མོ་རི་སྟོན་གྱིས་མང་པོ་ཞིག་བཤད་ཐུབ་བམ། མངའ་ཁུལ་མཁན་ཆེན་ཁན་ཐྲེ་བྷེ་རེ་ཡི་གཞུག་ན་ཁྲིམས་དཔོན་གོང་མ་ཡོད་ལ། ཁྲིམས་དཔོན་གོང་མའི་གཞུག་ན་ཡང་མངའ་ཁུལ་མཁན་ཆེན་ཡོར་ཁི་ཡོད། སྐྱེ་བོ་སུ་ཡིན་ཡང་སྐྱེ་བོ་གཞན་ཞིག་གི་གཞུག་ན་ཡོད་ལ། དེ་ནི་ཝེ་ཐྲི་ཁེར་གྱི་མཚན་ཉིད་རིག་པ་རེད། སུ་ཞིག་སུ་ཡི་གཞུག་ན་ཡོད་པ་ཤེས་རྒྱུ་ནི་གནད་ཀྱི་དོན་པོ་རང་རེད། ཝེ་ཐྲི་ཁེར་གྱིས་དེ་གསལ་པོར་ཤེས་ཡོད་ལ་དེ་བཞིན་ལེགས་པར་སྲུང་ངོ་།། རང་བྱུང་ལྷན་སྐྱེས་ཀྱི་བུ་མོས་ཀྱང་དེ་འདྲ་ཡིན་པས་སེམས་ལ་སྐུལ་མ་ཐེབས་པར་གྱིས་ཤིག་ཅེས་གདམས་པར་བྱེད། གལ་ཏེ་དེ་ཡིས་སྐུལ་མ་མི་ཐེབས་པར་ཅིས་ཀྱང་གནས་སྐབས་དེའི་ལྷིང་འཇགས་དཀྲོག་པར་བྱ་ན། གྱང་ངོས་ཀྱི་ཁྲ་ཐིག་དེ་དྲན་པར་བྱའོ།།

 

ང་རང་རང་བྱུང་ལྷན་སྐྱེས་རྩེད་མོ་ལ་འདྲིས་ཆ་ཆེན་པོ་ཡོད་དེ། དེ་ནི་སྦྱོར་བ་དངོས་ལ་བསྐུལ་ནས། མི་རྣམས་ཡིད་མྱོས་པར་བྱེད་པའམ་སེམས་སྐྱོ་བར་བྱེད་པའི་སེམས་ཀྱི་འཆར་སྣང་དག་གི་མཇུག་སྡུད་པ་དེའོ།། དེ་བས་ངས་ནི་ངེད་ཅག་གིས་རྟག་པར་སྦྱོར་བ་དངོས་ལ་འཇུག་མཁན་དག་གིས་ལས་གང་བསྒྲུབས་ཀྱང་མནོ་བསམ་བཏང་མི་འདུག་ཅེས་ཁོང་ཚོ་ཅུང་དམན་སར་འགོད་ཀྱིན་འདུག་སྙམ་བྱུང་། དེས་ན་ངེད་ཅག་གིས་གྱང་ངོས་ཀྱི་ཁྲ་ཐིག་དེ་ལ་ལན་ཅིག་བལྟས་ནས་ཡིད་བདེ་བར་མི་བྱེད་པའི་བསམ་གཞིག་གི་རྒྱུན་བཅད་ན་མི་འགྲིག་པ་གང་ཡང་མེད་དོ།།

 

རེད་དེ། ངས་མིག་གཉིས་ཀྱིས་དེ་ལ་གསལ་པོར་ཅེར་བསྡད་ཚེ། མཐའ་ཡས་རྒྱ་མཚོའི་ཆེན་མོའི་ནང་ནས་ཤིང་ལེབ་ཅིག་ལ་འཇུས་པའི་ཚོར་བ་བྱུང་། དེ་ནི་ཡིད་སྤྲོ་བར་བྱེད་པའི་མངོན་སུམ་གྱི་སྣང་བ་གསལ་ལྷང་ངེ་བ་ཞིག་སྟེ། དེས་མངའ་ཁུལ་མཁན་ཆེན་དང་ཁྲིམས་དཔོན་གོང་མ་ཉིད་གྲིབ་མ་རབ་རིབ་ཀྱི་གཟུགས་སུ་བསྒྱུར་ཏེ་མི་སྣང་བར་བྱེད། དེར་གསལ་བ་ནི་ཚད་མར་གྲུབ་ཅིང་དངོས་སུ་ཡོད་པ་ཞིག་གོ། རྒྱུ་མཚན་དེའི་ཕྱིར་ངེད་ཅག་ནམ་གུང་རྨི་ལམ་ངན་པ་ལས་སད་ཚེ། ཧར་ཧར་པོར་གློག་སྒོ་འབྱེད་པ་དང་། དེ་ནས་དལ་ཅག་གེར་གན་རྐྱལ་དུ་བསྡད་དེ། གོས་སྒྲོམ་གྱི་ཕྱོགས་སུ་ཅེར་བ་དང་། སྲ་མོར་གྲུབ་པ་དག་གི་ཕྱོགས་སུ་ཅེར་བ། དངོས་སུ་ཡོད་པའི་ཕྱོགས་སུ་ཅེར་བ། གང་ཟག་གིས་སྟོང་པའི་ཕྱི་རོལ་ཡུལ་ཏེ་ངེད་ཅག་ལས་འདས་པའི་ཆོས་གཞན་པ་བདེན་གྲུབ་ཏུ་ཡོད་པ་དེར་ཅེར་བ་རེད། དེ་ནི་མི་རྣམས་ཀྱིས་གསལ་པོར་ཤེས་འདོད་པ་དེའང་རེད། …… དཔེར་ན། ཤིང་ཆ་ནི་ཡིད་ལ་དྲན་ཚེ་དགའ་བ་སྐྱེད་བྱེད་ཀྱི་དངོས་པོ་ཞིག་ཡིན་པ་ལྟ་བུའོ།། དེ་ནི་ལྗོན་པ་ལས་བྱུང་བ་དང་། ལྗོན་པ་ནི་ཆེ་ཆེར་སྐྱེ་བར་འགྱུར། འོན་ཀྱང་ངེད་ཅག་གིས་དེ་དག་ཇི་ལྟར་སྐྱེ་བ་མི་ཤེས། དེ་ཉིད་སྤང་ལྗོངས་དང་། ནགས་ཚལ། ཆུ་བོའི་འགྲམ་བཅས་སུ་ལོ་རེ་ནས་ལོ་རེ་བཞིན་སྐྱེ་ནའང་དེས་ངེད་ཅག་ལ་མཉམ་འཇོག་ཙམ་ཡང་མི་བྱེད། རེད་དེ། དེ་དག་ཐམས་ཅད་ནི་ངེད་ཅག་གི་དྲན་སྣང་དང་ཤིན་ཏུ་མཐུན་ནོ།། ཚ་གདུག་ཆེ་བའི་ཕྱི་དྲོར། ལྗོན་པའི་གྲིབ་བསིལ་འོག་ནས་བ་མོས་མཇུག་མ་གཡུག་གཡུག་བྱེད། ལྗོན་པའི་བཀྲག་མདངས་ཀྱིས་ཆུ་བོར་ཚོན་ལྗང་ཁུ་བྱུགས་པས། ཆུ་བྱ་ནག་པོ་ཆུ་ནང་དུ་འཛུལ་ཏེ་ཡར་འཕགས་པའི་ཚེ་ན་དེ་ཡི་གཤོག་སྒྲོ་ལྗང་ཁུར་སྣང་། ང་ནི་ཉ་མོ་རྣམས་ཆུ་རྒྱུན་ལ་ཁ་གཏད་དེ་རླུང་ཁའི་དར་ཆ་བཞིན་དྲང་མོར་སྐྱོད་པ་ཉིད་སེམས་ལ་སྒོམ་པར་དགའ་བར་མ་ཟད། ཆུ་སྦུར་དག་གིས་དལ་མོར་གྲོག་ཤུར་དུ་འདམ་པ་ཕོན་པོར་རྩིག་པ་ཉིད་སེམས་ལ་སྒོམ་པར་ཡང་ཤིན་ཏུ་དགའ། དེ་བཞིན་ང་རང་ལྗོན་པ་དངོས་ཉིད་སེམས་ལ་སྒོམ་པར་ཡང་མོས་ཏེ། ཐོག་མར་སྲ་ཞིང་དམ་པའི་ཤིང་གི་ཚོར་བ་འབྱུང་བ་དང་། དེ་ནས་རླུང་འཚུབ་ཀྱིས་བརྡར་ཅིང་གཤག་པར་བྱེད་ལ། མཐར་བྲོ་བ་ཕུན་སུམ་ཚོགས་པའི་ཤིང་གི་ཚི་བཅུད་དལ་གྱིས་མར་བཞུར་བར་འགྱུར། དེ་མིན་ད་དུང་ངས་འདི་ལྟར་དྲན་ཏེ། གྲང་རེག་ཆེ་བའི་དགུན་དུས་ཀྱི་མཚན་མོར། ལྗོན་པ་དེ་མུ་མེད་པའི་ཐང་སྟོང་དུ་ལོ་མ་ཡོངས་རྫོགས་ཕྱོགས་གཅིག་ཏུ་དྲིལ་ཅིང་། ཟླ་བའི་ལྕགས་མདེའུ་རྣོན་པོ་དག་གི་མདུན་ནས་ཉམ་ཆུང་བའི་ཆ་མ་ལུས་སྦེད་བཞིན་འགྲེང་ཡོད་པ་དང་། དེ་ནི་མཚན་ལམ་རིང་མོའི་ནང་གྲུ་ཡི་དར་ཤིང་རྗེན་པ་ས་སྟེང་དུ་བཙུགས་པ་ཞིག་དལ་མེད་ཕར་གཡོ་ཚུར་གཡོ་བྱེད་པ་དང་ཀུན་ནས་མཚུངས་སོ།། ཟླ་དྲུག་པའི་ནང་གི་བྱེའུ་སྐད་ནི་ཤིན་ཏུ་གསལ་ཞིང་ཅུང་ཁྱད་མཚར་དུ་སྣང་ངེས་ལ། ཤིང་ཤུན་གྱི་གཉེར་མའི་ནང་ཕར་འགྲོ་ཚུར་འགྲོ་བྱེད་པའམ་ལོ་མ་ལྗང་ཁུའི་ནང་ཉི་མར་ལྡེ་ལ། རྡོ་རྗེ་ཕ་ལམ་གཏུབ་མ་འདྲ་བའི་མིག་དམར་པོ་མདུན་དུ་གཏད་པའི་འབུ་སྲིན་དག་གི་རྐང་པ་ནི་ཅི་འདྲའི་འཁྱག་གིན་ཡོད་ཨང་། …… བུ་ཡུག་རྒོད་པོས་ལྗོན་པའི་ཚི་སྣ་དག་དུམ་བུ་དུམ་བུར་བཀས་ཤིང་། མཇུག་མཐའི་རླུང་འཚུབ་ངར་མས་དེ་ཉིད་རྩད་ནས་བསྒྱེལ་ཏེ། རྩེ་མོའི་ཡལ་ག་རྣམས་སླར་ཡང་ས་ཡི་ཁོངས་སུ་ཐིམ། འོན་ཏེ། དེའི་ཚེ་སྲོག་ནི་དེ་དང་ལྷན་ཅིག་འཇིག་མི་འདུག དཀའ་བ་ཁུར་ཅིང་གཡེང་བ་མེད་པའི་ཚེ་སྲོག་ས་ཡ་དུ་མ་ལྗོན་པར་བརྟེན་ཏེ་མལ་ཁང་། གྲུ་གཟིངས། ལམ་འགྲམ། སྐྱེས་ཕོ་མོ་དག་གི་ཕྱི་དྲོའི་ཇ་བཏུངས་རྗེས་ཐ་མག་འཐེན་སའི་ཁྱམས་ར་སོགས་འཇིག་རྟེན་གྱི་གྲུ་ག་ཐམས་ཅད་དུ་ཁྱབ་འདུག མདོར་ན་སོས་དལ་བག་ཡངས་ཀྱི་འཆར་སྒོ་མ་ལུས་པ་ལྗོན་པ་ལས་བྱུང་བ་རེད་ཨང་། ངས་དེ་དག་རེ་རེ་བཀར་ནས་ཞིབ་ཏུ་དྲན་འདོད་ཀྱང་། དོན་གཞན་པ་ཞིག་ཡིད་ལ་གློ་བུར་དྲན་བྱུང་། …… ངས་ཅི་ཞིག་དྲན་པ་རེད་དམ། ངས་འདི་ལྟར་དྲན་དོན་ཅི་ཡིན་ནམ། དེ་ནི་ལྗོན་པ་ཞིག་རེད་དམ་ཆུ་བོ་ཞིག་རེད། ཡང་ནཝེ་ཐྲི་ཁེར་གྱི་ལོ་རིམ་མེ་ལོངརེད། དེ་མིན་ན་ཐང་གཤོང་དུ་སྐྱེས་པའི་ཀུ་མུད་ཅིག་རེད་དམ། གང་ལྟར་ངས་ཅི་ཡང་དྲན་གྱིན་མི་འདུག ཆོས་ཐམས་ཅད་འགུལ་ཞིང་འགྱེལ་བ་དང་། ཟགས་ཤིང་ཡལ་འགྲོ་བཞིན་འདུག…… ཐམས་ཅད་ཀུན་ནས་ཉོག་ཉོག་པོར་འགྱུར་བའི་སྐབས་སུ། མི་ཞིག་ང་སར་ཕྱོགས་ཏེ་ཡར་ལངས་འདུག་ཅིང་ཁོ་ན་རེ།

ང་ཚགས་ཤོག་ཅིག་ཉོ་རུ་འགྲོ་དགོས

དེ་ནས

དོན་དུ་ཚགས་ཤོག་ཉོ་བ་དེའང་ཡག་པོ་མི་འདུག…… 

དོན་གསར་པ་ཅི་ཡང་བྱུང་མི་འདུག སྡུག་ཤི་རྒྱག་རྒྱུའི་དམག་འཁྲུག་དེ། 

དམྱལ་བར་ལྟུང་ཤོག……དེ་མིན། ངས་ནི་འུ་ཅག་གིས་ན་བུན་བུ་མོ་[9]ཞིག་རྟག་པར་གྱང་ངོས་སུ་འབྱར་དུ་འཇུག་དགོས་དོན་མི་འདུག་སྙམ

ཀྱེ་མ། གྱང་ངོས་ཀྱི་ཁྲ་ཐིག་དེ་ནི། དོན་དུ་ན་བུན་བུ་མོ་ཞིག་ཡིན་འདུག

 


ཡོང་ཁུངས། མི་རྒོད་རྩོམ་རིག་སྤྱི་སྟེགས།

རྩོམ་འདི་ཐོག་མརང་གྲོལ༢༠༢༠ལོའི་དེབ༡བོའི་སྟེང་སྤེལ།



[དཔྱད་མཆན: བདག་གིས་མགོ་ནས་དུམ་མཚམས་གཉིས་མ་ཡིག་དང་བསྡུར་ཏེ་དཔྱད་ཁུལ་བྱས་པར་བདེ་གྲོལ་གྱིས་མ་ཡིག་ལ་ཞེ་དྲག་བསྟུན་མི་འདུག་པའི་ཚོར་བ་བྱུང་། ཁ་བྱང་གཅིག་པུར་གྱང་ངོས་ཀྱི་ཁྲ་ཐིག་ཟེར་དོན་ནག་ཐིག་དེ་མཐའ་མར་འབུ་ཨ་ར་ར་ཞིག་ཡིན་པ་ཤེས་ནས་ཁྲ་ཐིག་ལབ་པ་རེད་དམ། ཡང་ན་རྒྱ་ཡིག་ཏུ་斑點ཞེས་བསྒྱུར་ཡོད་པ་དང་བསྟུན་པ་རེད། ཆི་གུ! ཁོས་དབྱིན་ཡིག་ནས་བསྒྱུར་ཡིན་ཁུལ་བྱས་འདུག་ནའང་། རྒྱ་ཡིག་ལ་བསྟུན་པ་མང་བར་སྣང་། དེ་ལྟ་ནའང་། རྩོམ་ཡིག་སྒྱུ་རྩལ་ལ་མོས་པ་དག་གི་སླད་དུ་འདིར་བཀོད་ཡོད། བདག་གིས་ཀྱང་ལོ་མང་སྔོན་འདིའི་མགོ་ནས་ཏོག་ཙམ་བསྒྱུར་ཡོད་པ་འོག་ཏུ་བཀོད་ཡོད།

 


གྱང་ངོས་ཀྱི་ནག་ཐིག 

བིར་རྗི་ནི་ཡ། བོལ་ཕ།

ཟླ་བ་གཞོན་ནུས་བསྒྱུར།

 

ངས་མགོ་ཡར་དགྱེས་ནས་གྱང་ངོས་ཀྱི་ནག་ཐིག་དེ་ཐོག་མར་མཐོང་དུས་ནི་ཕལ་ཆེར་ད་ལོའི་ཟླ་དང་བོའི་ཟླ་དཀྱིལ་ཡིན་ངེས། ཉིན་མ་དེ་ནམ་ཞིག་ལ་ཡིན་མིན་ཐག་ཆོད་པ་ལ་ངས་ངེས་པར་དུ་དེ་དུས་ཅི་ཅི་མཐོང་མིན་དྲན་དགོས། ད་ནི་ངས་རྩིག་ཐབ་ནང་གི་མེ་དེ་དྲན་བྱུང་། ཟེར་འོད་ཉག་མ་གཅིག་འགུལ་རྒྱུ་མེད་པར་བདག་གི་དཔེ་ཆའི་ཤོག་ངོས་སུ་འཕྲོས་འདུག་ལ། ཐབ་ཀའི་སྟེང་གི་ཤེལ་རྫ་དེའི་ནང་དུ་ལུག་མིག་མེ་ཏོག་གསུམ་གསེབ་ནས་བཞག་འདུག རེད། དེ་ནི་ངེས་པར་དགུན་དུས་ཤིག་ལ་རེད། ང་ཚོས་ཇ་འཐུང་ཚར་མ་ཐག་ཡིན། རྒྱུ་མཚན་ནི་སྐབས་དེར་ངས་ཐ་མག་འཐེན་བཞིན་བསྡད་ཡོད་དུས་ངས་མགོ་ཡར་དགྱེས་ནས་ཐོག་དང་བོར་གྱང་ངོས་ཀྱི་ནག་ཐིག་དེ་མཐོང་བྱུང་། ངས་ཐ་མག་གི་དུ་བའི་ཀློང་ནས་མིག་གིས་ཡར་བལྟས་པ་དང་འབར་གྱིན་པའི་རྡོ་སོལ་ལ་ཡུད་ཙམ་བལྟས་ནས་སྡོད་སྐབས། མཁར་རྫོང་སྟེང་ལྷབ་ལྷུབ་ཏུ་གཡོ་བཞིན་པའི་དར་ཆ་དམར་དམར་ཞིག་གི་འཕྲུལ་སྣང་རྙིང་བ་དེ་བདག་གི་ཀླད་རྒྱར་ཤར་བྱུང་ལ། སྐྱ་མི་གྲལ་ཤར་ཞིག་བྲག་རྡོ་ནག་ནག་ཅིག་གི་ཟུར་ཀ་ནས་འགྲོ་བཞིན་པ་སེམས་ལ་འཁོར་སོང་། ནག་ཐིག་དེས་བདག་གི་འཕྲུལ་སྣང་དེ་ཡལ་བར་བྱས་ནས་བདག་ལ་དབུགས་དབྱུང་ཐེངས་ཤིག་སྤྲད་བྱུང་། རྒྱུ་མཚན་ནི་དེ་ནི་འཕྲུལ་སྣང་རྙིང་བ་ཞིག་རེད། རང་ཤུགས་ཀྱིས་འོང་བའི་འཕྲུལ་སྣང་ཞིག་རེད། ཕལ་ཆེར་བྱིས་དུས་སུ་བྱུང་བ་ཞིག་ཡིན་རྒྱུ་རེད། ནག་ཐིག་དེ་ཀོར་ཞིང་ཆུང་ལ། གྱང་ཀར་དཀར་དེའི་སྟེང་དུ་ནག་གྱི་ལེར། རྩིག་ཐབ་ལས་ཚུན་བདུན་བརྒྱད་ཅིག་གི་གོང་དུ་འདུག


ང་ཚོའི་སེམས་པ་འདི་ཡུལ་ཞིག་ལ་ཞོགས་ནས་འགྲོ་བ་ནི་ཅི་འདྲའི་ལས་སླ་བ་ལ། དཔེར་ན། གྲོག་མ་ཁྱུ་ཞིག་གིས་སྤྲོ་སེམས་འཁོལ་བའི་ངང་སོག་མ་ཞིག་དུས་ཡུན་ཐུང་ཐུང་ཞིག་ལ་བཀྱགས་ནས་དྲུད་དྲུད་རྗེས་གཡུགས་འཇོག་པ་བཞིན། ་་་་་་་་་་


གལ་ཏེ་ནག་ཐིག་དེ་འཛེར་མ་ཞིག་གིས་ཤུལ་བཏོད་པ་ཡིན་ན་ནི། དེ་འདྲ་པར་ཞིག་འགེལ་ཆེད་དུ་གཏན་ནས་མ་ཡིན་པར། དེ་ནི་ངེས་པར་དུ་འདྲ་རིས་ཆུང་ཆུང་ཞིག་འདོགས་པའི་ཆེད་དེ།---དེ་ནི་སྐྲ་སི་ལུའི་སྟེང་དུ་སྐག་རྫས་གཏུལ་ཞིང་། འགྲམ་པར་སྐག་རྡུལ་བསྐུས་ཡོད་པ་དང་། མཆུ་སྒྲོས་རྡོ་སྨྱུག་མེ་ཏོག་དམར་བོ་བཞིན་དུ་ཡོད་པའི་བུད་མེད་ཅིག་གི་འདྲ་རིས་ཆུང་ཆུང་ཞིག་ཡིན་ངེས། རྫུན་མ་ལོས་ཡིན། ཅི་ལ་ཟེར་ན་ང་ཚོའི་སྔོན་ལ་ཁང་བ་འདིར་བསྡད་མྱོང་མཁན་དག་གིས་ཁང་རྙིང་ལ་འདྲ་རྙིང་ཟེར་བ་ལྟར་རི་མོ་དེ་ལྟར་བདམས་ཡོད་ངེས་ཡིན་པའི་ཕྱིར་རོ།།]


 

མཆན།


[1] འདི་ནིཝེ་ཐྲི་ཁེར་གྱི་ལོ་རིམ་མེ་ལོངལ་གོ་དགོས། དེ་ཉིད་ཨིན་ཇིའི་དཔར་སྐྲུན་པ་རྗོ་སེ་ཧྥོ་ཝེ་ཐྲི་ཁེར (Joseph Whitaker,1820-1895) གྱིས1868ལོར་གསར་དུ་བཏོན་ཅིང་། ཨིན་ཇིའི་ཆེས་ལེགས་པའི་ལོ་རིམ་མེ་ལོང་དང་། ཤེས་བྱ་ཀུན་ཁྱབ་ཀྱི་དེབ་ཆུང་བ་ཞིག་ཏུ་གྲགས། དེའི་ནང་དུ་གནམ་རིག་སྐར་རྩིས་དང་། ས་ཁམས། འཛམ་གླིང་རྒྱས་བཤད་སོགས་མ་འདུས་པ་མེད་ཅིང་དེའི་ས་བཅད་གཅིག་གི་ནང་སྤྱི་པའི་འབྲེལ་འདྲིས་ཁྲོད་ནས་ཟས་ཅོག་གི་བཞུགས་གྲལ་སྒྲིག་སྟངས་དང་། ཆ་ལུགས་སྤྲས་ཚུལ་སོགས་སྐྱེས་བུ་མཆོག་དམན་གྱི་རིམ་པ་གསལ་བར་བྱས་ཡོད།

[2] ཕོར་བ་དང་སྡེར་མ་སོགས་ཟས་ཆས་འཇོག་སའི་ཆ་སྒམ་མམ་ཟོག་སྒྲོམ་ལ་གོ།

[3] དབྱིན་ཇིའི་ཝེ་ཁེ་ཐྲོ་ཡའི་དུས་སྐབས་ཀྱི་བརྐོས་རིས་པ་ཞིག

[4] དབྱིན་ཡུལ་གྱི་དབྱིན་ལན་ལྷོ་ཕྱོགས་དང་ལྷོ་ནུབ་ཕྱོགས་སུ་ཡོད་པའི་སྤང་ནེམ་པོ་ཅན་གྱི་རི་མ་ཐང་ཞིག

[5] དབྱིན་སྐད་དུ Pulmཟེར་ཅིང་། མདོག་དམར་ནག་གམ་སྨུག་པོ་ཅན་གྱི་ཤིང་ཏོག་ཆུང་ངུ་ཞིག

[6] ཡེ་ཤུ་ཆོས་ལུགས་ཀྱི་ཆོས་གྲོགས་རྣམས་དུས་ཚིགས་རེར་ཐེངས་རེ་འདུ་བ་ལ་གོ།

[7] ཧེན་རི་མཚན་ཅན་བདུན་པས་དབྱིན་ལན་དང་། ཝེལ་སི། ཨེར་ལན་བཅས་ལ་ཕྱི་ལོ1485ལོར་དབང་བསྒྱུར་རྗེས་བཙུགས་པའི་རྒྱལ་རབས་ཤིག་སྟེ། དེ་ཉིད་ཕྱི་ལོ1603གྱི་བར་དུ་གནས་པར་གྱུར་ཏོ།།

[8] མཚན་ཡོངས་ལ་ཧུར་རེ་ཞོ་ནེལ་སོན(Horatio Nelson,1758-1805)ཟེར། ཨིན་ཇིའི་མཚོ་དམག་གི་དམག་སྤྱི་དང་དམག་ཇུས་མཁན་གྲགས་ཅན་ཞིག

[9] ཕྱི་སྐོགས་དུང་དཀར་འདྲ་བའི་ནང་གནས་ཤིང་དབྱར་དུས་ན་བུན་ལྡང་སྐབས་ལུས་ཕྱིར་མངོན་པའི་འབུ་ཞིག་སྟེ། ཨིན་སྐད་དུ Snailདང་རྒྱ་སྐད་དུ 蜗牛ཟེར།


Jun 11, 2021

སྒྲ་དབྱངས་ཅན་མའི་སྤྱི་དོན་བཞུགས།


ཙིནྟཱམཎེརྨཱལནཱམཛཡམཱཏྲིབཱགིཤྭརཱརྱསྭརསྭསྟིབྱཱཀརཎགྲནྠཛཏྱརྠབིཧཱརཏིསྨ།།

༄༅། ། རྒྱལ་ཡུམ་ངག་གི་དབང་ཕྱུག་འཕགས་མ་དབྱངས་ཅན་བརྡ་སྤྲོད་ཀྱི་གཞུང་གི་སྤྱི་དོན་ཙིནྟ་མ་ཎིའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།  །

བསྐལ་བཟང་ངག་དབང་དམ་ཆོས་མཆོག

 

མིང་ལེའི་སྐབས།

 

༄༅། ། ན་མོ་གུ་རུ་སྭ་ར་སྭསྟྱཻ། ། 

བཞི་ལྷག་དྲུག་ཅུའི་དབྱངས་སྙན་བཞིན་ལག་གར། ། 

མཚན་དཔེའི་ལང་ཚོ་གསལ་བ་ངག་གི་དབང་། ། 

འཇམ་དཔལ་དབྱངས་དང་ཡུམ་གཅིག་མཚོ་བྱུང་མ། ། 

བདག་མགྲིན་ལོངས་སྤྱོད་འཁོར་ལོའི་བཅུད་དུ་རོལ། ། 

རླུང་ཁམས་རྣམ་དག་བདེ་ཆེན་སྒྱུ་མའི་སྐུ། ། 

མརྒད་མདངས་ལྡན་འཕྲིན་ལས་གཏེར་གྱུར་བ། ། 

ཉེར་གཅིག་འཕགས་མའི་ཚོགས་ཀྱིས་བྱང་ཆུབ་བར། ། 

འབྲལ་མེད་བུ་བཞིན་སྐྱོང་བའི་ཤིས་པ་སྒྲུབས། ། 

རྒྱལ་ཡུམ་ངག་གི་དབང་མོས་འཇིག་རྟེན་འདིར། ། 

སྐལ་བཟང་བྱེ་བའི་ཡིད་ཀྱི་དགའ་སྟོན་དུ། ། 

གདམས་པའི་བརྡ་སྤྲོད་གཞུང་གི་དཀའ་གནད་ཀུན། ། 

སྤྱི་དོན་ནོར་བུའི་མགུལ་རྒྱན་འབྱེད་ལ་སྤྲོ། ། 

 

ཞེས་མཆོད་པར་བརྗོད་པ་སོགས་སྔོན་དུ་བྱས་ནས།  འདིར་འཇུག་པར་བྱ་བ་ལ་སྤྱིར་ལེགས་པར་སྦྱར་བའི་བརྡ་སྤྲོད་ཀྱི་གཞུང་རྣམས་ཀྱི་བརྗོད་བྱ་ནི་རང་བཞིན་རྐྱེན་རྣམ་འགྱུར་གསུམ་གྱི་ནང་དུ་འདུས་ཤིང་།   དེའང་རང་བཞིན་ལ་དབྱེ་ན་གཉིས་ཏེ།   མིང་གི་རང་བཞིན་དང་།  བྱིངས་ཀྱི་རང་བཞིན་ནོ། ། 

དང་བོ་ལ་སྤྱིར་ཤེས་བྱའི་རྣམ་གྲངས་མཐའ་ཡས་པས་རེ་རེ་ལ་མིང་ཡང་མཐའ་ཡས་པ་དང་།  དེ་དག་ལའང་འདོད་རྒྱལ་དང་རྗེས་གྲུབ་ཀྱི་མིང་ཇི་སྙེད་ཅིག་མཆིས་པ་ཐམས་ཅད་ནི་མིང་གི་རང་བཞིན་ནོ། ། 

གཉིས་པ་བྱིངས་ཀྱི་རང་བཞིན་ལ་བརྡ་སྤྲོད་ཆེན་པོ་ཀ་ལཱ་བའི་བྱིངས་མདོའི་ནང་ལ་བྱིངས་རྩ་སུམ་བརྒྱ་དང་སོ་ལྔ་ཡོད་དེ།  བགྲོད་དཀའ་སེང་གེས་སྦྱར་བ་ཡིས། ། དགུ་ཡི་གྲངས་ཀྱི་བྱིངས་ཀྱི་གཞུང་། ། དེ་ནི་སུམ་ཅུ་རྩ་ལྔ་ཡིས། ། ལྷག་པའི་སུམ་བརྒྱར་ཤེས་པར་བྱ། ། ཞེས་གསུངས་ཤིང་།  དེའི་ནང་དུ་མ་ཚུད་པའི་མདོ་ལས་བྱུང་བའི་བྱིངས་ལ་སོགས་པ་གཞན་མང་བོ་ཡོད་པར་བཤད་པ་སོགས་ནི་བྱིངས་ཀྱི་རང་བཞིན་ཡིན་ནོ། ། 

 

གཉིས་པ་རྐྱེན་ལ་དབྱེ་ན་མཐའ་ཡས་པ་ཡོད་དེ།  མིང་དང་བྱིངས་ཀྱི་རྣམ་དབྱེ་སྡེ་ཚན་གཉིས་ནི་རྐྱེན་དང་རྣམ་དབྱེ་གཉིས་ཀ་ཡིན།  རྣམ་དབྱེ་མ་ཡིན་པའི་རྐྱེན་ལ་ཨཱ་ག་མའི་རིགས་དང་།  མོ་རྐྱེན་རྣམས་དང་།  ཚིག་སྡུད་དང་དེ་ཕན་གྱི་རྐྱེན་དང་།  ཨཔ྄་བི་ཀ་ར་ཎ་སོགས་དང༌།  བྱིངས་བྱིངས་སུ་སྒྲུབ་པ་དང་།  མིང་བྱིངས་སུ་སྒྲུབ་པའི་རྐྱེན་སོགས་དང་།  ཀྲྀཏ྄འི་རྐྱེན་རྣམས་ནི་རྐྱེན་ཁོ་ན་ཡིན་པ་དང་།  མི་ཟད་པའི་སྐོར་ལ་རྐྱེན་དང་རྣམ་དབྱེ་གཉིས་ཀ་ཡིན་པ་འགའ་ཞིག་ཡོད་དོ། །

 

གསུམ་པ་རྣམ་འགྱུར་ལའང་ཆེས་མང་དུ་ཡོད་མོད།  རྣམ་པར་འགྱུར་བྱའི་ཡི་གེ་ནི་དབྱངས་དང་གསལ་བྱེད་གཉིས་ཡིན་ཏེ།  མཚམས་སྦྱོར་ལྔ་ལས་གཉིས་པ་དབྱངས་མཚམས་སྦྱོར་ནས།  ཀྲྀཏ྄འི་ལེའི་མཇུག་རྫོགས་པའི་བར་གྱི་བརྗོད་བྱ་དོན་གྱི་རྣམ་པ་གང་ཡང་རུང་བ་རྣམས་རྗོད་བྱེད་སྒྲའི་དབང་གིས།  དབྱངས་གསལ་གྱི་ཡི་གེ་སོ་སོའི་གཟུགས་ཀྱི་རྣམ་པ་འགྱུར་འགྲོ་བ་དེ་ལ་རྣམ་འགྱུར་ཟེར་རོ། ། དེའང་སྔ་ཕྱི་གང་རུང་དུ་དབྱངས་དང་དབྱངས་འཕྲད་པ།  སྔ་མའི་མཐར་གསལ་བྱེད་གནས་ཤིང་ཕྱི་མའི་ཐོག་མར་དབྱངས་སམ་གསལ་བྱེད་གང་རུང་དང་འཕྲད་ན་སྔོན་མའི་མཐའི་དབྱངས་གསལ་ཀྱི་རྣམ་པ་འགྱུར་བ་ལ་རྣམ་འགྱུར་ཟེར་རོ། ། སྔོན་མའི་མཐའི་ཡི་གེ་མ་ཟད་སྔོན་མའི་ཐོག་དབུས་གཉིས་དང་ཕྱི་མའི་མཐའི་རྣམ་པ་འགྱུར་བའི་སྐབས་ཡོད་པ་སོགས་འོག་ནས་རིམ་བཞིན་འབྱུང་བས་ཤེས་སླའོ།། ༈ །།  

 

མཚམས་སྦྱོར་ལྔ་ལས་ཐོག་མའི་མིང་མཚམས་སྦྱོར་ལ་མཚམས་སྦྱོར་གྱི་མིང་ཙམ་ལས་དངོས་སུ་མཚམས་སྦྱོར་རྒྱུ་མེད་ཅིང་།  མིང་གི་བརྡ་ཆད་འདི་བརྡ་སྤྲོད་པའི་གཞུང་ལ་འཇུག་པ་ན་མིང་བརྡ་འདི་དག་ཐོག་མར་ངེས་ཅན་དུ་ཤེས་དགོས་ཏེ།  མ་ཤེས་ན་གཞུང་འདིའི་རི་མོ་བྲི་སྒྲུབ་སོགས་བྱེད་པ་ལ་དཀའ་ངལ་ཆེ་བས་ཐོག་མར་ལེའུ་འདི་གསུངས་པ་ཡིན་ཏེ།  ཡི་གེ་འདི་ཚོགས་པ་སོ་སོ་ལ་མིང་བརྡའི་ཐ་སྙད་རེ་མེད་ན་གཞུང་འདི་རྒྱ་ཆེ་བས་ཕྱི་ནས་གཞུང་ཧ་ཅང་མང་ཆེ་བར་འགྱུར་བའི་སྐྱོན་དང་བརྗོད་པའང་མི་བདེ་བའི་སྐྱོན་འབྱུང་བར་འགྱུར་རོ།། ༈ །།  

 

གཉིས་པ་དབྱངས་མཚམས་སྦྱོར་ལ།  བྱིངས་སོགས་མིང་ཚིག་གང་ཡང་རུང་བའི་སྔོན་མའི་མཐའ་དང་ཕྱི་མའི་ཐོག་མའི་དབྱངས་གང་རུང་ཞིག་འཕྲད་པ་ན།  སྔོན་མའི་དབྱངས་སོགས་ལ་རྣམ་འགྱུར་འབྱུང་རིགས་ཏེ།  དཔེར་ན་ཞོའི་སྐད་དོད་དདྷི་དང་།  ལོངས་ཤིག་གི་སྐད་དོད་ཨཱ་ན་ཡ་ལྟ་བུ་ལ་མཚོན་ན།  སྔོན་མའི་མཐའི་ཨིའི་རྣམ་པ་ཡ྄་ཡིག་ཏུ་གྱུར་ནས།  ཕ་རོལ་ཀྱི་ཨཱ་ཡིག་ལ་མཚམས་སྦྱོར་དགོས་ཏེ།  ཙཱནྡྲ་བ་ལས་བདུན་པ་ལ་སྔོན་མའིའོ། ། ཞེས་གསུངས་ཏེ།  དབྱངས་ཅན་མའི་མདོ་ལས་ཀྱང་།  དབྱངས་ལ་ཨི་ཡ྄འོ་གསུངས་པའང་དབྱངས་ལ་ཞེས་པའི་ལ་སྒྲ་དེ་བདུན་པ་གནས་གཞིའི་དོན་ཏེ།  འགྲེལ་བ་ལས་ཀྱང་ཕ་རོལ་ཏུ་དབྱངས་ཀྱི་ཡི་གེ་གང་རུང་ཞིག་གནས་ན་ཞེས་བདུན་པའི་དོན་ཅན་དུ་བྱུང་བས་སོ། ། མདོའི་ཐོབ་ཐང་ལྟར་བསྒྲུབས་པས་དད྄དྷྱཱནཡ།  གྲུབ་སྟེ་ཞོ་ལོངས་ཤིག་ལྟ་བུའོ། ། འདིར་དབྱངས་ལ་ཨི་ཡ྄འོ་ཞེས་པའི་དབྱངས་ལ་ཞེས་པ་ནི་ཐོག་མའི་གསལ་བྱེད་ཡིན་ཏེ།  འོག་ནས་ཨུ་བ྄འོ། ། རྀ་ར྄འོ། ། ལྀ་ལ྄འོ། ། ཨེ་ཨཡ྄འོ། ། ཨོ་ཨབ྄འོ། ། ཨཻ་ཨཱཡ྄འོ། ། ཨཽ་ཨཱབ྄འོ་ཞེས་པ་རྣམས་ཀྱི་ཕ་རོལ་ཏུ་རང་དང་འདྲ་བ་མ་ཡིན་པའི་དབྱངས་ཀྱི་ཡི་གེ་གང་རུང་ཞིག་གནས་དགོས་པའི་དོན་ཏེ།  འདི་དག་ལ་དབྱངས་ལ་ཨུ་བ྄འོ་ཞེས་སོགས་མ་བྱུང་ངོ༌། ། རང་དང་འདྲ་བ་བྱུང་ན་དདྷི་དང་།  འདིར་གྱི་སྐད་དོད་ཨི་ཧ་ལྟ་བུ་བྱུང་ན་འདྲ་བའི་ཡི་གེ་འདུས་པ་ལ་རིང་བོའོ་ཞེས་པས་ཨི་སྔ་ཕྱི་གཉིས་ཀ་ཨཱི་རིང་བོ་གཅིག་ཏུ་གྱུར་བ་མཚམས་སྦྱར་བའི་ད་དྷཱི་ཧ།  ཞོ་འདིར་ཞེས་པ་ལྟ་བུའོ། ། མདོ་སྔོན་མ་སྤྱི་དང་།  ཕྱི་མ་དམིགས་བསལ་བྱུང་བ་ཡིན་པ་འདི་འདྲ་མང་བོ་འབྱུང་བ་སོ་སོའི་སྐབས་སུ་ཤེས་དགོས་པའི་གནད་ཅིག་ཡིན་ནོ། ། 

 

སྤྱིར་སྔ་ཕྱི་མཚམས་སྦྱོར་བྱ་བ་ལ།  ༡། བྱིངས་མིང་དུ་སྒྲུབ་པ་དང་།  ༢། བྱིངས་བྱིངས་སུ་སྒྲུབ་པ་དང་།  ༣། མིང་བྱིངས་སུ་སྒྲུབ་པ་དང་།  ༤། བྱིངས་ཚིག་ཏུ་སྒྲུབ་པ་དང་།  ༥། མིང་ཚིག་ཏུ་སྒྲུབ་པ་དང་།  ༦། མིང་ཚིག་གཉིས་སྔ་ཕྱི་མཚམས་སྦྱར་བ་དང་།  ༧། ཚིག་སྔ་ཕྱི་མཚམས་སྦྱར་བ་སོགས་རྣམ་གྲངས་བདུན་ཡོད་དེ།  དཔེར་ན་དང་བོ་ནི།  ཌུཀྲྀཉ྄་བྱེད་པ།  དངོས་པོ་ལ་གྷཉ྄་བྱིན།  ཉ྄་འཕེལ་དོན་གྱིས་ཕྱིས།  གྷའི་ཨ་ཕྲལ་གྷ྄་ཁྱད་དོན་དང་ཌུཉ྄་གཉིས་ཕྱིས།  སཾ་པ་རི་ཨུ་པ་རྣམས་ལས་ཀྲྀ་ལ་རྒྱན་གྱི་དོན་ལ་སུཊ྄་བྱིན།  ཊ྄་དང་ཨུ་ཕྱིས།  དབྱངས་དང་བོའི་ཉ྄་ཎ྄་འགྲོ་བ་ལ་འཕེལ་བའོས།  ཀའི་རྀ་ཨཱར྄་དུ་གྱུར།  དབྱངས་ཀྱིས་དམན་པ་ཞེས་པས་རིམ་པར་ཀ྄་ཨཱ་ལ་མཚམས་སྦྱར།  ར྄་ཨ་དང་།  ས྄་ཀཱ་ཐོག་ཏུ་མཚམས་སྦྱར།  དེའི་སྔོན་དུ་སཾ་བཞག་སྟེ།  སཾ་སྐ་ར་གྲུབ་པ།  ལེགས་བྱས་ཞེས་པའི་མིང་གྲུབ་པ་ལྟ་བུ་སོགས་འོག་ཏུ་སོ་སོའི་སྐབས་སུ་འཆད་པར་འགྱུར་རོ།།  དབྱངས་མཚམས་སྦྱོར་གྱི་སྐབས་འདིར་པི་ཏྲྀ་མིང་དང་།  ཨརྠཿ  ཚིག་མཚམས་སྦྱར་བ།  པི་ཏྲརྠཿ ཕའི་དོན་དང་།  ནེ་དང་ཨ་ནཾ་བྱིངས་མིང་ངམ་ཚིག་ཏུ་སྒྲུབ་བཞིན་པའི་སྐབས་ཀྱི་དཔེར་བརྗོད་དང་།  བྷོ་དང་ཨ་ཏི།  བྱིངས་ཚིག་ཏུ་སྒྲུབ་བཞིན་པའི་དཔེར་བརྗོད་ཅིག་ཡིན་ནོ། ། ཏཽ་ཨི་ཧ་དང་།  ཏེ་ཨཱ་ག་ཏཿ  དག་ནི་ཚིག་སྔ་ཕྱི་གཉིས་མཚམས་སྦྱར་བ་སོགས་ཤེས་པར་བྱའོ། ། དབྱངས་མཚམས་སྦྱོར་འདིར།  མིང་དང་ཚིག་སྦྱར་བ།  ཚིག་གཉིས་སྦྱར་བ།  མིང་ངམ་ཚིག་ཏུ་སྒྲུབ་བཞིན་པའི་སྐབས་ཀྱི་དཔེར་བརྗོད་དག་བྱུང་ངོ་།། ༈ །།  

 

གསུམ་པ་རང་བཞིན་དུ་གནས་པའི་ལེའུ་འདིར།  ཨ་མཱི་ཨ་དི་ཏྱ་དང་།  ཨགྣཱི་ཨ་ཏྲཿ སོགས་ནི།  ཚིག་གཉིས་འཕྲད་པ་ལ་མཚམས་མི་སྦྱོར་བ་དང་།  མ་ཎཱི་ཨི་བ་སོགས་ངེས་ཚིག་རྣམས་ཀྱང་ཚིག་གཉིས་མཚམས་སྦྱོར་དགོས་པའི་དཔེའོ།། ༈ །། 

 

བཞི་བ་གསལ་བྱེད་མཚམས་སྦྱོར་གྱི་སྐབས་སུ་ཙ་པའི་ཨ་བ་ལ་ཛ་བའོ་ཞེས་པའི་ཙ་པ་རྣམས་ནི་སྔ་མ་ཚིག་ཏུ་གྲུབ་པའི་མཐའི་ཙ་པ་གང་རུང་ཞིག་ཡིན་དགོས་སོ། ། མང་ཆེ་བ་ཚིག་སྔ་ཕྱིར་མཚམས་སྦྱར་བ་ལས།  མ་ནི་རྗེས་སུ་ང་རོའོ་ཞེས་པས་ཚིག་མཐའི་མ྄་སྲོག་མེད་དེ་ཕ་རོལ་ཏུ་ཧ་སའི་ཡི་གེ་གང་ཡང་མེད་ཀྱང་རྗེས་སུ་ང་རོར་འགྱུར་བ་དང་།  གལ་ཏེ་མ་ཡིག་ཚིག་མཐའ་མ་ཡིན་པར་ཚིག་ཏུ་སྒྲུབ་བཞིན་པའི་སྐབས་ཀྱི་མ྄་ཡིག་གི་ཕ་རོལ་ན་ཧ་ས་གང་རུང་ཞིག་གནས་དགོས་སོ། །  ཚིག་མཐའ་དང་ཛྷ་ས་ལ་ཡང་ང་ནའིའོ་ཞེས་པ་ནི། ན་ཚིག་མཐའ་དང་།  ཚིག་མཐའ་མིན་ན་ཛྷ་སའི་ཡི་གེ་གང་རུང་ཡོད་དགོས་སོ། ། མདོ་འདིའི་ཟུར་ལ་ཡང་ནའིའོ་ཞེས་པའི་ཡང་སྒྲ་སྡུད་ཚིག་ཡིན་ཏེ།  མདོ་འདིའི་སྔོན་དེ་མ་ཐག་ལ་མ྄་ཡིག་ང་རོར་འགྱུར་བར་བཤད་པ་དང་། ཡང་ནའོ་ཞེས་བཀླག་ན་གདམ་ངའི་ཚིག་ཏུ་འགྱུར་བའི་སྐྱོན་འབྱུང་བས་ཡང་སྒྲ་སྡུད་ཚིག་ཏུ་གོ་དགོས།  གང་བསྡུ་ན་མ྄་ཡིག་མ་ཟད་ན྄་ཡིག་ཀྱང་ང་རོར་འགྱུར་བར་བསྟན་ནོ། ། སྤྱིར་མཚམས་སྦྱོར་འདིའི་དཔེར་བརྗོད་རྣམས་ལ་ཚིག་སྔ་ཕྱི་མཚམས་སྦྱོར་པའི་དཔེར་བརྗོད་ཤས་ཆེ་ཞིང་།  མིང་ཚིག་ཏུ་སྒྲུབ་བཞིན་པ་རེའང་ཡོད་དེ།  ཡ་ཤཱན྄་སི་དང་པུམ྄་བྷྱཱཾ་ལྟ་བུ་ནི་མིང་ལ་སི་སོགས་བྱིན་པ་སྔ་མ་མ་ནིང་གི་རྟགས་དང་།  ཕྱི་མ་སྐྱེས་པའི་རྟགས་ཚིག་ཏུ་སྒྲུབ་པ་སྟེ་དེ་འདྲ་བ་གཞན་འགའ་ཞིག་བྱུང་ངོ༌། ། ན་ལས་ཚ་ཏ་ལ་སཀ྄་དང་ཤ་ལས་ཙཀ྄་ལྟ་བུ་ནི།  ཨཱ་ག་མ་ཀ྄་འགྲོ་བ་ཅན་ཡིན་པས།  དང་བོ་སྦྱིན་ཡུལ་ངོས་ཟིན་པར་བྱས་ནས་སྦྱིན་ཡུལ་དེའི་མཇུག་ཏུ་སྦྱིན།  ཨཱ་ག་མ་དེ་སུཊ྄་ལྟ་བུའི་ཊ྄་འགྲོ་བ་ཅན་ཡིན་ཚེ་སྦྱིན་ཡུལ་གང་ཡིན་པ་དེའི་སྔོན་དུ་སྦྱིན་དགོས་ཏེ།  འགྲེལ་བར་ཊིཏ྄་དང་བོ་དང་ཀིཏ྄་མཐའ་མར་སྟེར་བར་བཤད་ཅེས་དང་། མིང་མཚམས་སྦྱོར་ལས་གང་ཞིག་ཨིཏ྄་ཀྱི་མིང་ཅན་དེ་ནི་དབྱིའོ་གསུང་བའི་དོན་ནི།  སྤྱིར་ཨིཏ྄་ཅེས་པ་འགྲོ་བའི་དོན་ལ་འཇུག་སྟེ།  ཨིན྄་འགྲོ་བའི་བྱིངས་ཀྱི་ན྄་རྗེས་འབྲེལ་གྱིས་ཕྱིས།  ཀྭིཔ྄་དང་ཏུཀ྄་བྱིན།  ཨུཀ྄་དང་ཀྭིཔ྄་ཕྱིས་པའི་ཤུལ་ཡིན་པས།  ཨིཏ྄་འགྲོ་བར་འཇུག  དེའི་སྔོན་དུ་ཊ྄་དང་ཀ྄་སྲོག་མེད་བྱུང་བ་དེ།  ཨིཏ྄་ལ་སྦྱར་བས་ཊིཏ྄་དང་ཀིཏ྄་ཞེས་པ་ཊ྄་འགྲོ་བ་དང་ཀ྄་འགྲོ་བ་ཞེས་པའོ། ། དེས་རིགས་ཀུན་ལ་འདྲའོ།། ༈ །།

 

ལྔ་བ་རྣམ་བཅད་མཚམས་སྦྱོར་ཞེས་པ་དེ་སྤྱིར་ཚིག་ཏུ་གྲུབ་ཟིན་གྱི་མཐའི་རྣམ་བཅད་དེ་དབྱངས་གསལ་གང་རུང་ཞིག་ཏུ་འགྱུར་འགྲོ་བར་བསྟན་པ་ཡིན།  དེས་ན་ཚིག་མཐའི་རྣམ་བཅད་དེ།  དབྱངས་གསལ་གྱི་ཡི་གེ་གང་དུ་འགྱུར་བ་རྣམ་བཅད་ཀྱི་ཕ་རོལ་དེ་མ་ཐག་ལ་ཁ་སའི་ནང་ཚན་གྱི་ཡི་གེ་བྱུང་ན་རྣམ་བཅད་དེ་ས་ཡིག་ཏུ་འགྱུར་བ་དང་།  དེའི་དམིགས་བསལ་ཤ་ཥ་ས་གསུམ་གང་རུང་ཞིག་བྱུང་ན་དེ་གསུམ་གང་ཡོད་པ་དེའི་གཟུགས་སུ་འགྱུར།  རིམ་པར་ཀཿ ཤེ་ཏེ་ལྟ་བུ་བྱུང་ན་ཤ྄་ཡིག་ཏུ་གྱུར་བས་ཀཤྴེཏེ།  སུ་ཉལ།  ཀཿ  ཥཎྚེ། ཀཥྵཎྚེ།  དུམ་བུར་གང་བྱེད།  ཀཿ  སཱ་དྷུ། ཀས྄སཱདྷུ། གང་ལེགས་ལྟ་བུར་བསྒྱུར་བ་དང་།  ཡང་ན།  དེ་དག་ཁ་སའི་ཡི་གེ་ཡིན་ཡང་རྣམ་བཅད་ཉིད་དུ་གནས་པ།  ཀཿ ཤེ་ཏེ། ཀཿ  ཥཎྚེ།  ཀཿ སཱ་དྷུ་ལྟ་བུ་སྤྱི་ལས་དམིགས་བསལ་བྱུང་བའོ། ། ཀུ་པུ་དག་ལས་ྈྐ་ྉྤ་དག་ཡང་ནའོ་ཞེས་པའང་སྤྱི་ལས་དམིགས་བསལ་བྱུང་བ་སྔ་མ་ལྟར་རོ། ། བཱ་ཙའི་པ་ཏི་ལ་སོགས་པ་རྣམས་སོ་ཞེས་པ་དེ།  ཚིག་ཏུ་གྲུབ་པ་གཉིས་ཀྱིས་མིང་གཅིག་སྒྲུབ་ཚུལ་ཡིན་ཏེ།  བཱ་ཙཿ  སྨྲ་བ།  པ་ཏིཿ  བདག་པོ་ཚིག་ཏུ་གྲུབ་པ་གཉིས་ཀྱིས་མིང་གཅིག་སྒྲུབ་ན་སྐབས་ཀྱི་མདོ་འདིས་སྒྲུབ་ན་ངེས་ཚིག་གིས་སྒྲུབ་པར་འགྱུར་ཏེ།  རྗེ་བཙུན་འཇམ་དབྱངས་ལྟ་བུ།  ཆོས་ཐམས་ཅད་སྨྲ་བ་ལ་དབང་འབྱོར་བས་ན་སྨྲ་བའི་བདག་པོར་གྱུར་བའི་ལྷའམ་སངས་རྒྱས་གཅིག་གི་མིང་དུ་གྱུར་བ།  བཱ་ཙསྤ་ཏིཿ ལྟ་བུ་དང་།  རྣམ་པར་བཅད་བྱའི་སའོ་ཞེས་བསྒྲུབས་ནའང་གྲུབ་གཟུགས་གཅིག་པ་འོང་སྟེ།  བཱ་ཙསྤ་ཏིཿ ལྟ་བུ་ནི་སྨྲ་བའམ་ཚིག་ཐ་དད་དུ་སྟོན་པ་ཡིན་ཏེ།  སྨྲ་བའི་ཚིག་གམ་ངག་ཏུ་བརྗོད་པའི་ཚིག་གི་ཕྲེང་བ་ལྟ་བུར་འགྱུར་རོ། ། སྤྱིར་རྣམ་བཅད་ནི་ས྄་ར྄་སྲོག་མེད་གང་རུང་རྣམ་བཅད་དུ་གྱུར་བ་ཡིན་མོད།  རྣམ་བཅད་ས྄་ར྄་གང་དུ་འགྱུར་དགོས་པའི་ངེས་པ་མེད་དེ།  རྣམ་བཅད་རང་གི་མཇུག་ཐོག་ཏུ་བྱུང་བའི་ཡི་གེར་ལྟོས་དགོས་ཏེ་རྣམ་པར་བཅད་བྱའི་སའོ་ཞེས་པ་ཁ་སའི་ཡི་གེ་གང་བྱུང་ན།  ཚིག་མཐའི་རྣམ་བཅད་དེ་སར་འགྱུར་དགོས་གསུང་བའི་མདོ་དེ་སྤྱིར་བཏང་བ་དང་།  ཤ་ཥ་ས་ལ་ཡང་ནའོ་དང་ཀུ་པུ་དག་ལ་ྈྐ་ྉྤ་དག་ཡང་ནའོ་གཉིས་ནི་སྤྱི་ལས་དམིགས་བསལ་བྱུང་བ་ཡིན་ནའང་གཉིས་ཀར་གདམ་ང་བྱས་ཆོག་པར་བསྟན་ནོ། ། ཚིག་མཐའ་སོགས་ཀྱི་རྣམ་བཅད་རྣམས་ཕ་རོལ་ཀྱི་ཚིག་གི་ཐོག་མ་དང་རྣམ་བཅད་ཀྱི་སྔོན་དེ་མ་ཐག་གི་ཡི་གེ་ལའང་ལྟོས་དགོས་ཏེ།  ཨཱ་ལས་ཨ་བ་ལ་དབྱིའོ་ཞེས་རྣམ་བཅད་དབྱི་བ་དང་།  ཨ་ལས་ཨ་ལ་ཨུའོ་དང་།  ཧ་བ་ལའོ་ཞེས་པ་གཉིས་ཀྱིས་རྣམ་བཅད་ཨུ་དང་།  ནཱ་མི་ལས་རའོས་རྣམ་བཅད་རར་འགྱུར་བ་དང༌།  དབྱངས་ལ་ཡ་ཉིད་ཡང་ནའོ་ཞེས་པ་སྤྱི་དམིགས་བསལ་གདམ་ང་ཡིན་པ་སོགས་ཤེས་སླའོ། ། དབྱངས་ཅན་བརྡ་སྤྲོད་འདིར་ཤ་ཕ་རོལ་ལ་གནས་ན་རྣམ་བཅད་ཨུ་ཡིག་ཏུ་བསྒྱུར་བའི་མདོ་དངོས་མ་གསུངས་ཀྱང་།  པཱ་ཎི་བར་ཤ་ཕ་རོལ་ལ་རྣམ་བཅད་ཨུ་ཡིག་ཏུ་སྒྱུར་བྱེད་ཀྱི་མདོ་དང་དཔེར་བརྗོད་དངོས་སུ་ཡོད།  འོན་ཀྱང་འདིར་ལྷག་མ་འཇིག་རྟེན་ལས་གྲུབ་པ་འདིར་བཤད་དོ། ། ཞེས་པས་ཀ་ཙཱན་སོགས་ལའང་སྦྱང་དགོས་པར་བསྟན།  ནཱ་མི་ལས་རའོ་ཞེས་པ་དང་།  ར་ལས་སོ་ཞེས་པ་གཉིས་སྔ་མས་རྣམ་བཅད་ཀྱི་སྔོན་ལ་དབྱངས་ནཱ་མི་གང་རུང་དང་ཕ་རོལ་ཏུ་ཨ་བའི་ཡི་གེ་ཉེར་དགུ་བོ་གང་རུང་ཡོད་དགོས་པ་དང་།  མདོ་ཕྱི་མས་ཀྱང་རྣམ་བཅད་དེ་ར྄་རྣམ་བཅད་དུ་གྱུར་བ་ཡིན་ན།  ཁ་པའི་ཡི་གེ་གང་རུང་ཞིག་ཡིན་ན་རྣམ་བཅད་ར྄ར་འགྱུར་ཞིང་མདོ་དེ་གཉིས་ཀར་ཚིག་མཐའི་རྣམ་བཅད་ཡིན་དགོས་པ་འདྲའོ། ། ཨ་ཧན྄འི་སའོ་ཞེས་པ་ཚིག་མཐའི་ན྄་ཡིག་ས྄ར་གྱུར་ནས་རྣམ་བཅད་བྱས་པ་ལ་བཤད་དེ་ཉིན་མོའི་སྐད་དོད་ཨ་ཧན྄་ལ་དང་བོའི་སི་བྱིན་པ་ཕྱིས།  མཐའི་ན྄་ཡིག་ས྄ར་བསྒྱུར་བ་རྣམ་བཅད་བྱས་པའི་དབང་གིས་འགྲེལ་བར་ཨ་ཧན྄་ཚིག་ཏུ་གྲུབ་པའི་མཐའི་རྣམ་བཅད་གསུངས་དོན་དེ་ཡིན་ནོ།། ༈ །། 

 

མཚམས་སྦྱོར་ལྔའི་མཇུག་གི་ཚིགས་བཅད་དྲུག་གི་དང་བོ་གཉིས་ཀྱིས་རྣམ་བཅད་ཕྱིས་ནས་སླར་མཚམས་སྦྱར་ན་ཕྱིས་པ་ལས་མཚམས་སྦྱར་བ་གོང་དུ་བཀག་མོད། སྡེབ་སྦྱོར་དབང་བཙན་པས་ཡི་གེ་ཕྱིས་པ་ལས་སླར་མཚམས་སྦྱར་བ་ཉེས་པ་མེད་པའི་དཔེ་སྟེ།  ཙཱནྡྲ་བ་ལས་ས་ཨ་ཙ་ལ་དབྱི་ལ་དེ་རྐང་བ་རྫོགས་པ་ལའོ་ཞེས་དངོས་སུ་བསྟན་པ་ལྟར་རོ། ། ཚིགས་བཅད་ཕྱི་མ་བཞིའི་དང་བོས་སྤྱིར་བརྡ་སྤྲོད་པའི་གཞུང་ལས་སྤྱི་དང་དམིགས་བསལ་དང་དམིགས་བསལ་གྱི་དམིགས་བསལ་དང་སྤྱི་དམིགས་བསལ་གཉིས་ལ་གདམ་ང་དང་སྤྱི་དམིགས་བསལ་གཉིས་ཀ་ལས་གཞན་མཆོག་གི་སྦྱོར་བ་གསང་ཚིག་གིས་སྒྲུབ་པ་སོགས་ལྔ་ཡོད་པར་བསྟན་པའི་དཔེ་ནི་རིམ་པར།  ༡། ཡི་གེ་གློ་བུར་བ།  གོ་ཨིནྡྲཿ  བཞག་པ་ལ་ཨ་ཡིག་ཨཱ་ག་མ་བྱིན་ནས་ཆོ་ག་ལྟར་བསྒྲུབས་པས།  ག་བེནྡྲཿ ། བ་ལང་དབང་བོ་ལྟ་བུའོ།  ༢།  ཡི་གེ་བསྣོལ་བ་ནི།  ཧིཾས་འཚེ་བའི་བྱིངས་ལ་ཡི་གེ་བསྣོལ་བ་ལའང་ངོ་ཞེས་པས་ཨ་བྱིན།  ཧ྄་དང་ས྄་སྲོག་མེད་གཉིས་ཕན་ཚུན་གོ་ས་བསྣོལ།  ཨིང྄་རང་སར་བཞག་སྟེ་མཚམས་སྦྱར་བས།  སིངྷ།  སེང་གེའི་མིང་གྲུབ་པ་ལྟ་བུའོ། །  ༣།  ཡི་གེ་རྣམ་པར་འགྱུར་བའི་དཔེ་ནི།  དྲུག་གི་སྐད་དོད་ཥཥ྄་དང་བཅུའི་སྐད་དོད་དཤ྄་བཞག་པའི་འོག་གི་ཚིག་སྡུད་ནས་བཤད་པ་ལྟར།  རྒྱུ་མཚན་འབྲེལ་མེད་ཀྱིས་ཥ྄་སྲོག་མེད་ཨུ་དང་ད་ཡིག་ཌ་ཡིག་གི་རྣམ་པར་འགྱུར་བ་ནི།  སྤྱིར་ཥ྄་ཌ྄་དང་ད྄་སྲོག་མེད་ཌ྄ར་འགྱུར་ཚུལ་ཡོད་ནའང་ཥ྄་ཨུ་དང་ད་སྲོག་ལྡན་ཌ་སྲོག་ལྡན་དུ་འགྱུར་བ་ནི་རྒྱུ་མཚན་འབྲེལ་མེད་ཀྱིས་ཡི་གེའི་རྣམ་པར་འགྱུར་བ་ལྟ་བུའོ། །  ༤།  ཡི་གེ་ཉམས་པའི་དཔེ་ནི།  རྒྱས་པའི་སྐད་དོད་པྲྀ་ཥཏ྄་དང་ལྟོ་བའི་སྐད་དོད་ཨུ་ད་རཿ  བཞག   རྒྱུ་མཚན་མེད་པར་ཏ྄་ཡིག་ཉམས་པའམ་ཕྱིས་ནས་མཚམས་སྦྱར་བས།  པྲྀ་ཥོ་ད་ར་གྲུབ་པ།  རྒྱས་པའི་ལྟོ་བ་ཞེས་སོ། །  ༥།  ལྔ་བ་བྱིངས་དོན་ཕུལ་བྱུང་ཡི་གེའི་རྣམ་པ་འགྱུར་བ་དང་ཡི་གེ་ཉམས་པ་ལས།  བྱིངས་མིང་དུ་བསྒྲུབས་ཟིན་པ་དེའི་རྣམ་པ་གཞན་དུ་འགྱུར་བ་དང༌།  ཡི་གེ་ཉམས་པའི་དབང་གིས་བྱིངས་དོན་ཕུལ་བྱུང་དུ་གྱུར་བ་གཉིས་ལས།  སྔ་མ་སའི་སྐད་དོད་མ་ཧཱི་དང་སྒྲའི་སྐད་དོད་རཿ  བཞག  པྲྀ་ཥོ་ད་ར་སོགས་ཀྱིས་ཧཱི་དབྱངས་དང་བཅས་པ།   ཡཱུ་རིང་བོར་བསྒྱུར་བས་མ་ཡཱུ་རཿ  ཞེས་པར་གྱུར་བ་དེ་སའི་སྟེང་ནས་སྒྲ་སྙན་པོར་སྒྲོག་པ་དེ་རྨ་བྱའི་མིང་ལ་འཇུག་པ་ལྟ་བུའོ། ། ཕྱི་མ་ཡི་གེ་སྔར་ཡོད་ཉམས་པའི་དཔེ་ནི།  གཡོ་བའི་སྐད་དོད་བྷྲ་མཏ྄་དང་སྒྲའི་སྐད་དོད་རཿ  བཞག  པྲྀ་ཥོ་ད་ར་སོགས་ཀྱིས་ཚིག་མཐའི་ཏ྄་ཕྱིས་པས།  བྷྲ་མ་རཿ  གྲུབ་པས།  འཁོར་བསྒྲགས་ཏེ་འཕུར་ལྡིང་བྱེད་བཞིན་དུ་སྒྲ་སྙན་པ་འབྱུང་བ་བུང་བའི་མིང་དུ་གྲུབ་པ་ལྟ་བུ་སྟེ་གཞན་དུ་རྒྱ་ཆེར་ཤེས་དགོས།  དཔེར་བརྗོད་འདི་གཉིས་ནི་ཚིག་གཉིས་ཀྱིས་མིང་གཅིག་བསྒྲུབས་ཏེ།  ངེས་ཚིག་གིས་བསྒྲུབས་ཚུལ་ཞིག་ཡིན་ནོ། ། དེ་རྣམས་ཀྱིས་མཚམས་སྦྱོར་ལྔའི་སྤྱི་དོན་རེ་ཞིག་བཤད་ཟིན་ནོ།། ༈ །།

 

ད་ནི་མིང་ལེ་བཅུ་གཉིས་ལས་དང་བོ་སྐྱེས་པའི་རྟགས་དབྱངས་མཐའ་ཅན་རྣམས་ནི།  སྤྱིར་བྱིངས་ལ་ཀྲྀཏ྄་རྐྱེན་བྱིན་ནས་མིང་དུ་གྲུབ་པ་ལ་དབྱངས་དང་ཧ་སའི་མཐའ་ཅན་གཉིས་དང་།  དེ་རེ་རེ་ལའང་ཕོ་མོ་མ་ནིང་གི་རྟགས་ཀྱི་དབྱེ་བ་ཡོད་ལ།  རྟགས་དེ་རྣམས་སྤྱིར་བཏང་གི་གང་ཟག་ཕོ་མོ་མ་ནིང་ཙམ་ཤེས་སླ་ནའང་དེ་ཙམ་མ་ཡིན་པའི་རྟགས་སོ་སོར་ངོས་ཟིན་པ་དཀའ་བའི་གནས་ཤིག་ཡིན་ཏེ་བརྗོད་བྱ་དོན་གྱི་དབང་གིས་གོ་གཅིག་པོའི་སྒྲ་ལ་ཡང་རྟགས་གསུམ་གའི་ཆོ་ག་འཇུག་པར་གསུངས།  བོད་ལྟར་སྒྲའི་གདངས་དམ་ལྷོད་ཙམ་གྱི་སྒོ་ནས་དབྱེ་རྒྱུ་མ་ཡིན་པས་ཧ་ཅང་དཀའོ། ། འོན་ཀྱང་ཀྲྀཏ྄་ལེའུ་མཇུག་ཏུ་རགས་ཙམ་འབྲི་བར་འདོད།  སྐྱེས་པའི་རྟགས་ཨ་ཐུང་མཐའ་ཅན་ཐམས་ཅད་སྤྱིར་བཏང་དེ་བའི་སྒྲུབ་ཚུལ་ལྟར་དང་།  དམིགས་བསལ་ཨཏ྄་མཐའ་ཅན་ཡིན་ཡང་སརྦ་སོགས་ལ་དེ་བའི་སྒྲུབ་ཚུལ་དང་མི་འདྲ་ས་དང་འདྲ་ས་ཡོད་དེ།  སརྦའི་སྐབས་སུ་ཨ་བ་ཀུ་པུ་བར་ན་ཡོད་ཀྱང་ངོ་ཞེས་པ་ཨ་བའི་ཡི་གེའི་ནང་ཚན་ཉེར་དགུ་དང་།  དེར་མ་ཚུད་པའི་ཀ་སྡེ་དང་པ་སྡེ་བར་ན་ཡོད་ཀྱང་ན་ཎར་འགྱུར་ཞེས་པའོ། ། དེ་ཡང་མིང་གཅིག་གི་ནང་མཚན་ཉིད་དེ་འདྲ་ཚང་ན་ན་ཡིག་ཎ་ཡིག་ཏུ་འགྱུར་འགྲོ་བ་མ་གཏོགས།  མིང་སྔ་ཕྱི་གཉིས་ལ་མཚན་ཉིད་ཀྱི་ཟུར་དེ་འདྲ་བྱུང་ཡང་ན་ཡིག་ཎར་མི་འགྱུར་མོད།  དམིགས་བསལ་བྱུང་བ་གཞུང་འདིར་བྱུང་འདུག  པཱུརྦ་སོགས་ལ་སྤྱི་དམིགས་བསལ་གདམ་ང་བྱས་ཆོག་པ་དང་།  ཨི་དམ྄།  ཨ་དས྄།  ཨེ་ཏད྄།  ཀིམ྄།  ཡུསྨད྄།  ཨསྨད྄།  རྣམས་སརྦའི་སོགས་ཁོང་ཡིན་ཞིང་།  སྒོས་ཀྱི་ཆོ་ག་རེ་ཡོད།  ཏ་ཡཊ྄་དང༌།  ཨ་ཡཊ྄།  ཏཱི་ཡ་རྣམས་སྔ་མ་གཉིས་ཨེ་ཀ་སོགས་གྲངས་ཀྱི་སྒྲ་གང་ཡིན་ཡང་།  དངོས་པོ་དེ་ལྡན་སྟོན་པའི་རྐྱེན་ཡིན་ཏེ།  ཏྲི་ལ་ཨ་ཡཊ྄་སྦྱར་བས།  རཏྣ་ཏྲ་ཡ།  ལྟ་བུ།  དཀོན་མཆོག་ལ་གསུམ་ཡོད་པར་སྟོན་ནོ། ། ཏཱི་ཡའི་རྐྱེན་ནི་དོན་སྔོན་མ་དང་འདྲའང་དྭི་དང་ཏྲི་གཉིས་ལས་གཞན་ལ་མི་སྦྱོར།  འགྲེལ་བར་དོན་དང་ལྡན་པ་ཞེས་པ་ནི།  དཔེར་ན་ཛྙཱ་ཁོངས་སུ་ཆུད་པ།  ཡུཊ྄་སྦྱར་ནས་ཛྙཱ་ཡུཊ྄་ཞེས་པ་ཙམ་ལ་བརྗོད་བྱ་གང་ཡང་སྟོན་པའི་ནུས་པ་མེད་ལ།  ཡུ་ཨ་ན་རུ་བསྒྱུར།  འདྲ་རིང་བྱས་པས་ཛྷཱ་ན་ཞེས་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མིང་དུ་གྱུར་བས་བརྗོད་བྱའི་དོན་སྟོན་པ་ལྟ་བུའོ། ། ད་ནི་སྤྱིའི་འགྲོ་ཚུལ་ནི་རྟགས་གསུམ་གང་ཡིན་ཡང་རྟགས་དབྱངས་མཐའ་ཅན་ལ།  རྣམ་དབྱེ་དབྱངས་ཐོག་མ་ཅན་བྱུང་ན་བྱ་བ་འབྱུང་བ་དཔེར་ན།  དེ་བ་དང་ཨཽ་དག་ལ་ཨོ་དང་ཨཽ་ལ་ཨཽ་དང་།  བྷ་ལ་ཨཱའོ། ། ཊཱ་ཨོས྄་དག་ལ་ཨེ་དང༌།  བྷ་ས་མང་བོ་ཉིད་ལ་ཨེའོ་དང་།  ཧ་རི་དང་ང྄་འགྲོ་བ་སོགས་ལ་རྟགས་མཐའ་ཨེ་དང་ཨེ་ཨཡ྄་ལྟ་བུ།  འོན་ཀྱང་།  ང྄་འགྲོ་བའི་རྣམ་དབྱེ་དག་དབྱངས་དང་བོ་ཅན་མིན་ཏེ། ང་དང་བོ་ཅན་ཡིན་སྙམ་ནའང་དེ་དག་ང྄་ཁྱད་དོན་གྱིས་དབྱི་དགོས་པས་རྐྱེན་དངོས་ནི་ཨེ་ལྟ་བུ་ཡིན་པས་དོན་ལ་རྣམ་དབྱེ་དེ་འདྲ་དབྱངས་དང་བོ་ཅན་ལ་ངོས་འཛིན་དགོས་པ་སོགས་མང་བོ་འབྱུང་བ་ངེས་དགོས།  དེར་མ་ཟད་སུ་ཤྲཱི་སོགས་རིང་བོའི་མཐའ་ཅན་དང་།  པི་ཏྲྀ་ལྟ་བུའི་རྀ་མཐའ་ཅན་དང་སུ་རཻ་དང་གླཽ་ལྟ་བུ་རྣམས་ཀྱི་ཕ་རོལ་ཏུ་དབྱངས་དང་བོ་གང་བྱུང་ན་སྔོན་མའི་མཐའ་ལ་རྣམ་འགྱུར་འབྱུང་བ་དང་།  ཧ་ས་དང་བོ་ཅན་ལ་ཨ་ཐུང་མཐའ་ཅན་མ་གཏོགས་གཞན་ལ་རྣམ་འགྱུར་འབྱུང་བ་མེད་དོ། ། རྟགས་ཧ་སའི་མཐའ་ཅན་ལ་ཕ་རོལ་ཏུ་དབྱངས་དང་བོ་ཅན་བྱུང་བ་ལ་སྔ་ཕྱི་མཚམས་སྦྱར་བ་ཁོ་ན་དང་།  ཧ་སའི་མཐའ་ཅན་ལ་རྣམ་དབྱེ་ཧ་ས་དང་བོ་ཅན་སྦྱར་ན་རྟགས་མཐའི་ཧ་ས་སོགས་ལ།  རྣམ་འགྱུར་འབྱུང་བ་སོགས་གཞུང་གི་དཔེར་བརྗོད་རྣམས་ལ་བརྟགས་ན་ལེགས་པར་ཤེས་ནུས་སོ།། ༈ །། 

 

ཕོའི་རྟགས་ས་ཁི་དང་པི་ཏྲྀ་དག་ལ་དང་བོ་སི་བྱིན།  ས་ཁིའི་ཨཻའོས་ཨི་ཡིག་ཨཻ་རུ་བསྒྱུར།  དྷི་མ་ཡིན་པའི་སི་ཌཱའོས་སི་ཌཱར་བསྒྱུར་ནས་ཊི་དབྱི་བ་དང་།  ཨི་ཨཻ་རུ་མ་བསྒྱུར་བར་སི་ཌཱ་དང་ཊི་དབྱི་ནའང་གྲུབ་གཟུགས་འདྲ་མོད། འགྲེལ་བར་རྣམ་དབྱེ་ཐོག་མ་ལྔ་ལ་ཞེས་བཤད་ནའང་། དཔེར་བརྗོད་སྐབས་ཨཻ་མ་བྱས་པས་སི་ཌཱ་དང་ཊི་ཕྱིས་འདུག་པ་ལ། བྱ་ཚགས་ཀྱི་མཆན་ལས་འདར་ལོ་ལ་སྐྱོན་བརྗོད་ཡོད། དེ་གཉིས་གང་བྱས་ཀྱང་གྲུབ་གཟུགས་འདྲ་བ་འབྱུང་། པི་ཏྲྀ་ལའང་ལྔ་ལ་ཨར྄འོ་ཞེས་པས་རི་ཡིག་ཨར྄། དེ་ནས་སིའི་ཨཱའོ་དང་། ཊི་དབྱི་དགོས་སམ་རྀ་ཨར྄་དུ་མ་བསྒྱུར་བར་སི་ཨཱ། དེ་ནས་ཊི་ཕྱིས་ནའང་གཟུགས་འདྲ་བ་འོངས། སུ་ཤྲཱི་སོགས་དབྱངས་རིང་བོའི་མཐའི་སྐབས་སུ་འགྲེལ་བར་བྱིངས་ཀྱི་ངོ་བོར་གནས་པའི་མིང་མཐའི་ཨཱི་ཨཱུ་དག་ཅེས་སོགས་གསུངས་པ་ནི། སྤྱིར་མིང་ལེའི་སྐབས་སུ་མིང་རྐྱང་དང་མིང་བྱིངས་གཉིས་ཀའི་གཞི་མཐུན་མ་གཏོགས་བྱིངས་ཁོ་ན་མི་འབྱུང་ལ། གཉིས་ཀ་ཡིན་པ་ལ་རིང་བོའི་མཐའ་ཅན་ཁོ་ན་ཡིན། དེའང་བྱིངས་ལ་ཀྲྀཏ྄འི་རྐྱེན་ཀྭིཔ྄་དང་པིཎ྄འི་མཐའ་ཅན་ཁོ་ན་ཡིན་ཏེ། དཔེར་ན། པཱ་བཏུང་བ། ཤྲཱི་འབྱོར་བ། བྷཱུ་ཡོད་པ། མཱང྄་དང་མཱ་ཚད་འཇལ་བ། ཡཱ་ཐོབ་པ། ཎཱིཉ྄་འདྲེན་པ་ལྟ་བུ་སོགས་ལ་ཀྭིཔ྄་བྱིན་ནས་མིང་དུ་གྲུབ་སྟེ་ཕྱིས་པ་ཤ་སྟག་ཡིན་པ་སོགས་ནི་མིང་བྱིངས་གཉིས་ཀ་ཡིན་ཏེ། མིང་སྒྲུབ་བྱེད་ཀྲྀཏ྄འི་རྐྱེན་ཀྭིཔ྄འི་མཐའ་ཅན་ཡིན་པ་དང་བྱིངས་ཀྱི་ངོ་བོར་གནས་པ་ཡིན་ཏེ། བྷཱུ་སོགས་ལ་ཀྭིཔ྄་བྱིན་ཡང་བྱིངས་རང་གི་ངོ་བོའི་གཟུགས་མ་འགྱུར་བར་ཇི་བཞིན་གནས་ཡོད་པས་བྱིངས་ཡིན་པ་ལྟ་བུའོ། ། དེ་དག་ཨཱི་ཨིཡ྄་སོགས་སྒྲུབ་ཚུལ་གཞུང་ལྟར་རོ། ། འོན་ཀྱང་སྡེ་འདྲེན་པའི་སྐད་དོད་སེ་ནཱ་ནཱི་ལྟ་བུའི་ནི་མིང་བྱིངས་གཞི་མཐུན་ཡིན་ནའང་སྔོན་དུ་སྡེའི་སྐད་དོད་སེ་ནཱ་སོགས་བྱུང་བས། ཡ྄་བ྄་དག་ཡང་ནའོ་ཞེས་པས་ཨཱི་ཡིག་ཡ྄་སྲོག་མེད་དུ་འགྱུར་བ་དང་། བྱིངས་ཀྱི་ཨཱི་ཨཱུ་དག་ཅེས་སོགས་ཀྱིས་ཨིཡ྄་ཨུབ྄་རུ་བསྒྱུར་བ་གདམ་ང་བྱས་ཆོག བྷརྵ་བྷུ་དང་པུ་ནར྄བྷཱུ་གཉིས་ལ་ཡ྄་བ྄་དག་ཡང་ནའོ་དང་བྱིངས་ཀྱི་ཨཱི་ཨཱུ་དག་གི་ཨིཡ྄་ཨུབ྄་དག་ཡང་ནའོ་ཞེས་གདམ་ང་བྱས་ཆོག་ལ། ཡི་གེ་གཉིས་གསུམ་སོགས་སྔོན་ན་མེད་པའི་བྷཱུ་དང་དྷཱིའི་སྒྲ་ལ་བྱིངས་ཀྱི་ཨཱི་ཨཱུ་ཞེས་སོགས་མ་གཏོགས་ཡ྄་བ྄་དག་ཡང་ནའོའི་མདོ་མི་ཐོབ་ཞེས་པའོ།། ༈ །། 

 

རྀ་ཐུང་མཐའ་ཅན་པི་ཏྲྀ་དང་ཀར྄ཏྲྀ་དག་ལ་སྔ་མར་ལྔ་ལ་ཨར྄་འོས་ཨ་ཐུང་དང་ཕྱི་མར་སྟྲྀའི་ཨཱར྄འོ་ཞེས་ཨཱ་རིང་བོ་བྱེད། བོད་པ་གསུམ་ལ་དཔྱད་གཞི་ཆེའང་པད་དཀར་ཆུན་པོར་བྲིས་ཟིན་པས་དེར་གཟིགས། ཕོའི་རྟགས་དབྱངས་མཐའ་ཅན་རགས་པར་བཤད་ཟིན་ནོ།། ༈ །། 

 

ད་ནི་བུད་མེད་ཀྱི་རྟགས་དབྱངས་མཐའ་ཅན་རྣམས་ལས་ཤྲཱདྡྷཱ། དད་ཅན། མཱ་ལཱ། ཕྲེང་ལྡན་མ། ཛ་རཱ། རྒས་མ། དྷྲྀ་ཏི། འཛིན་མ། རུ་ཙི། མཛེས་མ། དྷེ་ནུ། འཇོ་མ། གཽ་རཱི། དཀར་མོ། སཱ་ར་སྭ་ཏཱི། མཚོ་ལྡན་མ། བྲཧྨཱཎཱི། བྲམ་ཟེ་མོ། ཀུ་མཱ་རཱི། གཞོན་ནུ་མ། ཀི་ཤོ་རཱི། ལོ་བརྒྱད་མ། ཀ་ལ་བྷཱི། མཛེས་མ། སྟྲཱི།  བུད་མེད། མཱ་ཏྲྀ། མ། ཤྭཱཤ྄རཱུ། སྒྱུག་མོ་སོགས་ཀྱི་སྒྲ་ཡུལ་བུད་མེད་ཁོ་ན་དང་སརྦ་སོགས་ནི་སྐབས་འདིར་ཚིག་གྲོགས་བུད་མེད་ཀྱི་སྒྲ་དང་འཕྲད་པས་མོ་རྟགས་ལྟར་སྒྲུབ་པ་སོགས་དང་། དེ་དག་ལས་གངྒཱ་སོགས་ནི་ལེགས་སྦྱར་གྱི་ལུགས་སུ་བུད་མེད་ཀྱི་རྟགས་ཞེས་བརྗོད་པ་ཙམ་མ་གཏོགས་གངྒཱ་དང་བུ་དྡྷིའི་སྒྲ་སོགས་ཀྱི་འཇུག་ཡུལ་བུད་མེད་དངོས་མིན་པ་ཤེས་སླ་སྟེ། དེའང་བུདྡྷིའི་སྒྲ་བུད་མེད་ཀྱི་རྟགས་ཡིན་པའི་ཚུལ་ནི། བུདྷ་ལྟ་བུའི་བྱིངས་ལ། ཀྲྀཏ྄་རྐྱེན་ཀྟི་བྱིན་པའི་དབང་གིས་མོ་རྟགས་སུ་གྱུར་བ་ཡིན་ཏེ། ཀྟིའི་རྐྱེན་མཐའ་ཅན་རྣམས་ནི་བུད་མེད་ཀྱི་རྟགས་ཡིན་པའི་དབང་གིས་ཡིན་ནོ།། ༈ །། 

 

མ་ནིང་གི་རྟགས་དབྱངས་མཐའ་ཅན་སོགས་ལས་རིགས་ཀྱི་སྐད་དོད་ཀུ་ལ་ལྟ་བུར་མཚོན་ན། སྒྲ་དེ་ཕོ་མོའི་ཕྱོགས་སུ་མ་ལྷུང་ཞིང་སྒྲ་དེ་སྤྱིར་ཕོའི་རིགས་སུ་གྱུར་བ་དང་བུད་མེད་ཀྱི་རིགས་ཞེས་གཅིག་ཏུ་མ་ངེས་པའི་རྒྱུ་མཚན་གྱིས་ཨེ་ཡིན་སྙམ་པ་རང་གི་རྣམ་རྟོག་གོ་ཞེས་རྟགས་གསུམ་དབྱངས་ཀྱི་མཐའ་ཅན་རགས་ཙམ་རེ་ཞིག་བཤད་ཟིན་ནོ།། ༈ །།

 

རྟགས་གསུམ་ཧ་སའི་མཐའ་ཅན་ལས་དང་བོ་སྐྱེས་པའི་རྟགས་ཨ་ན་ཌུཧ྄འི་སྐབས་སུ་ཨ་ན་ཌུཧ྄འི་སི་ལའོ། ། ཞེས་པའི་འགྲེལ་བར་མདོ་གཞན་ལས་ཨཱམ྄་ཨཱ་ག་མ་སྦྱིན་པར་བཤད་པས་ཨཱམ྄་སྦྱིན་དགོས་པས་ཨཱ་ག་མ་དེ་འདིར་མ྄་རྗེས་འབྲེལ་ཅན་ཡིན། སྦྱིན་ཡུལ་དབྱངས་ཀྱི་མཐར་སྟེར་དགོས། ཨཱ་ག་མ་གང་ཡིན་ཀྱང་ཐོག་མར་སྦྱིན་ཡུལ་ངོས་འཛིན་དགོས། སྐབས་འདིར་ཨཱ་ག་མ་ནི་ཨཱམ྄་ཡིན། མ྄་དབྱངས་མཐར་སྟེར་བའི་གནས་དོན་ཡིན་པས་ཨཱམ྄་ཨཱ་ག་མ་ཧ྄་སྲོག་མེད་ཀྱི་སྔོན་དུ་ཌུའི་སྲོག་གི་ཨུའི་མཐར་བྱིན་ནས་མ྄་ཕྱིས། ཨུ་བ྄ར་བསྒྱུར་ནས་སྤྱི་འགྲོ་ལྟར་བྱས་པས་ཨ་ཎ་ཌ྄བཱཧ྄་ཞེས་གནས་པར་ཚིག་ཏུ་སྒྲུབ་ཕྱིར་སི་བྱིན། ཨ་ན་ཌུཧ྄འི་སི་ལའོའི་ནུམ྄་སྔར་ལྟར་བྱིན། ནུམ྄་དང་བོའི་སི་ཁོ་ན་དང་ཨཱམ྄་དང་བོ་ལྔ་གང་རུང་ཕ་རོལ་ཏུ་ཡོད་ན་མ་གཏོགས་རྣམ་དབྱེ་ལྷག་མ་རྣམས་ལ་མ་ཡིན་ནོ། ། མ྄་དང་ཨུ་ཕྱིས་ཡང་དག་པར་སྦྱོར་བའི་མཐའི་ཧ྄་དབྱི། ཧ་ས་ཨཱིཔ྄་ལ་སི་དབྱིའོས་སི་དབྱི་ཞེས་པ་འདི་གཉིས་ལ་སྔ་ཕྱི་ཁྱད་པར་མེད། འགྲེལ་བར་མིང་ལ་ར་སའི་ཡི་གེ་ཕ་རོལ་ཏུ་ཡོད་ན་མིང་མཐའི་ཧ྄་དབྱི་བ་དང་། སི་སྔོན་དུ་དབྱི་ན་མཐའི་ཧ྄་ཚིག་མཐའ་ཡིན་པས་དབྱི་བར་བྱ་བ་དང་གང་བྱས་ཀྱང་མདོ་དོན་ཐོབ་བོ། ། ཨཱམ྄་སྟེར་བ་དེ་འདི་ཁོ་ནའི་སྒོས་ཆོས་ཡིན། རྣམ་དབྱེ་བྷ་དང་ས་ཐོག་མ་ཅན་བས྄་རྣམས་ཀྱི་ར་ས་ལའོས་ར་ས་སོ་སོར་བསྡུ་བའི་ཡི་གེ་ཕ་རོལ་ཏུ་བྱུང་ན་མིང་མཐའི་ཧ྄་ཡིག་དང་། འདིར་བཀོད་པའི་ས྄་མཐའ་ཅན་བཞི་བོ་དག་ད྄ར་འགྱུར་བ། བདུན་པའི་མིང་ཚིག་གི་སུཔ྄་ལ་ཁ་ས་སོགས་ཀྱིས་ད྄་ཏ྄ར་བསྒྱུར་དགོས་རྣམ་དབྱེ་དབྱངས་ཐོག་མ་ཅན་གང་བྱུང་ན། མཐའི་ཧ྄་ས྄་སྲོག་མེད་གང་བྱུང་ཡང་དབྱངས་ལ་མཚམས་སྦྱོར་བ་ཁོ་ནའོ། ། འོན་ཀྱང་གོ་དུཧ྄་དང༌། མ་དྷུ་ལིཧ྄། མི་ཏྲ་དྲུཧ྄། བྷཱར་བཱཧ྄། ཏུ་ར་སཱཧ྄་རྣམས་ལ་དཔེར་བརྗོད་རང་རང་གི་སྐབས་སུ་སྒོས་ཆོས་མི་འདྲ་བ་རེ་འབྱུང་བ་ནི་གཞུང་ལྟར་རོ། ། བཞིའི་སྐད་དོད་ཙ་ཏུར྄་ལ་དྲུག་པའི་མང་ཚིག་གི་ཨཱམ྄་སྦྱར་ཚེ་ཨཱམ྄་ལ་ནུཊ྄འོས་མདོ་མི་ཐོབ་སྟེ། དེ་མིང་མཐར་མཚུངས་པའི་ཡི་གེ་ཡོད་དགོས་ཀྱང་འདིར་མིང་མཐར་ར྄་སྲོག་མེད་ཡིན་པས་རའི་གྲངས་ལའོ་ཞེས་པས་ནུཊ྄་སྟེར། ཨུཊ྄་ཕྱིས། ཥ་ར་རི་ལས་མཐའ་མ་ཡིན་པའི་ན྄་ཎ྄། ར་ལས་ཡ་ཡང་གཉིས་སོ་ཞེས་པས་ཎ྄་གཉིས་བརྗོད། འོན་ཀྱང་ན་སྔ་ཕྱི་གཉིས་ཀ་ཚིག་མཐའ་མིན་པ་ཤེས་དགོས། ཙ་ཏུརྞ྄ཎཱཾ། བཞི་རྣམས་ཀྱི། རཱ་ཛན྄་ལ་རྐྱེན་ཧ་ས་ཐོག་མ་ཅན་བྱུང་སྐབས་དྷི་མ་ཡིན་པ་ལ་མིང་གི་ན་དབྱིའོ་ཞེས་པ་དེ། བྱིངས་མིང་དུ་སྒྲུབ་པའི་ཚེ་རཱ་ཛི་གསལ་བའི་བྱིངས་ལ་རཱ་ཛ་སོགས་ལ་ཨན྄འོ་མིང་དུ་སྒྲུབ་པའི་རྐྱེན་ཨན྄་བྱིན་པས། རཱ་ཛན྄་ཞེས་པའི་ན྄་ཡིག་མིང་གི་ཆ་ཤས་ཡིན་པ་ལྟ་བུའོ། ། དེ་ཡང་རྐྱེན་ཧ་ས་ཐོག་མ་ཅན་ལ་ཡིན་ཏེ་དབྱངས་ཐོག་མ་ཅན་བྱུང་ན་མཚམས་སྦྱོར་སོགས་བྱའོ། ། ན་མཐའ་ཅན་ལས་དཎྜིན྄། ཀ་པཱ་ལིན྄། མུ་ཤ་ལིན྄། དནྟིན྄། མཱ་ལིན྄། དྷ་ནིན྄་སོགས་གཞུང་འདིར་བྱུང་བ་རྣམས་ནི་དཎྜ་སོགས་ལ་དེ་ཕན་ལས་མ་དང་ཨ་མཐའ་ཨུ་པ་དྷཱ་ལས་བ་ཏུ་ཨིན྄་དག་གོ་ཞེས་ལྡན་རྐྱེན་ཨིན྄འི་མཐའ་ཅན་ཡིན། པྲདྨ་ཧན྄འི་ན྄་བྱིངས་ཧན྄་འཚེ་བའི་བྱིངས་ལ་ཀྭིཔ྄་བྱིན་ཀྭིཔ྄་ཕྱིས་པས་མིང་བྱིངས་གཞི་མཐུན་གྱི་ན྄་མཐའ་ཡིན་ཏེ་རྐྱེན་གྱི་ན་མ་ཡིན་ནོ། ། བུད་མེད་དང་མ་ནིང་གི་རྟགས་ཧ་སའི་མཐའ་ཅན་རྣམས་ཀྱང་དེའི་རིགས་འགྲེ་བྱེད་པ་དང་། མ་ནིང་ལ་ཊཱ་མན་ནས་རང་ལུགས་ཡོད་ན་མ་ནིང་རང་ལུགས་དང་མེད་ན་ཕོའི་རྟགས་ལྟར་དང་། ལུགས་དེ་གཉིས་གདམ་ང་བྱ་བར་བཤད་དོ། ། དེ་ཙམ་གྱིས་མིང་ལེ་ཐོག་མ་དྲུག་རེ་ཞིག་བཤད་ཟིན་ནོ།། ༈ །། 

 

དེ་ནས་བརྗོད་པའི་རྟགས་ཡུཥྨད྄་ཨསྨད྄་གཉིས་ལ་རྟགས་གསུམ་གྱི་དབྱེ་བ་མེད་པའི་རྒྱུ་མཚན་ནི། སྒྲ་དེ་གཉིས་པོ་རེ་རེའི་ཡུལ་ལ་གང་ཟག་ཕོ་མོ་མ་ནིང་གསུམ་འོང་བའི་རྒྱུ་མཚན་གྱི་དབང་གིས་རྟགས་གསུམ་གྱི་དབྱེ་བ་མེད་པར་བརྗོད་པའི་རྟགས་ཞེས་བཏགས་པ་ཡིན་ནོ། ། སྒྲ་དེ་གཉིས་ཀ་སརྦའི་ནང་ཚན་ཡིན་པས་རྣམ་དབྱེ་དང་བོ་ནས་བདུན་པའི་མང་ཚིག་བར་སྤྱིར་བཏང་གི་སྒྲུབ་ཚུལ་སརྦའི་ཆོ་ག་ལྟར་གཞིར་བྱས་པའི་ཁར་སྐབས་འདིའི་ཆོ་ག་སྤྱིའི་སྒྲུབ་ཚུལ་སོགས་གཞུང་དུ་གསལ། ཡང་ཚིགས་བཅད་དང་གཟུངས་སྔགས་སོགས་ཀྱི་སྐབས་སུ་ཡུཥྨད྄་དང་ཨསྨད྄་རེ་རེ་ལ་རྣམ་དབྱེ་རྣམས་སྦྱར་བ་སྤྱི་ལྟར་སྔོན་དུ་བསྒྲུབས་ནས་གྲུབ་འབྲས་དེ་དག་སླར་ཡང་གཟུགས་གཞན་དུ་བསྒྱུར་ཚུལ་གཞུང་ལྟར་བྱས་པས་ཏེ་མེ་སོགས་སུ་འགྱུར་ཚུལ་སྐབས་འདིའི་མདོ་འགྲེལ་རྣམས་ཀྱི་ཆོ་ག་གསལ་བོ་ཡོད་པ་ལྟར་བྱེད་དགོས། དེ་ཡན་གྱི་མིང་ལེ་བདུན་ནི། རྟགས་དང་རྣམ་དབྱེ་འཕྲད་པའི་ཚེ་རྟགས་རྣམ་དབྱེ་གཉིས་ཀྱི་གཟུགས་འགྱུར་ཚུལ་ཙམ་མ་གཏོགས་དོན་གྱི་འཇུག་ཚུལ་སྟོན་པ་མ་ཡིན་ནོ།། ༈ །། 

 

མིང་ལེ་བརྒྱད་པ་མི་ཟད་པ་ལ། ཙ་ལ་སོགས་པ་མི་ཟད་པའོ་ཞེས་པའི་ཙ་ནས་ཏད྄འི་བར་ལྔ་བཅུ་རྩ་གསུམ་ཡོད་པ་དང་ཉུང་ངུ་རྣམ་གསལ་ལས་རེ་དྲུག་ཡོད་པར་བསྟན། དབྱངས་རྐྱང་བ་རྣམས་ལ་ནི་པཱ་ཏ་སྟེ་ཚིག་ཕྲད་དམ་ངེས་ཚིག་གམ་མི་ཟད་པ་ཞེས་ཟེར། འདི་དག་མིང་དང་ངེས་ཚིག་དང་མི་ཟད་པ་སྟེ་གསུམ་ག་ཡིན་ཏེ། འདི་དག་གི་མིང་ལ་ངེས་ཚིག་ཅེས་དང་ཚིག་ཕྲད་ཅེས་མིང་གི་རྣམ་གྲངས་གཉིས་བྱུང་བ་དོན་མི་འདྲ་སྟེ། སྔ་མ་མིང་གཅིག་གིས་དོན་མང་བོ་སྟོན་པ་དང་། ཕྱི་མ་སྒྲ་སྒྲུབ་ཚུལ་གྱི་ཁྱད་པར་ཞིག་སྟོན་པའི་དོན་ཡིན་ནོ། ། པྲ་ལ་སོགས་པ་ཉེར་བསྒྱུར་ཉི་ཤུ་བོ་ནི་མིང་དང་བྱིངས་ཀྱི་ཐོག་མར་སྦྱར་བས་མིང་དང་བྱིངས་རྣམས་ཀྱི་དོན་གཞན་དུ་བསྒྱུར་འགྲོ་བས་ན་ཉེར་བསྒྱུར་ཞེས་བརྗོད་པ་དང་། མིང་བྱིངས་དག་གི་ཐོག་མར་སྦྱར་ཡང་གཞན་དུ་མི་བསྒྱུར་བའང་ཡོད་དེ། དཔེར་ན། ཕྲ་རབ་དང་བྷ་བ་བྱུང་བ་སོགས་ལ་འཇུག་པ་དེ། པྲ་བྷ་བ། རབ་བྱུང་ཞེས་པར་འགྱུར་བ་ལྟ་བུ་དང་། ཉེར་བསྒྱུར་དག་སྦྱར་བས་དོན་གཞན་དུ་འགྱུར་བའང་ཡོད་དེ། ཉེར་བསྒྱུར་བི་དང་ཨཱང྄་དང་སཾ་རྣམས་བྱིངས་ཧྲྀཉ྄་འཕྲོག་པའི་སྔོན་དུ་སྦྱར། ཀྲྀཏ྄འི་རྐྱེན་གྷཉ྄་བྱིན་པས་བི་ཧཱ་ར། གནས་པ། ཨཱ་ཧཱ་ར། ཟས། སཾ་ཧཱ་ར། ཁོངས་སུ་སྡུད་པ། པྲ་ཏི་ཧཱ་ར། འཇོམས་པ་སོགས་ལྟ་བུ། ཉེར་བསྒྱུར་དང་བྱིངས་གཉིས་ཀའི་དོན་གཞན་དུ་འགྱུར་བར་མ་ཟད་བྱིངས་ལས་བཅས་ཀྱི་དོན་ལས་མེད་དུ་བསྒྱུར་བ་སོགས་སྐབས་སོ་སོར་ངེས་དགོས། པྲ་སོགས་ཉི་ཤུ་བོ་དོན་བཅུ་བདུན་ལ་འཇུག་པ་རྣམས་ནི། བྱིངས་དང་རྟགས་དང་ཚིག་གསུམ་གང་ཡང་མ་ཡིན་ཏེ། དེ་དག་ལ་མིང་སྒྲུབ་བྱེད་ཀྱི་རྐྱེན་སྦྱོར་མི་དགོས་པས་བྱིངས་མ་ཡིན་པ་དང་། ཕོ་མོ་མ་ནིང་གི་རྟགས་ཀྱི་དབྱེ་བ་མེད་པས་རྟགས་མ་ཡིན་པ་དང་། དེ་དག་ལ་གཅིག་ཚིག་དང་གཉིས་ཚིག་དང་མང་ཚིག་གི་ཐ་སྙད་འཇུག་པ་མེད་པའི་ཕྱིར་ཚིག་མ་ཡིན་ནོ། ། རྐྱེན་གྱི་མཐའི་མི་ཟད་པའང་མང་བོ་ཡོད་དེ། སྐབས་འདིར་བདུན་པ་ལ་ཏྲལ྄་ལོ་ཞེས་དང་ཀིམ྄་ལས་སྤྱི་ལ་ཙིཏ྄་ལ་སོགས་པའོ་ཞེས་སོགས་ཀྱི་རྣམ་དབྱེའི་དོན་ཅན་གྱི་རྐྱེན་མཐའ་ཅན་རྣམས་ནི་མི་ཟད་པའི་དོན་ཅན་ཡིན་པར་མ་ཟད། མིང་དང་རྐྱེན་གཉིས་ཀ་གཟུགས་འགྱུར་བའི་མི་ཟད་པ་ཡིན། འདི་དག་མ་ཟད་འོག་ནས་ཀྲྀཏ྄་རྐྱེན་གྱི་སྐབས་སུའང་པུ་ཤ་ཀ་ལས་སོ་ཞེས་ཀྱཔ྄་དང་། འབྱུང་བར་འགྱུར་བའི་རྐྱེན་ཀྟྭཱ་དང་ཏུ་མུན྄་དང་ཎམ྄་རྣམས་ཀྱི་མཐའ་ཅན་གྱི་མིང་རྣམས་ཀྱང་མི་ཟད་པར་གྱུར་བ་སོགས་ཡོད་པར་ཤེས་པར་བྱའོ། ། མི་ཟད་པའི་སྒྲ་དོན་འཇུག་ཚུལ་སོགས་ལ་ཞིབ་པར་དཔྱད་ནས་དོན་རྟོགས་ན་སྒྲ་བ་བཟང་བོ་ཞིག་འོང་ཞེས་གསུངས་སོ། ། དེ་ལྟར་མི་ཟད་པ་ཞེས་པའི་སྒྲ་བཤད་ནི། མི་ཟད་པའི་དོན་ཅན་རྣམས་ལ་མིང་གི་རྣམ་དབྱེ་གང་བྱིན་ཡང་གཟུགས་ལ་འགྱུར་བ་མེད་པས་གཟུགས་མི་ཟད་པ་དང༌། མི་ཟད་པའི་སྒྲ་གཅིག་གིས་དོན་མང་བོ་སྟོན་པས་དོན་མི་ཟད་པ་ཞེས་སོ། ། འདི་དག་ལ་ཕོ་མོ་མ་ནིང་གི་རྟགས་ཀྱི་དབྱེ་བ་མེད་པས་རྟགས་གསུམ་ག་ལ་མཉམ་པར་འཇུག་གོ། དེ་ཙམ་གྱིས་མི་ཟད་པའི་སྡེ་རྣམས་རེ་ཞིག་བཤད་ཟིན་ནོ།། ༈ །།

 

ད་ནི་དགུ་བ་རྟགས་རྟགས་སུ་སྒྲུབ་པ་བུད་མེད་ཀྱི་རྐྱེན་རྣམས་བཤད་པ་ལ། འདིའི་སྐབས་ཀྱི་རྐྱེན་རྣམས་ནི་རྟགས་བུད་མེད་དུ་སྒྲུབ་བྱེད་ཀྱི་རྐྱེན་ཁོ་ན་ཡིན། རྐྱེན་འདི་དག་སྦྱིན་ཡུལ་ནི་གང་ཟག་ཕོ་མོ་མ་ནིང་གསུམ་ལས་གང་ཟག་བུད་མེད་ཀྱི་རྟགས་ལ་སྦྱར་ཏེ་ཡུལ་ཕོ་དང་མ་ནིང་གཉིས་ལ་སྦྱིན་པར་མི་བྱའོ། ། རྐྱེན་གྱི་ངོ་བོ་ནི་ལྔ་ཡོད་དེ། ཨཱཔ྄། ཨཱིཔ྄། ཨ་ནཱིཔ྄། ཨཱུ། ཏི་རྣམས་སོ། ། རྐྱེན་དེ་དག་སྦྱིན་པའི་ཡུལ་ལམ་མིང་སོ་སོ་ལ་སྦྱིན་བྱེད་ཀྱི་མདོ་རྣམས་གསལ། གཟུངས་སྔགས་སོགས་ཀྱི་སྐབས་ཀྱི་སྔགས་ལ་གསང་སྔགས་དང་གཟུངས་སྔགས་གཉིས་ལས་གཟུངས་སྔགས་ཡིན་པར་སྟོན་བྱེད་ལ་མོ་རྐྱེན་ཨཱིཔ྄་འགྱུར་ནའང་སྦྱིན་བྱེད་ཀྱི་མདོ་ནི། ན་ད་ལ་སོགས་པ་ལས་སོ་ཞེས་པས་སྟེར། དེའང་ན་རྀ་ཨཎ྄་ལ་ཨཱིཔ྄་དང་ཥ་ཊ་ཨུ་རྀཏ྄་ལས་སོ་ལྟ་བུའི་མོ་རྐྱེན་སྟེར་ཡུལ་གྱི་མཚན་ཉིད་ཅན་མིན་ན་ན་ད་སོགས་ཀྱིས་སྟེར་བར་བྱ་སྟེ། དཔེར་ན། ཚེ་གཟུངས་རིང་བོར་པུཎྱེ་པུཎྱེ་ཞེས་པ་བསོད་ནམས་མ་བསོད་ནམས་མ་ཞེས་བསྒྱུར་བ་དེ། བསོད་ནམས་ཀྱི་སྐད་དོད་པུཎྱ་ཡིན་པ་དེ་ན་རྀ་ཨཎ྄་སོགས་ཀྱི་མཐའ་ཅན་མ་ཡིན་པས་ན་ད་སོགས་ཀྱིས་ཨཱིཔ྄་སྟེར་བ་ལྟ་བུའོ། ། འདིར་མོ་རྐྱེན་སྟེར་བ་ནི་ཡུལ་བུད་མེད་ཡིན་པར་སྟོན་པ་མ་ཡིན་པར་གཟུངས་སྔགས་ཡིན་པ་སྟོན་པའི་ཆེད་ཡིན་པར་གསུངས། མིང་དུ་གྲུབ་པ་ཙམ་ནས་མོ་རྟགས་སུ་གྲུབ་པ་མཱ་ཏྲྀ།  མ། སྟྲཱི། བུད་མེད་ལྟ་བུ་ནི་དང་བོ་ནས་བུད་མེད་ཀྱི་མིང་ཡིན་པས་གསར་དུ་མོ་རྐྱེན་བྱིན་ནས་མོ་རྟགས་སུ་སྒྲུབ་མི་དགོས། དེ་ལས་གཞན་ཀུ་མཱ་ར་ལྟ་བུ་སོགས་ནི་གཞོན་ནུ་ཕོའི་མིང་ཡིན། དེ་བུད་མེད་དེ་མོ་རྟགས་སུ་སྒྲུབ་དགོས་ཚེ། འགྲེལ་བར་ན་ཚོད་དང་བོ་བརྗོད་པ་དང་འབྲེལ་བའི་ཨཏ྄་མཐའ་ཅན་ལ་མོ་རྐྱེན་ཨཱིཔ྄་འགྱུར་བར་བཤད་པས་ཨཱིཔ྄་བྱིན། རྟགས་མཐའི་ཨ་ཕྱིས་ནས་སྦྱར་བ་ཀུ་མཱ་རཱི་གྲུབ་པ་གཞོན་ནུ་མ་ལྟ་བུའོ། ། ཡང་ཀྲྀཏ྄་རྐྱེན་ཀྟི་བྱིན་པས་ཀྲྀ་ཏི། བྱེད་པ། བྷཱུ་ཏི། འབྱོར་བ་སོགས་ལྟ་བུ་ནི་མོ་རྟགས་ཡིན་པས། མོ་རྐྱེན་བྱིན་ནས་སླར་མོ་རྟགས་སུ་སྒྲུབ་མི་དགོས། པཏྣཱི་སོགས་ནས་པྲ་ཏཱི་ཙིའི་བར་རྣམས་ནི། ནི་པཱ་ཏ་ཡིན་པས་རྐྱེན་གྱིས་གསར་དུ་བསྒྱུར་བ་མིན་ཞེས་དགེ་རྩེ་པཎྜི་ཏས་གསུངས། མོ་རྐྱེན་རྣམས་འཇུག་དོན་སྤྱི་ཙམ་བཤད་ཟིན་ནོ།། ༈ །། 

 

དེ་ནས་བྱེད་པ་ཅན་ཀྱི་ལེའུ་འདིར་མིང་གི་རྣམ་དབྱེ་རྣམས་འཇུག་པའི་ཡུལ་སྟོན་ཚུལ་ལ་སྡེ་ཚན་བདུན་ལས། དོན་ཙམ་སྟེ་དངོས་པོའམ་རྫས་གཙོ་བོར་བརྗོད་པ་ནི་དང་བོ་ཡིན། དངོས་དོན་དང་དེའི་ཁྱད་པར་དང་འབྲེལ་བའི་ལྡོག་པ་ཉིད་ཐུན་མོང་མིན་པའི་བརྗོད་བྱར་བྱེད་པ་ནི་ཕྱི་མ་དྲུག་གོ། དེའང་རྣམ་དབྱེ་དང་བོ། གཉིས་པ། གསུམ་པ། བཞི་བ། ལྔ་བ། བདུན་པ་སྟེ་དེ་དྲུག་ལ་བྱེད་པ་ཅན་ཟེར། རྣམ་དབྱེ་དྲུག་པས་ནི། ཁྱད་གཞི་དང་ཁྱད་ཆོས་འབྲེལ་བ་ཙམ་ལས་བྱ་བྱེད་སོགས་ཀྱི་དོན་ཅི་ཡང་མི་སྟོན་པས་བྱེད་ཅན་དུ་མ་བགྲང་བ་ཡིན། དེའང་རྣམ་དབྱེ་དང་བོ་ནས་བདུན་པ་གནས་གཞིའི་བར་དག་དོན་སོ་སོར་འཇུག་ཚུལ་སོགས་སྤྱིར་བཏང་སུམ་ཅུ་བའི་གཞུང་གིས་བརྗོད་བྱ་རྣམས་དང་གོ་ཐོབ་གཅིག་པ་ཡིན་ནོ།། གཞུང་གི་དཔེར་བརྗོད་ཉི་མ་བཞིན་དུ་ཞེས་སོགས་ཚིགས་བཅད་གཉིས་ཀྱིས་རང་གི་ངོ་བོའམ་བྱེད་པོ་ཙམ་སྟོན་པ་ལ་དང་བོ་རྣམས་སྦྱར་བ་དེས་བྱ་བྱེད་ལས་སོགས་ལྡོག་པ་མི་སྟོན་པ་སྟེ་སྤྱིར་བཏང་བ་ཡིན། ལྷག་མ་རྣམས་བྱ་བའི་ལས་ཞེས་སོགས་གཉིས་པའི་འཇུག་ཡུལ་སྤྱིར་བཏང་བའི་དཔེ་གཞུང་གི་ཚིགས་བཅད་དག་ལས། རྩ་ལ་ལྷས་མ་བྱེད་དེ་ཞེས་ཤིན་ཏུ་གསལ། ཨ་བྷི་ཏས྄་སོགས་བཞི་ནི་བདུན་པའི་དོན་ལ་གཉིས་པ་སྦྱར་རོ། ། གསུམ་པ་བྱེད་པའི་དཔེ་ལ་འབོད་སྒྲོགས་ཞེས་སོགས་ཀྱི་དགའ་བྱེད་ཀྱིས་ནི་མདའ་ཡིས་ཕུག་སྟེ་བསད་ཅེས་པའི་དགའ་བྱེད་བྱེད་པོ་དང་མདའ་བྱེད་པ་གཉིས་ལ་གསུམ་པ་སྦྱར་བ་སྤྱི་ལྟར་རོ། ། དེ་བཞིན་དུ་རྣམ་དབྱེ་བཞི་བ། ལྔ་བ། དྲུག་པ། བདུན་པ་འཇུག་ཚུལ་གཞུང་ལྟར་ཤེས་སླ་ཡང་། བདུན་པའི་དཔེར་བརྗོད་རྣམས་ལ་བདུན་པ་མཚན་ཉིད་པ་ཡིན་མིན་རེ་ཡོད་པ་ཞིབ་ཏུ་དཔྱད་ན་ཤེས་སོ། ། བདུན་པའི་སྐབས་སུ་འགྱུར་བའི་དོན་ཞེས་དང་། དུས་དང་འབྲེལ་བ་ལ་བདུན་པ་འཇུག་པ་ནི་སུམ་ཅུ་བ་ལས་ཚེ་སྐབས་ཀྱི་དོན་དང་མཚུངས་སོ། ། དེ་དག་གིས་རྣམ་དབྱེ་འཇུག་ཚུལ་སྤྱིར་བཏང་དང་དམིགས་བསལ་འགའ་ཞིག་བཤད་ཟིན་ནོ།། ༈ །། 

 

དེ་ནས་རྣམ་དབྱེ་སྦྱོར་ཚུལ་གྱི་འཕྲོས་དོན་སོགས་ནི། མི་བྱེད་པ་སོགས་ལ་གཉིས་པ་སྦྱར་བས་རྒྱུ་མཚན་སྟོན་ཏེ། སྡིག་པ་མ་བྱས་པའི་རྒྱུ་མཚན་གྱིས་བདེ་བ་ཐོབ་པ་ལྟ་བུ་སྟེ་གསུམ་པའི་དོན་ལ་གཉིས་པ་སྦྱོར་རོ། ། ཁྱོད་ཉིད་དང་བདག་ཉིད་གཉིས་ཡིན་པས་གསུམ་པའི་དོན་ལ་གཉིས་པ་སྦྱར་རོ། ། བླ་མ་དང་སློབ་མ་ལྷན་ཅིག་འོངས་པ་དང་། ནག་ཟླ་དང་ས་ག་ཟླ་བ་འདྲ་བ་དང་། མཛེས་པའི་སོ་ནི་མིག་དང་མཉམ་མོ། ། ནོར་ཅན་རྣམས་དང་ལེགས་པ་བོ་མཉམ་དུ་བཟུང་ངོ་དང་། བླ་མ་དང་ཟླ་བ་མཉམ་དུ་ཤར་རོ་སོགས་ལ་དང་བོའི་དོན་ལ་གསུམ་པ་སྦྱར་བ་དག་ནི། དེ་དག་གི་ཚིག་གྲོགས་སུ་ལྷན་ཅིག་དང་འདྲ་བ་མཉམ་པ་རྣམས་སྦྱར་ན་གསུམ་པ་སྦྱར་དགོས་པ་བསྟན་པར་འདྲ། ན་མཿ ཀྱི་ཡུལ་ལ་སྤྱིར་འཇུག་སྟེ། སངས་རྒྱས་ལ་ཕྱག་འཚལ་ཞེས་ཕྱག་ནི་ལས་དང་འཚལ་ཞེས་པ་བྱ་ཚིག་ཡིན། སངས་རྒྱས་ནི་ཕྱག་འཚལ་སའི་ཡུལ་ཡིན་པས་གཉིས་པ་ཐོབ་པ་སྤྱིར་བཏང་ཡིན་མོད། ཕྱག་འཚལ་བའི་ཡུལ་ལ་དམིགས་བསལ་དུ་བཞི་བ་སྦྱོར་དགོས་པ་འདི་ལ་དོན་ཁྱད་པར་བ་ཞིག་ཡོད་དེ།  སྐྱབས་ལ་རྒྱུ་སྐྱབས་དང་འབྲས་སྐྱབས་གཉིས་ཡོད་པ་ལས་འདིར་འབྲས་སྐྱབས་ལ་དགོངས་པ་ཡིན་ཏེ། ཕྱག་གམ་སྐྱབས་བཅོལ་བ་བོ་རང་དང་རྒྱུད་གཅིག་པའི་མཐའི་ཆོས་དཀོན་མཆོག་དེ་མྱུར་དུ་འཐོབ་པའི་ཆེད་ཡིན་པས་བཞི་བ་དོན་གྱིས་ཐོབ་པར་བསྟན་ནོ། ། འོན་ཀྱང་ཕྱག་འཚལ་བའི་ཡུལ་ཐམས་ཅད་ལ་བཞི་བ་སྦྱོར་དགོས་པ་མ་ཡིན་ཏེ། མཆོད་རྟེན་དང་ཀུན་རྫོབ་ཀྱི་རྟེན་སོགས་ཕྱག་འཚལ་ཡུལ་ཡིན་ལ་དེར་རྣམ་དབྱེ་གཉིས་པ་སྦྱར་དགོས་ཏེ། མཆོད་རྟེན་བྱ་བའི་གཞིའམ་ཡུལ་དང་། ཕྱག་ལས་དང་འཚལ་བ་བྱ་བར་ངོས་འཛིན་པ་མ་གཏོགས་སྔོན་མ་ལྟར་རང་དང་རྒྱུད་གཅིག་པའི་མཐའི་མཆོད་རྟེན་ཟེར་དོན་མེད་པ་ཤེས་སླའོ། ། འོན་ཀྱང་། དེ་ལ་ཕྱག་འཚལ་བ་ལ་དགོས་པ་ཞིག་ཡོད་མོད་དེ་ནི་སྡིག་སྦྱོང་སོགས་ཀྱི་ཆེད་དོ། ། བདེ་ལེགས་སུ་གྱུར་ཅིག་རྒྱལ་བོ་ལ་ཞེས་པ་རྒྱལ་བོའི་མངའ་ཐང་རྒྱས་པའི་ཆེད་དུ་ཤིས་པ་བརྗོད་པ་དང་། ཕྱི་མ་སྭཱ་ཧཱ་སོགས་བཞི་བོ་གང་རུང་མིང་གཞན་གྱི་ཚིག་གྲོགས་ལ་སྦྱར་ཚེ་དོན་ལ་གཉིས་པ་ཐོབ་ཅིང་བཞི་བ་སྦྱོར་དགོས་པ་དམིགས་བསལ་ཡིན་ནོ། ། འོག་མ་རྣམས་གོ་སླའོ། ། ལེའུ་འདིར་རྣམ་དབྱེ་འཇུག་ཚུལ་སྤྱི་བྱེ་བྲག་ཏུ་འཇུག་ཚུལ་མང་དུ་བཤད་དོན་རྣམས་ཁོང་དུ་ཆུབ་པར་བྱས་ན་སྤྱིར་གཞུང་དོན་རྟོགས་པ་ལ་ཕན་པ་ཆེ་བར་གྲག་གོ། དེ་ཙམ་གྱིས་བྱེད་ཅན་ལེའུ་རགས་ཙམ་བཤད་ཟིན་ནོ།། ༈ །། 

 

ད་ནི་ཚིག་སྡུད་ཀྱི་སྤྱི་དོན་ཕྱོགས་ཙམ་ཞིག་ནི། སྤྱིར་ཚིག་སྡུད་ལ་དབྱེ་བ་དྲུག་ཡོད་པ་དེ་དག་སོ་སོའི་མཚན་ཉིད་རྣམས་འགྲེལ་བ་གསལ་ལྡན་དང་། པཱ་ཎི་བ་དང་ཀ་ཙན་སོགས་ནས་རྒྱས་པར་བསྟན་ཡོད་པས་གཞུང་དེ་དག་ལ་ཞིབ་པར་གཟིགས་ན་ཤེས་སོ། ། དེ་ལས་དང་བོ་མི་ཟད་པའི་དཔེ་གཞུང་འདིར་སྟྲི་ཡ་མ་དྷི་ཀྲྀ་ཏྱ་བྷ་བ་ཏི། བུད་མེད་ལ་བྱ་བ་ལྷག་པོ་ཡོད་པའོ་ཞེས་པ་འདི་ཚིག་སྡུད་ཀྱི་གཞི་ཡིན་པར་བཤད། གཞི་དེའི་ཚིག་དོན་ཚང་ཞིང་ཚིག་ཉུང་ཞིང་བརྗོད་བདེ་བའི་ཆེད་དུ་ཚིག་སྡུད་བྱེད་དགོས་ཤིང་། གཞི་འདི་ལ་ལྷག་པ་དང་གང་ལྷག་ཅེ་ན་བྱ་བ་ལྷག་པོ་ཡོད་པ་དང་གང་ལ་ཡོད་ཅེ་ན་བུད་མེད་ལ་ཡོད་པ་ཞེས་པའི་ལ་སྒྲ་དེ་གཞི་འཛིན་པའི་ལ་དོན་ཡིན་པ་མ་གཏོགས་རྣམ་དབྱེ་གཉིས་པ་མིན་ཏེ། བུད་མེད་བྱ་བའི་གཞི་མིན་པ་ཤེས་སླ། ཚིག་སྡུད་བྱས་ཟིན་པ་ན་དོན་གསལ་བྱེད་ཀྱི་ཚིག་གྲོགས་སྦྱར་དགོས་པའི་དབང་གིས་ཁྱིམ་གྱི་སྐད་དོད་གྲ་ཧ་སྦྱར་དགོས་པ་ཡིན་ནོ། ། དེ་མ་སྦྱར་ན་བུད་མེད་ལ་ཡོད་པའི་བྱ་བ་ལྷག་པོ་དེ་གང་ཡིན་མི་ངེས་པའི་དབང་གིས་ཁྱིམ་གྱི་སྐད་དོད་གྲ་ཧ་སྦྱར་བ་ན། ཁྱིམ་གྱི་བྱ་བ་ལྷག་པོ་ཡོད་ཅེས་པས་ལྷག་པོ་ནི་ཁྱིམ་ནང་གི་བྱ་བ་ཡིན་པ་བདེ་བླག་ཏུ་གོ་ནུས་པ་ལྟ་བུའོ། ། དེ་བཞིན་དུ་དཔེར་བརྗོད་འོག་མ་གང་ཡིན་ཐམས་ཅད་ལ་སྦྱར་ཤེས་པར་བྱའོ། ། དེ་ནི་མི་ཟད་པའི་བསྡུ་བའི་ཕྱོགས་ཙམ་མོ། ། དེའང་བསྡུ་བ་འདིར་ཚིག་སྔ་ཕྱི་གཉིས་ལས་སྔ་མའི་བརྗོད་བྱ་གཙོ་བོ་ཡིན་དགོས་ཏེ། དཔེར་བརྗོད་འདིར་བུད་མེད་དང་བྱ་བ་དང་ཁྱིམ་གྱི་སྒྲ་རྣམས་ལས་ལྷག་པའི་སྒྲ་མི་ཟད་པ་སྟེ་ཨ་དྷིའི་དོན་གཙོ་བོ་ཡིན་པ་ལྟ་བུའོ། ། ཚིག་ཕྱི་མའི་བརྗོད་བྱ་གཙོ་བོ་ཕྱོགས་གཉིས་པ་དང་དེའི་སྐྱེས་བུའི་བསྡུ་བ། ཚིག་སྔ་ཕྱི་ལ་གཙོ་ཕལ་མེད་པ་ཟླས་དབྱེ་དང་ལས་འཛིན་གྱི་བསྡུ་བ། དངོས་སུ་བརྗོད་པའི་ཚིག་དོན་མི་གཙོ་བར་དེ་དང་འབྲེལ་བའི་དོན་གཞན་ཞིག་སྟོན་པ་འབྲུ་མང་བོའི་བསྡུ་བ་དང་། དེ་དག་ལས་གཙོ་བོ་སྟོབས་དང་ལྡན་པ་ནི་ཟླས་དབྱེ་དང་ལས་འཛིན་གཉིས་ཡིན་ནོ། ། དང་བོ་སོང་ནས་གཉིས་པ་ཕྱི་མའི་བརྗོད་བྱ་གཙོ་བའི་དཔེ་ལ། གཞུང་འདིར་བཀོད་པ་ནི་གྲ་མཾ་པྲཔྟཿ ། གྲོང་ལ་ཐོབ་བོ་ཞེས་པ་ཚིག་སྡུད་ཀྱི་གཞི་ཡིན། དེའི་རྣམ་དབྱེ་གཉིས་པའི་ཨམ྄་ཕྱིས་པས་གྲ་མ་པྲཔྟཿ ། གྲོང་ལ་ཐོབ་བོ་ལྟ་བུ་ནི་ཚིག་ཕྱི་མ་ཐོབ་པ་ཞེས་པའི་ཚིག་གཙོ་བོ་སྟེ་དེའི་སྐྱེས་བུའི་བསྡུ་བའི་དཔེའོ། ། ཕྱོགས་གཉིས་པ་ནི། པཉྩ་གུཿ ། བ་ལང་ལྔ་འདིའི་བརྗོད་བྱ་གཙོ་བོ་བ་ལང་གི་སྒྲ་ཡིན་ནོ། ། འབྲུ་མང་བོའི་བསྡུ་བ་ལ་དེ་མ་ཡིན་པའི་ཡོན་ཏན་ཅན་གྱི་དཔེར། བ་ཧུ་དྷ་ནཿ། ནོར་མང་བོ་ཡོད་པ། དེའི་ཡོན་ཏན་ཅན་གྱི་དཔེར་ལམྦ་ཀརྞཽ། རྣ་བ་རིང་བོ་དག། དེ་གཉིས་ཀས་དངོས་སུ་བརྗོད་པའི་ནོར་དང་རྣ་བའི་དོན་སྟོན་པ་མ་ཡིན་པར། ནོར་དང་རྣ་བ་ཅན་གྱི་གང་ཟག་བསྟན་ལ། དེའང་ནོར་རྣམས་གང་ཟག་གིས་བདག་ཏུ་བཟུང་ནའང་གང་ཟག་གི་རྒྱུད་ཀྱིས་བསྡུས་པ་མིན་པ་དང་། རྣ་བ་གང་ཟག་གི་རྒྱུད་ཀྱིས་བསྡུས་པ་ཡིན་པས་ན་དེའི་ཡོན་ཏན་ཅན་ཞེས་བརྗོད་དོ། ། ལས་འཛིན་གྱི་བསྡུ་བ་ནི། ནི་ལོཏྤལཾ། ཨུཏྤལ་སྔོན་པོ། སུམ་ཅུ་བ་ལྟར་གཞི་མཐུན་གྱི་རྒྱན་སྡུད་དང་འདྲའོ། ། མཉྫུ་གྷོ་ཥ་དང་། མེ་གྷ་དཱུ་ཏ་ལྟ་བུ་ལ་དྲུག་པའི་ངས྄་རེ་སྔ་མ་གཉིས་ལ་སྦྱར་བས་མཉྫོརྒྷོ་ཥ་དང་། མེ་གྷ་སྱ་ཏཱུ་ཏ་དག་འཇམ་པའི་དབྱངས་དང་སྤྲིན་གྱི་ཕོ་ཉ་ལྟ་བུ། ཚིག་སྡུད་བྱས་པས་མཉྫུ་གྷོ་ཥ་ནི་འཇམ་པའི་དབྱངས། མེ་གྷ་དྷུ་ཏ། སྤྲིན་གྱི་ཕོ་ཉ་ལྟ་བུ་ནི་ཡན་ལག་དང་ཡན་ལག་ཅན་དང་བདག་ཉིད་གཅིག་པའི་འབྲེལ་བ་ཡིན་པའི་བསྡུ་བ་བྱས་པ་ལྟ་བུའོ། ། ཚིག་སྡུད་དེ་རྣམས་རེ་རེ་ལ་སྤྱི་དམིགས་བསལ་གྱི་སྒྲུབ་ཚུལ་འདྲ་མིན་སྣ་ཚོགས་ཡོད་པ་རྣམས་གཞུང་དུ་གསལ། ཟླས་དབྱེའི་བསྡུ་བ་མིང་གི་གཙོ་ཕལ་དང་དབྱངས་མང་ཉུང་སོགས་ཀྱིས་མིང་སྔ་ཕྱིར་འཇོག་ཚུལ་སོགས་གཞུང་གི་དཔེར་བརྗོད་རྣམས་ལས་ཤེས་སོ། ། འདི་ཙམ་གྱིས་ཚིག་སྡུད་བསྟན་ནོ།། ༈ །། 

 

དེ་ཕན་ཞེས་པ་བྱིངས་ལ་ཀྲྀཏ྄་རྐྱེན་བྱིན་ནས་མིང་གི་རང་བཞིན་གྲུབ་ཟིན་པ་ལ། མིང་དེ་དང་འབྲེལ་བའི་མིང་གཞན་སྒྲུབ་པ་ལ་ཕན་འདོགས་པའི་རྐྱེན་ལ་དེ་ཕན་གྱི་རྐྱེན་ཞེས་ཟེར་བ་སྤྱིར་བཏང་ཡིན། བྱིངས་ཀྱི་རང་བཞིན་ཚིག་ཏུ་སྒྲུབ་བྱེད་ཏིཔ྄་སོགས་བྱིན་ནས་ཚིག་ཏུ་གྲུབ་པའི་མཐའ་ཅན་ལ་དེ་ཕན་གྱི་རྐྱེན་སྦྱར་དགོས་པའང་ཡོད་པ་གཤམ་དུ་འཆད། སྤྱིར་དེ་ཕན་ལ་རྐྱེན་གྱི་དངོས་པོ་ལ་ཙཱནྡྲ་བར་གྲངས་ཉིས་བརྒྱ་བརྒྱད་ཅུ་ལྷག་ཙམ་དང་། དབྱངས་ཅན་བརྡ་སྤྲོད་ནས་རྐྱེན་དོན་བཞི་བསྟན། རྐྱེན་དེ་དག་སྦྱར་བའི་ཡུལ་ནི་རྣམ་དབྱེ་དང་བོ་ནས་བདུན་པའི་མཐའ་ཅན་གྱི་ཚིག་མཐར་སྦྱར་དགོས་པ་གཞུང་གི་དཔེར་བརྗོད་རྣམས་ལས་གསལ་བར་བསྟན་ཏེ། དཔེར་ན། བ་ལང་རྫིའི་སྐད་དོད་ཨུ་པ་གུ་ཞེས་པའི་བུ་རྒྱུད་བརྗོད་དགོས་ཚེ་རྣམ་དབྱེ་དྲུག་སྒྲའི་ངས྄་སྦྱར་བས་ཨུ་བ་གོཿ། ཉེ་བའི་བ་ལང་གི་རྫིའི། དེ་མཐར་བུའི་སྐད་དོད་ཨ་བ་ཏྱཾ་སྦྱར་བས། ཨུ་པ་གོཿཨ་བ་ཏྱཾ། བ་ལང་གི་རྫིའི་བུ་ཞེས་ཚིག་སྦྱོར་གྲུབ་པ་ཚིག་སྡུད་བྱས་པས་ཨུ་པ་གུ་ལྷག ཨ་བ་ཏྱའི་དོན་དུ་བུ་རྒྱུད་ཀྱི་རྐྱེན་ཨཎ྄་བྱིན་ནས། ཨཽ་པ་ག་བཿ། བ་ལང་རྫིའི་བུ་ཞེས་པ་ལྟར་དྲུག་པའི་མཐའ་ལ་ཨཎ྄་བྱིན་པ་དེས་འགྲེལ་ཡུལ་རྫི་བོ་མི་སྟོན་པར་འགྲེལ་ཆོས་བུ་རྒྱུད་བསྟན་པ་ལྟ་བུའོ། ། ཟས་གཙང་མའི་སྐད་དོད་ཤུདྡྷོ་ད་ན་ལ་བུ་རྒྱུད་ཀྱི་སྐད་དོད་ཨ་བ་ཏྱཾ་སྦྱར་བ་བསྡུ་བ་བྱས་ནས་ཨ་བ་ཏྱཾ་གྱི་དོད་ཨཎ྄་སྦྱར་བས། ཤཽ་དྡྷོ་ད་ནི། ཟས་གཙང་སྲས་ཞེས་པ་སོགས་ཀྱང་ངོ་། ། སྐབས་འདིར་བུ་རྒྱུད་བརྗོད་པའི་རྐྱེན་ལ། ཨཎ྄། ཨིཉ྄། ཎྱ། ཨཱ་ཡ་ནཎ྄། ཨེ་ཡཎ྄། ཎཱི་ཡ་སྟེ་རྐྱེན་དྲུག་པོ་འདི་སྤྱིར་བུ་རྒྱུད་དང་རིགས་ཀྱི་དོན་ལ་འཇུག་ཀྱང་། གཞན་ལྷ་དང་འདིའི་དོན་ལའོ་ཞེས་ལྷ་སོགས་ཀྱི་དོན་དུ་བཞག་པའི་ཟས་གོས་ལྟ་བུ་དང་། དངོས་པོ་དང་ལས་ལ་ཨཎ྄་འོས་ནི། རྣམ་དབྱེ་དང་བོ་དང་བྱ་བྱེད་ལས་གསུམ་སོགས་ལའང་ཎཱི་ཡ་སྦྱར་བས། ཀུར་གུམ་གྱིས་བཙོས་པའི་གོས་ཞེས་པའི་དཔེར་བརྗོད་ལྟ་བུ་སྟེ། བསྒྱུར་བྱའི་གོས་ལས་དང་། ཀུར་གུམ་བྱེད་པ། ཚོས་མཁན་བྱེད་པོ། དམར་བོར་བསྒྱུར་བ་བྱ་ཚིག་སྟེ་འདི་བཞི་ག་ཚང་བའི་དཔེར་བརྗོད་དོ། ། ཀ་ཨི་ན་སོགས་ནི་གཙོ་བོར་བདག་སྒྲའི་དོན་ལ་འཇུག་ཀྱང་ལྡན་རྐྱེན་ཡང་ཡིན། ལྡན་རྐྱེན་སོགས་ནི། མ་ཏུཔ྄། ཨ། ཨི་ཀ བ་ཏུ། ཨིན྄་རྣམས་ནི་གཞི་གང་ཞིག་ལ་ཆོས་གང་ཡང་རུང་བ་ཞིག་ཡོད་པར་སྟོན། རྐྱེན་འདི་དག་ཏུ་མ་ཟད། ཨི་ལ། ཨུ་ར། ལུ། བིན྄། ག྄མཱི་ནི་རྣམས་ལྡན་རྐྱེན་ཡིན་ནའང་འཇུག་ཡུལ་སོ་སོ་བ་ཡིན་པ་གཞུང་དུ་གསལ། ཨཱ་ལ། ཨཱ་ཊ། ཀལྤ། དེ་ཤཱི་ཡ། རཱུ་པ། པཱ་ཤ་སྨད་པ་རྗོད་པའི་དོན་དང་། ཙ་རཊ྄་ནི་ཤེས་ཟིན་པའི་དོན་དང་། མ་ཡཊ྄་ནི་མདོའི་ཚིག་ཟིན་གསལ། ངོ་ཚ་སྐྱེས་པའི་དོན་ལ་ཨི་ཏ། བྱིངས་ལ་རྣམ་དབྱེ་ཏིཔ྄་སོགས་ཀྱི་མཐའ་ཅན་ལའང་དེ་ཕན་གྱི་རྐྱེན་འཇུག་པ་ཡོད་དེ། བྷ་བ་ཏིའི་མཐར་ཁྱད་པར་དུ་འཕགས་པ་སོགས་ཀྱིས་ཏ་མ་སྦྱར་བས། བྷ་བ་ཏི་ཏ་མ། མཆོག་ཏུ་ཡོད་པ་ལྟ་བུ་དང་། པ་ཙ་ཏི་ཏ་མཱཾ། མཆོག་ཏུ་འཚེད་པ། པ་ཙ་ཏི་ཏ་རཱཾ། རྐྱེན་དེ་གཉིས་ཀྱི་མཐའ་སླར་ཡང་ཨཱ་མུ་ཞེས་པའི་རྐྱེན་བྱིན་པ་ཡིན་ནོ། ། ཅུང་ཟད་ཡོངས་སུ་མ་རྫོགས་པར་སྟོན་པ་ལ། བྱིངས་ཚིག་ཏུ་གྲུབ་པའི་མཐའ་དང་རྟགས་མཐའ་རྣམས་སུ་ཀལྤ་དེ་ཤྱ་དེ་ཤཱི་ཡ་རྣམས་འགྱུར་ཏེ་ཞེས་པས། པ་ཙ་ཏི་རཱུ་པཾ། ཅུང་ཟད་མ་ཚོས་པ་ལྟ་བུ་ཏིང྄་མཐའ་ཅན་ལྟ་བུ་དང་། པ་ཊུ་རཱུ་པཿ ། རྫུས་མའི་མཁས་པ་ལྟ་བུ་རྟགས་ཀྱི་མཐར་རྐྱེན་དེ་སྦྱར་བ་ལྟ་བུའོ། ། འདི་དག་པཱ་ཎི་བའི་གཞུང་ལ་མང་བོ་ཡོད། ཏ་ར། ཏ་མ། ཨཱི་ཡ་སུ། ཨིཥྛ་རྣམས་ནི་ཁྱད་པར་རམ་ཆེས་ཆེར་ཤིན་ཏུ་སོགས་སྟོན་པ་ལ་འཇུག་གོ། གྲངས་ཀྱི་དོན་ཅན་དང་འབྲེལ་བའི་བདག་སྒྲའི་དོན་ལ་འཇུག་པའི་རྐྱེན་གྱི་དངོས་པོ་ནི་དགུ་ཡོད་དེ། དང་བོ་ནི་དྭིདང་ཏྲི་གཉིས་ལ་ཏཱི་ཡ་འཇུག གཉིས་པ་ནི་ཥཥ྄་དང་ཙ་ཏུར྄་གཉིས་དང་། ཀ་ཏི་དང་ཀ་ཏི་པཱ་ཡ་རྣམས་ལ་ཐ་འཇུག་སྟེ་ཕྱི་མ་གཉིས་ནི་གྲངས་དངོས་མིན་ན་ཡང་མང་ཉུང་ཇི་ཙམ་ཞེས་དྲི་བའི་དོན་ཡིན་པས་སོ། ། གསུམ་པ་ནི། གྲངས་ལྔ་ནས་དགུའི་བར་རྣམས་འཇུག་པ་ལ་ནི་རྐྱེན་མི་ཡིག་འཇུག  བཞི་བ་ནི། བཅུ་གཅིག་པ་ནས་བཅུ་དགུའི་བར་རྣམས་ལ་ཌ་འཇུག་པར་མ་ཟད། བཅུ་གཉིས་པ་ནས་བཅུ་དགུ་བར་གྱི་གྲངས་ཀྱི་སྒྲའི་གཟུགས་ཀྱང་འགྱུར་འགྲོ་བ་གཞུང་ན་གསལ། ལྔ་བ་ལ་རྐྱེན་གཉིས། ཉི་ཤུ་བ་ནས་གྲངས་མེད་ཀྱི་བར་ཏ་མཊ྄་དང་ཌ་གཉིས་ཡང་ན་བར་བཤད་པས་བརྒྱ་ནས་གྲངས་མེད་ཀྱི་བར་ཏ་མཊ྄་ཁོ་ན་འཇུག  དྲུག་པ་ལའང་རྐྱེན་གཉིས། ཉིས་ཚན་དང་སུམ་ཚན་དུ་བཅད་པ་སོགས་ལ་དྷཱ་འཇུག་ཀྱང་། དབྱངས་དང་བོར་ཡོན་ཏན་བྱས་ན་ཨཎ྄་རྐྱེན་ཡང་སྟེར་དགོས་པ་སོགས་སོ། ། བདུན་པ་ལའང་གཉིས། གྲངས་ཀྱི་དོན་དུ་ཏ་ཡ་ཨ་ཡཊ྄་དག་སྟེར་བའི་ཡུལ་ལ་ནི། དཔེར་ན། ཡུལ་དེ་ལ་གྲངས་དེ་དང་ལྡན་པ་ཞིག་དགོས་ཏེ། རཏྣའི་སྒྲ་དཀོན་མཆོག་དང་རིན་ཆེན་གཉིས་ལ་འཇུག་པ་ལས་དཀོན་མཆོག་ལ་སྦྱར་ན། སངས་རྒྱས་དང་ཆོས་དང་དགེ་འདུན་ཏེ་དངོས་པོ་གསུམ་དང་ལྡན་པ་ལ། ཏ་ཡ་དང་ཨ་ཡཊ྄་གང་རུང་སྦྱར་རུང་བ་ལས། ཨ་ཡཊ྄་སྦྱར་ཚེ་ཊི་ཡང་དབྱི་དགོས་ཏེ། དཔེར་ན། ན་མོ་རཏྣ་ཏྲི་ལ་ཨ་ཡཊ྄་སྦྱར། ཏྲིའི་ཨི་དབྱི་ཞིང་རྐྱེན་ལ་མཚམས་སྦྱར་བས། ན་མོ་རཏྣ་ཏྲ་ཡ་བྱུང་བ་དེ་སླར་ཚིག་ཏུ་སྒྲུབ་པ་ན། བཞི་བའི་ངེ་དང་ཨཀ྄་སྦྱར་བས་ན་མོ་རཏྣ་ཏྲ་ཡཱ་ཡ་གྲུབ་པ་དེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ་ཞེས་པར་འཇུག་པ་བདག་གིས་བརྗོད་ཟིན་ནོ། ། བུད་མེད་མཛེས་མ་དང་སྐྱེས་པ་དཔའ་བོ་ཞེས་པའི་རི་མོ་འབྲི་བའི་སྐབས་སུ་ཀུན་བཤད་ཀྱི་མཚན་གནང་བ་བཀྲ་ཤིས་འཁྱིལ་ཀྱི་མཁས་པ་རྣམས་ཀྱིས་ཕྱག་བཞེས་ཡིན་ནོ། ། 

སྨྲས་པ། ཟབ་ཟབ་དཀའ་གནད་འཆིང་བརྒྱའི་སྒྲོག།

མང་མང་མཁས་བརྒྱའི་མན་ངག་གིས། ། 

ལྷུག་ལྷུག་གྲོལ་པའི་བཀའ་དྲིན་དེ། ། 

ཡང་ཡང་དྲན་པས་དགའ་སྐྱོ་འགྲན། ། 

དེ་ཙམ་གྱིས་མིང་ལེའུ་བཅུ་གཉིས་པ་དེ་ཕན་གྱི་སྤྱི་དོན་ཆ་ཤས་ཙམ་བཤད་ཟིན་ནོ། །

 

 

ཀུན་བཤད་ཀྱི་སྐབས།

 

༈ན་མཿ  ཨཱརྱཱ་ཏཱ་རཱ་ཡཻ། 

དུས་གསུམ་རྒྱལ་བའི་འཕྲིན་ལས་ཡོངས་གྱུར་མརྒད་ཞུན་མའི་མདངས། ། 

མཚན་དཔེའི་དཔལ་ཀུན་མངའ་བའི་ལྷུན་པོར་དོན་གཉིས་མཐར་ཕྱིན་པས། ། 

དབང་གཞུ་ལ་འཁུ་གོས་དང་རིན་ཆེན་དུ་མ་འགྲན་བཞིན་མཛེས། ། 

རྒྱལ་ཀུན་དགྱེས་པའི་དབང་མོ་ཁྱོད་ལྟར་དོན་གཉིས་ལྷུན་འགྲུབ་མཛོད། ། 

བརྡ་སྤྲོད་རང་བཞིན་ཆུ་གཏེར་ཆེ་ལས་ནི། ། 

བརྗོད་དོན་ནོར་བུའི་བྱེ་བྲག་མཐའ་ཡས་པ། ། 

ཇི་བཞིན་བརྗོད་ལ་རོ་འཛིན་ཆེས་བརྟན་པས། ། 

ཆ་ཙམ་བརྗོད་ལ་བློ་ལྡན་གཟིགས་མོར་མཛོད། ། 

ད་ནི་ཀུན་བཤད་ཀྱི་སྐབས་སུ་བདག་གཞན་དུས་གསུམ་བྱ་བྱེད་ལས་གསུམ་སོགས་ཀྱི་དོན་སྟོན་པའི་གཞུང་ལ་ཀུན་བཤད་ཅེས་བྱ་སྟེ། དེའང་བྱིངས་ལ་རྣམ་དབྱེ་ཏིཔ྄་སོགས་བརྒྱ་དང་བརྒྱད་ཅུ་བོ་གང་རུང་སྐབས་ཐོབ་ལྟར་སྦྱར་བ་སོགས་ཀྱིས་བརྗོད་དོན་རྣམས་སྟོན་པར་འགྱུར་བ་ཡིན་ནོ། ། དེ་ཡང་བདག་གཞན་བྱ་བྱེད་སོགས་སྟོན་བྱེད་ནི་གཙོ་བོ་རྐྱེན་ནམ་རྣམ་དབྱེ་དག་ཡིན་ནའང་དེ་ཁོ་ནས་བརྗོད་བྱ་མི་སྟོན་ལ་རྣམ་དབྱེ་དེ་དག་ལ་མ་ལྟོས་པར་བྱིངས་ཁོ་ནས་ཀྱང་དོན་སྟོན་མི་ནུས་ཤིང་། རང་བཞིན་དང་རྐྱེན་ཉིས་ཚོགས་ཀྱིས་དོན་སྟོན་པར་འགྱུར་ཏེ་འོག་ནས་གསལ་བོ་འབྱུང་། རང་བཞིན་ནམ་བྱིངས་རྣམས་ལ་ཚོགས་ཆེས་ཆེ་བའི་སྒོ་ནས་དབྱེ་ན་བི་ཀཱ་ར་ཎའི་དབང་གིས་དབྱེ་ན་ཚོགས་པ་དགུ་འབྱུང་བའི། དང་བོ་བྷཱུ་སོགས་ལ་ཨཔ྄་བི་ཀ་ར་ཎ་དང་། གཉིས་པ་ཨད྄་སོགས་ལ་ཨཔ྄་འཇིག་པ་དང་། གསུམ་པ་དིཔ྄་སོགས་ལ་ཡ་བི་ཀཱ་ར་ཎ། བཞི་བ་སུ་སོགས་ལ་ནུ་བི་ཀཱ་ར་ཎ། ལྔ་བ་རུ་དྷ་སོགས་ལ་ནམ྄་བི་ཀཱ་ར་ཎ། དྲུག་པ་ཏན྄་སོགས་ལ་ཨུཔ྄་བི་ཀཱ་ར་ཎ། བདུན་པ་ཏུད྄་སོགས་ལ་ཨ་བི་ཀཱ་ར་ཎ། བརྒྱད་པ་ཀྲཱི་སོགས་ལ་ནཱ་བི་ཀཱ་ར་ན། དགུ་བ་ཙུ་ར་སོགས་ལ་ཉི་བི་ཀཱ་ར་ཎ་ལ་སོགས་པ་འཇུག་ཡུལ་གྱི་དབང་གིས་དབྱེ་བ་བྱུང་བ་ཡིན་ལ། དེའང་བྱིངས་མཐར་བྱིངས་ཐམས་ཅད་པའི་རྣམ་དབྱེ་སྡེ་ཚན་བཞི་བོ་གང་རུང་ཕ་རོལ་ཏུ་བྱུང་ན། བི་ཀཱ་ར་ཎ་རྣམས་འཇུག་ལ་དེ་དག་མེད་པ་སྡེ་ཚན་ཕྱི་མ་དྲུག་སྦྱོར་བ་ན་མི་འཇུག་གོ། འོན་ཀྱང་ཀྲྀཏ྄་ལེར་ཤ་འགྲོ་བ་ལ་བཞི་བོ་བཞིན་ནོ་ཞེས་བྱིངས་མིང་དུ་སྒྲུབ་པའི་རྐྱེན་ཤིཏ྄་རྣམས་བྱུང་ན། བི་ཀཱ་ར་ཎ་འཇུག་པ་དམིགས་བསལ་ཡིན་ནོ། ། ཚོགས་ཆེ་བའི་དབང་དུ་བྱས་པའི་བྷཱུ་སོགས་ལའང་ནང་གསེས་སུ་ཌུཧ྄་སོགས་དང་གྷཊ྄་སོགས་དང་། ཛྭ་ལ་སོགས་དང་ཡཛ྄་སོགས་མང་བོ་ཡོད་པ་ལྟ་བུའོ། ། བྱིངས་རྣམས་ཀྱིས་བརྗོད་བྱ་སྟོན་ཚུལ་གྱི་དབང་གིས་གཞན་དོན་གྱི་ཚིག་ཅན་དང་། བདག་དོན་གྱི་ཚིག་ཅན་དང་དེ་གཉིས་ཀ་སྟོན་པའི་ཚིག་ཅན་ཏེ་གསུམ་གྱི་དབྱེ་བ་ཡོད། དེ་དག་གོ་སླ་བའི་དབང་གིས་ཐོག་མར་བདག་དོན་གྱི་ཚིག་ཅན་གྱི་དཔེར་བརྗོད་ན། ཨེ་དྷ་འཕེལ་བའི་བྱིངས་བཞག མཐའི་ཨ་བརྗོད་དོན་ཡིན་པས་ཕྱིས། བརྟ་མ་ནའི་བདག་དོན་སྟོན་བྱེད་ཀྱི་ཏེ་སྦྱར། བྱེད་པོ་ལ་ཨཔ྄་སྟེར་པ྄་ཡིག་ནི་སྐབས་འདི་ལྟ་བུ་རྗེས་འབྲེལ་ཡིན་པས་ཕྱིས། གཞན་ཡོན་ཏན་ཅན་གྱི་བྱིངས་ཡིན་ན། རྐྱེན་གྱི་པ྄་ཡིག་བྱིངས་ལ་ཡོན་ཏན་འབྱུང་བའི་དོན་ཡིན་པས་ཕྱི་བ་གཞན་ཀུན་ལ་འདྲ། མཚམས་སྦྱར་བས་ཨེ་དྷ་ཏེ། འཕེལ་བར་བྱེད་ལྟ་བུ། བྱེད་པོ་རང་གི་ཡོན་ཏན་དང་ལོངས་སྤྱོད་སོགས་བྱེད་པོ་རང་གིས་བརྩོན་པ་བྱས་པའི་དབང་གིས་འཕེལ་རྒྱས་བྱུང་བ་ལྟ་བུ་སྟེ་བྱེད་པོ་གཞན་ལ་ལྟོས་མེད་པ་བཞིན་ནོ། ། གཉིས་ཀའི་ཚིག་ཅན་གྱི་བྱིངས་ཌུཀྲྀཉ྄་བྱེད་པའི་བྱིངས་ཀྱིས་གཞན་དོན་དང་བདག་དོན་གཉིས་ཀ་སྟོན་པས་བྱེད་པོ་གཞན་དང་འབྲེལ་ཚེ་རྣམ་དབྱེ་སྡེ་ཚན་བཅུའི་དགུ་ཚན་དང་བོ་རྣམས་སྦྱར་དགོས་པས། བྱིངས་དེ་ལ་བརྟ་མ་ནའི་དགུ་ཚན་དང་བོའི་སྐྱེས་བུ་ཕྱི་མའི་གཅིག་ཚིག་མིཔ྄་དང་བྱེད་པ་བོའི་དོན་སྟོན་བྱེད་ཨཔ྄་ཀྱི་ཡུལ་ལ་ཨུཔ྄་བི་ཀཱ་ར་ཎ་སྦྱར། ཨུཔ྄འི་པ྄་བྱིངས་ལ་ཡོན་ཏན་འབྱུང་བའི་དོན་དང་། རྣམ་དབྱེ་སྟེ་མིཔ྄འི་པ྄་རྐྱེན་ལ་ཡོན་ཏན་འབྱུང་བའི་དོན་གྱིས་ཕྱིས་པ་སོགས་དང་། མཚམས་སྦྱར་བས་ཀ་རོ་མི། བགྱིའོ་ཞེས་བྱ་བ་བྱེད་མཁན་གཞན་ཡིན་པ་སྟོན། ཡང་བྱིངས་དེ་ལ་བདག་དོན་སྟོན་བྱེད་ཀྱི་ལཊ྄འི་ཏེ་དང་ཨུཔ྄་སྦྱར་བ་སོགས་བྱས་པས། ཀུ་རུ་ཏེ། བྱ་བ་བྱེད་དོ་ཞེས་པ་ལྟ་བུའི་བྱེད་པོ་བདག་ཡིན་པར་སྟོན་པ་ལྟ་བུའོ། ། གཞན་དོན་གྱི་ཚིག་ཅན་གྱི་བྱིངས་བྷཱུ་ཡོད་པ་ལའོ་ཞེས་པའི་བྱིངས་ལ། དུས་ད་ལྟ་བ་སྟོན་བྱེད་ལཊ྄འི་ཏིཔ྄་དང་བྱེད་པ་བོ་སྟོན་བྱེད་ཀྱི་ཨཔ྄་བི་ཀཱ་ར་ཎ་བྱིན་ནས་ཐོབ་ཐང་ལྟར་བསྒྲུབས་པས། བྷ་བ་ཏི་གྲུབ་པས་དངོས་པོར་བྱེད་པའམ་ཡོད་པར་བྱེད་ཅེས་པས་བྱེད་པོ་གཞན་ཡོད་པ་སྟོན་པ་ལྟ་བུ་སོགས་སོ། ། སྤྱིར་ཀུན་བཤད་ཀྱི་སྐབས་འདི་དང་། རྟགས་འཇུག་གི་སྐབས་ཀྱི་དཔེར་བརྗོད་དོན་སྟོན་ཚུལ་གཉིས་རྗོད་བྱེད་ཀྱི་སྒྲ་མ་གཏོགས་ཆེས་ཆེར་འདྲ་སྟེ། ལེགས་སྦྱར་ལས་དུས་འདས་པ་ཡུན་རིང་ལོན་མ་ལོན་དང་། འབྱུང་འགྱུར་ལའང་ཉེ་རིང་གཉིས་ཡོད་པ་དང༌། སྨོན་པའི་དོན་ལ་འཇུག་པ་ཡོད་མེད་སོགས་མི་མཚུངས་པ་དང་སྤྱི་དམིགས་བསལ་གྱི་ཁྱད་པར་ཡོད་མེད་མ་གཏོགས་ཕར་ཆེར་འདྲ་བར་སེམས། ངོ་ཚ་ཡོད་དང་གནས་མལ་ཚེ། །འཕེལ་ཟད་འཇིགས་དང་འཚོ་དང་འཆི། །ཉལ་བ་རྩེད་མོ་འོད་གསལ་དོན། །བྱིངས་ཚོགས་དེ་རྣམས་ལས་མེད་བཤད། །ཅེས་ངོ་ཚ་སོགས་ཀྱི་དོན་ཅན་བྱིངས་བཅུ་གཉིས་པོ་རེ་རེ་ལ་བྱིངས་ཇི་སྙེད་ཅིག་ཡོད་ནའང་ལས་མེད་ཡིན་ཏེ། ཕྱོགས་མཚོན་ཙམ་ནི་བྷཱུ་ཡོད་པ་ཨས྄་ཡོད་པ་སོགས་དང་། ཧྲཱི་ངོ་ཚ་བ། ལཛ྄ཛཱ་ངོ་ཚ་བ་དང་། ཨེ་དྷ་དང་། བྲྀ་དྷི་འཕེལ་བའི་བྱིངས་དོན་གཅིག་པ་ཅི་ཡོད་པ་ཐམས་ཅད་ལས་མེད་པའི་བྱིངས་ཡིན་ནོ། ། དེ་དག་ལས་གཞན་པའི་བྱིངས་ཐམས་ཅད་བྱིངས་ལས་བཅས་ཡིན་ཏེ། ཌུཀྲྀཉ྄་བྱེད་པ་ལའོ་ཞེས་པའི་བྱིངས་ལས་བཅས་ཡིན་ཚུལ་ནི། བྱ་བ་བྱེད་རྒྱུ་ཞིག་ཡོད་པ་གཞིར་བཞག་ཡིན་པས་བྱ་རྒྱུ་དེ་ལས་ཡིན། ཌུཔཙཥ྄་འཚེད་པ། ཨད྄་ཟ་བ། དྲྀཤ྄་བལྟ་བའི་བྱིངས་སོགས་ལ་རིམ་བཞིན་བྱ་རྒྱུའི་ལས། བཙོ་བྱའི་ཤ།  བཟའ་བྱའི་ཚོད་མ། བལྟ་བྱའི་གཟུགས་ལྟ་བུ་སོགས་ནི་ལས་ཡིན་པའི་རྒྱུ་མཚན་གྱིས་བྱིངས་ལས་བཅས་སུ་ངོས་འཛིན་པ་སོགས་སོ། ། 

རྣམ་དབྱེ་སྡེ་ཚན་བཅུ་ལས་དང་བོ་བརྟ་མ་ན་ལཊ྄་སོགས་དུས་ད་ལྟ་བ་སྟོན་པ་ལ་སྦྱར། གཉིས་པ་ཆོ་ག་འབྱུང་ལིང྄་རྣམས་ནི། དེ་ཡང་ཆོ་ག་འབྱུང་བ་ཞེས་པ་སློབ་མའི་རྒྱུད་ཀྱི་སྐྱོན་དག་པ་དང་ཡོན་ཏན་ཐོབ་པ་སོགས་བླ་མས་གདམས་ངག་བསྟན་པ་ལ་བརྟེན་པ་དང་། འབྱུང་བའི་གནས་དག་ཅེས་པ་རྟོགས་པའི་ཤེས་པ་དེ་འབྱུང་བའི་གནས་སམ་རྟེན་ལ་ཟེར་ཏེ། དུ་བ་མཐོང་བ་ལ་བརྟེན་ནས། ཡུལ་དེ་ལ་མེ་ཡོད་པར་ཤེས་པའི་བློ་འབྱུང་བ་ལྟ་བུ་དང་། གསུམ་པ་ཤིས་བྱེད་ལོཊ྄་རྣམས་ཀྱིས་མ་ཐོབ་པ་ཐོབ་པར་བྱེད་པ་སོགས་ཤིས་བརྗོད་དང་། ཞོ་འདི་ལོངས་ཤིག་ལྟ་བུ། བྱ་བ་དེ་སྒྲུབས་ཤིག་ཅེས་སྐུལ་ཚིག་གི་དོན་དུ་སྦྱོར་བ་དང་། བཞི་བ་དེ་རིང་མ་ཡིན་པའི་འདས་པ་ལང྄་རྣམས་ནི། འདས་ནས་ཡུན་རིང་བོ་མ་ལོན་པ། ཁ་སང་གི་དུས་ལྟ་བུ་འདས་ནས་ཡུན་རིང་མ་སོང་བའི་དོན་སྟོན་པ་ལ་སྦྱོར། དེ་བཞི་སོ་སོའི་སྦྱོར་ཚུལ་སྐབས་ཀྱི་དཔེར་བརྗོད་དག་ལས་ཤེས་ནུས་སོ། ། བྱིངས་ཐམས་ཅད་པའི་དངོས་པོ་དང་ལས་བཤད་པའི་སྐབས་སུ་གོང་དུ་བཤད་པའི་རྣམ་དབྱེ་སྡེ་ཚན་བཞི་ལས། བདག་དོན་ལ་སྦྱོར་རྒྱུའི་རྣམ་དབྱེ་དགུ་ཚན་ཕྱི་མ་རྣམས་འཇུག  དེའང་དངོས་པོའི་དཔེར་བརྗོད་ལ་འདིར་བྷཱུ་ཡ་ཏེ། བྱུང་བ་འདིར་མཚོན་ན། བྱིངས་བྷཱུ་ཡིག་གིས་དངོས་པོ་ཡོད་པ་ཙམ་སྟོན་པ་མ་གཏོགས་བར་རྐྱེན་ཡཀ྄་དང་རྣམ་དབྱེ་ཏེ་གཉིས་ཀས་དོན་ཅི་ཡང་མི་སྟོན་པར། བྱིངས་དོན་ཁོ་ནས་དངོས་པོའི་དོན་སྟོན་པ་ཙམ་བཞིན་ནོ། ། འོན་ཀྱང་།  རྐྱེན་དེ་གཉིས་མ་བྱིན་ན་ཚིག་མི་འགྲུབ་པའི་ཕྱིར་རོ། ། བྱེད་ཅན་དྲུག་པོ་གང་དང་ཡང་མ་སྦྱར་བ་ཞེས་པ་ནི། རྣམ་དབྱེ་དང་བོ་ནས་བདུན་པའི་བར་གྱི་རྣམ་དབྱེ་རྣམས་སྦྱར་དགོས་དོན་མེད་པ་ལ་བཤད། ཧྲྀཉ྄་འཕྲོག་པའི་བྱིངས་ལྟ་བུ་ནི་བྱིངས་ལས་བཅས་ཡིན་ཏེ། འཕྲོག་བྱའི་ནོར་ལས་ཡིན་མོད། ཉེར་བསྒྱུར་བི་དང་ཨཱང྄་སྦྱར། བི་ཧཱ་ར་གནས་པ། ཨཱ་ཧཱ་ར། ཟས་སོགས་ཉེར་བསྒྱུར་གྱི་དབང་གིས་ལས་མེད་དུ་སོང་བ་ལྟ་བུའོ། ། ལས་བཅས་ཀྱི་བྱིངས་ལ་ཡཀ྄་སྦྱར་བའི་ཌུཀྲྀཉ྄་ལ་ཏེ་དང་ཡཀ྄་སྦྱར་བས་ཀྲི་ཡ་ཏེ། ཚིག་གྲོགས་ཀ་ཊཿ  སྔོན་དུ་བཞག་པའི་རེ་ལྡེ་ནི་ལས་དངབཟོ་བོའི་སྐད་དོད་ཀཱ་རུ་ཀེ་ཎ་མཇུག་ཏུ་སྦྱར་བས། ཀ་ཊཿ ཀྲི་ཡ་ཏེ་ཀཱ་རུ་ཀེ་ཎ། བཟོ་བོས་རེ་ལྡེ་བྱེད་ཅེས་པའི་རེ་ལྡེ་ནི་བྱ་རྒྱུའི་ལས་ཡིན་པ་སོགས་སོ། ། དེ་ལྟར་གཞུང་གི་དཔེར་བརྗོད་རྣམས་ལས་རྟོགས་སླའོ། ། 

ཡོན་ཏན་ཡང་དག་པར་ནི་ལྡན་པ་ཡི། །

ཇི་ལྟར་ལས་ནི་བྱེད་པ་བོ་ཡང་སྟེ། །

ཞེས་པའི་ཚིགས་བཅད་ཀྱི་དོན་ནི། བྱ་བ་བྱེད་རྒྱུའི་ལས་ཡིན་པ་དེ་བྱེད་པ་བོས་རྩོལ་བ་ཞིག་བྱེད་དགོས་མོད་འབད་པ་ཆེར་བྱ་མི་དགོས་པར། ལས་དེ་སྒྲུབ་སླ་བའི་ལས་དེ་དག་ལས་ཡང་ཡིན་པར་མ་ཟད་ལས་རང་ཉིད་བྱེད་པ་བོ་ཡང་ལས་རང་ཉིད་ཡིན་པའི་ཐ་སྙད་བཏགས་པ་དཔེར་ན། མར་གྱི་གོང་བུ་བཞུ་བའི་ཚེ་ན། བཞུ་མཁན་ཞིག་ངེས་པར་དུ་ཡོད་དགོས་ཤིང་བརྩོན་པ་དྲག་པོ་བྱེད་མི་དགོས་པར་ཞུ་སླ་བ་དེ་འདྲའི་ལས་ཏེ་རང་ཉིད་བྱེད་པོའང་ཡིན་ལ་ལས་ཀྱང་ཡིན་ཞེས་པའོ། ། དེ་ལྟར་གང་ཡང་རུང་བའི་ལས་དེ་འགྲུབ་པའི་ཆེད་དུ་བྱེད་པ་བོས་ངལ་བ་ཆེར་མ་བྱས་ན་མི་འགྲུབ་པའི་ལས་དེ་འདྲ་ནི་ལས་ངོས་རྐྱང་ཡིན་པར་བཤད་དེ་དཔེར་ན་ལྕགས་ཀྱི་གོང་བུ་བཞུ་བའི་ཚེ་བརྩོན་པ་ཆེར་བྱེད་པ་ལ་ལྟོས་དགོས་པའི་ལས་དེ་ནི་ལས་ངོས་རྐྱང་གི་ཐ་སྙད་བཏགས་པ་ལྟ་བུའོ། ། དེ་ཡང་སྡེབ་སྦྱོར་བསྒྲིགས་པ་སོགས་ཀྱི་སྐབས་སུ་བྱིངས་ལ་ཏིཔ྄་སོགས་ཀྱི་རྣམ་དབྱེ་སྦྱར་བས་ཚེ་བྱིངས་དེ་ཚོགས་པ་དགུ་བོ་གང་དུ་གཏོགས་ཤེས་དགོས་པར་མ་ཟད། བྱིངས་དེ་བདག་དོན་དང་གཞན་དོན་གང་དང་གང་ཡིན་ཤེས་དགོས་པ་གཙོ་བོ་དང་། དམིགས་བསལ་གྱི་དབང་གིས་རྣམ་དབྱེ་གཅིག་ཚིག་དང་མང་ཚིག་གང་རུང་སྦྱོར་དགོས་པའི་ངེས་པ་ཆེར་མེད་དེ། རྣམ་དབྱེ་སྡེ་ཚན་ཕྱི་མ་དྲུག་པོ་སྦྱར་ཚེ་སྦྱོར་ཡུལ་གྱི་བྱིངས་དེ་ཚོགས་པ་དགུ་བོ་གང་ཡིན་ལ་ལྟ་མི་དགོས། སྡེ་ཚན་སོ་སོ་དོན་གང་དང་གང་ལ་འཇུག་ཚུལ་སྤྱི་དམིགས་བསལ་ཡོད་པ་ནི། ལེའུ་རྣམས་ཀྱི་མདོ་འགྲེལ་དང་སྐབས་སོ་སོའི་འགྲེལ་བ་དང་དཔེར་བརྗོད་རྣམས་ལས་ཤེས་ནུས་སོ། ། བྱིངས་ལས་མིང་དུ་སྒྲུབ་པ་ལ་བྱིངས་དེ་ཚོགས་པ་གང་ཡིན་ལ་ལྟ་མི་དགོས་ཤིང་། བྱིངས་དེ་བདག་དོན་དང་གཞན་དོན་གྱི་ཚིག་ཅན་གང་ཡིན་ལ་བརྟག་མི་དགོས་སོ། ། དེ་ཙམ་ཀྱིས་བྱིངས་ཐམས་ཅད་པའི་སྐབས་ཀྱི་སྤྱི་དོན་ཆ་ཙམ་བརྗོད་ཟིན་ནོ།། ༈ །། 

 

དེ་ནས་རྣམ་དབྱེ་སྡེ་ཚན་ཕྱི་མ་དྲུག་པོ་གང་དང་གང་ལ་འཇུག་དོན་སོགས་འགྲེལ་བ་ལ་ཞིབ་པར་དཔྱད་ན་རྟོགས་པར་འགྱུར། ཀྲྀ་ཨཱས྄་བྷུ་རྐྱེན་མཐའ་ཅན་ཕ་རོལ་ལས་ཀཱ་ས་ལ་སོགས་པ་རྣམས་ལ་ཨཱམ྄་སྦྱར་བའི་དཔེར་བརྗོད་སྐབས་བྱིངས་བྷཱུ་ལ་བདག་དོན་གྱི་ཨེ་སྦྱར་བ་རེ་འདུག་པ་རྣམས་ལ་དོགས་པ་འདི་ཡོད་དེ། བྷཱུ་ཡོད་པའི་བྱིངས་ནི་གཞན་དོན་གྱི་ཚིག་ཅན་གྱི་བྱིངས་ཡིན་པའི་རྒྱུ་མཚན་གྱིས་ཎཔ྄་སྦྱར་དགོས་པའི་ཕྱིར་དང་། བྱིངས་ཀྲྀ་ཨཱས྄་གཉིས་ནི་གཉིས་ཀའི་ཚིག་ཅན་ཡིན་པས་བདག་དོན་དང་གཞན་དོན་གཉིས་ཀ་སྦྱར་བའི་དཔེར་བརྗོད་འདུག་པས། བྷཱུ་ལའང་སྦྱོར་རུང་བར་བསྟན་པ་ཡིན་ནམ། ཡང་ན་བྷཱུ་ཐོབ་པའི་བྱིངས་ནི་བདག་དོན་གྱི་ཚིག་ཅན་ཡིན་པས་བདག་དོན་གྱི་ཨེ་བྱིན་པ་འདྲ་སྟེ་དཔྱད་པར་བྱ་དགོས་སོ། ། འདི་དག་མཁན་པོ་ཚེ་རྣམ་ཚང་དང་། དགེ་རྩེ་པཎྜི་ཏ། འདར་ལོའི་ཊིཀྐ་སོགས་ཀྱི་དཔེར་བརྗོད་འདྲའོ། ། དེ་ཙམ་གྱིས་ལྐོག་གྱུར་སོགས་རྣམ་དབྱེ་སྡེ་ཚན་ཕྱི་མ་དྲུག་སོགས་རེ་ཞིག་བཤད་ཟིན་ནོ།། ༈ །། 

 

དེ་ནས་བྱིངས་བྱིངས་སུ་སྒྲུབ་པ་དང་མིང་བྱིངས་སུ་སྒྲུབ་པའི་ལེའུ་གསུམ་ལས་བྱིངས་བྱིངས་སུ་སྒྲུབ་པ་ལ་ཡང྄་རྐྱེན་མི་འཇུག་པ་དང་འཇུག་པ་གཉིས་ཡོད་པའི་ཕྱི་མ་བྱིངས་བྱིངས་སུ་དང་མིང་བྱིངས་སུ་སྒྲུབ་པར་འཇུག་པ་དང་མིང་བྱིངས་སུ་སྒྲུབ་པ་དང་མིང་གི་བྱིངས་བྱིངས་སུ་སྒྲུབ་པ་ལ་འཇུག་པ་རྐྱེན་གྱི་དངོས་པོ་ཡ་ཡིག་ཡིན་ནའང་སྟེར་བྱེད་ལ་ཆོ་ག་མི་འདྲ་བ་གཉིས་འབྱུང་། བྱིངས་བྱིངས་སུ་སྒྲུབ་པའམ་བདག་ཉིད་འདོད་པ་ལ་ས་དང་། ཨ་ནཱ་ཡ། ཀ་མྱ་སྟེ་གསུམ་ཡོད། ཉི་རྐྱེན་སྟེར་བྱེད་ལའང་མདོ་གཉིས་ཡོད། རིམ་བཞིན་བྱེད་པ་དང་བྱེད་པ་བོ་སྟོན་པའི་དོན་ལ་འཇུག་ཚུལ་གཞུང་ན་གསལ། བྱིངས་ཐམས་ཅད་པ་དང་ཕྱེད་པ་དང་བདག་གཞན་གྱི་རྣམ་དབྱེ་གང་དང་གང་སྦྱར་དགོས་ཚུལ་ནི། དཔེར་བརྗོད་རྣམས་ལས་ཤེས་ནུས་སོ། ། ཨཱ་བཅུ་གསུམ་པར་ཀུན་ནས་བསྒྱུར་བ་སོགས་ཀྱི་སྐབས་ཀྱི་བྱིངས་རྣམས་ལ་བྱིངས་ཀྱི་དབང་གིས་དགུ་ཚན་སྔ་ཕྱི་གཉིས་ཀ་སྦྱར་དགོས་པ་ཡང་ཡོད་དོ།། ༈ །། 

 

ཨཱ་བཅུ་བཞི་བར་བྱིངས་དང་ཉེར་བསྒྱུར་སྦྱོར་ཚུལ་ལས་ཉེར་བསྒྱུར་རྣམས་སྦྱར་བ་ལ་བདག་དོན་གྱི་རྣམ་དབྱེ་སྦྱོར་བ་ཤས་ཆེའོ། ། བིད྄་ཤེས་པའི་བྱིངས་ནི་ཨད྄་ཟ་བའི་བྱིངས་ཀྱི་སོགས་ཁོངས་ཡིན་པས་གཞན་དོན་གྱི་ཚིག་ཅན་ཡིན་པ་དང་ཨཔ྄་སྦྱར་དགོས་ཀྱང་ཨཔ྄་མི་འཇུག་པ་ནི་སྤྱི་ལས་དམིགས་བསལ་ཡིན་པ་ལྟ་བུ་གོང་འོག་ཀུན་ཏུ་འབྱུང་ཚུལ་སོགས་མ་འདྲེས་པར་ཤེས་པར་བྱ་བ་ནི་གནད་དུ་ཟུངས། དེ་ཙམ་གྱིས་ཀུན་ནས་བཤད་པ་སོགས་ཀྱི་ཆ་ཙམ་རྫོགས་སོ།། ༈ །། 

 

དེ་ནས་བྱིངས་ཀྱི་རང་བཞིན་རྣམས་མིང་དུ་སྒྲུབ་པར་བྱེད་པའི་རྐྱེན་རྣམས་ལ་ཀྲྀཏ྄་རྐྱེན་རྣམས་འཇུག་སྟེ། ཀྲྀཏ྄་ཞེས་པ་བྱེད་པ་བོ་དང་བྱེད་པའི་དོན་ཡིན་མོད། ལེའུ་འདིའི་ནང་གི་རྐྱེན་རྣམས་བྱེད་པ་བོ་དང་བྱེད་པ་དང་། དངོས་པོ་དང་། ལས་དང་ལས་ཚིག་སྔོན་དུ་བཞག་པའི་མཐར་བྱ་བ་དང་བྱེད་པ་སྟོན་པ་ལ་འཇུག་པ་སོགས་རྐྱེན་གྱི་ངོ་བོ་སྣ་ཚོགས་པ་རྣམས་འོག་ནས་འབྱུང་བའི་དཔེ་མཚོན་བྱེད་ཙམ་འབྲི་བ་ལ། ཐོག་མར་ཌུཀྲྀཉ྄་བྱེད་པའི་བྱིངས་བཞག  བྱིངས་དེ་མིང་དུ་སྒྲུབ་བྱེད་ཀྱི་རྐྱེན་ཏྲྀ་དང་བུཎ྄་དག་གོ་ཞེས་པས་ཏྲྀ་བྱིན། ཡོན་ཏན་ནོ་ཞེས་ཀའི་སྲོག་གི་རྀ་ཨར྄་ཞེས་པས་ཨར྄་དུ་སོང་། མཚམས་སྦྱར་བས། ཀར྄ཏྲྀ། བྱེད་པ། པཙ྄་འཚེད་པ། ཧྲྀཉ྄་འཕྲོག་པ། བྷཱུ་ཡོད་པའི་བྱིངས་སོགས་ལ་ཏྲྀ་བུཎ྄་དག་གོ་ཞེས་ཏྲྀ་བྱིན་པས། པཀྟྲྀ། འཚེད་བྱེད། ཧར྄ཏྲྀ། འཕྲོག་བྱེད། བྷ་བི་ཏྲྀ། ཡོད་པའམ་དངོས་པོར་བྱེད། དེ་བཞིན་ཡུཊ྄་དང༌། བུཎ྄་དང༌། ཁྱུཊ྄་དང་། བ་ཙི་ནནྡི་གྲ་ཧ་སོགས་ལ་ཨ་ཡུ་ཎི་ནིའོ་ཞེས་པའི་ཨ་དང་ཡུ་དང་ཎི་ནི་རྣམས་ཀྱང་བྱེད་པ་སྟོན་པའི་རྐྱེན་སོགས་ཤིན་ཏུ་མང་། ལས་ལ་ཨཎ྄འོ་ཞེས་པའི་ཨཎ྄་ནི་བྱ་རྒྱུའི་ལས་ཚིག་སྔོན་ན་ཡོད་པའི་བྱིངས་ལ་བྱིན་པ། གྲནྠ་ཀཱ་རཿ། གླེགས་བམ་བྱེད་ལྟ་བུ་དང་། ལས་སྔོན་ན་མེད་ཀྱང་། ཌུདཱཉ྄་དང་ཛྙཱ་ཁུང་དུ་ཆུད་པ། པཱ་བཏུང་བའི་བྱིངས་སོགས་ལ། ཨཱཏ྄་ལས་ཌ་བྱིན་པས། དཿ  སྦྱིན་པ། ཛྙཿ  ཤེས་པ། པཿ བཏུང་བ་ལྟ་བུ། སྦྱིན་བྱ། ཤེས་བྱ། བཏུང་བྱ་སོགས་སྦྱིན་བྱའི་རྫས་ཤེས་པར་བྱ་རྒྱུའི་དངོས་པོའམ་ལས་བཏུང་བྱའི་འོ་མ་སོགས་ནི་ལས་ཡིན་པ་ལྟ་བུ་སོགས་སོ། ། ཡུཊ྄འི་རྐྱེན་མཐའ་ཅན་ཛྷཱ་ནཾ་ནི་ཤེས་པར་བྱེད། ཀྟ་སྦྱར་བའི་ཛྙཱ་ཏ་ནི་ཤེས་ཟིན་པ་སོགས་རྐྱེན་གྱི་བྱིངས་ཀྱིས་དོན་སྟོན་ཚུལ་གྱི་ཆེད་འབྱུང་ངོ་། ། བྷ་ཛ་རྣམས་ཀྱི་བིཎ྄འོ་ཞེས་བིཎ྄་སྦྱར་ཚེ་བྱེད་པོ་སྟོན་ཏེ། ཏ་ཏྭ་པྲ་ཚ་ལ་བིཎ྄་བྱིན་པས་ཏ་ཏྭ་པྲཱཚ྄་ཞེས་པས་དེ་ཁོ་ན་ཉིད་འདྲི་བ་བོ་སྟོན་པ་སོགས་ཀྱི་དཔེར་བརྗོད་མང་བོ་ཡོད། སྤྱིར་ཀྲྀཏ྄་ལེ་འདིར་བྱ་བའི་དོན་ལ་འཇུག་པའི་རྐྱེན་དང་། དེ་བཞིན་དུ་བྱེད་པོ་དང་བྱ་བ་དང་དངོས་པོའི་དོན་དང་། དུས་འདས་ནས་ཡུན་རིང་ལོན་མ་ལོན་གཉིས་ཀ་དང་། སྐུལ་ཚིག་གི་དོན་ལ་སྦྱིན་པ་དང་དུས་རྟག་པའི་དོན་ལ་སྦྱར་རྒྱུའི་རྐྱེན་དང་། རྐྱེན་དེ་དག་བྱིངས་གང་ཡང་རུང་བའི་མཐའ་སོགས་སུ་སྦྱར་བ་ན། རང་བཞིན་དང་རྐྱེན་དག་འཕྲད་པས་གཉིས་ཀ་རྣམ་འགྱུར་འབྱུང་ཚུལ་སོགས་སོ་སོའི་སྐབས་ཀྱི་དཔེར་བརྗོད་རྣམས་ཀྱི་སྟེང་ནས་ཞིབ་རྒྱས་སུ་རྟོགས་ནུས། བྱིངས་ཀྱི་དངོས་པོར་གནས་པའི་མིང་དག་ནི། བྷ་ཛ་རྣམས་ཀྱི་བིཎ྄འོ་ཞེས་པའི་བིཎ྄་རྐྱེན་དང་ཀྭིཔ྄འོ་ཞེས་པའི་ཀྭིཔ྄་རྐྱེན་བྱིན་པས་མིང་དུ་གྲུབ་པ་ཁོ་ནར་ངེས། དེས་ན་དེ་དག་ཚིག་ཏུ་སྒྲུབ་ན་རྣམ་དབྱེ་སྡེ་ཚན་གཉིས་པོའི་གང་བྱིན་ན་ཆོག་གམ་སྙམ། གསལ་ལྡན་གྱི་གོང་འོག་རྣམས་སུ་འགྲེལ་ཚིག་གིས་སྒྲུབ་དགོས་པ་རྣམས་ནི། དབྱངས་ཅན་མའི་མདོ་ལ་ཆོ་ག་མེད་སྐབས་དེ་དག་སྒྲུབ་བྱེད་ཀྱི་མདོ་ཡོད་པ་རྣམས་འགྲེལ་ཚིག་གི་ཚུལ་དུ་གསུང་བ་ཡིན། གཞུང་འདིར་ལྷག་མ་འཇིག་རྟེན་ལས་གྲུབ་པ་འདིར་བཤད་དོ་ཞེས་གསུངས་པའི་དོན་ལྟར་གཞན་གྱི་མདོ་དེ་དག་འགྲེལ་ཚིག་གི་ཚུལ་དུ་བྱས་པ་ཡིན་ནོ།། ༈ །།

 

དེའང་སྤྱིར་རྟགས་གསུམ་གྱི་རྣམ་བཞག་ནི། བོད་ལྟར་སྒྲ་དྲག་ཞན་གྱི་སྒོ་ནས་རྟགས་ཀྱི་དབྱེ་བ་བྱུང་བ་མིན་པ་འདྲ་སྟེ། ཀྲྀཏ྄་ལེ་འདིར་བྱིངས་མིང་དུ་བསྒྲུབ་བྱེད་ཀྱི་མདོས་རྐྱེན་སྦྱར་བ་ན་ཕོ་མོ་མ་ནིང་གི་རྟགས་ཀྱི་དབྱེ་བ་བྱུང་བ་རྟོགས་ནུས་ཏེ། བྱེད་པ་བོ་ལ་ཀྲྀཏ྄འོ་ཞེས་པ་ནས་ཛྭ་ལ་སོགས་ལ་ཎའོ་ཞེས་པའི་བར་དུ་མདོ་བཅུ་གཉིས་བྱུང་བ་རྣམས་ཀྱི་མཐའ་ཅན་རྣམས་ནི་རྟགས་གསུམ་ལས་ཕོའི་རྟགས་སུ་གྱུར་བ་དང་། མདོ་དེ་དག་ལ་རྐྱེན་སྟེར་བྱེད་ཀྱི་མདོ་དང་། རང་བཞིན་རྣམས་དང་རྐྱེན་དག་ལ་རྣམ་འགྱུར་ཇི་ལྟར་འབྱུང་བ་སྟོན་བྱེད་ཀྱི་མདོ་ཡོད་པ་དང་། ཨཱ་ག་མ་སྟེར་བྱེད་ཀྱི་མདོ་ཡང་ཡོད་པ་བཞིན། ཕྱི་མ་རྣམས་ལའང་ཡོད་པ་ཤེས་དགོས། འདིར་བཤད་པའི་རྐྱེན་མཐའ་ཅན་སྤྱིར་ཕོའི་རྟགས་ཡིན་ནའང་། མཱ་འཇལ་བའི་བྱིངས་ལ་ཏྲྀ་བྱིན་ཚེ་མཱ་ཏྲི་ནི་ཡུལ་བུད་མེད་ཡིན་ནའང་མིང་དེ་ཚིག་ཏུ་སྒྲུབ་ཚེ་སྐྱེས་པ་ལྟར་རོ། །

གཉིས་པ་སྔོན་དུ་ཉེ་ཚིག་སྦྱར་བ་རྣམས་ལ་བྱ་བ་དང་བྱེད་པོའི་དོན་སྟོན་པ་རྣམས་ལ། ལས་ལ་ཨཎ྄འོ་ཞེས་པ་ནས། ཀྭིཔ྄་བ་ནིཔ྄་ཌ་རྣམས་སོ། ། ཞེས་པའི་བར་ལ་མདོ་ཉེར་དགུ་བྱུང་བ་རྣམས་ལས་བྱེད་པ་ལ་ཁྱུཊ྄འི་མཐའ་ཅན་མ་ནིང་རྟགས་ལས་གཞན་ཕོའི་རྟགས་སོ། ། 

གསུམ་པ་ལས་གཙོ་བོར་སྟོན་ཅིང་དུས་འདས་པ་སྟོན་བྱེད་ཀྱི་མདོ། ཀྟ་ཀྟ་བ་ཏུའོ་ཞེས་པ་ནས་ཨཱི་ཥ་དུཿསུ་རྣམས་ལ་ཁལ྄་དང་ཡུཊ྄འོ་ཞེས་པའི་བར་ལ་མདོ་རེ་བདུན་བྱུང་བ་ལ་མ་ནིང་གི་རྟགས་སུ་འགྱུར་བའི་པུཥ྄་རྒྱས་པའི་བྱིངས་ལ་པ་དང་ཡ་རྐྱེན་བྱུང་ཚེ་མ་ནིང་དང་གཞན་རྣམས་ཕོའི་རྟགས་སོ། ། 

བཞི་བ་བྱ་བའི་དོན་སྟོན་པ་ལ་འཇུག་པའི་རྐྱེན་སྟེར་བྱེད་ཀྱི་མདོ། ཏ་བྱ་ཨ་ནཱི་ཡ་དག་གོ་ཞེས་པ་ནས་རྀཏ྄་ཨུ་པ་དྷཱ་ལས་ཀྱཔ྄འོ་ཞེས་པའི་བར་དུ་མདོ་བདུན་བྱུང་བའི་མཐའ་ཅན་རྣམས་མ་ནིང་གི་རྟགས་སུ་འགྱུར་བ་ཡིན་ནའང་ཕོར་འགྱུར་བའང་ཡོད་སྲིད་དོ། ། 

ལྔ་བ་བུད་མེད་ཀྱི་རྟགས་སུ་འགྱུར་བའི་རྐྱེན་སྟེར་བྱེད་ནི། བུད་མེད་ལ་ཡཛ྄་རྣམས་ཀྱི་དངོས་པོ་ལའོ་ཞེས་པ་ནས་ར་ལས་ཨི་ཕ་ཡང་ནའོ་ཞེས་པའི་བར་ལ་མདོ་བཅུ་དགུ་བྱུང་བ་རྣམས་ལ་ཕོའི་རྟགས་ལྟར་བསྒྲུབ་པའང་ཡོད། བུད་མེད་ཀྱི་རྟགས་སུ་འགྱུར་བའི་རྐྱེན་ཞེས་པའི་དོན་ནི། ཀྟི་ལ་རྟགས་རྟགས་སུ་བསྒྱུར་བ་ལ་མོ་རྐྱེན་ཨཱཔ྄་སོགས་སྟེར་མི་དགོས་པའི་དོན་ནོ། ། དེ་དག་གིས་ཀྲྀཏ྄་རྐྱེན་གྱི་ལེའུའི་སྤྱི་དོན་ཕྱོགས་ཙམ་བཤད་ཟིན་ནོ།། ༈ །། 

 

སྨྲས་པ། དབྱངས་ཅན་ལྷ་མོའི་མཆུ་སྒྲོས་འབུམ་བཞད་པའི། ། 

བསུང་ཞིམ་སྦྲང་རྩིའི་དགའ་སྟོན་འཕྱུར་བའི་རླབས། ། 

མཁས་དབང་བུང་བའི་ཚོགས་ཀྱིས་བཅུད་མྱོང་བས། ། 

འཁྲུལ་བྲལ་ལེགས་བཤད་དབྱངས་ཀྱིས་སྟོང་གསུམ་བཀངས། ། 

བཤེས་གཉེན་དམ་པའི་ཉིན་བྱེད་ལས་བྱུང་བའི། ། 

ལེགས་སྦྱར་པདྨའི་བཅུད་ཀྱིས་འཚོ་བ་ཡི། ། 

བདག་བློ་ར་ཡིག་གཉིས་པས་ཅ་ཅོའི་གཏམ། ། 

འདི་ནི་བློ་ལྡན་སུ་ཡི་རྣ་བར་འཇེབས། ། 

བརྡ་སྤྲོད་མིང་ཙམ་འཛིན་པའི་པ་ཊ་ཧར། ། 

རྣམ་དཔྱོད་ལྡན་པའི་དབྱུག་གུས་ཡོངས་བསྐུལ་ཚེ། ། 

སྙན་པའི་སྒྲ་དབྱངས་འབྱུང་བའི་དཔེ་བཞིན་དུ། ། 

གྱུར་བས་བློ་ལྡན་འགའ་ལ་ཕན་སྲིད་དམ། ། 

འདི་བྲིས་དགེ་བའི་ཆར་སྤྲིན་འབུམ་འཁྲིགས་ཏེ། ། 

ལེགས་བཤད་སྙོམས་པའི་གྲུ་ཆར་ཕབས་པ་ལས། ། 

བློ་ལྡན་འཛིན་མར་ཡོན་ཏན་འབྲས་སྨིན་པས། ། 

རྣམ་ཀུན་མཁྱེན་པའི་ཡེ་ཤེས་མཆོག་ཐོབ་ཤོག ། 

གནས་སྐབས་འཁོར་བའི་ཚ་གདུངས་ཀུན་སེལ་ཞིང་། ། 

ཡངས་པའི་ལྗོངས་ཀྱི་རྒུད་པ་ཀུན་ཞི་ནས། ། 

སྨོན་དོན་མཐའ་དག་གྲུབ་པའི་དཔལ་ཐོབ་སྟེ། ། 

འགྱུར་མེད་བདེ་བ་མཆོག་གི་དཔལ་ཐོབ་ཤོག ། 

ཅེས་རྒྱལ་ཡུམ་ངག་གི་དབང་ཕྱུག་འཕགས་མ་དབྱངས་ཅན་བརྡ་སྤྲོད་ཀྱི་གཞུང་གི་སྤྱི་དོན་ཙིནྟ་མ་ཎིའི་ཕྲེང་བ་ཞེས་བྱ་བ་འདི་ནི་བླ་བྲང་བཀྲ་ཤིས་འཁྱིལ་དུས་འཁོར་བ་ཨ་ཁུ་གྲགས་པ་དང་། དངུལ་རའི་སངས་རྒྱས་དང་། ཨ་ཁུ་ཚུལ་ཁྲིམས་འཇམ་དབྱངས་སྦྱིན་པ་སོགས་ཀྱིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར། རྔ་ཡུལ་སྔོ་ཤུལ་དགོན་གྱི་གྲྭ་རིགས་སྐལ་བཟང་ངག་དབང་དམ་ཆོས་སམ་དབྱངས་ལྡན་དགེས་པའི་མཚོ་སྤྲིན་དུ་འབོད་པས། རབ་གནས་ཆུ་འབྲུག་ཧོར་ཟླ་བཅུ་གཉིས་པའི་དམར་ཕྱོགས་ཀྱི་བཟང་བོ་དང་བོ་རེས་གཟའ་ཟླ་བ་རེས་འགྲོག་སྐག་བདུད་རྩི་སྦྱོར་བའི་ཉིན། ཉིན་བྱེད་རྟའི་དུས་སུ་བཞག་མ་ཐང་དགོན་ནས་མཇུག་ལེགས་པར་གྲུབ་བོ། ། དབུའི་ལཉྫ་བྲི་བ་དང་། ཡིག་གཏགས་པ་ནི་སྨྱུག་ཐོགས་པ་དཔལ་འབྱོར་རྒྱ་མཚོ་དང་སྒང་བ་མཆོག་སྤྲུལ་དམ་པ་བསམ་གཏན་བསྟན་པའི་རྒྱལ་མཚན་མཆོག་གིས་ཞུ་དག་ལན་གཉིས་བྱས་པས་སརྦ་ཛ་ག་ཏཾ་ཤུ་བྷ་མསྟུ། དགེའོ། །

 

༢༠༢༡ལོའི་ཟླ་༡བོའི་ཚེས་༢༥ཉིན་གཅིག་ཞུ་བ་བོ་ནི་ཟླ་བ་གཞོན་ནུའམ་རྡོ་རྗེ་སྐྱབས་སོ།། ཀུན་ལ་ཕན་པར་གྱུར་ཅིག