ཙིནྟཱམཎེརྨཱལནཱམཛཡམཱཏྲིབཱགིཤྭརཱརྱསྭརསྭསྟིབྱཱཀརཎགྲནྠཛཏྱརྠབིཧཱརཏིསྨ།།
༄༅། ། རྒྱལ་ཡུམ་ངག་གི་དབང་ཕྱུག་འཕགས་མ་དབྱངས་ཅན་བརྡ་སྤྲོད་ཀྱི་གཞུང་གི་སྤྱི་དོན་ཙིནྟ་མ་ཎིའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
བསྐལ་བཟང་ངག་དབང་དམ་ཆོས་མཆོག |
མིང་ལེའི་སྐབས།
༄༅། ། ན་མོ་གུ་རུ་སྭ་ར་སྭསྟྱཻ། །
བཞི་ལྷག་དྲུག་ཅུའི་དབྱངས་སྙན་བཞིན་ལག་གར། །
མཚན་དཔེའི་ལང་ཚོ་གསལ་བ་ངག་གི་དབང་། །
འཇམ་དཔལ་དབྱངས་དང་ཡུམ་གཅིག་མཚོ་བྱུང་མ། །
བདག་མགྲིན་ལོངས་སྤྱོད་འཁོར་ལོའི་བཅུད་དུ་རོལ། །
རླུང་ཁམས་རྣམ་དག་བདེ་ཆེན་སྒྱུ་མའི་སྐུ། །
མརྒད་མདངས་ལྡན་འཕྲིན་ལས་གཏེར་གྱུར་བ། །
ཉེར་གཅིག་འཕགས་མའི་ཚོགས་ཀྱིས་བྱང་ཆུབ་བར། །
འབྲལ་མེད་བུ་བཞིན་སྐྱོང་བའི་ཤིས་པ་སྒྲུབས། །
རྒྱལ་ཡུམ་ངག་གི་དབང་མོས་འཇིག་རྟེན་འདིར། །
སྐལ་བཟང་བྱེ་བའི་ཡིད་ཀྱི་དགའ་སྟོན་དུ། །
གདམས་པའི་བརྡ་སྤྲོད་གཞུང་གི་དཀའ་གནད་ཀུན། །
སྤྱི་དོན་ནོར་བུའི་མགུལ་རྒྱན་འབྱེད་ལ་སྤྲོ། །
ཞེས་མཆོད་པར་བརྗོད་པ་སོགས་སྔོན་དུ་བྱས་ནས། འདིར་འཇུག་པར་བྱ་བ་ལ་སྤྱིར་ལེགས་པར་སྦྱར་བའི་བརྡ་སྤྲོད་ཀྱི་གཞུང་རྣམས་ཀྱི་བརྗོད་བྱ་ནི་རང་བཞིན་རྐྱེན་རྣམ་འགྱུར་གསུམ་གྱི་ནང་དུ་འདུས་ཤིང་། དེའང་རང་བཞིན་ལ་དབྱེ་ན་གཉིས་ཏེ། མིང་གི་རང་བཞིན་དང་། བྱིངས་ཀྱི་རང་བཞིན་ནོ། །
དང་བོ་ལ་སྤྱིར་ཤེས་བྱའི་རྣམ་གྲངས་མཐའ་ཡས་པས་རེ་རེ་ལ་མིང་ཡང་མཐའ་ཡས་པ་དང་། དེ་དག་ལའང་འདོད་རྒྱལ་དང་རྗེས་གྲུབ་ཀྱི་མིང་ཇི་སྙེད་ཅིག་མཆིས་པ་ཐམས་ཅད་ནི་མིང་གི་རང་བཞིན་ནོ། །
གཉིས་པ་བྱིངས་ཀྱི་རང་བཞིན་ལ་བརྡ་སྤྲོད་ཆེན་པོ་ཀ་ལཱ་བའི་བྱིངས་མདོའི་ནང་ལ་བྱིངས་རྩ་སུམ་བརྒྱ་དང་སོ་ལྔ་ཡོད་དེ། བགྲོད་དཀའ་སེང་གེས་སྦྱར་བ་ཡིས། ། དགུ་ཡི་གྲངས་ཀྱི་བྱིངས་ཀྱི་གཞུང་། ། དེ་ནི་སུམ་ཅུ་རྩ་ལྔ་ཡིས། ། ལྷག་པའི་སུམ་བརྒྱར་ཤེས་པར་བྱ། ། ཞེས་གསུངས་ཤིང་། དེའི་ནང་དུ་མ་ཚུད་པའི་མདོ་ལས་བྱུང་བའི་བྱིངས་ལ་སོགས་པ་གཞན་མང་བོ་ཡོད་པར་བཤད་པ་སོགས་ནི་བྱིངས་ཀྱི་རང་བཞིན་ཡིན་ནོ། །
གཉིས་པ་རྐྱེན་ལ་དབྱེ་ན་མཐའ་ཡས་པ་ཡོད་དེ། མིང་དང་བྱིངས་ཀྱི་རྣམ་དབྱེ་སྡེ་ཚན་གཉིས་ནི་རྐྱེན་དང་རྣམ་དབྱེ་གཉིས་ཀ་ཡིན། རྣམ་དབྱེ་མ་ཡིན་པའི་རྐྱེན་ལ་ཨཱ་ག་མའི་རིགས་དང་། མོ་རྐྱེན་རྣམས་དང་། ཚིག་སྡུད་དང་དེ་ཕན་གྱི་རྐྱེན་དང་། ཨཔ྄་བི་ཀ་ར་ཎ་སོགས་དང༌། བྱིངས་བྱིངས་སུ་སྒྲུབ་པ་དང་། མིང་བྱིངས་སུ་སྒྲུབ་པའི་རྐྱེན་སོགས་དང་། ཀྲྀཏ྄འི་རྐྱེན་རྣམས་ནི་རྐྱེན་ཁོ་ན་ཡིན་པ་དང་། མི་ཟད་པའི་སྐོར་ལ་རྐྱེན་དང་རྣམ་དབྱེ་གཉིས་ཀ་ཡིན་པ་འགའ་ཞིག་ཡོད་དོ། །
གསུམ་པ་རྣམ་འགྱུར་ལའང་ཆེས་མང་དུ་ཡོད་མོད། རྣམ་པར་འགྱུར་བྱའི་ཡི་གེ་ནི་དབྱངས་དང་གསལ་བྱེད་གཉིས་ཡིན་ཏེ། མཚམས་སྦྱོར་ལྔ་ལས་གཉིས་པ་དབྱངས་མཚམས་སྦྱོར་ནས། ཀྲྀཏ྄འི་ལེའི་མཇུག་རྫོགས་པའི་བར་གྱི་བརྗོད་བྱ་དོན་གྱི་རྣམ་པ་གང་ཡང་རུང་བ་རྣམས་རྗོད་བྱེད་སྒྲའི་དབང་གིས། དབྱངས་གསལ་གྱི་ཡི་གེ་སོ་སོའི་གཟུགས་ཀྱི་རྣམ་པ་འགྱུར་འགྲོ་བ་དེ་ལ་རྣམ་འགྱུར་ཟེར་རོ། ། དེའང་སྔ་ཕྱི་གང་རུང་དུ་དབྱངས་དང་དབྱངས་འཕྲད་པ། སྔ་མའི་མཐར་གསལ་བྱེད་གནས་ཤིང་ཕྱི་མའི་ཐོག་མར་དབྱངས་སམ་གསལ་བྱེད་གང་རུང་དང་འཕྲད་ན་སྔོན་མའི་མཐའི་དབྱངས་གསལ་ཀྱི་རྣམ་པ་འགྱུར་བ་ལ་རྣམ་འགྱུར་ཟེར་རོ། ། སྔོན་མའི་མཐའི་ཡི་གེ་མ་ཟད་སྔོན་མའི་ཐོག་དབུས་གཉིས་དང་ཕྱི་མའི་མཐའི་རྣམ་པ་འགྱུར་བའི་སྐབས་ཡོད་པ་སོགས་འོག་ནས་རིམ་བཞིན་འབྱུང་བས་ཤེས་སླའོ།། ༈ །།
མཚམས་སྦྱོར་ལྔ་ལས་ཐོག་མའི་མིང་མཚམས་སྦྱོར་ལ་མཚམས་སྦྱོར་གྱི་མིང་ཙམ་ལས་དངོས་སུ་མཚམས་སྦྱོར་རྒྱུ་མེད་ཅིང་། མིང་གི་བརྡ་ཆད་འདི་བརྡ་སྤྲོད་པའི་གཞུང་ལ་འཇུག་པ་ན་མིང་བརྡ་འདི་དག་ཐོག་མར་ངེས་ཅན་དུ་ཤེས་དགོས་ཏེ། མ་ཤེས་ན་གཞུང་འདིའི་རི་མོ་བྲི་སྒྲུབ་སོགས་བྱེད་པ་ལ་དཀའ་ངལ་ཆེ་བས་ཐོག་མར་ལེའུ་འདི་གསུངས་པ་ཡིན་ཏེ། ཡི་གེ་འདི་ཚོགས་པ་སོ་སོ་ལ་མིང་བརྡའི་ཐ་སྙད་རེ་མེད་ན་གཞུང་འདི་རྒྱ་ཆེ་བས་ཕྱི་ནས་གཞུང་ཧ་ཅང་མང་ཆེ་བར་འགྱུར་བའི་སྐྱོན་དང་བརྗོད་པའང་མི་བདེ་བའི་སྐྱོན་འབྱུང་བར་འགྱུར་རོ།། ༈ །།
གཉིས་པ་དབྱངས་མཚམས་སྦྱོར་ལ། བྱིངས་སོགས་མིང་ཚིག་གང་ཡང་རུང་བའི་སྔོན་མའི་མཐའ་དང་ཕྱི་མའི་ཐོག་མའི་དབྱངས་གང་རུང་ཞིག་འཕྲད་པ་ན། སྔོན་མའི་དབྱངས་སོགས་ལ་རྣམ་འགྱུར་འབྱུང་རིགས་ཏེ། དཔེར་ན་ཞོའི་སྐད་དོད་དདྷི་དང་། ལོངས་ཤིག་གི་སྐད་དོད་ཨཱ་ན་ཡ་ལྟ་བུ་ལ་མཚོན་ན། སྔོན་མའི་མཐའི་ཨིའི་རྣམ་པ་ཡ྄་ཡིག་ཏུ་གྱུར་ནས། ཕ་རོལ་ཀྱི་ཨཱ་ཡིག་ལ་མཚམས་སྦྱོར་དགོས་ཏེ། ཙཱནྡྲ་བ་ལས་བདུན་པ་ལ་སྔོན་མའིའོ། ། ཞེས་གསུངས་ཏེ། དབྱངས་ཅན་མའི་མདོ་ལས་ཀྱང་། དབྱངས་ལ་ཨི་ཡ྄འོ་གསུངས་པའང་དབྱངས་ལ་ཞེས་པའི་ལ་སྒྲ་དེ་བདུན་པ་གནས་གཞིའི་དོན་ཏེ། འགྲེལ་བ་ལས་ཀྱང་ཕ་རོལ་ཏུ་དབྱངས་ཀྱི་ཡི་གེ་གང་རུང་ཞིག་གནས་ན་ཞེས་བདུན་པའི་དོན་ཅན་དུ་བྱུང་བས་སོ། ། མདོའི་ཐོབ་ཐང་ལྟར་བསྒྲུབས་པས་དད྄དྷྱཱནཡ། གྲུབ་སྟེ་ཞོ་ལོངས་ཤིག་ལྟ་བུའོ། ། འདིར་དབྱངས་ལ་ཨི་ཡ྄འོ་ཞེས་པའི་དབྱངས་ལ་ཞེས་པ་ནི་ཐོག་མའི་གསལ་བྱེད་ཡིན་ཏེ། འོག་ནས་ཨུ་བ྄འོ། ། རྀ་ར྄འོ། ། ལྀ་ལ྄འོ། ། ཨེ་ཨཡ྄འོ། ། ཨོ་ཨབ྄འོ། ། ཨཻ་ཨཱཡ྄འོ། ། ཨཽ་ཨཱབ྄འོ་ཞེས་པ་རྣམས་ཀྱི་ཕ་རོལ་ཏུ་རང་དང་འདྲ་བ་མ་ཡིན་པའི་དབྱངས་ཀྱི་ཡི་གེ་གང་རུང་ཞིག་གནས་དགོས་པའི་དོན་ཏེ། འདི་དག་ལ་དབྱངས་ལ་ཨུ་བ྄འོ་ཞེས་སོགས་མ་བྱུང་ངོ༌། ། རང་དང་འདྲ་བ་བྱུང་ན་དདྷི་དང་། འདིར་གྱི་སྐད་དོད་ཨི་ཧ་ལྟ་བུ་བྱུང་ན་འདྲ་བའི་ཡི་གེ་འདུས་པ་ལ་རིང་བོའོ་ཞེས་པས་ཨི་སྔ་ཕྱི་གཉིས་ཀ་ཨཱི་རིང་བོ་གཅིག་ཏུ་གྱུར་བ་མཚམས་སྦྱར་བའི་ད་དྷཱི་ཧ། ཞོ་འདིར་ཞེས་པ་ལྟ་བུའོ། ། མདོ་སྔོན་མ་སྤྱི་དང་། ཕྱི་མ་དམིགས་བསལ་བྱུང་བ་ཡིན་པ་འདི་འདྲ་མང་བོ་འབྱུང་བ་སོ་སོའི་སྐབས་སུ་ཤེས་དགོས་པའི་གནད་ཅིག་ཡིན་ནོ། །
སྤྱིར་སྔ་ཕྱི་མཚམས་སྦྱོར་བྱ་བ་ལ། ༡། བྱིངས་མིང་དུ་སྒྲུབ་པ་དང་། ༢། བྱིངས་བྱིངས་སུ་སྒྲུབ་པ་དང་། ༣། མིང་བྱིངས་སུ་སྒྲུབ་པ་དང་། ༤། བྱིངས་ཚིག་ཏུ་སྒྲུབ་པ་དང་། ༥། མིང་ཚིག་ཏུ་སྒྲུབ་པ་དང་། ༦། མིང་ཚིག་གཉིས་སྔ་ཕྱི་མཚམས་སྦྱར་བ་དང་། ༧། ཚིག་སྔ་ཕྱི་མཚམས་སྦྱར་བ་སོགས་རྣམ་གྲངས་བདུན་ཡོད་དེ། དཔེར་ན་དང་བོ་ནི། ཌུཀྲྀཉ྄་བྱེད་པ། དངོས་པོ་ལ་གྷཉ྄་བྱིན། ཉ྄་འཕེལ་དོན་གྱིས་ཕྱིས། གྷའི་ཨ་ཕྲལ་གྷ྄་ཁྱད་དོན་དང་ཌུཉ྄་གཉིས་ཕྱིས། སཾ་པ་རི་ཨུ་པ་རྣམས་ལས་ཀྲྀ་ལ་རྒྱན་གྱི་དོན་ལ་སུཊ྄་བྱིན། ཊ྄་དང་ཨུ་ཕྱིས། དབྱངས་དང་བོའི་ཉ྄་ཎ྄་འགྲོ་བ་ལ་འཕེལ་བའོས། ཀའི་རྀ་ཨཱར྄་དུ་གྱུར། དབྱངས་ཀྱིས་དམན་པ་ཞེས་པས་རིམ་པར་ཀ྄་ཨཱ་ལ་མཚམས་སྦྱར། ར྄་ཨ་དང་། ས྄་ཀཱ་ཐོག་ཏུ་མཚམས་སྦྱར། དེའི་སྔོན་དུ་སཾ་བཞག་སྟེ། སཾ་སྐ་ར་གྲུབ་པ། ལེགས་བྱས་ཞེས་པའི་མིང་གྲུབ་པ་ལྟ་བུ་སོགས་འོག་ཏུ་སོ་སོའི་སྐབས་སུ་འཆད་པར་འགྱུར་རོ།། དབྱངས་མཚམས་སྦྱོར་གྱི་སྐབས་འདིར་པི་ཏྲྀ་མིང་དང་། ཨརྠཿ ཚིག་མཚམས་སྦྱར་བ། པི་ཏྲརྠཿ ཕའི་དོན་དང་། ནེ་དང་ཨ་ནཾ་བྱིངས་མིང་ངམ་ཚིག་ཏུ་སྒྲུབ་བཞིན་པའི་སྐབས་ཀྱི་དཔེར་བརྗོད་དང་། བྷོ་དང་ཨ་ཏི། བྱིངས་ཚིག་ཏུ་སྒྲུབ་བཞིན་པའི་དཔེར་བརྗོད་ཅིག་ཡིན་ནོ། ། ཏཽ་ཨི་ཧ་དང་། ཏེ་ཨཱ་ག་ཏཿ དག་ནི་ཚིག་སྔ་ཕྱི་གཉིས་མཚམས་སྦྱར་བ་སོགས་ཤེས་པར་བྱའོ། ། དབྱངས་མཚམས་སྦྱོར་འདིར། མིང་དང་ཚིག་སྦྱར་བ། ཚིག་གཉིས་སྦྱར་བ། མིང་ངམ་ཚིག་ཏུ་སྒྲུབ་བཞིན་པའི་སྐབས་ཀྱི་དཔེར་བརྗོད་དག་བྱུང་ངོ་།། ༈ །།
གསུམ་པ་རང་བཞིན་དུ་གནས་པའི་ལེའུ་འདིར། ཨ་མཱི་ཨ་དི་ཏྱ་དང་། ཨགྣཱི་ཨ་ཏྲཿ སོགས་ནི། ཚིག་གཉིས་འཕྲད་པ་ལ་མཚམས་མི་སྦྱོར་བ་དང་། མ་ཎཱི་ཨི་བ་སོགས་ངེས་ཚིག་རྣམས་ཀྱང་ཚིག་གཉིས་མཚམས་སྦྱོར་དགོས་པའི་དཔེའོ།། ༈ །།
བཞི་བ་གསལ་བྱེད་མཚམས་སྦྱོར་གྱི་སྐབས་སུ་ཙ་པའི་ཨ་བ་ལ་ཛ་བའོ་ཞེས་པའི་ཙ་པ་རྣམས་ནི་སྔ་མ་ཚིག་ཏུ་གྲུབ་པའི་མཐའི་ཙ་པ་གང་རུང་ཞིག་ཡིན་དགོས་སོ། ། མང་ཆེ་བ་ཚིག་སྔ་ཕྱིར་མཚམས་སྦྱར་བ་ལས། མ་ནི་རྗེས་སུ་ང་རོའོ་ཞེས་པས་ཚིག་མཐའི་མ྄་སྲོག་མེད་དེ་ཕ་རོལ་ཏུ་ཧ་སའི་ཡི་གེ་གང་ཡང་མེད་ཀྱང་རྗེས་སུ་ང་རོར་འགྱུར་བ་དང་། གལ་ཏེ་མ་ཡིག་ཚིག་མཐའ་མ་ཡིན་པར་ཚིག་ཏུ་སྒྲུབ་བཞིན་པའི་སྐབས་ཀྱི་མ྄་ཡིག་གི་ཕ་རོལ་ན་ཧ་ས་གང་རུང་ཞིག་གནས་དགོས་སོ། ། ཚིག་མཐའ་དང་ཛྷ་ས་ལ་ཡང་ང་ནའིའོ་ཞེས་པ་ནི། ན་ཚིག་མཐའ་དང་། ཚིག་མཐའ་མིན་ན་ཛྷ་སའི་ཡི་གེ་གང་རུང་ཡོད་དགོས་སོ། ། མདོ་འདིའི་ཟུར་ལ་ཡང་ནའིའོ་ཞེས་པའི་ཡང་སྒྲ་སྡུད་ཚིག་ཡིན་ཏེ། མདོ་འདིའི་སྔོན་དེ་མ་ཐག་ལ་མ྄་ཡིག་ང་རོར་འགྱུར་བར་བཤད་པ་དང་། ཡང་ནའོ་ཞེས་བཀླག་ན་གདམ་ངའི་ཚིག་ཏུ་འགྱུར་བའི་སྐྱོན་འབྱུང་བས་ཡང་སྒྲ་སྡུད་ཚིག་ཏུ་གོ་དགོས། གང་བསྡུ་ན་མ྄་ཡིག་མ་ཟད་ན྄་ཡིག་ཀྱང་ང་རོར་འགྱུར་བར་བསྟན་ནོ། ། སྤྱིར་མཚམས་སྦྱོར་འདིའི་དཔེར་བརྗོད་རྣམས་ལ་ཚིག་སྔ་ཕྱི་མཚམས་སྦྱོར་པའི་དཔེར་བརྗོད་ཤས་ཆེ་ཞིང་། མིང་ཚིག་ཏུ་སྒྲུབ་བཞིན་པ་རེའང་ཡོད་དེ། ཡ་ཤཱན྄་སི་དང་པུམ྄་བྷྱཱཾ་ལྟ་བུ་ནི་མིང་ལ་སི་སོགས་བྱིན་པ་སྔ་མ་མ་ནིང་གི་རྟགས་དང་། ཕྱི་མ་སྐྱེས་པའི་རྟགས་ཚིག་ཏུ་སྒྲུབ་པ་སྟེ་དེ་འདྲ་བ་གཞན་འགའ་ཞིག་བྱུང་ངོ༌། ། ན་ལས་ཚ་ཏ་ལ་སཀ྄་དང་ཤ་ལས་ཙཀ྄་ལྟ་བུ་ནི། ཨཱ་ག་མ་ཀ྄་འགྲོ་བ་ཅན་ཡིན་པས། དང་བོ་སྦྱིན་ཡུལ་ངོས་ཟིན་པར་བྱས་ནས་སྦྱིན་ཡུལ་དེའི་མཇུག་ཏུ་སྦྱིན། ཨཱ་ག་མ་དེ་སུཊ྄་ལྟ་བུའི་ཊ྄་འགྲོ་བ་ཅན་ཡིན་ཚེ་སྦྱིན་ཡུལ་གང་ཡིན་པ་དེའི་སྔོན་དུ་སྦྱིན་དགོས་ཏེ། འགྲེལ་བར་ཊིཏ྄་དང་བོ་དང་ཀིཏ྄་མཐའ་མར་སྟེར་བར་བཤད་ཅེས་དང་། མིང་མཚམས་སྦྱོར་ལས་གང་ཞིག་ཨིཏ྄་ཀྱི་མིང་ཅན་དེ་ནི་དབྱིའོ་གསུང་བའི་དོན་ནི། སྤྱིར་ཨིཏ྄་ཅེས་པ་འགྲོ་བའི་དོན་ལ་འཇུག་སྟེ། ཨིན྄་འགྲོ་བའི་བྱིངས་ཀྱི་ན྄་རྗེས་འབྲེལ་གྱིས་ཕྱིས། ཀྭིཔ྄་དང་ཏུཀ྄་བྱིན། ཨུཀ྄་དང་ཀྭིཔ྄་ཕྱིས་པའི་ཤུལ་ཡིན་པས། ཨིཏ྄་འགྲོ་བར་འཇུག དེའི་སྔོན་དུ་ཊ྄་དང་ཀ྄་སྲོག་མེད་བྱུང་བ་དེ། ཨིཏ྄་ལ་སྦྱར་བས་ཊིཏ྄་དང་ཀིཏ྄་ཞེས་པ་ཊ྄་འགྲོ་བ་དང་ཀ྄་འགྲོ་བ་ཞེས་པའོ། ། དེས་རིགས་ཀུན་ལ་འདྲའོ།། ༈ །།
ལྔ་བ་རྣམ་བཅད་མཚམས་སྦྱོར་ཞེས་པ་དེ་སྤྱིར་ཚིག་ཏུ་གྲུབ་ཟིན་གྱི་མཐའི་རྣམ་བཅད་དེ་དབྱངས་གསལ་གང་རུང་ཞིག་ཏུ་འགྱུར་འགྲོ་བར་བསྟན་པ་ཡིན། དེས་ན་ཚིག་མཐའི་རྣམ་བཅད་དེ། དབྱངས་གསལ་གྱི་ཡི་གེ་གང་དུ་འགྱུར་བ་རྣམ་བཅད་ཀྱི་ཕ་རོལ་དེ་མ་ཐག་ལ་ཁ་སའི་ནང་ཚན་གྱི་ཡི་གེ་བྱུང་ན་རྣམ་བཅད་དེ་ས་ཡིག་ཏུ་འགྱུར་བ་དང་། དེའི་དམིགས་བསལ་ཤ་ཥ་ས་གསུམ་གང་རུང་ཞིག་བྱུང་ན་དེ་གསུམ་གང་ཡོད་པ་དེའི་གཟུགས་སུ་འགྱུར། རིམ་པར་ཀཿ ཤེ་ཏེ་ལྟ་བུ་བྱུང་ན་ཤ྄་ཡིག་ཏུ་གྱུར་བས་ཀཤྴེཏེ། སུ་ཉལ། ཀཿ ཥཎྚེ། ཀཥྵཎྚེ། དུམ་བུར་གང་བྱེད། ཀཿ སཱ་དྷུ། ཀས྄སཱདྷུ། གང་ལེགས་ལྟ་བུར་བསྒྱུར་བ་དང་། ཡང་ན། དེ་དག་ཁ་སའི་ཡི་གེ་ཡིན་ཡང་རྣམ་བཅད་ཉིད་དུ་གནས་པ། ཀཿ ཤེ་ཏེ། ཀཿ ཥཎྚེ། ཀཿ སཱ་དྷུ་ལྟ་བུ་སྤྱི་ལས་དམིགས་བསལ་བྱུང་བའོ། ། ཀུ་པུ་དག་ལས་ྈྐ་ྉྤ་དག་ཡང་ནའོ་ཞེས་པའང་སྤྱི་ལས་དམིགས་བསལ་བྱུང་བ་སྔ་མ་ལྟར་རོ། ། བཱ་ཙའི་པ་ཏི་ལ་སོགས་པ་རྣམས་སོ་ཞེས་པ་དེ། ཚིག་ཏུ་གྲུབ་པ་གཉིས་ཀྱིས་མིང་གཅིག་སྒྲུབ་ཚུལ་ཡིན་ཏེ། བཱ་ཙཿ སྨྲ་བ། པ་ཏིཿ བདག་པོ་ཚིག་ཏུ་གྲུབ་པ་གཉིས་ཀྱིས་མིང་གཅིག་སྒྲུབ་ན་སྐབས་ཀྱི་མདོ་འདིས་སྒྲུབ་ན་ངེས་ཚིག་གིས་སྒྲུབ་པར་འགྱུར་ཏེ། རྗེ་བཙུན་འཇམ་དབྱངས་ལྟ་བུ། ཆོས་ཐམས་ཅད་སྨྲ་བ་ལ་དབང་འབྱོར་བས་ན་སྨྲ་བའི་བདག་པོར་གྱུར་བའི་ལྷའམ་སངས་རྒྱས་གཅིག་གི་མིང་དུ་གྱུར་བ། བཱ་ཙསྤ་ཏིཿ ལྟ་བུ་དང་། རྣམ་པར་བཅད་བྱའི་སའོ་ཞེས་བསྒྲུབས་ནའང་གྲུབ་གཟུགས་གཅིག་པ་འོང་སྟེ། བཱ་ཙསྤ་ཏིཿ ལྟ་བུ་ནི་སྨྲ་བའམ་ཚིག་ཐ་དད་དུ་སྟོན་པ་ཡིན་ཏེ། སྨྲ་བའི་ཚིག་གམ་ངག་ཏུ་བརྗོད་པའི་ཚིག་གི་ཕྲེང་བ་ལྟ་བུར་འགྱུར་རོ། ། སྤྱིར་རྣམ་བཅད་ནི་ས྄་ར྄་སྲོག་མེད་གང་རུང་རྣམ་བཅད་དུ་གྱུར་བ་ཡིན་མོད། རྣམ་བཅད་ས྄་ར྄་གང་དུ་འགྱུར་དགོས་པའི་ངེས་པ་མེད་དེ། རྣམ་བཅད་རང་གི་མཇུག་ཐོག་ཏུ་བྱུང་བའི་ཡི་གེར་ལྟོས་དགོས་ཏེ་རྣམ་པར་བཅད་བྱའི་སའོ་ཞེས་པ་ཁ་སའི་ཡི་གེ་གང་བྱུང་ན། ཚིག་མཐའི་རྣམ་བཅད་དེ་སར་འགྱུར་དགོས་གསུང་བའི་མདོ་དེ་སྤྱིར་བཏང་བ་དང་། ཤ་ཥ་ས་ལ་ཡང་ནའོ་དང་ཀུ་པུ་དག་ལ་ྈྐ་ྉྤ་དག་ཡང་ནའོ་གཉིས་ནི་སྤྱི་ལས་དམིགས་བསལ་བྱུང་བ་ཡིན་ནའང་གཉིས་ཀར་གདམ་ང་བྱས་ཆོག་པར་བསྟན་ནོ། ། ཚིག་མཐའ་སོགས་ཀྱི་རྣམ་བཅད་རྣམས་ཕ་རོལ་ཀྱི་ཚིག་གི་ཐོག་མ་དང་རྣམ་བཅད་ཀྱི་སྔོན་དེ་མ་ཐག་གི་ཡི་གེ་ལའང་ལྟོས་དགོས་ཏེ། ཨཱ་ལས་ཨ་བ་ལ་དབྱིའོ་ཞེས་རྣམ་བཅད་དབྱི་བ་དང་། ཨ་ལས་ཨ་ལ་ཨུའོ་དང་། ཧ་བ་ལའོ་ཞེས་པ་གཉིས་ཀྱིས་རྣམ་བཅད་ཨུ་དང་། ནཱ་མི་ལས་རའོས་རྣམ་བཅད་རར་འགྱུར་བ་དང༌། དབྱངས་ལ་ཡ་ཉིད་ཡང་ནའོ་ཞེས་པ་སྤྱི་དམིགས་བསལ་གདམ་ང་ཡིན་པ་སོགས་ཤེས་སླའོ། ། དབྱངས་ཅན་བརྡ་སྤྲོད་འདིར་ཤ་ཕ་རོལ་ལ་གནས་ན་རྣམ་བཅད་ཨུ་ཡིག་ཏུ་བསྒྱུར་བའི་མདོ་དངོས་མ་གསུངས་ཀྱང་། པཱ་ཎི་བར་ཤ་ཕ་རོལ་ལ་རྣམ་བཅད་ཨུ་ཡིག་ཏུ་སྒྱུར་བྱེད་ཀྱི་མདོ་དང་དཔེར་བརྗོད་དངོས་སུ་ཡོད། འོན་ཀྱང་འདིར་ལྷག་མ་འཇིག་རྟེན་ལས་གྲུབ་པ་འདིར་བཤད་དོ། ། ཞེས་པས་ཀ་ཙཱན་སོགས་ལའང་སྦྱང་དགོས་པར་བསྟན། ནཱ་མི་ལས་རའོ་ཞེས་པ་དང་། ར་ལས་སོ་ཞེས་པ་གཉིས་སྔ་མས་རྣམ་བཅད་ཀྱི་སྔོན་ལ་དབྱངས་ནཱ་མི་གང་རུང་དང་ཕ་རོལ་ཏུ་ཨ་བའི་ཡི་གེ་ཉེར་དགུ་བོ་གང་རུང་ཡོད་དགོས་པ་དང་། མདོ་ཕྱི་མས་ཀྱང་རྣམ་བཅད་དེ་ར྄་རྣམ་བཅད་དུ་གྱུར་བ་ཡིན་ན། ཁ་པའི་ཡི་གེ་གང་རུང་ཞིག་ཡིན་ན་རྣམ་བཅད་ར྄ར་འགྱུར་ཞིང་མདོ་དེ་གཉིས་ཀར་ཚིག་མཐའི་རྣམ་བཅད་ཡིན་དགོས་པ་འདྲའོ། ། ཨ་ཧན྄འི་སའོ་ཞེས་པ་ཚིག་མཐའི་ན྄་ཡིག་ས྄ར་གྱུར་ནས་རྣམ་བཅད་བྱས་པ་ལ་བཤད་དེ་ཉིན་མོའི་སྐད་དོད་ཨ་ཧན྄་ལ་དང་བོའི་སི་བྱིན་པ་ཕྱིས། མཐའི་ན྄་ཡིག་ས྄ར་བསྒྱུར་བ་རྣམ་བཅད་བྱས་པའི་དབང་གིས་འགྲེལ་བར་ཨ་ཧན྄་ཚིག་ཏུ་གྲུབ་པའི་མཐའི་རྣམ་བཅད་གསུངས་དོན་དེ་ཡིན་ནོ།། ༈ །།
མཚམས་སྦྱོར་ལྔའི་མཇུག་གི་ཚིགས་བཅད་དྲུག་གི་དང་བོ་གཉིས་ཀྱིས་རྣམ་བཅད་ཕྱིས་ནས་སླར་མཚམས་སྦྱར་ན་ཕྱིས་པ་ལས་མཚམས་སྦྱར་བ་གོང་དུ་བཀག་མོད། སྡེབ་སྦྱོར་དབང་བཙན་པས་ཡི་གེ་ཕྱིས་པ་ལས་སླར་མཚམས་སྦྱར་བ་ཉེས་པ་མེད་པའི་དཔེ་སྟེ། ཙཱནྡྲ་བ་ལས་ས་ཨ་ཙ་ལ་དབྱི་ལ་དེ་རྐང་བ་རྫོགས་པ་ལའོ་ཞེས་དངོས་སུ་བསྟན་པ་ལྟར་རོ། ། ཚིགས་བཅད་ཕྱི་མ་བཞིའི་དང་བོས་སྤྱིར་བརྡ་སྤྲོད་པའི་གཞུང་ལས་སྤྱི་དང་དམིགས་བསལ་དང་དམིགས་བསལ་གྱི་དམིགས་བསལ་དང་སྤྱི་དམིགས་བསལ་གཉིས་ལ་གདམ་ང་དང་སྤྱི་དམིགས་བསལ་གཉིས་ཀ་ལས་གཞན་མཆོག་གི་སྦྱོར་བ་གསང་ཚིག་གིས་སྒྲུབ་པ་སོགས་ལྔ་ཡོད་པར་བསྟན་པའི་དཔེ་ནི་རིམ་པར། ༡། ཡི་གེ་གློ་བུར་བ། གོ་ཨིནྡྲཿ བཞག་པ་ལ་ཨ་ཡིག་ཨཱ་ག་མ་བྱིན་ནས་ཆོ་ག་ལྟར་བསྒྲུབས་པས། ག་བེནྡྲཿ ། བ་ལང་དབང་བོ་ལྟ་བུའོ། ༢། ཡི་གེ་བསྣོལ་བ་ནི། ཧིཾས་འཚེ་བའི་བྱིངས་ལ་ཡི་གེ་བསྣོལ་བ་ལའང་ངོ་ཞེས་པས་ཨ་བྱིན། ཧ྄་དང་ས྄་སྲོག་མེད་གཉིས་ཕན་ཚུན་གོ་ས་བསྣོལ། ཨིང྄་རང་སར་བཞག་སྟེ་མཚམས་སྦྱར་བས། སིངྷ། སེང་གེའི་མིང་གྲུབ་པ་ལྟ་བུའོ། ། ༣། ཡི་གེ་རྣམ་པར་འགྱུར་བའི་དཔེ་ནི། དྲུག་གི་སྐད་དོད་ཥཥ྄་དང་བཅུའི་སྐད་དོད་དཤ྄་བཞག་པའི་འོག་གི་ཚིག་སྡུད་ནས་བཤད་པ་ལྟར། རྒྱུ་མཚན་འབྲེལ་མེད་ཀྱིས་ཥ྄་སྲོག་མེད་ཨུ་དང་ད་ཡིག་ཌ་ཡིག་གི་རྣམ་པར་འགྱུར་བ་ནི། སྤྱིར་ཥ྄་ཌ྄་དང་ད྄་སྲོག་མེད་ཌ྄ར་འགྱུར་ཚུལ་ཡོད་ནའང་ཥ྄་ཨུ་དང་ད་སྲོག་ལྡན་ཌ་སྲོག་ལྡན་དུ་འགྱུར་བ་ནི་རྒྱུ་མཚན་འབྲེལ་མེད་ཀྱིས་ཡི་གེའི་རྣམ་པར་འགྱུར་བ་ལྟ་བུའོ། ། ༤། ཡི་གེ་ཉམས་པའི་དཔེ་ནི། རྒྱས་པའི་སྐད་དོད་པྲྀ་ཥཏ྄་དང་ལྟོ་བའི་སྐད་དོད་ཨུ་ད་རཿ བཞག རྒྱུ་མཚན་མེད་པར་ཏ྄་ཡིག་ཉམས་པའམ་ཕྱིས་ནས་མཚམས་སྦྱར་བས། པྲྀ་ཥོ་ད་ར་གྲུབ་པ། རྒྱས་པའི་ལྟོ་བ་ཞེས་སོ། ། ༥། ལྔ་བ་བྱིངས་དོན་ཕུལ་བྱུང་ཡི་གེའི་རྣམ་པ་འགྱུར་བ་དང་ཡི་གེ་ཉམས་པ་ལས། བྱིངས་མིང་དུ་བསྒྲུབས་ཟིན་པ་དེའི་རྣམ་པ་གཞན་དུ་འགྱུར་བ་དང༌། ཡི་གེ་ཉམས་པའི་དབང་གིས་བྱིངས་དོན་ཕུལ་བྱུང་དུ་གྱུར་བ་གཉིས་ལས། སྔ་མ་སའི་སྐད་དོད་མ་ཧཱི་དང་སྒྲའི་སྐད་དོད་རཿ བཞག པྲྀ་ཥོ་ད་ར་སོགས་ཀྱིས་ཧཱི་དབྱངས་དང་བཅས་པ། ཡཱུ་རིང་བོར་བསྒྱུར་བས་མ་ཡཱུ་རཿ ཞེས་པར་གྱུར་བ་དེ་སའི་སྟེང་ནས་སྒྲ་སྙན་པོར་སྒྲོག་པ་དེ་རྨ་བྱའི་མིང་ལ་འཇུག་པ་ལྟ་བུའོ། ། ཕྱི་མ་ཡི་གེ་སྔར་ཡོད་ཉམས་པའི་དཔེ་ནི། གཡོ་བའི་སྐད་དོད་བྷྲ་མཏ྄་དང་སྒྲའི་སྐད་དོད་རཿ བཞག པྲྀ་ཥོ་ད་ར་སོགས་ཀྱིས་ཚིག་མཐའི་ཏ྄་ཕྱིས་པས། བྷྲ་མ་རཿ གྲུབ་པས། འཁོར་བསྒྲགས་ཏེ་འཕུར་ལྡིང་བྱེད་བཞིན་དུ་སྒྲ་སྙན་པ་འབྱུང་བ་བུང་བའི་མིང་དུ་གྲུབ་པ་ལྟ་བུ་སྟེ་གཞན་དུ་རྒྱ་ཆེར་ཤེས་དགོས། དཔེར་བརྗོད་འདི་གཉིས་ནི་ཚིག་གཉིས་ཀྱིས་མིང་གཅིག་བསྒྲུབས་ཏེ། ངེས་ཚིག་གིས་བསྒྲུབས་ཚུལ་ཞིག་ཡིན་ནོ། ། དེ་རྣམས་ཀྱིས་མཚམས་སྦྱོར་ལྔའི་སྤྱི་དོན་རེ་ཞིག་བཤད་ཟིན་ནོ།། ༈ །།
ད་ནི་མིང་ལེ་བཅུ་གཉིས་ལས་དང་བོ་སྐྱེས་པའི་རྟགས་དབྱངས་མཐའ་ཅན་རྣམས་ནི། སྤྱིར་བྱིངས་ལ་ཀྲྀཏ྄་རྐྱེན་བྱིན་ནས་མིང་དུ་གྲུབ་པ་ལ་དབྱངས་དང་ཧ་སའི་མཐའ་ཅན་གཉིས་དང་། དེ་རེ་རེ་ལའང་ཕོ་མོ་མ་ནིང་གི་རྟགས་ཀྱི་དབྱེ་བ་ཡོད་ལ། རྟགས་དེ་རྣམས་སྤྱིར་བཏང་གི་གང་ཟག་ཕོ་མོ་མ་ནིང་ཙམ་ཤེས་སླ་ནའང་དེ་ཙམ་མ་ཡིན་པའི་རྟགས་སོ་སོར་ངོས་ཟིན་པ་དཀའ་བའི་གནས་ཤིག་ཡིན་ཏེ་བརྗོད་བྱ་དོན་གྱི་དབང་གིས་གོ་གཅིག་པོའི་སྒྲ་ལ་ཡང་རྟགས་གསུམ་གའི་ཆོ་ག་འཇུག་པར་གསུངས། བོད་ལྟར་སྒྲའི་གདངས་དམ་ལྷོད་ཙམ་གྱི་སྒོ་ནས་དབྱེ་རྒྱུ་མ་ཡིན་པས་ཧ་ཅང་དཀའོ། ། འོན་ཀྱང་ཀྲྀཏ྄་ལེའུ་མཇུག་ཏུ་རགས་ཙམ་འབྲི་བར་འདོད། སྐྱེས་པའི་རྟགས་ཨ་ཐུང་མཐའ་ཅན་ཐམས་ཅད་སྤྱིར་བཏང་དེ་བའི་སྒྲུབ་ཚུལ་ལྟར་དང་། དམིགས་བསལ་ཨཏ྄་མཐའ་ཅན་ཡིན་ཡང་སརྦ་སོགས་ལ་དེ་བའི་སྒྲུབ་ཚུལ་དང་མི་འདྲ་ས་དང་འདྲ་ས་ཡོད་དེ། སརྦའི་སྐབས་སུ་ཨ་བ་ཀུ་པུ་བར་ན་ཡོད་ཀྱང་ངོ་ཞེས་པ་ཨ་བའི་ཡི་གེའི་ནང་ཚན་ཉེར་དགུ་དང་། དེར་མ་ཚུད་པའི་ཀ་སྡེ་དང་པ་སྡེ་བར་ན་ཡོད་ཀྱང་ན་ཎར་འགྱུར་ཞེས་པའོ། ། དེ་ཡང་མིང་གཅིག་གི་ནང་མཚན་ཉིད་དེ་འདྲ་ཚང་ན་ན་ཡིག་ཎ་ཡིག་ཏུ་འགྱུར་འགྲོ་བ་མ་གཏོགས། མིང་སྔ་ཕྱི་གཉིས་ལ་མཚན་ཉིད་ཀྱི་ཟུར་དེ་འདྲ་བྱུང་ཡང་ན་ཡིག་ཎར་མི་འགྱུར་མོད། དམིགས་བསལ་བྱུང་བ་གཞུང་འདིར་བྱུང་འདུག པཱུརྦ་སོགས་ལ་སྤྱི་དམིགས་བསལ་གདམ་ང་བྱས་ཆོག་པ་དང་། ཨི་དམ྄། ཨ་དས྄། ཨེ་ཏད྄། ཀིམ྄། ཡུསྨད྄། ཨསྨད྄། རྣམས་སརྦའི་སོགས་ཁོང་ཡིན་ཞིང་། སྒོས་ཀྱི་ཆོ་ག་རེ་ཡོད། ཏ་ཡཊ྄་དང༌། ཨ་ཡཊ྄། ཏཱི་ཡ་རྣམས་སྔ་མ་གཉིས་ཨེ་ཀ་སོགས་གྲངས་ཀྱི་སྒྲ་གང་ཡིན་ཡང་། དངོས་པོ་དེ་ལྡན་སྟོན་པའི་རྐྱེན་ཡིན་ཏེ། ཏྲི་ལ་ཨ་ཡཊ྄་སྦྱར་བས། རཏྣ་ཏྲ་ཡ། ལྟ་བུ། དཀོན་མཆོག་ལ་གསུམ་ཡོད་པར་སྟོན་ནོ། ། ཏཱི་ཡའི་རྐྱེན་ནི་དོན་སྔོན་མ་དང་འདྲའང་དྭི་དང་ཏྲི་གཉིས་ལས་གཞན་ལ་མི་སྦྱོར། འགྲེལ་བར་དོན་དང་ལྡན་པ་ཞེས་པ་ནི། དཔེར་ན་ཛྙཱ་ཁོངས་སུ་ཆུད་པ། ཡུཊ྄་སྦྱར་ནས་ཛྙཱ་ཡུཊ྄་ཞེས་པ་ཙམ་ལ་བརྗོད་བྱ་གང་ཡང་སྟོན་པའི་ནུས་པ་མེད་ལ། ཡུ་ཨ་ན་རུ་བསྒྱུར། འདྲ་རིང་བྱས་པས་ཛྷཱ་ན་ཞེས་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མིང་དུ་གྱུར་བས་བརྗོད་བྱའི་དོན་སྟོན་པ་ལྟ་བུའོ། ། ད་ནི་སྤྱིའི་འགྲོ་ཚུལ་ནི་རྟགས་གསུམ་གང་ཡིན་ཡང་རྟགས་དབྱངས་མཐའ་ཅན་ལ། རྣམ་དབྱེ་དབྱངས་ཐོག་མ་ཅན་བྱུང་ན་བྱ་བ་འབྱུང་བ་དཔེར་ན། དེ་བ་དང་ཨཽ་དག་ལ་ཨོ་དང་ཨཽ་ལ་ཨཽ་དང་། བྷ་ལ་ཨཱའོ། ། ཊཱ་ཨོས྄་དག་ལ་ཨེ་དང༌། བྷ་ས་མང་བོ་ཉིད་ལ་ཨེའོ་དང་། ཧ་རི་དང་ང྄་འགྲོ་བ་སོགས་ལ་རྟགས་མཐའ་ཨེ་དང་ཨེ་ཨཡ྄་ལྟ་བུ། འོན་ཀྱང་། ང྄་འགྲོ་བའི་རྣམ་དབྱེ་དག་དབྱངས་དང་བོ་ཅན་མིན་ཏེ། ང་དང་བོ་ཅན་ཡིན་སྙམ་ནའང་དེ་དག་ང྄་ཁྱད་དོན་གྱིས་དབྱི་དགོས་པས་རྐྱེན་དངོས་ནི་ཨེ་ལྟ་བུ་ཡིན་པས་དོན་ལ་རྣམ་དབྱེ་དེ་འདྲ་དབྱངས་དང་བོ་ཅན་ལ་ངོས་འཛིན་དགོས་པ་སོགས་མང་བོ་འབྱུང་བ་ངེས་དགོས། དེར་མ་ཟད་སུ་ཤྲཱི་སོགས་རིང་བོའི་མཐའ་ཅན་དང་། པི་ཏྲྀ་ལྟ་བུའི་རྀ་མཐའ་ཅན་དང་སུ་རཻ་དང་གླཽ་ལྟ་བུ་རྣམས་ཀྱི་ཕ་རོལ་ཏུ་དབྱངས་དང་བོ་གང་བྱུང་ན་སྔོན་མའི་མཐའ་ལ་རྣམ་འགྱུར་འབྱུང་བ་དང་། ཧ་ས་དང་བོ་ཅན་ལ་ཨ་ཐུང་མཐའ་ཅན་མ་གཏོགས་གཞན་ལ་རྣམ་འགྱུར་འབྱུང་བ་མེད་དོ། ། རྟགས་ཧ་སའི་མཐའ་ཅན་ལ་ཕ་རོལ་ཏུ་དབྱངས་དང་བོ་ཅན་བྱུང་བ་ལ་སྔ་ཕྱི་མཚམས་སྦྱར་བ་ཁོ་ན་དང་། ཧ་སའི་མཐའ་ཅན་ལ་རྣམ་དབྱེ་ཧ་ས་དང་བོ་ཅན་སྦྱར་ན་རྟགས་མཐའི་ཧ་ས་སོགས་ལ། རྣམ་འགྱུར་འབྱུང་བ་སོགས་གཞུང་གི་དཔེར་བརྗོད་རྣམས་ལ་བརྟགས་ན་ལེགས་པར་ཤེས་ནུས་སོ།། ༈ །།
ཕོའི་རྟགས་ས་ཁི་དང་པི་ཏྲྀ་དག་ལ་དང་བོ་སི་བྱིན། ས་ཁིའི་ཨཻའོས་ཨི་ཡིག་ཨཻ་རུ་བསྒྱུར། དྷི་མ་ཡིན་པའི་སི་ཌཱའོས་སི་ཌཱར་བསྒྱུར་ནས་ཊི་དབྱི་བ་དང་། ཨི་ཨཻ་རུ་མ་བསྒྱུར་བར་སི་ཌཱ་དང་ཊི་དབྱི་ནའང་གྲུབ་གཟུགས་འདྲ་མོད། འགྲེལ་བར་རྣམ་དབྱེ་ཐོག་མ་ལྔ་ལ་ཞེས་བཤད་ནའང་། དཔེར་བརྗོད་སྐབས་ཨཻ་མ་བྱས་པས་སི་ཌཱ་དང་ཊི་ཕྱིས་འདུག་པ་ལ། བྱ་ཚགས་ཀྱི་མཆན་ལས་འདར་ལོ་ལ་སྐྱོན་བརྗོད་ཡོད། དེ་གཉིས་གང་བྱས་ཀྱང་གྲུབ་གཟུགས་འདྲ་བ་འབྱུང་། པི་ཏྲྀ་ལའང་ལྔ་ལ་ཨར྄འོ་ཞེས་པས་རི་ཡིག་ཨར྄། དེ་ནས་སིའི་ཨཱའོ་དང་། ཊི་དབྱི་དགོས་སམ་རྀ་ཨར྄་དུ་མ་བསྒྱུར་བར་སི་ཨཱ། དེ་ནས་ཊི་ཕྱིས་ནའང་གཟུགས་འདྲ་བ་འོངས། སུ་ཤྲཱི་སོགས་དབྱངས་རིང་བོའི་མཐའི་སྐབས་སུ་འགྲེལ་བར་བྱིངས་ཀྱི་ངོ་བོར་གནས་པའི་མིང་མཐའི་ཨཱི་ཨཱུ་དག་ཅེས་སོགས་གསུངས་པ་ནི། སྤྱིར་མིང་ལེའི་སྐབས་སུ་མིང་རྐྱང་དང་མིང་བྱིངས་གཉིས་ཀའི་གཞི་མཐུན་མ་གཏོགས་བྱིངས་ཁོ་ན་མི་འབྱུང་ལ། གཉིས་ཀ་ཡིན་པ་ལ་རིང་བོའི་མཐའ་ཅན་ཁོ་ན་ཡིན། དེའང་བྱིངས་ལ་ཀྲྀཏ྄འི་རྐྱེན་ཀྭིཔ྄་དང་པིཎ྄འི་མཐའ་ཅན་ཁོ་ན་ཡིན་ཏེ། དཔེར་ན། པཱ་བཏུང་བ། ཤྲཱི་འབྱོར་བ། བྷཱུ་ཡོད་པ། མཱང྄་དང་མཱ་ཚད་འཇལ་བ། ཡཱ་ཐོབ་པ། ཎཱིཉ྄་འདྲེན་པ་ལྟ་བུ་སོགས་ལ་ཀྭིཔ྄་བྱིན་ནས་མིང་དུ་གྲུབ་སྟེ་ཕྱིས་པ་ཤ་སྟག་ཡིན་པ་སོགས་ནི་མིང་བྱིངས་གཉིས་ཀ་ཡིན་ཏེ། མིང་སྒྲུབ་བྱེད་ཀྲྀཏ྄འི་རྐྱེན་ཀྭིཔ྄འི་མཐའ་ཅན་ཡིན་པ་དང་བྱིངས་ཀྱི་ངོ་བོར་གནས་པ་ཡིན་ཏེ། བྷཱུ་སོགས་ལ་ཀྭིཔ྄་བྱིན་ཡང་བྱིངས་རང་གི་ངོ་བོའི་གཟུགས་མ་འགྱུར་བར་ཇི་བཞིན་གནས་ཡོད་པས་བྱིངས་ཡིན་པ་ལྟ་བུའོ། ། དེ་དག་ཨཱི་ཨིཡ྄་སོགས་སྒྲུབ་ཚུལ་གཞུང་ལྟར་རོ། ། འོན་ཀྱང་སྡེ་འདྲེན་པའི་སྐད་དོད་སེ་ནཱ་ནཱི་ལྟ་བུའི་ནི་མིང་བྱིངས་གཞི་མཐུན་ཡིན་ནའང་སྔོན་དུ་སྡེའི་སྐད་དོད་སེ་ནཱ་སོགས་བྱུང་བས། ཡ྄་བ྄་དག་ཡང་ནའོ་ཞེས་པས་ཨཱི་ཡིག་ཡ྄་སྲོག་མེད་དུ་འགྱུར་བ་དང་། བྱིངས་ཀྱི་ཨཱི་ཨཱུ་དག་ཅེས་སོགས་ཀྱིས་ཨིཡ྄་ཨུབ྄་རུ་བསྒྱུར་བ་གདམ་ང་བྱས་ཆོག བྷརྵ་བྷུ་དང་པུ་ནར྄བྷཱུ་གཉིས་ལ་ཡ྄་བ྄་དག་ཡང་ནའོ་དང་བྱིངས་ཀྱི་ཨཱི་ཨཱུ་དག་གི་ཨིཡ྄་ཨུབ྄་དག་ཡང་ནའོ་ཞེས་གདམ་ང་བྱས་ཆོག་ལ། ཡི་གེ་གཉིས་གསུམ་སོགས་སྔོན་ན་མེད་པའི་བྷཱུ་དང་དྷཱིའི་སྒྲ་ལ་བྱིངས་ཀྱི་ཨཱི་ཨཱུ་ཞེས་སོགས་མ་གཏོགས་ཡ྄་བ྄་དག་ཡང་ནའོའི་མདོ་མི་ཐོབ་ཞེས་པའོ།། ༈ །།
རྀ་ཐུང་མཐའ་ཅན་པི་ཏྲྀ་དང་ཀར྄ཏྲྀ་དག་ལ་སྔ་མར་ལྔ་ལ་ཨར྄་འོས་ཨ་ཐུང་དང་ཕྱི་མར་སྟྲྀའི་ཨཱར྄འོ་ཞེས་ཨཱ་རིང་བོ་བྱེད། བོད་པ་གསུམ་ལ་དཔྱད་གཞི་ཆེའང་པད་དཀར་ཆུན་པོར་བྲིས་ཟིན་པས་དེར་གཟིགས། ཕོའི་རྟགས་དབྱངས་མཐའ་ཅན་རགས་པར་བཤད་ཟིན་ནོ།། ༈ །།
ད་ནི་བུད་མེད་ཀྱི་རྟགས་དབྱངས་མཐའ་ཅན་རྣམས་ལས་ཤྲཱདྡྷཱ། དད་ཅན། མཱ་ལཱ། ཕྲེང་ལྡན་མ། ཛ་རཱ། རྒས་མ། དྷྲྀ་ཏི། འཛིན་མ། རུ་ཙི། མཛེས་མ། དྷེ་ནུ། འཇོ་མ། གཽ་རཱི། དཀར་མོ། སཱ་ར་སྭ་ཏཱི། མཚོ་ལྡན་མ། བྲཧྨཱཎཱི། བྲམ་ཟེ་མོ། ཀུ་མཱ་རཱི། གཞོན་ནུ་མ། ཀི་ཤོ་རཱི། ལོ་བརྒྱད་མ། ཀ་ལ་བྷཱི། མཛེས་མ། སྟྲཱི། བུད་མེད། མཱ་ཏྲྀ། མ། ཤྭཱཤ྄རཱུ། སྒྱུག་མོ་སོགས་ཀྱི་སྒྲ་ཡུལ་བུད་མེད་ཁོ་ན་དང་སརྦ་སོགས་ནི་སྐབས་འདིར་ཚིག་གྲོགས་བུད་མེད་ཀྱི་སྒྲ་དང་འཕྲད་པས་མོ་རྟགས་ལྟར་སྒྲུབ་པ་སོགས་དང་། དེ་དག་ལས་གངྒཱ་སོགས་ནི་ལེགས་སྦྱར་གྱི་ལུགས་སུ་བུད་མེད་ཀྱི་རྟགས་ཞེས་བརྗོད་པ་ཙམ་མ་གཏོགས་གངྒཱ་དང་བུ་དྡྷིའི་སྒྲ་སོགས་ཀྱི་འཇུག་ཡུལ་བུད་མེད་དངོས་མིན་པ་ཤེས་སླ་སྟེ། དེའང་བུདྡྷིའི་སྒྲ་བུད་མེད་ཀྱི་རྟགས་ཡིན་པའི་ཚུལ་ནི། བུདྷ་ལྟ་བུའི་བྱིངས་ལ། ཀྲྀཏ྄་རྐྱེན་ཀྟི་བྱིན་པའི་དབང་གིས་མོ་རྟགས་སུ་གྱུར་བ་ཡིན་ཏེ། ཀྟིའི་རྐྱེན་མཐའ་ཅན་རྣམས་ནི་བུད་མེད་ཀྱི་རྟགས་ཡིན་པའི་དབང་གིས་ཡིན་ནོ།། ༈ །།
མ་ནིང་གི་རྟགས་དབྱངས་མཐའ་ཅན་སོགས་ལས་རིགས་ཀྱི་སྐད་དོད་ཀུ་ལ་ལྟ་བུར་མཚོན་ན། སྒྲ་དེ་ཕོ་མོའི་ཕྱོགས་སུ་མ་ལྷུང་ཞིང་སྒྲ་དེ་སྤྱིར་ཕོའི་རིགས་སུ་གྱུར་བ་དང་བུད་མེད་ཀྱི་རིགས་ཞེས་གཅིག་ཏུ་མ་ངེས་པའི་རྒྱུ་མཚན་གྱིས་ཨེ་ཡིན་སྙམ་པ་རང་གི་རྣམ་རྟོག་གོ་ཞེས་རྟགས་གསུམ་དབྱངས་ཀྱི་མཐའ་ཅན་རགས་ཙམ་རེ་ཞིག་བཤད་ཟིན་ནོ།། ༈ །།
རྟགས་གསུམ་ཧ་སའི་མཐའ་ཅན་ལས་དང་བོ་སྐྱེས་པའི་རྟགས་ཨ་ན་ཌུཧ྄འི་སྐབས་སུ་ཨ་ན་ཌུཧ྄འི་སི་ལའོ། ། ཞེས་པའི་འགྲེལ་བར་མདོ་གཞན་ལས་ཨཱམ྄་ཨཱ་ག་མ་སྦྱིན་པར་བཤད་པས་ཨཱམ྄་སྦྱིན་དགོས་པས་ཨཱ་ག་མ་དེ་འདིར་མ྄་རྗེས་འབྲེལ་ཅན་ཡིན། སྦྱིན་ཡུལ་དབྱངས་ཀྱི་མཐར་སྟེར་དགོས། ཨཱ་ག་མ་གང་ཡིན་ཀྱང་ཐོག་མར་སྦྱིན་ཡུལ་ངོས་འཛིན་དགོས། སྐབས་འདིར་ཨཱ་ག་མ་ནི་ཨཱམ྄་ཡིན། མ྄་དབྱངས་མཐར་སྟེར་བའི་གནས་དོན་ཡིན་པས་ཨཱམ྄་ཨཱ་ག་མ་ཧ྄་སྲོག་མེད་ཀྱི་སྔོན་དུ་ཌུའི་སྲོག་གི་ཨུའི་མཐར་བྱིན་ནས་མ྄་ཕྱིས། ཨུ་བ྄ར་བསྒྱུར་ནས་སྤྱི་འགྲོ་ལྟར་བྱས་པས་ཨ་ཎ་ཌ྄བཱཧ྄་ཞེས་གནས་པར་ཚིག་ཏུ་སྒྲུབ་ཕྱིར་སི་བྱིན། ཨ་ན་ཌུཧ྄འི་སི་ལའོའི་ནུམ྄་སྔར་ལྟར་བྱིན། ནུམ྄་དང་བོའི་སི་ཁོ་ན་དང་ཨཱམ྄་དང་བོ་ལྔ་གང་རུང་ཕ་རོལ་ཏུ་ཡོད་ན་མ་གཏོགས་རྣམ་དབྱེ་ལྷག་མ་རྣམས་ལ་མ་ཡིན་ནོ། ། མ྄་དང་ཨུ་ཕྱིས་ཡང་དག་པར་སྦྱོར་བའི་མཐའི་ཧ྄་དབྱི། ཧ་ས་ཨཱིཔ྄་ལ་སི་དབྱིའོས་སི་དབྱི་ཞེས་པ་འདི་གཉིས་ལ་སྔ་ཕྱི་ཁྱད་པར་མེད། འགྲེལ་བར་མིང་ལ་ར་སའི་ཡི་གེ་ཕ་རོལ་ཏུ་ཡོད་ན་མིང་མཐའི་ཧ྄་དབྱི་བ་དང་། སི་སྔོན་དུ་དབྱི་ན་མཐའི་ཧ྄་ཚིག་མཐའ་ཡིན་པས་དབྱི་བར་བྱ་བ་དང་གང་བྱས་ཀྱང་མདོ་དོན་ཐོབ་བོ། ། ཨཱམ྄་སྟེར་བ་དེ་འདི་ཁོ་ནའི་སྒོས་ཆོས་ཡིན། རྣམ་དབྱེ་བྷ་དང་ས་ཐོག་མ་ཅན་བས྄་རྣམས་ཀྱི་ར་ས་ལའོས་ར་ས་སོ་སོར་བསྡུ་བའི་ཡི་གེ་ཕ་རོལ་ཏུ་བྱུང་ན་མིང་མཐའི་ཧ྄་ཡིག་དང་། འདིར་བཀོད་པའི་ས྄་མཐའ་ཅན་བཞི་བོ་དག་ད྄ར་འགྱུར་བ། བདུན་པའི་མིང་ཚིག་གི་སུཔ྄་ལ་ཁ་ས་སོགས་ཀྱིས་ད྄་ཏ྄ར་བསྒྱུར་དགོས་རྣམ་དབྱེ་དབྱངས་ཐོག་མ་ཅན་གང་བྱུང་ན། མཐའི་ཧ྄་ས྄་སྲོག་མེད་གང་བྱུང་ཡང་དབྱངས་ལ་མཚམས་སྦྱོར་བ་ཁོ་ནའོ། ། འོན་ཀྱང་གོ་དུཧ྄་དང༌། མ་དྷུ་ལིཧ྄། མི་ཏྲ་དྲུཧ྄། བྷཱར་བཱཧ྄། ཏུ་ར་སཱཧ྄་རྣམས་ལ་དཔེར་བརྗོད་རང་རང་གི་སྐབས་སུ་སྒོས་ཆོས་མི་འདྲ་བ་རེ་འབྱུང་བ་ནི་གཞུང་ལྟར་རོ། ། བཞིའི་སྐད་དོད་ཙ་ཏུར྄་ལ་དྲུག་པའི་མང་ཚིག་གི་ཨཱམ྄་སྦྱར་ཚེ་ཨཱམ྄་ལ་ནུཊ྄འོས་མདོ་མི་ཐོབ་སྟེ། དེ་མིང་མཐར་མཚུངས་པའི་ཡི་གེ་ཡོད་དགོས་ཀྱང་འདིར་མིང་མཐར་ར྄་སྲོག་མེད་ཡིན་པས་རའི་གྲངས་ལའོ་ཞེས་པས་ནུཊ྄་སྟེར། ཨུཊ྄་ཕྱིས། ཥ་ར་རི་ལས་མཐའ་མ་ཡིན་པའི་ན྄་ཎ྄། ར་ལས་ཡ་ཡང་གཉིས་སོ་ཞེས་པས་ཎ྄་གཉིས་བརྗོད། འོན་ཀྱང་ན་སྔ་ཕྱི་གཉིས་ཀ་ཚིག་མཐའ་མིན་པ་ཤེས་དགོས། ཙ་ཏུརྞ྄ཎཱཾ། བཞི་རྣམས་ཀྱི། རཱ་ཛན྄་ལ་རྐྱེན་ཧ་ས་ཐོག་མ་ཅན་བྱུང་སྐབས་དྷི་མ་ཡིན་པ་ལ་མིང་གི་ན་དབྱིའོ་ཞེས་པ་དེ། བྱིངས་མིང་དུ་སྒྲུབ་པའི་ཚེ་རཱ་ཛི་གསལ་བའི་བྱིངས་ལ་རཱ་ཛ་སོགས་ལ་ཨན྄འོ་མིང་དུ་སྒྲུབ་པའི་རྐྱེན་ཨན྄་བྱིན་པས། རཱ་ཛན྄་ཞེས་པའི་ན྄་ཡིག་མིང་གི་ཆ་ཤས་ཡིན་པ་ལྟ་བུའོ། ། དེ་ཡང་རྐྱེན་ཧ་ས་ཐོག་མ་ཅན་ལ་ཡིན་ཏེ་དབྱངས་ཐོག་མ་ཅན་བྱུང་ན་མཚམས་སྦྱོར་སོགས་བྱའོ། ། ན་མཐའ་ཅན་ལས་དཎྜིན྄། ཀ་པཱ་ལིན྄། མུ་ཤ་ལིན྄། དནྟིན྄། མཱ་ལིན྄། དྷ་ནིན྄་སོགས་གཞུང་འདིར་བྱུང་བ་རྣམས་ནི་དཎྜ་སོགས་ལ་དེ་ཕན་ལས་མ་དང་ཨ་མཐའ་ཨུ་པ་དྷཱ་ལས་བ་ཏུ་ཨིན྄་དག་གོ་ཞེས་ལྡན་རྐྱེན་ཨིན྄འི་མཐའ་ཅན་ཡིན། པྲདྨ་ཧན྄འི་ན྄་བྱིངས་ཧན྄་འཚེ་བའི་བྱིངས་ལ་ཀྭིཔ྄་བྱིན་ཀྭིཔ྄་ཕྱིས་པས་མིང་བྱིངས་གཞི་མཐུན་གྱི་ན྄་མཐའ་ཡིན་ཏེ་རྐྱེན་གྱི་ན་མ་ཡིན་ནོ། ། བུད་མེད་དང་མ་ནིང་གི་རྟགས་ཧ་སའི་མཐའ་ཅན་རྣམས་ཀྱང་དེའི་རིགས་འགྲེ་བྱེད་པ་དང་། མ་ནིང་ལ་ཊཱ་མན་ནས་རང་ལུགས་ཡོད་ན་མ་ནིང་རང་ལུགས་དང་མེད་ན་ཕོའི་རྟགས་ལྟར་དང་། ལུགས་དེ་གཉིས་གདམ་ང་བྱ་བར་བཤད་དོ། ། དེ་ཙམ་གྱིས་མིང་ལེ་ཐོག་མ་དྲུག་རེ་ཞིག་བཤད་ཟིན་ནོ།། ༈ །།
དེ་ནས་བརྗོད་པའི་རྟགས་ཡུཥྨད྄་ཨསྨད྄་གཉིས་ལ་རྟགས་གསུམ་གྱི་དབྱེ་བ་མེད་པའི་རྒྱུ་མཚན་ནི། སྒྲ་དེ་གཉིས་པོ་རེ་རེའི་ཡུལ་ལ་གང་ཟག་ཕོ་མོ་མ་ནིང་གསུམ་འོང་བའི་རྒྱུ་མཚན་གྱི་དབང་གིས་རྟགས་གསུམ་གྱི་དབྱེ་བ་མེད་པར་བརྗོད་པའི་རྟགས་ཞེས་བཏགས་པ་ཡིན་ནོ། ། སྒྲ་དེ་གཉིས་ཀ་སརྦའི་ནང་ཚན་ཡིན་པས་རྣམ་དབྱེ་དང་བོ་ནས་བདུན་པའི་མང་ཚིག་བར་སྤྱིར་བཏང་གི་སྒྲུབ་ཚུལ་སརྦའི་ཆོ་ག་ལྟར་གཞིར་བྱས་པའི་ཁར་སྐབས་འདིའི་ཆོ་ག་སྤྱིའི་སྒྲུབ་ཚུལ་སོགས་གཞུང་དུ་གསལ། ཡང་ཚིགས་བཅད་དང་གཟུངས་སྔགས་སོགས་ཀྱི་སྐབས་སུ་ཡུཥྨད྄་དང་ཨསྨད྄་རེ་རེ་ལ་རྣམ་དབྱེ་རྣམས་སྦྱར་བ་སྤྱི་ལྟར་སྔོན་དུ་བསྒྲུབས་ནས་གྲུབ་འབྲས་དེ་དག་སླར་ཡང་གཟུགས་གཞན་དུ་བསྒྱུར་ཚུལ་གཞུང་ལྟར་བྱས་པས་ཏེ་མེ་སོགས་སུ་འགྱུར་ཚུལ་སྐབས་འདིའི་མདོ་འགྲེལ་རྣམས་ཀྱི་ཆོ་ག་གསལ་བོ་ཡོད་པ་ལྟར་བྱེད་དགོས། དེ་ཡན་གྱི་མིང་ལེ་བདུན་ནི། རྟགས་དང་རྣམ་དབྱེ་འཕྲད་པའི་ཚེ་རྟགས་རྣམ་དབྱེ་གཉིས་ཀྱི་གཟུགས་འགྱུར་ཚུལ་ཙམ་མ་གཏོགས་དོན་གྱི་འཇུག་ཚུལ་སྟོན་པ་མ་ཡིན་ནོ།། ༈ །།
མིང་ལེ་བརྒྱད་པ་མི་ཟད་པ་ལ། ཙ་ལ་སོགས་པ་མི་ཟད་པའོ་ཞེས་པའི་ཙ་ནས་ཏད྄འི་བར་ལྔ་བཅུ་རྩ་གསུམ་ཡོད་པ་དང་ཉུང་ངུ་རྣམ་གསལ་ལས་རེ་དྲུག་ཡོད་པར་བསྟན། དབྱངས་རྐྱང་བ་རྣམས་ལ་ནི་པཱ་ཏ་སྟེ་ཚིག་ཕྲད་དམ་ངེས་ཚིག་གམ་མི་ཟད་པ་ཞེས་ཟེར། འདི་དག་མིང་དང་ངེས་ཚིག་དང་མི་ཟད་པ་སྟེ་གསུམ་ག་ཡིན་ཏེ། འདི་དག་གི་མིང་ལ་ངེས་ཚིག་ཅེས་དང་ཚིག་ཕྲད་ཅེས་མིང་གི་རྣམ་གྲངས་གཉིས་བྱུང་བ་དོན་མི་འདྲ་སྟེ། སྔ་མ་མིང་གཅིག་གིས་དོན་མང་བོ་སྟོན་པ་དང་། ཕྱི་མ་སྒྲ་སྒྲུབ་ཚུལ་གྱི་ཁྱད་པར་ཞིག་སྟོན་པའི་དོན་ཡིན་ནོ། ། པྲ་ལ་སོགས་པ་ཉེར་བསྒྱུར་ཉི་ཤུ་བོ་ནི་མིང་དང་བྱིངས་ཀྱི་ཐོག་མར་སྦྱར་བས་མིང་དང་བྱིངས་རྣམས་ཀྱི་དོན་གཞན་དུ་བསྒྱུར་འགྲོ་བས་ན་ཉེར་བསྒྱུར་ཞེས་བརྗོད་པ་དང་། མིང་བྱིངས་དག་གི་ཐོག་མར་སྦྱར་ཡང་གཞན་དུ་མི་བསྒྱུར་བའང་ཡོད་དེ། དཔེར་ན། ཕྲ་རབ་དང་བྷ་བ་བྱུང་བ་སོགས་ལ་འཇུག་པ་དེ། པྲ་བྷ་བ། རབ་བྱུང་ཞེས་པར་འགྱུར་བ་ལྟ་བུ་དང་། ཉེར་བསྒྱུར་དག་སྦྱར་བས་དོན་གཞན་དུ་འགྱུར་བའང་ཡོད་དེ། ཉེར་བསྒྱུར་བི་དང་ཨཱང྄་དང་སཾ་རྣམས་བྱིངས་ཧྲྀཉ྄་འཕྲོག་པའི་སྔོན་དུ་སྦྱར། ཀྲྀཏ྄འི་རྐྱེན་གྷཉ྄་བྱིན་པས་བི་ཧཱ་ར། གནས་པ། ཨཱ་ཧཱ་ར། ཟས། སཾ་ཧཱ་ར། ཁོངས་སུ་སྡུད་པ། པྲ་ཏི་ཧཱ་ར། འཇོམས་པ་སོགས་ལྟ་བུ། ཉེར་བསྒྱུར་དང་བྱིངས་གཉིས་ཀའི་དོན་གཞན་དུ་འགྱུར་བར་མ་ཟད་བྱིངས་ལས་བཅས་ཀྱི་དོན་ལས་མེད་དུ་བསྒྱུར་བ་སོགས་སྐབས་སོ་སོར་ངེས་དགོས། པྲ་སོགས་ཉི་ཤུ་བོ་དོན་བཅུ་བདུན་ལ་འཇུག་པ་རྣམས་ནི། བྱིངས་དང་རྟགས་དང་ཚིག་གསུམ་གང་ཡང་མ་ཡིན་ཏེ། དེ་དག་ལ་མིང་སྒྲུབ་བྱེད་ཀྱི་རྐྱེན་སྦྱོར་མི་དགོས་པས་བྱིངས་མ་ཡིན་པ་དང་། ཕོ་མོ་མ་ནིང་གི་རྟགས་ཀྱི་དབྱེ་བ་མེད་པས་རྟགས་མ་ཡིན་པ་དང་། དེ་དག་ལ་གཅིག་ཚིག་དང་གཉིས་ཚིག་དང་མང་ཚིག་གི་ཐ་སྙད་འཇུག་པ་མེད་པའི་ཕྱིར་ཚིག་མ་ཡིན་ནོ། ། རྐྱེན་གྱི་མཐའི་མི་ཟད་པའང་མང་བོ་ཡོད་དེ། སྐབས་འདིར་བདུན་པ་ལ་ཏྲལ྄་ལོ་ཞེས་དང་ཀིམ྄་ལས་སྤྱི་ལ་ཙིཏ྄་ལ་སོགས་པའོ་ཞེས་སོགས་ཀྱི་རྣམ་དབྱེའི་དོན་ཅན་གྱི་རྐྱེན་མཐའ་ཅན་རྣམས་ནི་མི་ཟད་པའི་དོན་ཅན་ཡིན་པར་མ་ཟད། མིང་དང་རྐྱེན་གཉིས་ཀ་གཟུགས་འགྱུར་བའི་མི་ཟད་པ་ཡིན། འདི་དག་མ་ཟད་འོག་ནས་ཀྲྀཏ྄་རྐྱེན་གྱི་སྐབས་སུའང་པུ་ཤ་ཀ་ལས་སོ་ཞེས་ཀྱཔ྄་དང་། འབྱུང་བར་འགྱུར་བའི་རྐྱེན་ཀྟྭཱ་དང་ཏུ་མུན྄་དང་ཎམ྄་རྣམས་ཀྱི་མཐའ་ཅན་གྱི་མིང་རྣམས་ཀྱང་མི་ཟད་པར་གྱུར་བ་སོགས་ཡོད་པར་ཤེས་པར་བྱའོ། ། མི་ཟད་པའི་སྒྲ་དོན་འཇུག་ཚུལ་སོགས་ལ་ཞིབ་པར་དཔྱད་ནས་དོན་རྟོགས་ན་སྒྲ་བ་བཟང་བོ་ཞིག་འོང་ཞེས་གསུངས་སོ། ། དེ་ལྟར་མི་ཟད་པ་ཞེས་པའི་སྒྲ་བཤད་ནི། མི་ཟད་པའི་དོན་ཅན་རྣམས་ལ་མིང་གི་རྣམ་དབྱེ་གང་བྱིན་ཡང་གཟུགས་ལ་འགྱུར་བ་མེད་པས་གཟུགས་མི་ཟད་པ་དང༌། མི་ཟད་པའི་སྒྲ་གཅིག་གིས་དོན་མང་བོ་སྟོན་པས་དོན་མི་ཟད་པ་ཞེས་སོ། ། འདི་དག་ལ་ཕོ་མོ་མ་ནིང་གི་རྟགས་ཀྱི་དབྱེ་བ་མེད་པས་རྟགས་གསུམ་ག་ལ་མཉམ་པར་འཇུག་གོ། དེ་ཙམ་གྱིས་མི་ཟད་པའི་སྡེ་རྣམས་རེ་ཞིག་བཤད་ཟིན་ནོ།། ༈ །།
ད་ནི་དགུ་བ་རྟགས་རྟགས་སུ་སྒྲུབ་པ་བུད་མེད་ཀྱི་རྐྱེན་རྣམས་བཤད་པ་ལ། འདིའི་སྐབས་ཀྱི་རྐྱེན་རྣམས་ནི་རྟགས་བུད་མེད་དུ་སྒྲུབ་བྱེད་ཀྱི་རྐྱེན་ཁོ་ན་ཡིན། རྐྱེན་འདི་དག་སྦྱིན་ཡུལ་ནི་གང་ཟག་ཕོ་མོ་མ་ནིང་གསུམ་ལས་གང་ཟག་བུད་མེད་ཀྱི་རྟགས་ལ་སྦྱར་ཏེ་ཡུལ་ཕོ་དང་མ་ནིང་གཉིས་ལ་སྦྱིན་པར་མི་བྱའོ། ། རྐྱེན་གྱི་ངོ་བོ་ནི་ལྔ་ཡོད་དེ། ཨཱཔ྄། ཨཱིཔ྄། ཨ་ནཱིཔ྄། ཨཱུ། ཏི་རྣམས་སོ། ། རྐྱེན་དེ་དག་སྦྱིན་པའི་ཡུལ་ལམ་མིང་སོ་སོ་ལ་སྦྱིན་བྱེད་ཀྱི་མདོ་རྣམས་གསལ། གཟུངས་སྔགས་སོགས་ཀྱི་སྐབས་ཀྱི་སྔགས་ལ་གསང་སྔགས་དང་གཟུངས་སྔགས་གཉིས་ལས་གཟུངས་སྔགས་ཡིན་པར་སྟོན་བྱེད་ལ་མོ་རྐྱེན་ཨཱིཔ྄་འགྱུར་ནའང་སྦྱིན་བྱེད་ཀྱི་མདོ་ནི། ན་ད་ལ་སོགས་པ་ལས་སོ་ཞེས་པས་སྟེར། དེའང་ན་རྀ་ཨཎ྄་ལ་ཨཱིཔ྄་དང་ཥ་ཊ་ཨུ་རྀཏ྄་ལས་སོ་ལྟ་བུའི་མོ་རྐྱེན་སྟེར་ཡུལ་གྱི་མཚན་ཉིད་ཅན་མིན་ན་ན་ད་སོགས་ཀྱིས་སྟེར་བར་བྱ་སྟེ། དཔེར་ན། ཚེ་གཟུངས་རིང་བོར་པུཎྱེ་པུཎྱེ་ཞེས་པ་བསོད་ནམས་མ་བསོད་ནམས་མ་ཞེས་བསྒྱུར་བ་དེ། བསོད་ནམས་ཀྱི་སྐད་དོད་པུཎྱ་ཡིན་པ་དེ་ན་རྀ་ཨཎ྄་སོགས་ཀྱི་མཐའ་ཅན་མ་ཡིན་པས་ན་ད་སོགས་ཀྱིས་ཨཱིཔ྄་སྟེར་བ་ལྟ་བུའོ། ། འདིར་མོ་རྐྱེན་སྟེར་བ་ནི་ཡུལ་བུད་མེད་ཡིན་པར་སྟོན་པ་མ་ཡིན་པར་གཟུངས་སྔགས་ཡིན་པ་སྟོན་པའི་ཆེད་ཡིན་པར་གསུངས། མིང་དུ་གྲུབ་པ་ཙམ་ནས་མོ་རྟགས་སུ་གྲུབ་པ་མཱ་ཏྲྀ། མ། སྟྲཱི། བུད་མེད་ལྟ་བུ་ནི་དང་བོ་ནས་བུད་མེད་ཀྱི་མིང་ཡིན་པས་གསར་དུ་མོ་རྐྱེན་བྱིན་ནས་མོ་རྟགས་སུ་སྒྲུབ་མི་དགོས། དེ་ལས་གཞན་ཀུ་མཱ་ར་ལྟ་བུ་སོགས་ནི་གཞོན་ནུ་ཕོའི་མིང་ཡིན། དེ་བུད་མེད་དེ་མོ་རྟགས་སུ་སྒྲུབ་དགོས་ཚེ། འགྲེལ་བར་ན་ཚོད་དང་བོ་བརྗོད་པ་དང་འབྲེལ་བའི་ཨཏ྄་མཐའ་ཅན་ལ་མོ་རྐྱེན་ཨཱིཔ྄་འགྱུར་བར་བཤད་པས་ཨཱིཔ྄་བྱིན། རྟགས་མཐའི་ཨ་ཕྱིས་ནས་སྦྱར་བ་ཀུ་མཱ་རཱི་གྲུབ་པ་གཞོན་ནུ་མ་ལྟ་བུའོ། ། ཡང་ཀྲྀཏ྄་རྐྱེན་ཀྟི་བྱིན་པས་ཀྲྀ་ཏི། བྱེད་པ། བྷཱུ་ཏི། འབྱོར་བ་སོགས་ལྟ་བུ་ནི་མོ་རྟགས་ཡིན་པས། མོ་རྐྱེན་བྱིན་ནས་སླར་མོ་རྟགས་སུ་སྒྲུབ་མི་དགོས། པཏྣཱི་སོགས་ནས་པྲ་ཏཱི་ཙིའི་བར་རྣམས་ནི། ནི་པཱ་ཏ་ཡིན་པས་རྐྱེན་གྱིས་གསར་དུ་བསྒྱུར་བ་མིན་ཞེས་དགེ་རྩེ་པཎྜི་ཏས་གསུངས། མོ་རྐྱེན་རྣམས་འཇུག་དོན་སྤྱི་ཙམ་བཤད་ཟིན་ནོ།། ༈ །།
དེ་ནས་བྱེད་པ་ཅན་ཀྱི་ལེའུ་འདིར་མིང་གི་རྣམ་དབྱེ་རྣམས་འཇུག་པའི་ཡུལ་སྟོན་ཚུལ་ལ་སྡེ་ཚན་བདུན་ལས། དོན་ཙམ་སྟེ་དངོས་པོའམ་རྫས་གཙོ་བོར་བརྗོད་པ་ནི་དང་བོ་ཡིན། དངོས་དོན་དང་དེའི་ཁྱད་པར་དང་འབྲེལ་བའི་ལྡོག་པ་ཉིད་ཐུན་མོང་མིན་པའི་བརྗོད་བྱར་བྱེད་པ་ནི་ཕྱི་མ་དྲུག་གོ། དེའང་རྣམ་དབྱེ་དང་བོ། གཉིས་པ། གསུམ་པ། བཞི་བ། ལྔ་བ། བདུན་པ་སྟེ་དེ་དྲུག་ལ་བྱེད་པ་ཅན་ཟེར། རྣམ་དབྱེ་དྲུག་པས་ནི། ཁྱད་གཞི་དང་ཁྱད་ཆོས་འབྲེལ་བ་ཙམ་ལས་བྱ་བྱེད་སོགས་ཀྱི་དོན་ཅི་ཡང་མི་སྟོན་པས་བྱེད་ཅན་དུ་མ་བགྲང་བ་ཡིན། དེའང་རྣམ་དབྱེ་དང་བོ་ནས་བདུན་པ་གནས་གཞིའི་བར་དག་དོན་སོ་སོར་འཇུག་ཚུལ་སོགས་སྤྱིར་བཏང་སུམ་ཅུ་བའི་གཞུང་གིས་བརྗོད་བྱ་རྣམས་དང་གོ་ཐོབ་གཅིག་པ་ཡིན་ནོ།། གཞུང་གི་དཔེར་བརྗོད་ཉི་མ་བཞིན་དུ་ཞེས་སོགས་ཚིགས་བཅད་གཉིས་ཀྱིས་རང་གི་ངོ་བོའམ་བྱེད་པོ་ཙམ་སྟོན་པ་ལ་དང་བོ་རྣམས་སྦྱར་བ་དེས་བྱ་བྱེད་ལས་སོགས་ལྡོག་པ་མི་སྟོན་པ་སྟེ་སྤྱིར་བཏང་བ་ཡིན། ལྷག་མ་རྣམས་བྱ་བའི་ལས་ཞེས་སོགས་གཉིས་པའི་འཇུག་ཡུལ་སྤྱིར་བཏང་བའི་དཔེ་གཞུང་གི་ཚིགས་བཅད་དག་ལས། རྩ་ལ་ལྷས་མ་བྱེད་དེ་ཞེས་ཤིན་ཏུ་གསལ། ཨ་བྷི་ཏས྄་སོགས་བཞི་ནི་བདུན་པའི་དོན་ལ་གཉིས་པ་སྦྱར་རོ། ། གསུམ་པ་བྱེད་པའི་དཔེ་ལ་འབོད་སྒྲོགས་ཞེས་སོགས་ཀྱི་དགའ་བྱེད་ཀྱིས་ནི་མདའ་ཡིས་ཕུག་སྟེ་བསད་ཅེས་པའི་དགའ་བྱེད་བྱེད་པོ་དང་མདའ་བྱེད་པ་གཉིས་ལ་གསུམ་པ་སྦྱར་བ་སྤྱི་ལྟར་རོ། ། དེ་བཞིན་དུ་རྣམ་དབྱེ་བཞི་བ། ལྔ་བ། དྲུག་པ། བདུན་པ་འཇུག་ཚུལ་གཞུང་ལྟར་ཤེས་སླ་ཡང་། བདུན་པའི་དཔེར་བརྗོད་རྣམས་ལ་བདུན་པ་མཚན་ཉིད་པ་ཡིན་མིན་རེ་ཡོད་པ་ཞིབ་ཏུ་དཔྱད་ན་ཤེས་སོ། ། བདུན་པའི་སྐབས་སུ་འགྱུར་བའི་དོན་ཞེས་དང་། དུས་དང་འབྲེལ་བ་ལ་བདུན་པ་འཇུག་པ་ནི་སུམ་ཅུ་བ་ལས་ཚེ་སྐབས་ཀྱི་དོན་དང་མཚུངས་སོ། ། དེ་དག་གིས་རྣམ་དབྱེ་འཇུག་ཚུལ་སྤྱིར་བཏང་དང་དམིགས་བསལ་འགའ་ཞིག་བཤད་ཟིན་ནོ།། ༈ །།
དེ་ནས་རྣམ་དབྱེ་སྦྱོར་ཚུལ་གྱི་འཕྲོས་དོན་སོགས་ནི། མི་བྱེད་པ་སོགས་ལ་གཉིས་པ་སྦྱར་བས་རྒྱུ་མཚན་སྟོན་ཏེ། སྡིག་པ་མ་བྱས་པའི་རྒྱུ་མཚན་གྱིས་བདེ་བ་ཐོབ་པ་ལྟ་བུ་སྟེ་གསུམ་པའི་དོན་ལ་གཉིས་པ་སྦྱོར་རོ། ། ཁྱོད་ཉིད་དང་བདག་ཉིད་གཉིས་ཡིན་པས་གསུམ་པའི་དོན་ལ་གཉིས་པ་སྦྱར་རོ། ། བླ་མ་དང་སློབ་མ་ལྷན་ཅིག་འོངས་པ་དང་། ནག་ཟླ་དང་ས་ག་ཟླ་བ་འདྲ་བ་དང་། མཛེས་པའི་སོ་ནི་མིག་དང་མཉམ་མོ། ། ནོར་ཅན་རྣམས་དང་ལེགས་པ་བོ་མཉམ་དུ་བཟུང་ངོ་དང་། བླ་མ་དང་ཟླ་བ་མཉམ་དུ་ཤར་རོ་སོགས་ལ་དང་བོའི་དོན་ལ་གསུམ་པ་སྦྱར་བ་དག་ནི། དེ་དག་གི་ཚིག་གྲོགས་སུ་ལྷན་ཅིག་དང་འདྲ་བ་མཉམ་པ་རྣམས་སྦྱར་ན་གསུམ་པ་སྦྱར་དགོས་པ་བསྟན་པར་འདྲ། ན་མཿ ཀྱི་ཡུལ་ལ་སྤྱིར་འཇུག་སྟེ། སངས་རྒྱས་ལ་ཕྱག་འཚལ་ཞེས་ཕྱག་ནི་ལས་དང་འཚལ་ཞེས་པ་བྱ་ཚིག་ཡིན། སངས་རྒྱས་ནི་ཕྱག་འཚལ་སའི་ཡུལ་ཡིན་པས་གཉིས་པ་ཐོབ་པ་སྤྱིར་བཏང་ཡིན་མོད། ཕྱག་འཚལ་བའི་ཡུལ་ལ་དམིགས་བསལ་དུ་བཞི་བ་སྦྱོར་དགོས་པ་འདི་ལ་དོན་ཁྱད་པར་བ་ཞིག་ཡོད་དེ། སྐྱབས་ལ་རྒྱུ་སྐྱབས་དང་འབྲས་སྐྱབས་གཉིས་ཡོད་པ་ལས་འདིར་འབྲས་སྐྱབས་ལ་དགོངས་པ་ཡིན་ཏེ། ཕྱག་གམ་སྐྱབས་བཅོལ་བ་བོ་རང་དང་རྒྱུད་གཅིག་པའི་མཐའི་ཆོས་དཀོན་མཆོག་དེ་མྱུར་དུ་འཐོབ་པའི་ཆེད་ཡིན་པས་བཞི་བ་དོན་གྱིས་ཐོབ་པར་བསྟན་ནོ། ། འོན་ཀྱང་ཕྱག་འཚལ་བའི་ཡུལ་ཐམས་ཅད་ལ་བཞི་བ་སྦྱོར་དགོས་པ་མ་ཡིན་ཏེ། མཆོད་རྟེན་དང་ཀུན་རྫོབ་ཀྱི་རྟེན་སོགས་ཕྱག་འཚལ་ཡུལ་ཡིན་ལ་དེར་རྣམ་དབྱེ་གཉིས་པ་སྦྱར་དགོས་ཏེ། མཆོད་རྟེན་བྱ་བའི་གཞིའམ་ཡུལ་དང་། ཕྱག་ལས་དང་འཚལ་བ་བྱ་བར་ངོས་འཛིན་པ་མ་གཏོགས་སྔོན་མ་ལྟར་རང་དང་རྒྱུད་གཅིག་པའི་མཐའི་མཆོད་རྟེན་ཟེར་དོན་མེད་པ་ཤེས་སླའོ། ། འོན་ཀྱང་། དེ་ལ་ཕྱག་འཚལ་བ་ལ་དགོས་པ་ཞིག་ཡོད་མོད་དེ་ནི་སྡིག་སྦྱོང་སོགས་ཀྱི་ཆེད་དོ། ། བདེ་ལེགས་སུ་གྱུར་ཅིག་རྒྱལ་བོ་ལ་ཞེས་པ་རྒྱལ་བོའི་མངའ་ཐང་རྒྱས་པའི་ཆེད་དུ་ཤིས་པ་བརྗོད་པ་དང་། ཕྱི་མ་སྭཱ་ཧཱ་སོགས་བཞི་བོ་གང་རུང་མིང་གཞན་གྱི་ཚིག་གྲོགས་ལ་སྦྱར་ཚེ་དོན་ལ་གཉིས་པ་ཐོབ་ཅིང་བཞི་བ་སྦྱོར་དགོས་པ་དམིགས་བསལ་ཡིན་ནོ། ། འོག་མ་རྣམས་གོ་སླའོ། ། ལེའུ་འདིར་རྣམ་དབྱེ་འཇུག་ཚུལ་སྤྱི་བྱེ་བྲག་ཏུ་འཇུག་ཚུལ་མང་དུ་བཤད་དོན་རྣམས་ཁོང་དུ་ཆུབ་པར་བྱས་ན་སྤྱིར་གཞུང་དོན་རྟོགས་པ་ལ་ཕན་པ་ཆེ་བར་གྲག་གོ། དེ་ཙམ་གྱིས་བྱེད་ཅན་ལེའུ་རགས་ཙམ་བཤད་ཟིན་ནོ།། ༈ །།
ད་ནི་ཚིག་སྡུད་ཀྱི་སྤྱི་དོན་ཕྱོགས་ཙམ་ཞིག་ནི། སྤྱིར་ཚིག་སྡུད་ལ་དབྱེ་བ་དྲུག་ཡོད་པ་དེ་དག་སོ་སོའི་མཚན་ཉིད་རྣམས་འགྲེལ་བ་གསལ་ལྡན་དང་། པཱ་ཎི་བ་དང་ཀ་ཙན་སོགས་ནས་རྒྱས་པར་བསྟན་ཡོད་པས་གཞུང་དེ་དག་ལ་ཞིབ་པར་གཟིགས་ན་ཤེས་སོ། ། དེ་ལས་དང་བོ་མི་ཟད་པའི་དཔེ་གཞུང་འདིར་སྟྲི་ཡ་མ་དྷི་ཀྲྀ་ཏྱ་བྷ་བ་ཏི། བུད་མེད་ལ་བྱ་བ་ལྷག་པོ་ཡོད་པའོ་ཞེས་པ་འདི་ཚིག་སྡུད་ཀྱི་གཞི་ཡིན་པར་བཤད། གཞི་དེའི་ཚིག་དོན་ཚང་ཞིང་ཚིག་ཉུང་ཞིང་བརྗོད་བདེ་བའི་ཆེད་དུ་ཚིག་སྡུད་བྱེད་དགོས་ཤིང་། གཞི་འདི་ལ་ལྷག་པ་དང་གང་ལྷག་ཅེ་ན་བྱ་བ་ལྷག་པོ་ཡོད་པ་དང་གང་ལ་ཡོད་ཅེ་ན་བུད་མེད་ལ་ཡོད་པ་ཞེས་པའི་ལ་སྒྲ་དེ་གཞི་འཛིན་པའི་ལ་དོན་ཡིན་པ་མ་གཏོགས་རྣམ་དབྱེ་གཉིས་པ་མིན་ཏེ། བུད་མེད་བྱ་བའི་གཞི་མིན་པ་ཤེས་སླ། ཚིག་སྡུད་བྱས་ཟིན་པ་ན་དོན་གསལ་བྱེད་ཀྱི་ཚིག་གྲོགས་སྦྱར་དགོས་པའི་དབང་གིས་ཁྱིམ་གྱི་སྐད་དོད་གྲ་ཧ་སྦྱར་དགོས་པ་ཡིན་ནོ། ། དེ་མ་སྦྱར་ན་བུད་མེད་ལ་ཡོད་པའི་བྱ་བ་ལྷག་པོ་དེ་གང་ཡིན་མི་ངེས་པའི་དབང་གིས་ཁྱིམ་གྱི་སྐད་དོད་གྲ་ཧ་སྦྱར་བ་ན། ཁྱིམ་གྱི་བྱ་བ་ལྷག་པོ་ཡོད་ཅེས་པས་ལྷག་པོ་ནི་ཁྱིམ་ནང་གི་བྱ་བ་ཡིན་པ་བདེ་བླག་ཏུ་གོ་ནུས་པ་ལྟ་བུའོ། ། དེ་བཞིན་དུ་དཔེར་བརྗོད་འོག་མ་གང་ཡིན་ཐམས་ཅད་ལ་སྦྱར་ཤེས་པར་བྱའོ། ། དེ་ནི་མི་ཟད་པའི་བསྡུ་བའི་ཕྱོགས་ཙམ་མོ། ། དེའང་བསྡུ་བ་འདིར་ཚིག་སྔ་ཕྱི་གཉིས་ལས་སྔ་མའི་བརྗོད་བྱ་གཙོ་བོ་ཡིན་དགོས་ཏེ། དཔེར་བརྗོད་འདིར་བུད་མེད་དང་བྱ་བ་དང་ཁྱིམ་གྱི་སྒྲ་རྣམས་ལས་ལྷག་པའི་སྒྲ་མི་ཟད་པ་སྟེ་ཨ་དྷིའི་དོན་གཙོ་བོ་ཡིན་པ་ལྟ་བུའོ། ། ཚིག་ཕྱི་མའི་བརྗོད་བྱ་གཙོ་བོ་ཕྱོགས་གཉིས་པ་དང་དེའི་སྐྱེས་བུའི་བསྡུ་བ། ཚིག་སྔ་ཕྱི་ལ་གཙོ་ཕལ་མེད་པ་ཟླས་དབྱེ་དང་ལས་འཛིན་གྱི་བསྡུ་བ། དངོས་སུ་བརྗོད་པའི་ཚིག་དོན་མི་གཙོ་བར་དེ་དང་འབྲེལ་བའི་དོན་གཞན་ཞིག་སྟོན་པ་འབྲུ་མང་བོའི་བསྡུ་བ་དང་། དེ་དག་ལས་གཙོ་བོ་སྟོབས་དང་ལྡན་པ་ནི་ཟླས་དབྱེ་དང་ལས་འཛིན་གཉིས་ཡིན་ནོ། ། དང་བོ་སོང་ནས་གཉིས་པ་ཕྱི་མའི་བརྗོད་བྱ་གཙོ་བའི་དཔེ་ལ། གཞུང་འདིར་བཀོད་པ་ནི་གྲ་མཾ་པྲཔྟཿ ། གྲོང་ལ་ཐོབ་བོ་ཞེས་པ་ཚིག་སྡུད་ཀྱི་གཞི་ཡིན། དེའི་རྣམ་དབྱེ་གཉིས་པའི་ཨམ྄་ཕྱིས་པས་གྲ་མ་པྲཔྟཿ ། གྲོང་ལ་ཐོབ་བོ་ལྟ་བུ་ནི་ཚིག་ཕྱི་མ་ཐོབ་པ་ཞེས་པའི་ཚིག་གཙོ་བོ་སྟེ་དེའི་སྐྱེས་བུའི་བསྡུ་བའི་དཔེའོ། ། ཕྱོགས་གཉིས་པ་ནི། པཉྩ་གུཿ ། བ་ལང་ལྔ་འདིའི་བརྗོད་བྱ་གཙོ་བོ་བ་ལང་གི་སྒྲ་ཡིན་ནོ། ། འབྲུ་མང་བོའི་བསྡུ་བ་ལ་དེ་མ་ཡིན་པའི་ཡོན་ཏན་ཅན་གྱི་དཔེར། བ་ཧུ་དྷ་ནཿ། ནོར་མང་བོ་ཡོད་པ། དེའི་ཡོན་ཏན་ཅན་གྱི་དཔེར་ལམྦ་ཀརྞཽ། རྣ་བ་རིང་བོ་དག། དེ་གཉིས་ཀས་དངོས་སུ་བརྗོད་པའི་ནོར་དང་རྣ་བའི་དོན་སྟོན་པ་མ་ཡིན་པར། ནོར་དང་རྣ་བ་ཅན་གྱི་གང་ཟག་བསྟན་ལ། དེའང་ནོར་རྣམས་གང་ཟག་གིས་བདག་ཏུ་བཟུང་ནའང་གང་ཟག་གི་རྒྱུད་ཀྱིས་བསྡུས་པ་མིན་པ་དང་། རྣ་བ་གང་ཟག་གི་རྒྱུད་ཀྱིས་བསྡུས་པ་ཡིན་པས་ན་དེའི་ཡོན་ཏན་ཅན་ཞེས་བརྗོད་དོ། ། ལས་འཛིན་གྱི་བསྡུ་བ་ནི། ནི་ལོཏྤལཾ། ཨུཏྤལ་སྔོན་པོ། སུམ་ཅུ་བ་ལྟར་གཞི་མཐུན་གྱི་རྒྱན་སྡུད་དང་འདྲའོ། ། མཉྫུ་གྷོ་ཥ་དང་། མེ་གྷ་དཱུ་ཏ་ལྟ་བུ་ལ་དྲུག་པའི་ངས྄་རེ་སྔ་མ་གཉིས་ལ་སྦྱར་བས་མཉྫོརྒྷོ་ཥ་དང་། མེ་གྷ་སྱ་ཏཱུ་ཏ་དག་འཇམ་པའི་དབྱངས་དང་སྤྲིན་གྱི་ཕོ་ཉ་ལྟ་བུ། ཚིག་སྡུད་བྱས་པས་མཉྫུ་གྷོ་ཥ་ནི་འཇམ་པའི་དབྱངས། མེ་གྷ་དྷུ་ཏ། སྤྲིན་གྱི་ཕོ་ཉ་ལྟ་བུ་ནི་ཡན་ལག་དང་ཡན་ལག་ཅན་དང་བདག་ཉིད་གཅིག་པའི་འབྲེལ་བ་ཡིན་པའི་བསྡུ་བ་བྱས་པ་ལྟ་བུའོ། ། ཚིག་སྡུད་དེ་རྣམས་རེ་རེ་ལ་སྤྱི་དམིགས་བསལ་གྱི་སྒྲུབ་ཚུལ་འདྲ་མིན་སྣ་ཚོགས་ཡོད་པ་རྣམས་གཞུང་དུ་གསལ། ཟླས་དབྱེའི་བསྡུ་བ་མིང་གི་གཙོ་ཕལ་དང་དབྱངས་མང་ཉུང་སོགས་ཀྱིས་མིང་སྔ་ཕྱིར་འཇོག་ཚུལ་སོགས་གཞུང་གི་དཔེར་བརྗོད་རྣམས་ལས་ཤེས་སོ། ། འདི་ཙམ་གྱིས་ཚིག་སྡུད་བསྟན་ནོ།། ༈ །།
དེ་ཕན་ཞེས་པ་བྱིངས་ལ་ཀྲྀཏ྄་རྐྱེན་བྱིན་ནས་མིང་གི་རང་བཞིན་གྲུབ་ཟིན་པ་ལ། མིང་དེ་དང་འབྲེལ་བའི་མིང་གཞན་སྒྲུབ་པ་ལ་ཕན་འདོགས་པའི་རྐྱེན་ལ་དེ་ཕན་གྱི་རྐྱེན་ཞེས་ཟེར་བ་སྤྱིར་བཏང་ཡིན། བྱིངས་ཀྱི་རང་བཞིན་ཚིག་ཏུ་སྒྲུབ་བྱེད་ཏིཔ྄་སོགས་བྱིན་ནས་ཚིག་ཏུ་གྲུབ་པའི་མཐའ་ཅན་ལ་དེ་ཕན་གྱི་རྐྱེན་སྦྱར་དགོས་པའང་ཡོད་པ་གཤམ་དུ་འཆད། སྤྱིར་དེ་ཕན་ལ་རྐྱེན་གྱི་དངོས་པོ་ལ་ཙཱནྡྲ་བར་གྲངས་ཉིས་བརྒྱ་བརྒྱད་ཅུ་ལྷག་ཙམ་དང་། དབྱངས་ཅན་བརྡ་སྤྲོད་ནས་རྐྱེན་དོན་བཞི་བསྟན། རྐྱེན་དེ་དག་སྦྱར་བའི་ཡུལ་ནི་རྣམ་དབྱེ་དང་བོ་ནས་བདུན་པའི་མཐའ་ཅན་གྱི་ཚིག་མཐར་སྦྱར་དགོས་པ་གཞུང་གི་དཔེར་བརྗོད་རྣམས་ལས་གསལ་བར་བསྟན་ཏེ། དཔེར་ན། བ་ལང་རྫིའི་སྐད་དོད་ཨུ་པ་གུ་ཞེས་པའི་བུ་རྒྱུད་བརྗོད་དགོས་ཚེ་རྣམ་དབྱེ་དྲུག་སྒྲའི་ངས྄་སྦྱར་བས་ཨུ་བ་གོཿ། ཉེ་བའི་བ་ལང་གི་རྫིའི། དེ་མཐར་བུའི་སྐད་དོད་ཨ་བ་ཏྱཾ་སྦྱར་བས། ཨུ་པ་གོཿཨ་བ་ཏྱཾ། བ་ལང་གི་རྫིའི་བུ་ཞེས་ཚིག་སྦྱོར་གྲུབ་པ་ཚིག་སྡུད་བྱས་པས་ཨུ་པ་གུ་ལྷག ཨ་བ་ཏྱའི་དོན་དུ་བུ་རྒྱུད་ཀྱི་རྐྱེན་ཨཎ྄་བྱིན་ནས། ཨཽ་པ་ག་བཿ། བ་ལང་རྫིའི་བུ་ཞེས་པ་ལྟར་དྲུག་པའི་མཐའ་ལ་ཨཎ྄་བྱིན་པ་དེས་འགྲེལ་ཡུལ་རྫི་བོ་མི་སྟོན་པར་འགྲེལ་ཆོས་བུ་རྒྱུད་བསྟན་པ་ལྟ་བུའོ། ། ཟས་གཙང་མའི་སྐད་དོད་ཤུདྡྷོ་ད་ན་ལ་བུ་རྒྱུད་ཀྱི་སྐད་དོད་ཨ་བ་ཏྱཾ་སྦྱར་བ་བསྡུ་བ་བྱས་ནས་ཨ་བ་ཏྱཾ་གྱི་དོད་ཨཎ྄་སྦྱར་བས། ཤཽ་དྡྷོ་ད་ནི། ཟས་གཙང་སྲས་ཞེས་པ་སོགས་ཀྱང་ངོ་། ། སྐབས་འདིར་བུ་རྒྱུད་བརྗོད་པའི་རྐྱེན་ལ། ཨཎ྄། ཨིཉ྄། ཎྱ། ཨཱ་ཡ་ནཎ྄། ཨེ་ཡཎ྄། ཎཱི་ཡ་སྟེ་རྐྱེན་དྲུག་པོ་འདི་སྤྱིར་བུ་རྒྱུད་དང་རིགས་ཀྱི་དོན་ལ་འཇུག་ཀྱང་། གཞན་ལྷ་དང་འདིའི་དོན་ལའོ་ཞེས་ལྷ་སོགས་ཀྱི་དོན་དུ་བཞག་པའི་ཟས་གོས་ལྟ་བུ་དང་། དངོས་པོ་དང་ལས་ལ་ཨཎ྄་འོས་ནི། རྣམ་དབྱེ་དང་བོ་དང་བྱ་བྱེད་ལས་གསུམ་སོགས་ལའང་ཎཱི་ཡ་སྦྱར་བས། ཀུར་གུམ་གྱིས་བཙོས་པའི་གོས་ཞེས་པའི་དཔེར་བརྗོད་ལྟ་བུ་སྟེ། བསྒྱུར་བྱའི་གོས་ལས་དང་། ཀུར་གུམ་བྱེད་པ། ཚོས་མཁན་བྱེད་པོ། དམར་བོར་བསྒྱུར་བ་བྱ་ཚིག་སྟེ་འདི་བཞི་ག་ཚང་བའི་དཔེར་བརྗོད་དོ། ། ཀ་ཨི་ན་སོགས་ནི་གཙོ་བོར་བདག་སྒྲའི་དོན་ལ་འཇུག་ཀྱང་ལྡན་རྐྱེན་ཡང་ཡིན། ལྡན་རྐྱེན་སོགས་ནི། མ་ཏུཔ྄། ཨ། ཨི་ཀ བ་ཏུ། ཨིན྄་རྣམས་ནི་གཞི་གང་ཞིག་ལ་ཆོས་གང་ཡང་རུང་བ་ཞིག་ཡོད་པར་སྟོན། རྐྱེན་འདི་དག་ཏུ་མ་ཟད། ཨི་ལ། ཨུ་ར། ལུ། བིན྄། ག྄མཱི་ནི་རྣམས་ལྡན་རྐྱེན་ཡིན་ནའང་འཇུག་ཡུལ་སོ་སོ་བ་ཡིན་པ་གཞུང་དུ་གསལ། ཨཱ་ལ། ཨཱ་ཊ། ཀལྤ། དེ་ཤཱི་ཡ། རཱུ་པ། པཱ་ཤ་སྨད་པ་རྗོད་པའི་དོན་དང་། ཙ་རཊ྄་ནི་ཤེས་ཟིན་པའི་དོན་དང་། མ་ཡཊ྄་ནི་མདོའི་ཚིག་ཟིན་གསལ། ངོ་ཚ་སྐྱེས་པའི་དོན་ལ་ཨི་ཏ། བྱིངས་ལ་རྣམ་དབྱེ་ཏིཔ྄་སོགས་ཀྱི་མཐའ་ཅན་ལའང་དེ་ཕན་གྱི་རྐྱེན་འཇུག་པ་ཡོད་དེ། བྷ་བ་ཏིའི་མཐར་ཁྱད་པར་དུ་འཕགས་པ་སོགས་ཀྱིས་ཏ་མ་སྦྱར་བས། བྷ་བ་ཏི་ཏ་མ། མཆོག་ཏུ་ཡོད་པ་ལྟ་བུ་དང་། པ་ཙ་ཏི་ཏ་མཱཾ། མཆོག་ཏུ་འཚེད་པ། པ་ཙ་ཏི་ཏ་རཱཾ། རྐྱེན་དེ་གཉིས་ཀྱི་མཐའ་སླར་ཡང་ཨཱ་མུ་ཞེས་པའི་རྐྱེན་བྱིན་པ་ཡིན་ནོ། ། ཅུང་ཟད་ཡོངས་སུ་མ་རྫོགས་པར་སྟོན་པ་ལ། བྱིངས་ཚིག་ཏུ་གྲུབ་པའི་མཐའ་དང་རྟགས་མཐའ་རྣམས་སུ་ཀལྤ་དེ་ཤྱ་དེ་ཤཱི་ཡ་རྣམས་འགྱུར་ཏེ་ཞེས་པས། པ་ཙ་ཏི་རཱུ་པཾ། ཅུང་ཟད་མ་ཚོས་པ་ལྟ་བུ་ཏིང྄་མཐའ་ཅན་ལྟ་བུ་དང་། པ་ཊུ་རཱུ་པཿ ། རྫུས་མའི་མཁས་པ་ལྟ་བུ་རྟགས་ཀྱི་མཐར་རྐྱེན་དེ་སྦྱར་བ་ལྟ་བུའོ། ། འདི་དག་པཱ་ཎི་བའི་གཞུང་ལ་མང་བོ་ཡོད། ཏ་ར། ཏ་མ། ཨཱི་ཡ་སུ། ཨིཥྛ་རྣམས་ནི་ཁྱད་པར་རམ་ཆེས་ཆེར་ཤིན་ཏུ་སོགས་སྟོན་པ་ལ་འཇུག་གོ། གྲངས་ཀྱི་དོན་ཅན་དང་འབྲེལ་བའི་བདག་སྒྲའི་དོན་ལ་འཇུག་པའི་རྐྱེན་གྱི་དངོས་པོ་ནི་དགུ་ཡོད་དེ། དང་བོ་ནི་དྭིདང་ཏྲི་གཉིས་ལ་ཏཱི་ཡ་འཇུག གཉིས་པ་ནི་ཥཥ྄་དང་ཙ་ཏུར྄་གཉིས་དང་། ཀ་ཏི་དང་ཀ་ཏི་པཱ་ཡ་རྣམས་ལ་ཐ་འཇུག་སྟེ་ཕྱི་མ་གཉིས་ནི་གྲངས་དངོས་མིན་ན་ཡང་མང་ཉུང་ཇི་ཙམ་ཞེས་དྲི་བའི་དོན་ཡིན་པས་སོ། ། གསུམ་པ་ནི། གྲངས་ལྔ་ནས་དགུའི་བར་རྣམས་འཇུག་པ་ལ་ནི་རྐྱེན་མི་ཡིག་འཇུག བཞི་བ་ནི། བཅུ་གཅིག་པ་ནས་བཅུ་དགུའི་བར་རྣམས་ལ་ཌ་འཇུག་པར་མ་ཟད། བཅུ་གཉིས་པ་ནས་བཅུ་དགུ་བར་གྱི་གྲངས་ཀྱི་སྒྲའི་གཟུགས་ཀྱང་འགྱུར་འགྲོ་བ་གཞུང་ན་གསལ། ལྔ་བ་ལ་རྐྱེན་གཉིས། ཉི་ཤུ་བ་ནས་གྲངས་མེད་ཀྱི་བར་ཏ་མཊ྄་དང་ཌ་གཉིས་ཡང་ན་བར་བཤད་པས་བརྒྱ་ནས་གྲངས་མེད་ཀྱི་བར་ཏ་མཊ྄་ཁོ་ན་འཇུག དྲུག་པ་ལའང་རྐྱེན་གཉིས། ཉིས་ཚན་དང་སུམ་ཚན་དུ་བཅད་པ་སོགས་ལ་དྷཱ་འཇུག་ཀྱང་། དབྱངས་དང་བོར་ཡོན་ཏན་བྱས་ན་ཨཎ྄་རྐྱེན་ཡང་སྟེར་དགོས་པ་སོགས་སོ། ། བདུན་པ་ལའང་གཉིས། གྲངས་ཀྱི་དོན་དུ་ཏ་ཡ་ཨ་ཡཊ྄་དག་སྟེར་བའི་ཡུལ་ལ་ནི། དཔེར་ན། ཡུལ་དེ་ལ་གྲངས་དེ་དང་ལྡན་པ་ཞིག་དགོས་ཏེ། རཏྣའི་སྒྲ་དཀོན་མཆོག་དང་རིན་ཆེན་གཉིས་ལ་འཇུག་པ་ལས་དཀོན་མཆོག་ལ་སྦྱར་ན། སངས་རྒྱས་དང་ཆོས་དང་དགེ་འདུན་ཏེ་དངོས་པོ་གསུམ་དང་ལྡན་པ་ལ། ཏ་ཡ་དང་ཨ་ཡཊ྄་གང་རུང་སྦྱར་རུང་བ་ལས། ཨ་ཡཊ྄་སྦྱར་ཚེ་ཊི་ཡང་དབྱི་དགོས་ཏེ། དཔེར་ན། ན་མོ་རཏྣ་ཏྲི་ལ་ཨ་ཡཊ྄་སྦྱར། ཏྲིའི་ཨི་དབྱི་ཞིང་རྐྱེན་ལ་མཚམས་སྦྱར་བས། ན་མོ་རཏྣ་ཏྲ་ཡ་བྱུང་བ་དེ་སླར་ཚིག་ཏུ་སྒྲུབ་པ་ན། བཞི་བའི་ངེ་དང་ཨཀ྄་སྦྱར་བས་ན་མོ་རཏྣ་ཏྲ་ཡཱ་ཡ་གྲུབ་པ་དེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ་ཞེས་པར་འཇུག་པ་བདག་གིས་བརྗོད་ཟིན་ནོ། ། བུད་མེད་མཛེས་མ་དང་སྐྱེས་པ་དཔའ་བོ་ཞེས་པའི་རི་མོ་འབྲི་བའི་སྐབས་སུ་ཀུན་བཤད་ཀྱི་མཚན་གནང་བ་བཀྲ་ཤིས་འཁྱིལ་ཀྱི་མཁས་པ་རྣམས་ཀྱིས་ཕྱག་བཞེས་ཡིན་ནོ། །
སྨྲས་པ། ཟབ་ཟབ་དཀའ་གནད་འཆིང་བརྒྱའི་སྒྲོག།
མང་མང་མཁས་བརྒྱའི་མན་ངག་གིས། །
ལྷུག་ལྷུག་གྲོལ་པའི་བཀའ་དྲིན་དེ། །
ཡང་ཡང་དྲན་པས་དགའ་སྐྱོ་འགྲན། །
དེ་ཙམ་གྱིས་མིང་ལེའུ་བཅུ་གཉིས་པ་དེ་ཕན་གྱི་སྤྱི་དོན་ཆ་ཤས་ཙམ་བཤད་ཟིན་ནོ། །
ཀུན་བཤད་ཀྱི་སྐབས།
༈ན་མཿ ཨཱརྱཱ་ཏཱ་རཱ་ཡཻ།
དུས་གསུམ་རྒྱལ་བའི་འཕྲིན་ལས་ཡོངས་གྱུར་མརྒད་ཞུན་མའི་མདངས། །
མཚན་དཔེའི་དཔལ་ཀུན་མངའ་བའི་ལྷུན་པོར་དོན་གཉིས་མཐར་ཕྱིན་པས། །
དབང་གཞུ་ལ་འཁུ་གོས་དང་རིན་ཆེན་དུ་མ་འགྲན་བཞིན་མཛེས། །
རྒྱལ་ཀུན་དགྱེས་པའི་དབང་མོ་ཁྱོད་ལྟར་དོན་གཉིས་ལྷུན་འགྲུབ་མཛོད། །
བརྡ་སྤྲོད་རང་བཞིན་ཆུ་གཏེར་ཆེ་ལས་ནི། །
བརྗོད་དོན་ནོར་བུའི་བྱེ་བྲག་མཐའ་ཡས་པ། །
ཇི་བཞིན་བརྗོད་ལ་རོ་འཛིན་ཆེས་བརྟན་པས། །
ཆ་ཙམ་བརྗོད་ལ་བློ་ལྡན་གཟིགས་མོར་མཛོད། །
ད་ནི་ཀུན་བཤད་ཀྱི་སྐབས་སུ་བདག་གཞན་དུས་གསུམ་བྱ་བྱེད་ལས་གསུམ་སོགས་ཀྱི་དོན་སྟོན་པའི་གཞུང་ལ་ཀུན་བཤད་ཅེས་བྱ་སྟེ། དེའང་བྱིངས་ལ་རྣམ་དབྱེ་ཏིཔ྄་སོགས་བརྒྱ་དང་བརྒྱད་ཅུ་བོ་གང་རུང་སྐབས་ཐོབ་ལྟར་སྦྱར་བ་སོགས་ཀྱིས་བརྗོད་དོན་རྣམས་སྟོན་པར་འགྱུར་བ་ཡིན་ནོ། ། དེ་ཡང་བདག་གཞན་བྱ་བྱེད་སོགས་སྟོན་བྱེད་ནི་གཙོ་བོ་རྐྱེན་ནམ་རྣམ་དབྱེ་དག་ཡིན་ནའང་དེ་ཁོ་ནས་བརྗོད་བྱ་མི་སྟོན་ལ་རྣམ་དབྱེ་དེ་དག་ལ་མ་ལྟོས་པར་བྱིངས་ཁོ་ནས་ཀྱང་དོན་སྟོན་མི་ནུས་ཤིང་། རང་བཞིན་དང་རྐྱེན་ཉིས་ཚོགས་ཀྱིས་དོན་སྟོན་པར་འགྱུར་ཏེ་འོག་ནས་གསལ་བོ་འབྱུང་། རང་བཞིན་ནམ་བྱིངས་རྣམས་ལ་ཚོགས་ཆེས་ཆེ་བའི་སྒོ་ནས་དབྱེ་ན་བི་ཀཱ་ར་ཎའི་དབང་གིས་དབྱེ་ན་ཚོགས་པ་དགུ་འབྱུང་བའི། དང་བོ་བྷཱུ་སོགས་ལ་ཨཔ྄་བི་ཀ་ར་ཎ་དང་། གཉིས་པ་ཨད྄་སོགས་ལ་ཨཔ྄་འཇིག་པ་དང་། གསུམ་པ་དིཔ྄་སོགས་ལ་ཡ་བི་ཀཱ་ར་ཎ། བཞི་བ་སུ་སོགས་ལ་ནུ་བི་ཀཱ་ར་ཎ། ལྔ་བ་རུ་དྷ་སོགས་ལ་ནམ྄་བི་ཀཱ་ར་ཎ། དྲུག་པ་ཏན྄་སོགས་ལ་ཨུཔ྄་བི་ཀཱ་ར་ཎ། བདུན་པ་ཏུད྄་སོགས་ལ་ཨ་བི་ཀཱ་ར་ཎ། བརྒྱད་པ་ཀྲཱི་སོགས་ལ་ནཱ་བི་ཀཱ་ར་ན། དགུ་བ་ཙུ་ར་སོགས་ལ་ཉི་བི་ཀཱ་ར་ཎ་ལ་སོགས་པ་འཇུག་ཡུལ་གྱི་དབང་གིས་དབྱེ་བ་བྱུང་བ་ཡིན་ལ། དེའང་བྱིངས་མཐར་བྱིངས་ཐམས་ཅད་པའི་རྣམ་དབྱེ་སྡེ་ཚན་བཞི་བོ་གང་རུང་ཕ་རོལ་ཏུ་བྱུང་ན། བི་ཀཱ་ར་ཎ་རྣམས་འཇུག་ལ་དེ་དག་མེད་པ་སྡེ་ཚན་ཕྱི་མ་དྲུག་སྦྱོར་བ་ན་མི་འཇུག་གོ། འོན་ཀྱང་ཀྲྀཏ྄་ལེར་ཤ་འགྲོ་བ་ལ་བཞི་བོ་བཞིན་ནོ་ཞེས་བྱིངས་མིང་དུ་སྒྲུབ་པའི་རྐྱེན་ཤིཏ྄་རྣམས་བྱུང་ན། བི་ཀཱ་ར་ཎ་འཇུག་པ་དམིགས་བསལ་ཡིན་ནོ། ། ཚོགས་ཆེ་བའི་དབང་དུ་བྱས་པའི་བྷཱུ་སོགས་ལའང་ནང་གསེས་སུ་ཌུཧ྄་སོགས་དང་གྷཊ྄་སོགས་དང་། ཛྭ་ལ་སོགས་དང་ཡཛ྄་སོགས་མང་བོ་ཡོད་པ་ལྟ་བུའོ། ། བྱིངས་རྣམས་ཀྱིས་བརྗོད་བྱ་སྟོན་ཚུལ་གྱི་དབང་གིས་གཞན་དོན་གྱི་ཚིག་ཅན་དང་། བདག་དོན་གྱི་ཚིག་ཅན་དང་དེ་གཉིས་ཀ་སྟོན་པའི་ཚིག་ཅན་ཏེ་གསུམ་གྱི་དབྱེ་བ་ཡོད། དེ་དག་གོ་སླ་བའི་དབང་གིས་ཐོག་མར་བདག་དོན་གྱི་ཚིག་ཅན་གྱི་དཔེར་བརྗོད་ན། ཨེ་དྷ་འཕེལ་བའི་བྱིངས་བཞག མཐའི་ཨ་བརྗོད་དོན་ཡིན་པས་ཕྱིས། བརྟ་མ་ནའི་བདག་དོན་སྟོན་བྱེད་ཀྱི་ཏེ་སྦྱར། བྱེད་པོ་ལ་ཨཔ྄་སྟེར་པ྄་ཡིག་ནི་སྐབས་འདི་ལྟ་བུ་རྗེས་འབྲེལ་ཡིན་པས་ཕྱིས། གཞན་ཡོན་ཏན་ཅན་གྱི་བྱིངས་ཡིན་ན། རྐྱེན་གྱི་པ྄་ཡིག་བྱིངས་ལ་ཡོན་ཏན་འབྱུང་བའི་དོན་ཡིན་པས་ཕྱི་བ་གཞན་ཀུན་ལ་འདྲ། མཚམས་སྦྱར་བས་ཨེ་དྷ་ཏེ། འཕེལ་བར་བྱེད་ལྟ་བུ། བྱེད་པོ་རང་གི་ཡོན་ཏན་དང་ལོངས་སྤྱོད་སོགས་བྱེད་པོ་རང་གིས་བརྩོན་པ་བྱས་པའི་དབང་གིས་འཕེལ་རྒྱས་བྱུང་བ་ལྟ་བུ་སྟེ་བྱེད་པོ་གཞན་ལ་ལྟོས་མེད་པ་བཞིན་ནོ། ། གཉིས་ཀའི་ཚིག་ཅན་གྱི་བྱིངས་ཌུཀྲྀཉ྄་བྱེད་པའི་བྱིངས་ཀྱིས་གཞན་དོན་དང་བདག་དོན་གཉིས་ཀ་སྟོན་པས་བྱེད་པོ་གཞན་དང་འབྲེལ་ཚེ་རྣམ་དབྱེ་སྡེ་ཚན་བཅུའི་དགུ་ཚན་དང་བོ་རྣམས་སྦྱར་དགོས་པས། བྱིངས་དེ་ལ་བརྟ་མ་ནའི་དགུ་ཚན་དང་བོའི་སྐྱེས་བུ་ཕྱི་མའི་གཅིག་ཚིག་མིཔ྄་དང་བྱེད་པ་བོའི་དོན་སྟོན་བྱེད་ཨཔ྄་ཀྱི་ཡུལ་ལ་ཨུཔ྄་བི་ཀཱ་ར་ཎ་སྦྱར། ཨུཔ྄འི་པ྄་བྱིངས་ལ་ཡོན་ཏན་འབྱུང་བའི་དོན་དང་། རྣམ་དབྱེ་སྟེ་མིཔ྄འི་པ྄་རྐྱེན་ལ་ཡོན་ཏན་འབྱུང་བའི་དོན་གྱིས་ཕྱིས་པ་སོགས་དང་། མཚམས་སྦྱར་བས་ཀ་རོ་མི། བགྱིའོ་ཞེས་བྱ་བ་བྱེད་མཁན་གཞན་ཡིན་པ་སྟོན། ཡང་བྱིངས་དེ་ལ་བདག་དོན་སྟོན་བྱེད་ཀྱི་ལཊ྄འི་ཏེ་དང་ཨུཔ྄་སྦྱར་བ་སོགས་བྱས་པས། ཀུ་རུ་ཏེ། བྱ་བ་བྱེད་དོ་ཞེས་པ་ལྟ་བུའི་བྱེད་པོ་བདག་ཡིན་པར་སྟོན་པ་ལྟ་བུའོ། ། གཞན་དོན་གྱི་ཚིག་ཅན་གྱི་བྱིངས་བྷཱུ་ཡོད་པ་ལའོ་ཞེས་པའི་བྱིངས་ལ། དུས་ད་ལྟ་བ་སྟོན་བྱེད་ལཊ྄འི་ཏིཔ྄་དང་བྱེད་པ་བོ་སྟོན་བྱེད་ཀྱི་ཨཔ྄་བི་ཀཱ་ར་ཎ་བྱིན་ནས་ཐོབ་ཐང་ལྟར་བསྒྲུབས་པས། བྷ་བ་ཏི་གྲུབ་པས་དངོས་པོར་བྱེད་པའམ་ཡོད་པར་བྱེད་ཅེས་པས་བྱེད་པོ་གཞན་ཡོད་པ་སྟོན་པ་ལྟ་བུ་སོགས་སོ། ། སྤྱིར་ཀུན་བཤད་ཀྱི་སྐབས་འདི་དང་། རྟགས་འཇུག་གི་སྐབས་ཀྱི་དཔེར་བརྗོད་དོན་སྟོན་ཚུལ་གཉིས་རྗོད་བྱེད་ཀྱི་སྒྲ་མ་གཏོགས་ཆེས་ཆེར་འདྲ་སྟེ། ལེགས་སྦྱར་ལས་དུས་འདས་པ་ཡུན་རིང་ལོན་མ་ལོན་དང་། འབྱུང་འགྱུར་ལའང་ཉེ་རིང་གཉིས་ཡོད་པ་དང༌། སྨོན་པའི་དོན་ལ་འཇུག་པ་ཡོད་མེད་སོགས་མི་མཚུངས་པ་དང་སྤྱི་དམིགས་བསལ་གྱི་ཁྱད་པར་ཡོད་མེད་མ་གཏོགས་ཕར་ཆེར་འདྲ་བར་སེམས། ངོ་ཚ་ཡོད་དང་གནས་མལ་ཚེ། །འཕེལ་ཟད་འཇིགས་དང་འཚོ་དང་འཆི། །ཉལ་བ་རྩེད་མོ་འོད་གསལ་དོན། །བྱིངས་ཚོགས་དེ་རྣམས་ལས་མེད་བཤད། །ཅེས་ངོ་ཚ་སོགས་ཀྱི་དོན་ཅན་བྱིངས་བཅུ་གཉིས་པོ་རེ་རེ་ལ་བྱིངས་ཇི་སྙེད་ཅིག་ཡོད་ནའང་ལས་མེད་ཡིན་ཏེ། ཕྱོགས་མཚོན་ཙམ་ནི་བྷཱུ་ཡོད་པ་ཨས྄་ཡོད་པ་སོགས་དང་། ཧྲཱི་ངོ་ཚ་བ། ལཛ྄ཛཱ་ངོ་ཚ་བ་དང་། ཨེ་དྷ་དང་། བྲྀ་དྷི་འཕེལ་བའི་བྱིངས་དོན་གཅིག་པ་ཅི་ཡོད་པ་ཐམས་ཅད་ལས་མེད་པའི་བྱིངས་ཡིན་ནོ། ། དེ་དག་ལས་གཞན་པའི་བྱིངས་ཐམས་ཅད་བྱིངས་ལས་བཅས་ཡིན་ཏེ། ཌུཀྲྀཉ྄་བྱེད་པ་ལའོ་ཞེས་པའི་བྱིངས་ལས་བཅས་ཡིན་ཚུལ་ནི། བྱ་བ་བྱེད་རྒྱུ་ཞིག་ཡོད་པ་གཞིར་བཞག་ཡིན་པས་བྱ་རྒྱུ་དེ་ལས་ཡིན། ཌུཔཙཥ྄་འཚེད་པ། ཨད྄་ཟ་བ། དྲྀཤ྄་བལྟ་བའི་བྱིངས་སོགས་ལ་རིམ་བཞིན་བྱ་རྒྱུའི་ལས། བཙོ་བྱའི་ཤ། བཟའ་བྱའི་ཚོད་མ། བལྟ་བྱའི་གཟུགས་ལྟ་བུ་སོགས་ནི་ལས་ཡིན་པའི་རྒྱུ་མཚན་གྱིས་བྱིངས་ལས་བཅས་སུ་ངོས་འཛིན་པ་སོགས་སོ། །
རྣམ་དབྱེ་སྡེ་ཚན་བཅུ་ལས་དང་བོ་བརྟ་མ་ན་ལཊ྄་སོགས་དུས་ད་ལྟ་བ་སྟོན་པ་ལ་སྦྱར། གཉིས་པ་ཆོ་ག་འབྱུང་ལིང྄་རྣམས་ནི། དེ་ཡང་ཆོ་ག་འབྱུང་བ་ཞེས་པ་སློབ་མའི་རྒྱུད་ཀྱི་སྐྱོན་དག་པ་དང་ཡོན་ཏན་ཐོབ་པ་སོགས་བླ་མས་གདམས་ངག་བསྟན་པ་ལ་བརྟེན་པ་དང་། འབྱུང་བའི་གནས་དག་ཅེས་པ་རྟོགས་པའི་ཤེས་པ་དེ་འབྱུང་བའི་གནས་སམ་རྟེན་ལ་ཟེར་ཏེ། དུ་བ་མཐོང་བ་ལ་བརྟེན་ནས། ཡུལ་དེ་ལ་མེ་ཡོད་པར་ཤེས་པའི་བློ་འབྱུང་བ་ལྟ་བུ་དང་། གསུམ་པ་ཤིས་བྱེད་ལོཊ྄་རྣམས་ཀྱིས་མ་ཐོབ་པ་ཐོབ་པར་བྱེད་པ་སོགས་ཤིས་བརྗོད་དང་། ཞོ་འདི་ལོངས་ཤིག་ལྟ་བུ། བྱ་བ་དེ་སྒྲུབས་ཤིག་ཅེས་སྐུལ་ཚིག་གི་དོན་དུ་སྦྱོར་བ་དང་། བཞི་བ་དེ་རིང་མ་ཡིན་པའི་འདས་པ་ལང྄་རྣམས་ནི། འདས་ནས་ཡུན་རིང་བོ་མ་ལོན་པ། ཁ་སང་གི་དུས་ལྟ་བུ་འདས་ནས་ཡུན་རིང་མ་སོང་བའི་དོན་སྟོན་པ་ལ་སྦྱོར། དེ་བཞི་སོ་སོའི་སྦྱོར་ཚུལ་སྐབས་ཀྱི་དཔེར་བརྗོད་དག་ལས་ཤེས་ནུས་སོ། ། བྱིངས་ཐམས་ཅད་པའི་དངོས་པོ་དང་ལས་བཤད་པའི་སྐབས་སུ་གོང་དུ་བཤད་པའི་རྣམ་དབྱེ་སྡེ་ཚན་བཞི་ལས། བདག་དོན་ལ་སྦྱོར་རྒྱུའི་རྣམ་དབྱེ་དགུ་ཚན་ཕྱི་མ་རྣམས་འཇུག དེའང་དངོས་པོའི་དཔེར་བརྗོད་ལ་འདིར་བྷཱུ་ཡ་ཏེ། བྱུང་བ་འདིར་མཚོན་ན། བྱིངས་བྷཱུ་ཡིག་གིས་དངོས་པོ་ཡོད་པ་ཙམ་སྟོན་པ་མ་གཏོགས་བར་རྐྱེན་ཡཀ྄་དང་རྣམ་དབྱེ་ཏེ་གཉིས་ཀས་དོན་ཅི་ཡང་མི་སྟོན་པར། བྱིངས་དོན་ཁོ་ནས་དངོས་པོའི་དོན་སྟོན་པ་ཙམ་བཞིན་ནོ། ། འོན་ཀྱང་། རྐྱེན་དེ་གཉིས་མ་བྱིན་ན་ཚིག་མི་འགྲུབ་པའི་ཕྱིར་རོ། ། བྱེད་ཅན་དྲུག་པོ་གང་དང་ཡང་མ་སྦྱར་བ་ཞེས་པ་ནི། རྣམ་དབྱེ་དང་བོ་ནས་བདུན་པའི་བར་གྱི་རྣམ་དབྱེ་རྣམས་སྦྱར་དགོས་དོན་མེད་པ་ལ་བཤད། ཧྲྀཉ྄་འཕྲོག་པའི་བྱིངས་ལྟ་བུ་ནི་བྱིངས་ལས་བཅས་ཡིན་ཏེ། འཕྲོག་བྱའི་ནོར་ལས་ཡིན་མོད། ཉེར་བསྒྱུར་བི་དང་ཨཱང྄་སྦྱར། བི་ཧཱ་ར་གནས་པ། ཨཱ་ཧཱ་ར། ཟས་སོགས་ཉེར་བསྒྱུར་གྱི་དབང་གིས་ལས་མེད་དུ་སོང་བ་ལྟ་བུའོ། ། ལས་བཅས་ཀྱི་བྱིངས་ལ་ཡཀ྄་སྦྱར་བའི་ཌུཀྲྀཉ྄་ལ་ཏེ་དང་ཡཀ྄་སྦྱར་བས་ཀྲི་ཡ་ཏེ། ཚིག་གྲོགས་ཀ་ཊཿ སྔོན་དུ་བཞག་པའི་རེ་ལྡེ་ནི་ལས་དངབཟོ་བོའི་སྐད་དོད་ཀཱ་རུ་ཀེ་ཎ་མཇུག་ཏུ་སྦྱར་བས། ཀ་ཊཿ ཀྲི་ཡ་ཏེ་ཀཱ་རུ་ཀེ་ཎ། བཟོ་བོས་རེ་ལྡེ་བྱེད་ཅེས་པའི་རེ་ལྡེ་ནི་བྱ་རྒྱུའི་ལས་ཡིན་པ་སོགས་སོ། ། དེ་ལྟར་གཞུང་གི་དཔེར་བརྗོད་རྣམས་ལས་རྟོགས་སླའོ། །
ཡོན་ཏན་ཡང་དག་པར་ནི་ལྡན་པ་ཡི། །
ཇི་ལྟར་ལས་ནི་བྱེད་པ་བོ་ཡང་སྟེ། །
ཞེས་པའི་ཚིགས་བཅད་ཀྱི་དོན་ནི། བྱ་བ་བྱེད་རྒྱུའི་ལས་ཡིན་པ་དེ་བྱེད་པ་བོས་རྩོལ་བ་ཞིག་བྱེད་དགོས་མོད་འབད་པ་ཆེར་བྱ་མི་དགོས་པར། ལས་དེ་སྒྲུབ་སླ་བའི་ལས་དེ་དག་ལས་ཡང་ཡིན་པར་མ་ཟད་ལས་རང་ཉིད་བྱེད་པ་བོ་ཡང་ལས་རང་ཉིད་ཡིན་པའི་ཐ་སྙད་བཏགས་པ་དཔེར་ན། མར་གྱི་གོང་བུ་བཞུ་བའི་ཚེ་ན། བཞུ་མཁན་ཞིག་ངེས་པར་དུ་ཡོད་དགོས་ཤིང་བརྩོན་པ་དྲག་པོ་བྱེད་མི་དགོས་པར་ཞུ་སླ་བ་དེ་འདྲའི་ལས་ཏེ་རང་ཉིད་བྱེད་པོའང་ཡིན་ལ་ལས་ཀྱང་ཡིན་ཞེས་པའོ། ། དེ་ལྟར་གང་ཡང་རུང་བའི་ལས་དེ་འགྲུབ་པའི་ཆེད་དུ་བྱེད་པ་བོས་ངལ་བ་ཆེར་མ་བྱས་ན་མི་འགྲུབ་པའི་ལས་དེ་འདྲ་ནི་ལས་ངོས་རྐྱང་ཡིན་པར་བཤད་དེ་དཔེར་ན་ལྕགས་ཀྱི་གོང་བུ་བཞུ་བའི་ཚེ་བརྩོན་པ་ཆེར་བྱེད་པ་ལ་ལྟོས་དགོས་པའི་ལས་དེ་ནི་ལས་ངོས་རྐྱང་གི་ཐ་སྙད་བཏགས་པ་ལྟ་བུའོ། ། དེ་ཡང་སྡེབ་སྦྱོར་བསྒྲིགས་པ་སོགས་ཀྱི་སྐབས་སུ་བྱིངས་ལ་ཏིཔ྄་སོགས་ཀྱི་རྣམ་དབྱེ་སྦྱར་བས་ཚེ་བྱིངས་དེ་ཚོགས་པ་དགུ་བོ་གང་དུ་གཏོགས་ཤེས་དགོས་པར་མ་ཟད། བྱིངས་དེ་བདག་དོན་དང་གཞན་དོན་གང་དང་གང་ཡིན་ཤེས་དགོས་པ་གཙོ་བོ་དང་། དམིགས་བསལ་གྱི་དབང་གིས་རྣམ་དབྱེ་གཅིག་ཚིག་དང་མང་ཚིག་གང་རུང་སྦྱོར་དགོས་པའི་ངེས་པ་ཆེར་མེད་དེ། རྣམ་དབྱེ་སྡེ་ཚན་ཕྱི་མ་དྲུག་པོ་སྦྱར་ཚེ་སྦྱོར་ཡུལ་གྱི་བྱིངས་དེ་ཚོགས་པ་དགུ་བོ་གང་ཡིན་ལ་ལྟ་མི་དགོས། སྡེ་ཚན་སོ་སོ་དོན་གང་དང་གང་ལ་འཇུག་ཚུལ་སྤྱི་དམིགས་བསལ་ཡོད་པ་ནི། ལེའུ་རྣམས་ཀྱི་མདོ་འགྲེལ་དང་སྐབས་སོ་སོའི་འགྲེལ་བ་དང་དཔེར་བརྗོད་རྣམས་ལས་ཤེས་ནུས་སོ། ། བྱིངས་ལས་མིང་དུ་སྒྲུབ་པ་ལ་བྱིངས་དེ་ཚོགས་པ་གང་ཡིན་ལ་ལྟ་མི་དགོས་ཤིང་། བྱིངས་དེ་བདག་དོན་དང་གཞན་དོན་གྱི་ཚིག་ཅན་གང་ཡིན་ལ་བརྟག་མི་དགོས་སོ། ། དེ་ཙམ་ཀྱིས་བྱིངས་ཐམས་ཅད་པའི་སྐབས་ཀྱི་སྤྱི་དོན་ཆ་ཙམ་བརྗོད་ཟིན་ནོ།། ༈ །།
དེ་ནས་རྣམ་དབྱེ་སྡེ་ཚན་ཕྱི་མ་དྲུག་པོ་གང་དང་གང་ལ་འཇུག་དོན་སོགས་འགྲེལ་བ་ལ་ཞིབ་པར་དཔྱད་ན་རྟོགས་པར་འགྱུར། ཀྲྀ་ཨཱས྄་བྷུ་རྐྱེན་མཐའ་ཅན་ཕ་རོལ་ལས་ཀཱ་ས་ལ་སོགས་པ་རྣམས་ལ་ཨཱམ྄་སྦྱར་བའི་དཔེར་བརྗོད་སྐབས་བྱིངས་བྷཱུ་ལ་བདག་དོན་གྱི་ཨེ་སྦྱར་བ་རེ་འདུག་པ་རྣམས་ལ་དོགས་པ་འདི་ཡོད་དེ། བྷཱུ་ཡོད་པའི་བྱིངས་ནི་གཞན་དོན་གྱི་ཚིག་ཅན་གྱི་བྱིངས་ཡིན་པའི་རྒྱུ་མཚན་གྱིས་ཎཔ྄་སྦྱར་དགོས་པའི་ཕྱིར་དང་། བྱིངས་ཀྲྀ་ཨཱས྄་གཉིས་ནི་གཉིས་ཀའི་ཚིག་ཅན་ཡིན་པས་བདག་དོན་དང་གཞན་དོན་གཉིས་ཀ་སྦྱར་བའི་དཔེར་བརྗོད་འདུག་པས། བྷཱུ་ལའང་སྦྱོར་རུང་བར་བསྟན་པ་ཡིན་ནམ། ཡང་ན་བྷཱུ་ཐོབ་པའི་བྱིངས་ནི་བདག་དོན་གྱི་ཚིག་ཅན་ཡིན་པས་བདག་དོན་གྱི་ཨེ་བྱིན་པ་འདྲ་སྟེ་དཔྱད་པར་བྱ་དགོས་སོ། ། འདི་དག་མཁན་པོ་ཚེ་རྣམ་ཚང་དང་། དགེ་རྩེ་པཎྜི་ཏ། འདར་ལོའི་ཊིཀྐ་སོགས་ཀྱི་དཔེར་བརྗོད་འདྲའོ། ། དེ་ཙམ་གྱིས་ལྐོག་གྱུར་སོགས་རྣམ་དབྱེ་སྡེ་ཚན་ཕྱི་མ་དྲུག་སོགས་རེ་ཞིག་བཤད་ཟིན་ནོ།། ༈ །།
དེ་ནས་བྱིངས་བྱིངས་སུ་སྒྲུབ་པ་དང་མིང་བྱིངས་སུ་སྒྲུབ་པའི་ལེའུ་གསུམ་ལས་བྱིངས་བྱིངས་སུ་སྒྲུབ་པ་ལ་ཡང྄་རྐྱེན་མི་འཇུག་པ་དང་འཇུག་པ་གཉིས་ཡོད་པའི་ཕྱི་མ་བྱིངས་བྱིངས་སུ་དང་མིང་བྱིངས་སུ་སྒྲུབ་པར་འཇུག་པ་དང་མིང་བྱིངས་སུ་སྒྲུབ་པ་དང་མིང་གི་བྱིངས་བྱིངས་སུ་སྒྲུབ་པ་ལ་འཇུག་པ་རྐྱེན་གྱི་དངོས་པོ་ཡ་ཡིག་ཡིན་ནའང་སྟེར་བྱེད་ལ་ཆོ་ག་མི་འདྲ་བ་གཉིས་འབྱུང་། བྱིངས་བྱིངས་སུ་སྒྲུབ་པའམ་བདག་ཉིད་འདོད་པ་ལ་ས་དང་། ཨ་ནཱ་ཡ། ཀ་མྱ་སྟེ་གསུམ་ཡོད། ཉི་རྐྱེན་སྟེར་བྱེད་ལའང་མདོ་གཉིས་ཡོད། རིམ་བཞིན་བྱེད་པ་དང་བྱེད་པ་བོ་སྟོན་པའི་དོན་ལ་འཇུག་ཚུལ་གཞུང་ན་གསལ། བྱིངས་ཐམས་ཅད་པ་དང་ཕྱེད་པ་དང་བདག་གཞན་གྱི་རྣམ་དབྱེ་གང་དང་གང་སྦྱར་དགོས་ཚུལ་ནི། དཔེར་བརྗོད་རྣམས་ལས་ཤེས་ནུས་སོ། ། ཨཱ་བཅུ་གསུམ་པར་ཀུན་ནས་བསྒྱུར་བ་སོགས་ཀྱི་སྐབས་ཀྱི་བྱིངས་རྣམས་ལ་བྱིངས་ཀྱི་དབང་གིས་དགུ་ཚན་སྔ་ཕྱི་གཉིས་ཀ་སྦྱར་དགོས་པ་ཡང་ཡོད་དོ།། ༈ །།
ཨཱ་བཅུ་བཞི་བར་བྱིངས་དང་ཉེར་བསྒྱུར་སྦྱོར་ཚུལ་ལས་ཉེར་བསྒྱུར་རྣམས་སྦྱར་བ་ལ་བདག་དོན་གྱི་རྣམ་དབྱེ་སྦྱོར་བ་ཤས་ཆེའོ། ། བིད྄་ཤེས་པའི་བྱིངས་ནི་ཨད྄་ཟ་བའི་བྱིངས་ཀྱི་སོགས་ཁོངས་ཡིན་པས་གཞན་དོན་གྱི་ཚིག་ཅན་ཡིན་པ་དང་ཨཔ྄་སྦྱར་དགོས་ཀྱང་ཨཔ྄་མི་འཇུག་པ་ནི་སྤྱི་ལས་དམིགས་བསལ་ཡིན་པ་ལྟ་བུ་གོང་འོག་ཀུན་ཏུ་འབྱུང་ཚུལ་སོགས་མ་འདྲེས་པར་ཤེས་པར་བྱ་བ་ནི་གནད་དུ་ཟུངས། དེ་ཙམ་གྱིས་ཀུན་ནས་བཤད་པ་སོགས་ཀྱི་ཆ་ཙམ་རྫོགས་སོ།། ༈ །།
དེ་ནས་བྱིངས་ཀྱི་རང་བཞིན་རྣམས་མིང་དུ་སྒྲུབ་པར་བྱེད་པའི་རྐྱེན་རྣམས་ལ་ཀྲྀཏ྄་རྐྱེན་རྣམས་འཇུག་སྟེ། ཀྲྀཏ྄་ཞེས་པ་བྱེད་པ་བོ་དང་བྱེད་པའི་དོན་ཡིན་མོད། ལེའུ་འདིའི་ནང་གི་རྐྱེན་རྣམས་བྱེད་པ་བོ་དང་བྱེད་པ་དང་། དངོས་པོ་དང་། ལས་དང་ལས་ཚིག་སྔོན་དུ་བཞག་པའི་མཐར་བྱ་བ་དང་བྱེད་པ་སྟོན་པ་ལ་འཇུག་པ་སོགས་རྐྱེན་གྱི་ངོ་བོ་སྣ་ཚོགས་པ་རྣམས་འོག་ནས་འབྱུང་བའི་དཔེ་མཚོན་བྱེད་ཙམ་འབྲི་བ་ལ། ཐོག་མར་ཌུཀྲྀཉ྄་བྱེད་པའི་བྱིངས་བཞག བྱིངས་དེ་མིང་དུ་སྒྲུབ་བྱེད་ཀྱི་རྐྱེན་ཏྲྀ་དང་བུཎ྄་དག་གོ་ཞེས་པས་ཏྲྀ་བྱིན། ཡོན་ཏན་ནོ་ཞེས་ཀའི་སྲོག་གི་རྀ་ཨར྄་ཞེས་པས་ཨར྄་དུ་སོང་། མཚམས་སྦྱར་བས། ཀར྄ཏྲྀ། བྱེད་པ། པཙ྄་འཚེད་པ། ཧྲྀཉ྄་འཕྲོག་པ། བྷཱུ་ཡོད་པའི་བྱིངས་སོགས་ལ་ཏྲྀ་བུཎ྄་དག་གོ་ཞེས་ཏྲྀ་བྱིན་པས། པཀྟྲྀ། འཚེད་བྱེད། ཧར྄ཏྲྀ། འཕྲོག་བྱེད། བྷ་བི་ཏྲྀ། ཡོད་པའམ་དངོས་པོར་བྱེད། དེ་བཞིན་ཡུཊ྄་དང༌། བུཎ྄་དང༌། ཁྱུཊ྄་དང་། བ་ཙི་ནནྡི་གྲ་ཧ་སོགས་ལ་ཨ་ཡུ་ཎི་ནིའོ་ཞེས་པའི་ཨ་དང་ཡུ་དང་ཎི་ནི་རྣམས་ཀྱང་བྱེད་པ་སྟོན་པའི་རྐྱེན་སོགས་ཤིན་ཏུ་མང་། ལས་ལ་ཨཎ྄འོ་ཞེས་པའི་ཨཎ྄་ནི་བྱ་རྒྱུའི་ལས་ཚིག་སྔོན་ན་ཡོད་པའི་བྱིངས་ལ་བྱིན་པ། གྲནྠ་ཀཱ་རཿ། གླེགས་བམ་བྱེད་ལྟ་བུ་དང་། ལས་སྔོན་ན་མེད་ཀྱང་། ཌུདཱཉ྄་དང་ཛྙཱ་ཁུང་དུ་ཆུད་པ། པཱ་བཏུང་བའི་བྱིངས་སོགས་ལ། ཨཱཏ྄་ལས་ཌ་བྱིན་པས། དཿ སྦྱིན་པ། ཛྙཿ ཤེས་པ། པཿ བཏུང་བ་ལྟ་བུ། སྦྱིན་བྱ། ཤེས་བྱ། བཏུང་བྱ་སོགས་སྦྱིན་བྱའི་རྫས་ཤེས་པར་བྱ་རྒྱུའི་དངོས་པོའམ་ལས་བཏུང་བྱའི་འོ་མ་སོགས་ནི་ལས་ཡིན་པ་ལྟ་བུ་སོགས་སོ། ། ཡུཊ྄འི་རྐྱེན་མཐའ་ཅན་ཛྷཱ་ནཾ་ནི་ཤེས་པར་བྱེད། ཀྟ་སྦྱར་བའི་ཛྙཱ་ཏ་ནི་ཤེས་ཟིན་པ་སོགས་རྐྱེན་གྱི་བྱིངས་ཀྱིས་དོན་སྟོན་ཚུལ་གྱི་ཆེད་འབྱུང་ངོ་། ། བྷ་ཛ་རྣམས་ཀྱི་བིཎ྄འོ་ཞེས་བིཎ྄་སྦྱར་ཚེ་བྱེད་པོ་སྟོན་ཏེ། ཏ་ཏྭ་པྲ་ཚ་ལ་བིཎ྄་བྱིན་པས་ཏ་ཏྭ་པྲཱཚ྄་ཞེས་པས་དེ་ཁོ་ན་ཉིད་འདྲི་བ་བོ་སྟོན་པ་སོགས་ཀྱི་དཔེར་བརྗོད་མང་བོ་ཡོད། སྤྱིར་ཀྲྀཏ྄་ལེ་འདིར་བྱ་བའི་དོན་ལ་འཇུག་པའི་རྐྱེན་དང་། དེ་བཞིན་དུ་བྱེད་པོ་དང་བྱ་བ་དང་དངོས་པོའི་དོན་དང་། དུས་འདས་ནས་ཡུན་རིང་ལོན་མ་ལོན་གཉིས་ཀ་དང་། སྐུལ་ཚིག་གི་དོན་ལ་སྦྱིན་པ་དང་དུས་རྟག་པའི་དོན་ལ་སྦྱར་རྒྱུའི་རྐྱེན་དང་། རྐྱེན་དེ་དག་བྱིངས་གང་ཡང་རུང་བའི་མཐའ་སོགས་སུ་སྦྱར་བ་ན། རང་བཞིན་དང་རྐྱེན་དག་འཕྲད་པས་གཉིས་ཀ་རྣམ་འགྱུར་འབྱུང་ཚུལ་སོགས་སོ་སོའི་སྐབས་ཀྱི་དཔེར་བརྗོད་རྣམས་ཀྱི་སྟེང་ནས་ཞིབ་རྒྱས་སུ་རྟོགས་ནུས། བྱིངས་ཀྱི་དངོས་པོར་གནས་པའི་མིང་དག་ནི། བྷ་ཛ་རྣམས་ཀྱི་བིཎ྄འོ་ཞེས་པའི་བིཎ྄་རྐྱེན་དང་ཀྭིཔ྄འོ་ཞེས་པའི་ཀྭིཔ྄་རྐྱེན་བྱིན་པས་མིང་དུ་གྲུབ་པ་ཁོ་ནར་ངེས། དེས་ན་དེ་དག་ཚིག་ཏུ་སྒྲུབ་ན་རྣམ་དབྱེ་སྡེ་ཚན་གཉིས་པོའི་གང་བྱིན་ན་ཆོག་གམ་སྙམ། གསལ་ལྡན་གྱི་གོང་འོག་རྣམས་སུ་འགྲེལ་ཚིག་གིས་སྒྲུབ་དགོས་པ་རྣམས་ནི། དབྱངས་ཅན་མའི་མདོ་ལ་ཆོ་ག་མེད་སྐབས་དེ་དག་སྒྲུབ་བྱེད་ཀྱི་མདོ་ཡོད་པ་རྣམས་འགྲེལ་ཚིག་གི་ཚུལ་དུ་གསུང་བ་ཡིན། གཞུང་འདིར་ལྷག་མ་འཇིག་རྟེན་ལས་གྲུབ་པ་འདིར་བཤད་དོ་ཞེས་གསུངས་པའི་དོན་ལྟར་གཞན་གྱི་མདོ་དེ་དག་འགྲེལ་ཚིག་གི་ཚུལ་དུ་བྱས་པ་ཡིན་ནོ།། ༈ །།
དེའང་སྤྱིར་རྟགས་གསུམ་གྱི་རྣམ་བཞག་ནི། བོད་ལྟར་སྒྲ་དྲག་ཞན་གྱི་སྒོ་ནས་རྟགས་ཀྱི་དབྱེ་བ་བྱུང་བ་མིན་པ་འདྲ་སྟེ། ཀྲྀཏ྄་ལེ་འདིར་བྱིངས་མིང་དུ་བསྒྲུབ་བྱེད་ཀྱི་མདོས་རྐྱེན་སྦྱར་བ་ན་ཕོ་མོ་མ་ནིང་གི་རྟགས་ཀྱི་དབྱེ་བ་བྱུང་བ་རྟོགས་ནུས་ཏེ། བྱེད་པ་བོ་ལ་ཀྲྀཏ྄འོ་ཞེས་པ་ནས་ཛྭ་ལ་སོགས་ལ་ཎའོ་ཞེས་པའི་བར་དུ་མདོ་བཅུ་གཉིས་བྱུང་བ་རྣམས་ཀྱི་མཐའ་ཅན་རྣམས་ནི་རྟགས་གསུམ་ལས་ཕོའི་རྟགས་སུ་གྱུར་བ་དང་། མདོ་དེ་དག་ལ་རྐྱེན་སྟེར་བྱེད་ཀྱི་མདོ་དང་། རང་བཞིན་རྣམས་དང་རྐྱེན་དག་ལ་རྣམ་འགྱུར་ཇི་ལྟར་འབྱུང་བ་སྟོན་བྱེད་ཀྱི་མདོ་ཡོད་པ་དང་། ཨཱ་ག་མ་སྟེར་བྱེད་ཀྱི་མདོ་ཡང་ཡོད་པ་བཞིན། ཕྱི་མ་རྣམས་ལའང་ཡོད་པ་ཤེས་དགོས། འདིར་བཤད་པའི་རྐྱེན་མཐའ་ཅན་སྤྱིར་ཕོའི་རྟགས་ཡིན་ནའང་། མཱ་འཇལ་བའི་བྱིངས་ལ་ཏྲྀ་བྱིན་ཚེ་མཱ་ཏྲི་ནི་ཡུལ་བུད་མེད་ཡིན་ནའང་མིང་དེ་ཚིག་ཏུ་སྒྲུབ་ཚེ་སྐྱེས་པ་ལྟར་རོ། །
གཉིས་པ་སྔོན་དུ་ཉེ་ཚིག་སྦྱར་བ་རྣམས་ལ་བྱ་བ་དང་བྱེད་པོའི་དོན་སྟོན་པ་རྣམས་ལ། ལས་ལ་ཨཎ྄འོ་ཞེས་པ་ནས། ཀྭིཔ྄་བ་ནིཔ྄་ཌ་རྣམས་སོ། ། ཞེས་པའི་བར་ལ་མདོ་ཉེར་དགུ་བྱུང་བ་རྣམས་ལས་བྱེད་པ་ལ་ཁྱུཊ྄འི་མཐའ་ཅན་མ་ནིང་རྟགས་ལས་གཞན་ཕོའི་རྟགས་སོ། །
གསུམ་པ་ལས་གཙོ་བོར་སྟོན་ཅིང་དུས་འདས་པ་སྟོན་བྱེད་ཀྱི་མདོ། ཀྟ་ཀྟ་བ་ཏུའོ་ཞེས་པ་ནས་ཨཱི་ཥ་དུཿསུ་རྣམས་ལ་ཁལ྄་དང་ཡུཊ྄འོ་ཞེས་པའི་བར་ལ་མདོ་རེ་བདུན་བྱུང་བ་ལ་མ་ནིང་གི་རྟགས་སུ་འགྱུར་བའི་པུཥ྄་རྒྱས་པའི་བྱིངས་ལ་པ་དང་ཡ་རྐྱེན་བྱུང་ཚེ་མ་ནིང་དང་གཞན་རྣམས་ཕོའི་རྟགས་སོ། །
བཞི་བ་བྱ་བའི་དོན་སྟོན་པ་ལ་འཇུག་པའི་རྐྱེན་སྟེར་བྱེད་ཀྱི་མདོ། ཏ་བྱ་ཨ་ནཱི་ཡ་དག་གོ་ཞེས་པ་ནས་རྀཏ྄་ཨུ་པ་དྷཱ་ལས་ཀྱཔ྄འོ་ཞེས་པའི་བར་དུ་མདོ་བདུན་བྱུང་བའི་མཐའ་ཅན་རྣམས་མ་ནིང་གི་རྟགས་སུ་འགྱུར་བ་ཡིན་ནའང་ཕོར་འགྱུར་བའང་ཡོད་སྲིད་དོ། །
ལྔ་བ་བུད་མེད་ཀྱི་རྟགས་སུ་འགྱུར་བའི་རྐྱེན་སྟེར་བྱེད་ནི། བུད་མེད་ལ་ཡཛ྄་རྣམས་ཀྱི་དངོས་པོ་ལའོ་ཞེས་པ་ནས་ར་ལས་ཨི་ཕ་ཡང་ནའོ་ཞེས་པའི་བར་ལ་མདོ་བཅུ་དགུ་བྱུང་བ་རྣམས་ལ་ཕོའི་རྟགས་ལྟར་བསྒྲུབ་པའང་ཡོད། བུད་མེད་ཀྱི་རྟགས་སུ་འགྱུར་བའི་རྐྱེན་ཞེས་པའི་དོན་ནི། ཀྟི་ལ་རྟགས་རྟགས་སུ་བསྒྱུར་བ་ལ་མོ་རྐྱེན་ཨཱཔ྄་སོགས་སྟེར་མི་དགོས་པའི་དོན་ནོ། ། དེ་དག་གིས་ཀྲྀཏ྄་རྐྱེན་གྱི་ལེའུའི་སྤྱི་དོན་ཕྱོགས་ཙམ་བཤད་ཟིན་ནོ།། ༈ །།
སྨྲས་པ། དབྱངས་ཅན་ལྷ་མོའི་མཆུ་སྒྲོས་འབུམ་བཞད་པའི། །
བསུང་ཞིམ་སྦྲང་རྩིའི་དགའ་སྟོན་འཕྱུར་བའི་རླབས། །
མཁས་དབང་བུང་བའི་ཚོགས་ཀྱིས་བཅུད་མྱོང་བས། །
འཁྲུལ་བྲལ་ལེགས་བཤད་དབྱངས་ཀྱིས་སྟོང་གསུམ་བཀངས། །
བཤེས་གཉེན་དམ་པའི་ཉིན་བྱེད་ལས་བྱུང་བའི། །
ལེགས་སྦྱར་པདྨའི་བཅུད་ཀྱིས་འཚོ་བ་ཡི། །
བདག་བློ་ར་ཡིག་གཉིས་པས་ཅ་ཅོའི་གཏམ། །
འདི་ནི་བློ་ལྡན་སུ་ཡི་རྣ་བར་འཇེབས། །
བརྡ་སྤྲོད་མིང་ཙམ་འཛིན་པའི་པ་ཊ་ཧར། །
རྣམ་དཔྱོད་ལྡན་པའི་དབྱུག་གུས་ཡོངས་བསྐུལ་ཚེ། །
སྙན་པའི་སྒྲ་དབྱངས་འབྱུང་བའི་དཔེ་བཞིན་དུ། །
གྱུར་བས་བློ་ལྡན་འགའ་ལ་ཕན་སྲིད་དམ། །
འདི་བྲིས་དགེ་བའི་ཆར་སྤྲིན་འབུམ་འཁྲིགས་ཏེ། །
ལེགས་བཤད་སྙོམས་པའི་གྲུ་ཆར་ཕབས་པ་ལས། །
བློ་ལྡན་འཛིན་མར་ཡོན་ཏན་འབྲས་སྨིན་པས། །
རྣམ་ཀུན་མཁྱེན་པའི་ཡེ་ཤེས་མཆོག་ཐོབ་ཤོག །
གནས་སྐབས་འཁོར་བའི་ཚ་གདུངས་ཀུན་སེལ་ཞིང་། །
ཡངས་པའི་ལྗོངས་ཀྱི་རྒུད་པ་ཀུན་ཞི་ནས། །
སྨོན་དོན་མཐའ་དག་གྲུབ་པའི་དཔལ་ཐོབ་སྟེ། །
འགྱུར་མེད་བདེ་བ་མཆོག་གི་དཔལ་ཐོབ་ཤོག །
ཅེས་རྒྱལ་ཡུམ་ངག་གི་དབང་ཕྱུག་འཕགས་མ་དབྱངས་ཅན་བརྡ་སྤྲོད་ཀྱི་གཞུང་གི་སྤྱི་དོན་ཙིནྟ་མ་ཎིའི་ཕྲེང་བ་ཞེས་བྱ་བ་འདི་ནི་བླ་བྲང་བཀྲ་ཤིས་འཁྱིལ་དུས་འཁོར་བ་ཨ་ཁུ་གྲགས་པ་དང་། དངུལ་རའི་སངས་རྒྱས་དང་། ཨ་ཁུ་ཚུལ་ཁྲིམས་འཇམ་དབྱངས་སྦྱིན་པ་སོགས་ཀྱིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར། རྔ་ཡུལ་སྔོ་ཤུལ་དགོན་གྱི་གྲྭ་རིགས་སྐལ་བཟང་ངག་དབང་དམ་ཆོས་སམ་དབྱངས་ལྡན་དགེས་པའི་མཚོ་སྤྲིན་དུ་འབོད་པས། རབ་གནས་ཆུ་འབྲུག་ཧོར་ཟླ་བཅུ་གཉིས་པའི་དམར་ཕྱོགས་ཀྱི་བཟང་བོ་དང་བོ་རེས་གཟའ་ཟླ་བ་རེས་འགྲོག་སྐག་བདུད་རྩི་སྦྱོར་བའི་ཉིན། ཉིན་བྱེད་རྟའི་དུས་སུ་བཞག་མ་ཐང་དགོན་ནས་མཇུག་ལེགས་པར་གྲུབ་བོ། ། དབུའི་ལཉྫ་བྲི་བ་དང་། ཡིག་གཏགས་པ་ནི་སྨྱུག་ཐོགས་པ་དཔལ་འབྱོར་རྒྱ་མཚོ་དང་སྒང་བ་མཆོག་སྤྲུལ་དམ་པ་བསམ་གཏན་བསྟན་པའི་རྒྱལ་མཚན་མཆོག་གིས་ཞུ་དག་ལན་གཉིས་བྱས་པས་སརྦ་ཛ་ག་ཏཾ་ཤུ་བྷ་མསྟུ། དགེའོ། །
༢༠༢༡ལོའི་ཟླ་༡བོའི་ཚེས་༢༥ཉིན་གཅིག་ཞུ་བ་བོ་ནི་ཟླ་བ་གཞོན་ནུའམ་རྡོ་རྗེ་སྐྱབས་སོ།། ཀུན་ལ་ཕན་པར་གྱུར་ཅིག
No comments:
Post a Comment