-->

Mar 30, 2026

དཔང་ལོའི་གདམས་ངག་ཤོག་གཅིག་མ།


དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། (༡༢༧༦-༡༣༤༢)


༄༅།། ཨོཾ་སིདྷི་རསྟུ། བརྡ་སྤྲོད་པའི་གཞུང་གི་སྙིང་བོ་གསལ་བ་ཞེས་བྱ་བ། 

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །

 


གྲུབ་པ་བརྗོད་མེད་རབ་རྟོགས་ཀྱང་། །སྣ་ཚོགས་རྗོད་པ་སྟོན་མཛད་པ། །

གཉིས་མེད་གསུང་ལ་ཕྱག་འཚལ་ནས། །བརྡ་སྤྲོད་རྒྱ་མཚོའི་སྙིང་བོ་བྲི། །

 

རང་བཞིན་རྐྱེན་དང་རྣམ་འགྱུར་རྣམས། །བརྡ་སྤྲོད་གཞུང་གི་བརྗོད་བྱ་ཡིན། །

རང་བཞིན་བྱིངས་དང་མིང་དེ་ལའང་། །ཐོག་མའི་རང་བཞིན་བྱ་བའི་དོན། །

 

རྟགས་གསུམ་དབྱངས་དང་གསལ་བྱེད་མཐའ། །གཅིག་མང་རྣམ་གྲངས་མང་གཅིག་པུའི། །

དོན་ལྡན་བྱིངས་དང་ཚིག་མ་གཏོགས། །མིང་ཡིན་གྲངས་མེད་རྟགས་ངེས་མེད། །

 

བྱིངས་ཀྱི་སྔོན་དུའང་ཉེར་སྒྱུར་རྣམས། །བྱིངས་ལས་མིང་སྒྲུབ་ཀྲྀ་ཏའི་རྐྱེན། །

ངོ་བོ་ལས་དང་བྱེད་པར་འཇུག །ལ་ལ་བྱེད་ཅན་དྲུག་ལ་ཡང་། །

 

མིང་ལས་རང་དང་འབྲེལ་བ་ཡི། །མིང་གཞན་སྒྲུབ་པ་དེ་ཕན་ཏེ། །

རང་དངོས་གྲངས་མེད་ཚིག་སྡུད་མཐའ། །འགའ་ཞིག་ཏིང྄་གི་ཚིག་མཐར་ཡང་། །

 

མོ་རྟགས་ཆེད་དུ་ངཱི་ཨཱི་སོགས། །བྱིངས་དང་མིང་དག་ཅི་རིགས་ལ། །

སྦྱར་བའི་བྱིངས་འགྱུར་སན྄་སོགས་རྣམས། །ངོ་བོ་བྱེད་པོ་ལས་བརྗོད་པའི། །

 

ཏིང྄་གིས་བྱིངས་ལས་ཚིག་སྒྲུབ་ཅིང་། །སུཔ྄་ཀྱིས་མིང་ལས་ཚིག་སྒྲུབ་སྟེ། །

སྔ་མས་དུས་དང་གཉིས་ཀས་དོན། །རྣམ་པར་འབྱེད་ཕྱིར་རྣམ་དབྱེར་གྲགས། །

 

བྱེད་པོ་ལས་དང་བྱེད་པ་ཆེད། །འབྱུང་ཁུངས་གཞི་རྣམས་བྱེད་ཅན་དྲུག །

དྲུག་བརྒྱད་སྤངས་པའི་སུཔ྄་ཀྱི་གནས། །དེ་དག་འབྲེལ་བ་བོད་པ་ལའོ། །

 

མ་བརྗོད་བྱེད་པོར་གསུམ་དྲུག་པའོ། །བྱེད་ཅན་བརྗོད་ན་དང་བོ་ཉིད། །

བྱེད་པ་པོ་དང་ལས་སྒྲུབ་ལ། །ཏིང྄་སོགས་དེ་དག་དབང་གྱུར་འབྱུང་། །

 

རང་བཞིན་རྐྱེན་གྱི་བར་དུའམ། །རང་བཞིན་དབྱངས་མཐའི་གཞན་དུའང་རུང་། །

ཇི་ལྟར་བཤད་བཞིན་ཨཱ་ག་མ། །དཀྱུས་མིན་དགོས་ལྡན་རྟགས་ཀྱི་དོན། །

 

རང་བཞིན་རྐྱེན་དང་འབྲེལ་བ་དང་། །ཡི་གེ་ཙམ་དང་འབྲེལ་བ་ཡི། །

སྒྱུར་དང་དབྱི་བ་རྣམ་འགྱུར་ཏེ། །ཚིག་སྡུད་ཕལ་ཆེར་སུཔ྄་ཀྱིས་འཇིག །

 

དེ་ནི་མིང་རྣམས་སྦྱར་བའི་དོན། །ཁྱད་པར་ཅན་དང་ཁྱད་པར་ཚིག །

གཞི་མཐུན་སྡུད་པ་ལས་འཛིན་པའི། །ཁྱད་པར་བསྡུ་བའི་དོན་གཅིག་པུ། །

 

དེ་ཉིད་གྲངས་དང་བགྲང་བྱ་ན། །བ་གཉིས་པའམ་གྲངས་དང་བོ། །

མིང་དང་ཕ་རོལ་ཚིག་གིས་ནི། །གཉིས་པ་ལ་སོགས་སྡུད་པ་དེ། །

 

བྱེད་ཅན་དྲུག་པའི་བསྡུ་ཞེས་བྱ། །དེ་གསུམ་དེ་ཡི་སྐྱེས་བུར་བཤད། །

གང་གི་སྔ་མ་བརྗོད་བྱར་འགྱུར། །གྲངས་མེད་པའམ་མི་ཟད་པའོ། །

 

ཚིག་གཉིས་དག་གམ་མང་བོ་རྣམས། །གཞན་གྱི་དོན་ན་འབྲུ་མང་བོ། །

གཞན་གྱི་དོན་ཞེས་བྱ་བ་སྟེ། །ཕྱོགས་ཀྱི་མིང་དག་ཕྱོགས་བྲལ་ལའང་། །

 

གཞན་དང་གཞན་ནི་སྦྱོར་བ་དང་། །ཀུན་སྡུད་པ་ལ་མིང་གཉིས་སམ། །

མང་བོའི་བསྡུ་བ་ཟླས་དབྱེའམ། །དང་གི་དོན་གྱི་བསྡུ་བའོ། །

 

སྤྱིར་བཏང་མདོ་དང་དམིགས་བསལ་མདོ། །རིགས་དང་རྫས་ལ་འཇུག་པའི་མདོ། །

རྐྱེན་དང་མཚན་ཉིད་ལ་སོགས་མདོ། །ཀུན་ཏུ་བློ་དང་ལྡན་པས་དཔྱད། །

 

འདི་ནི་ཤིན་ཏུ་བསྡུས་པ་སྟེ། །སོ་སོའི་དབྱེ་བ་འཇུག་ཚུལ་དང་། །

རྣམ་འགྱུར་རྒྱས་པ་མངོན་བརྗོད་དང་། །བྱིངས་དང་སྒྲ་ཡི་གཞུང་དུ་ལྟོས། །

 

ལེགས་སྦྱར་སྐད་ལ་བསྡུས་པ་ཡི། །རྣམ་དབྱེ་དབྱེ་དང་སོ་སོ་བ། །

བསྡུ་དང་གཞན་དུ་སྒྱུར་བ་ནི། །བོད་ལ་བོད་ཆེན་སྐབས་བཞིན་བྱ། །

 

དཔལ་ལྡན་བློ་གྲོས་བརྟན་པ་ཡི། །བློ་ཆེན་རྒྱ་མཚོར་བརྡ་སྤྲོད་གཞུང་། །

འདབ་བརྒྱ་རྒྱས་པའི་ཟེའུ་འབྲུ་ལྟར། །ཚུལ་འདི་གསལ་གྱུར་ཡི་གེར་བཀོད། །


འདིར་འབད་དགེ་བས་འགྲོ་བ་ཀུན། །ཆོས་རྣམས་ཀུན་གྱི་སྡོམ་གྱུར་བ། །

བདག་མེད་མངོན་སུམ་རྟོགས་གྱུར་ཏེ། །གཉིས་མེད་གསུང་བ་མྱུར་ཐོབ་ཤོག །

 

གདམས་ངག་ཤོག་གཅིག་མ། ཨ་ཐ།། །།


སློབ་དཔོན་ཟླ་བ་གཞོན་ནུས་དཔང་ལོའི་གསུང་ཕྱོགས་བསྡུས་ལས་ཁོལ་དུ་ཕྱུང་སྟེ་གཅིག་ཞུས།

No comments:

Post a Comment