ཨ་ལགས་དོར་ཞི།
སྤྲིན་གྱི་ཕོ་ཉ་སྐད་བཞི་ཤན་སྦྱར་མ། |
སྤྱིར་སྤྲིན་ནི་སེམས་མེད་ཀྱི་དངོས་པོ་ཞིག་ཡིན་པས། གོ་བརྡ་འཕྲོད་ཅིང་ལོན་འཁྱེར་ཐུབ་པ་ཞིག་མིན་ཡང་། འདོད་པའི་དོན་དུ་མཁས་དང་མི་མཁས་རྣམས་དང་སེམས་ལྡན་སེམས་མེད་རྣམས་ལ་ཞུ་བར་བྱེད། །ཅེས་པ་ལྟར། འདོད་གདུང་ཤུགས་དྲག་མཚོན་ཕྱིར་སྤྲིན་ཡང་གོ་བརྡ་འཕྲོད་པའི་སེམས་ལྡན་གྱི་འཕྲིན་སྐྱེལ་ཕོ་ཉ་ཞིག་ཏུ་བསམས་ནས་སེམས་གཏམ་ལྷུག་པར་སྨྲས་པའོ།།
དེ་ཡང་རྟོག་པ་ལ་དོན་སྤྱི་འཛིན་པའི་རྟོག་པ་དང་། སྣང་བརྙན་འཛིན་པའི་རྟོག་པ་སྟེ། རྟོག་པ་རིགས་གཉིས་ཡོད་ལ། ཚད་མ་དང་མཚན་ཉིད་རིག་པ་སོགས་དོན་སྤྱི་འཛིན་པའི་རྟོག་པ་གཙོ་བོ་ཡིན་ལ། སྙན་ངག་སོགས་སྒྱུ་རྩལ་རྩོམ་རིག་གང་ཡང་སྣང་བརྙན་འཛིན་པའི་རྟོག་པ་གཙོ་བོ་ཡིན་པས། སྙན་ངག་ཡིན་མིན་ཡང་རྩོམ་གྱི་ནང་དུ་ཡིད་ཀྱི་སྣང་བརྙན་གྱི་བཟོ་བཀོད་ཡོད་མེད་དང་། སྣང་བརྙན་གྱི་སྟེང་ནས་བརྗོད་དོན་མཚོན་པའི་ནུས་པ་ཐོན་ཡོད་མེད་ཀྱི་སྟེང་ནས་ཕྱེ་བ་ཡིན། དཔེར་ན། ཁོ་བོ་མཛའ་ན་མོ་དྲན་པའི་འདོད་གདུང་དྲག་པོས་གཟིར་བས་ལུས་ཀྱི་ཤ་ཡང་སྐམ་པར་གྱུར་ཞེས་པར་བརྗོད་པ་དོན་སྤྱིའི་རྟོག་པ་མཚོན་པ་དང་། འདོད་གདུང་གིས་གཟིར་བའི་དོན་དེ་སྣང་བརྙན་གྱིས་མཚོན་པ་དཔེར་ན། འདོད་ལྡན་དེ་ནི་མཛེས་མ་སྤངས་ཤིང་ཟླ་བ་འགའ་ཡི་རི་བོ་དེར་ནི་ཕྱིན་བྱས་པས།། ལག་པ་ཕྲ་བར་གྱུར་ནས་གསེར་གྱི་གདུ་བུ་དག་ནི་དཔུང་བའི་བར་དུ་རྒྱུ་བར་བྱེད།། ཞེས་པ་ལྟ་བུའོ།། གོང་གི་བཤད་ཚུལ་གཉིས་ཀྱི་བརྗོད་དོན་ཁྱད་པར་མེད་ཀྱང་། བཀླགས་ཚེ་ཡིད་ངོར་སྣང་བརྙན་འཆར་རྒྱུ་ཡོད་མེད་མི་འདྲའོ།།
ཡང་དཔེར་ན། བདག་ནི་ཁྱིམ་དང་བྲལ་རྗེས་ཁྱིམ་གྱི་དགའ་མས་ཁོ་བོ་དྲན་ནས། སོང་ནས་ཉིན་ཞག་ཅི་ཙམ་འགོར། ཉིན་ཞག་ག་འདྲ་ཞིག་གིས་འོང་ཐུབ་སོགས་ཀྱི་ཞག་གྲངས་བརྩི་བཞིན་འདུག་སྙམ་མོ་ཞེས་པ་དོན་སྤྱི་རྟོག་པས་བརྗོད་ཚུལ་དང་། བདག་ནི་འོངས་པའི་ཉིན་ནས་བརྩམས་ཏེ་ཉིན་ཞག་དང་ནི་ཟླ་བ་སོང་བའི་ལྷག་མ་རྣམས། ། ས་ལ་རྣམ་པར་བཀོད་ཅིང་སྒོ་ཡི་ནང་དུ་གངས་ཀྱི་མེ་ཏོག་རྣམས་ནི་སྐྱུར་བར་བྱེད།། ཅེས་ཁྱིམ་གྱི་དགའ་མས། ས་ལ་གངས་ཀྱི་མེ་ཏོག་བཀོད་ནས་ཉིན་ཞག་གི་གྲངས་ཀ་ལེན་པའི་སྣང་བརྙན་བཀོད་པ་དེ་ལས་ནང་སེམས་ཀྱི་དྲན་གདུང་མཚོན་པ་དེ་ནི་སྣང་བརྙན་གྱི་རྟོག་པའི་མཚོན་སྟངས་ཡིན་ལ། སྤྲིན་གྱི་ཕོ་ཉར་བརྗོད་བྱ་ཚང་མ་མུ་འབྲེལ་དུ་བཀོད་པའི་རི་མོ་ལྟར། ངོ་མཚར་རྨད་དུ་བྱུང་བའི་སྣང་བརྙན་གྱི་སྟེང་ནས་ནང་སེམས་ཀྱི་འདོད་གདུང་ཆགས་ཞེན་གྱི་ཉམས་འགྱུར་མཚོན་པ་ནི་སྙན་ངག་འདིའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་གོ།
སྙན་ངག་འདིའི་ཁྱད་ཆོས་གཉིས་པ་ནི། ཡུལ་ལྗོངས་འབྲི་སྟངས་ཁྱད་པར་འཕགས་པ་སྟེ། ཟླ་བ་འགའ་ཡི་༼ལམ་གྱི་༽རི་བོ་དེར་ནི་ཕྱིན་བྱས་ནས། ཞེས་པའི་ཚིག་ལ་ལྟོས་ན། ཡུལ་སྤྱུགས་བཏང་བའི་གནས་རྒྱ་གར་ལྷོ་ཕྱོགས་ཀྱི་རཱ་མའི་རི་དང་བྱང་ཕྱོགས་གངས་ཏེ་སེའི་ལྟག་རྒྱབ་ཀྱི་གནོད་སྦྱིན་ཀུ་བེ་རའི་གནས་ཀྱི་བར་ན་ཟླ་བ་འགའི་ལམ་ཐག་ཡོད་པར་སྣང་ལ། དེའི་ལམ་བར་ན་ལྗོངས་དང་། གྲོང་ཁྱེར་དང་། རི་བོ་དང་། ཆུ་བོ། མཚེའུ་སྣ་ཚོགས་དང་། ནགས་ཚལ་དང་མཛེས་སྡུག་གི་ཡུལ་ལྗོངས། རི་དྭགས་དང་། འདབ་ཆགས་སྣ་ཚོགས། མི་རྣམས་ཀྱི་འཚོ་བའི་གནས་སྟངས། བུ་མོ་མཛེས་མ་རྣམས་ཀྱི་མཛེས་པའི་ཉམས་འགྱུར་སོགས་མངོན་སུམ་མིག་ལ་སྣང་བ་ལྟ་བུའི་ཡུལ་ལྗོངས་སྣང་བརྙན་རི་མོར་བྲིས་པའི་ཚུལ་དུ་བཀོད་པ་ཉམས་ངོ་མཚར་རྨད་བྱུང་ཐོན་འདུག་སྟེ། དེ་ལས་ཚིག་སྦྱོར་སྐོར་ཅིག་དཔེར་བླངས་ན།
ལམ་གྱི་མཛེས་མའི་ཉམས་འགྱུར་སྟོན་པ། ཁྱོད་ནི་དྲི་ཡི་བཞོན་པ་དང་ལྡན་མཁའ་ལམ་གཤེགས་པའི་དབང་གིས་ལམ་བགྲོད་མཛེས་པ་རྣམས།། བསམ་པ་དགའ་བར་གྱུར་ཏེ་ལན་བུའི་རྩེ་མོ་རྒྱབ་ཏུ་བྱས་ནས་ལྟ་ཞིང་གུས་པར་བྱེད།། ཅེས་དང་།
ཉི་ཤར་གྱི་ཉམས་སྟོན་པ། མཚན་མོ་བདག་པོ་སོང་བའི་བུད་མེད་མིག་གི་མཆི་མ་སེལ་ལ་བདག་པོ་འོངས་པ་བཞིན།། པདྨོའི་ཡུམ་གྱི་ཆུ་སྐྱེས་གདོང་གི་མིག་ཆུ་དེ་ཡང་རབ་ཏུ་སེལ་བ་བྱེད་པར་འགྱུར།། ཞེས་པ་དང་། ཆུ་བོའི་ཉམས་སྟོན་པ། དེ་རྒལ་སིན་དྷུའི་ཆུ་ནི་ལན་བུ་བཞིན་དུ་ལུས་ནི་ཕྲ་བར་གྱུར་པ་ཅན།། ངོགས་སུ་སྐྱེས་པའི་ཤིང་ནི་རྙིང་བས་འདབ་མ་ལྷུང་བ་རྣམས་ཀྱིས་ཁྱབ་པར་བསྒྲིབས་པར་དཀར།། ཞེས་དང་།
ནགས་ཚལ་གྱི་ཉམས་སྟོན་པ། ཁྱོད་ནི་དེ་བའི་རི་ལས་ཉེ་བར་འགྲོ་ཚེ་དལ་བུ་དལ་བུས་རླུང་ནི་ལྡང་འགྱུར་ཞིང་།། བསིལ་བའི་རླུང་གིས་བསྒོས་པའི་ཨུ་དུམ་བ་རའི་ནགས་ཀྱིས་འབྲས་བུ་འཆང་ཞིང་རོལ་རྩེད་བྱེད།། ཅེས་དང་། ལྷ་ཁང་གི་ཉམས་སྟོན་པ། དྲི་ཞིམ་རྣམས་ཀྱིས་ཁེངས་པར་གྱུར་པའི་ཁང་བ་ནང་ནས་སྙན་པའི་ཡིད་འོང་སྒྲ་འབྱུང་ཞིང་།། མིའམ་ཅི་མི་རྣམས་ཀྱིས་གྲོང་ཁྱེར་གསུམ་རྒྱལ་གྱུར་ལས་ཡང་དག་དགའ་བའི་གླུ་དབྱངས་སྒྲོགས།། ཞེས་དང་།
གངས་རིའི་ཉམས་སྟོན་པ། མགྲིན་བཅུའི་ལག་པས་བསྐྱོད་བྱ་རི་ངོས་སྤུངས་པ་དང་ལྡན་ཤེལ་གྱི་ཀེེ་ལ་ཤ་ཡི་རི།། གང་གི་རྩེ་མོ་ཤིན་ཏུ་མཐོ་བ་ཀུ་མུ་ཏ་ལྟར་མཁའ་ལ་ཁྱབ་པར་གནས་པ་ནི།། མིག་གསུམ་པ་ཡི་རབ་ཏུ་བགད་པ་ཕྱོགས་བཅུ་དག་ནས་གཅིག་ཏུ་སྤུངས་པར་གྱུར་པ་བཞིན།། ཞེས་དང་།
གྲོང་ཁྱེར་གྱི་ཉམས་སྟོན་པ། དེ་ན་ནོར་གྱི་བདག་པོའི་ཁང་བཟང་ལས་ནི་བྱང་གི་ཕྱོགས་ན་བདག་གི་གྲོང་ཁྱེར་ནི།། མཐོ་རིས་བདག་པོའི་གཞུ་དང་འདྲ་བའི་རྟ་བབས་མཛེས་པས་རིང་ནས་མཚོན་པར་བྱེད་པ་སྟེ།། ཞེས་དང་། སྐྱེད་ཚལ་གྱི་ཉམས་སྟོན་པ། གང་གི་སྐྱེད་ཚལ་པནྡ་ར་དང་ལྗོན་ཤིང་གཞོན་ནུ་བདག་གི་མཛེས་མས་བུ་ལྟར་ནི།། བསྐྱངས་པའི་མཐུ་ལས་འཕེལ་བའི་མེ་ཏོག་ཆུན་འཕྱང་ཐུར་དུ་འཕྱང་བ་ལག་པས་ཐོབ་བྱ་ཡོད།། ཅེས་དང་།
མཚོ་དང་རི་བོའི་ཉམས་སྟོན་པ། མཚོ་དེ་ངོགས་ནས་མཛེས་པར་བྱས་པར་གསེར་གྱི་ལྗོན་པ་རྣམས་ཀྱིས་བསྐོར་བ་ཁྱོད་ཀྱིས་བལྟ་བར་བྱ།། ཞེས་པ་ལྟ་བུ་མང་དུ་ཡོད་པ་ལ་འདིར་ཕྱོགས་མཚོན་ཙམ་མོ།།
གསུམ་པ་མཛེས་མའི་མཛེས་སྡུག་གི་ཉམས་སྟོན་པའི་ཁྱད་ཆོས། དཔེར་ན། དེ་ན་བདག་གི་དགའ་མ་ལུས་ཕྲ་མདོག་མཛེས་གཉིས་སྐྱེས་བཀྲ་བའི་ཕྲ་ལམ་མཆུ་དང་ནི།། བིལ་བ་སྨིན་པ་སྐེད་པ་ཕྲ་ཞིང་འདྲེན་བྱེད་གཡོ་བའི་རི་དྭགས་མིག་ཅན་ལྟ་བ་དམའ།། རོ་སྨད་སྦོམ་ཞིང་དལ་གྱིས་འགྲོ་མཁས་འོ་མ་འཛིན་པ་དག་གི་བར་དག་མཆོག་ཏུ་མཛེས།། ན་ཆུང་དག་གི་ཡུལ་ལ་བྱེད་པོ་ཚངས་པས་དང་བོར་ཉིད་དུ་སྤྲོས་པ་ཉིད་དུ་གྱུར།། ཞེས་དང་། འཁྲི་ཤིང་འགའ་ལ་ཡན་ལག་མཛེས་པ་འཇིགས་བཅས་རི་དྭགས་མོ་ལ་མིག་མཛེས་གཡོ་བ་མཐོང་།། འགྲམ་པའི་མཛེས་འོད་རི་བོང་ཅན་ལ་སྐྲ་རྣམས་གཙུག་ཕུད་ཅན་གྱི་མཇུག་སྒྲོའི་ཚོགས་ལ་མཐོང་།། སྨིན་མའི་རོལ་སྒེག་མཛེས་པ་རྣམས་ནི་ཆུ་ཀླུང་རླབས་ཕྲེང་ཕྲ་མོ་རྣམས་ལ་མཐོང་།། ཨེ་མ་གཅིག་ཏུ་ཚོགས་པ་དང་ལྡན་གཡོན་མིག་ཁྱོད་དང་མཚུངས་པ་འགའ་ཡང་ཡོད་མ་ཡིན།། ལྟ་བུའོ།།
བཞི་བ་ནང་སེམས་ཀྱི་ཉམས་འགྱུར་ཕྲ་མོ་ཕྱི་ཡི་སྤྱོད་པ་སྟེང་ནས་མཚོན་པ། དཔེར་ན། ཁྱོད་ནི་རྡོ་ལེབ་གཞི་ལ་ཁམས་ཀྱི་ཚོན་རྣམས་ཀྱིས་ནི་དདགའ་དང་ཁྲོ་བས་ལེགས་བྲིས་ཏེ།། དེ་ཉིད་རྫོགས་ནས་འདོད་པ་བྱ་བའི་ཆེད་དུ་ཁྱོད་ཀྱི་ཞབས་དྲུང་ལྷུང་བར་གྱུར་པ་ན།། ཚིག་ལན་མ་བྱུང་བདག་ལ་མཆི་མ་མང་བོ་བྱུང་བས་བྲུགས་པས་མིག་ལ་ཁྲོ།། དེར་ཡང་བདག་ཅག་གཉིས་ནི་ལྷན་ཅིག་འགྲོགས་པའི་སྐལ་བ་མེད་པ་ཉིད་དུ་གྱུར་པ་ཉིད།། ཁྱོད་ནི་བདག་གི་རྨི་ལམ་དག་ཏུ་འོངས་ཤིང་ཐོབ་པ་ཅི་ཡང་མཐོང་བར་གྱུར་པ་ན།། ཁོ་བོས་དམ་དུ་འཁྱུད་པར་བྱ་བའི་ཆེད་དུ་ནམ་མཁའ་དག་ལ་ལག་གཡུགས་བྱས་པ་ནི།། ས་ལ་གནས་པའི་ནགས་ཀྱི་ལྷ་རྣམས་ཀྱིས་ཀྱང་ངེས་པར་མ་མཐོང་མ་ཡིན་མང་བོ་རུ།། མུ་ཏིག་བརྒྱུས་པ་བཞིན་དུ་ཤིང་གི་ཡལ་ག་རྣམས་ལ་མཆི་མའི་དུམ་བུ་ལྷུང་བར་གྱུར།། ཞེས་པ་ལྟ་བུ་མང་ངོ་།།
སྤྲིན་གྱི་ཕོ་ཉའི་ནང་དོན་ནི། ནག་མོ་ཁོལ་རང་གི་ལོ་རྒྱུས་གཞིར་བྱས་ནས་བྲིས་པ་ཨེ་ཡིན་སྙམ་པའི་དོགས་པ་ཆེ་སྟེ། གཏམ་རྒྱུད་དུ་ཡང་རྒྱལ་པོའི་ཐུགས་དང་འགལ་ནས་རྒྱང་འཕུད་དུ་བཏང་བའི་ཚུལ་གྲགས་ཤིང་། དེ་ནི། རྗེ་བོ་ཁྲོས་པའི་ཤིན་ཏུ་ལྕི་བའི་བཀའ་ལུང་དག་གིས། ཞེས་པ་དང་། རཱ་མའི་རི་བོར་སོང་ལ་སྤྱོད་པས་གནས་པར་གྱིས། ཞེས་རཱ་མའི་རི་བོར་སྤྱུགས་པའི་གནས་ཚུལ་དང་ཡང་ཤིན་ཏུ་མཐུན་པར་འདུག །དཔྱིད་ལྡན་མའི་ཡབ་རྒྱལ་པོ་ཤུ་ཀ་ལ་ནི་ཝཱ་རཱ་ཎ་སཱིའི་རྒྱལ་བོ་ཡིན་པས། གནོད་སྦྱིན་གྱི་རྗེ་བོ་ཡིན་དོན་མེད་ཀྱང་། གནོད་སྦྱིན་ཞེས་པ་གདུག་རྩུབ་ཆེ་བའི་བྱང་ཕྱོགས་ཀྱི་མི་རིགས་ཤིག་ཡིན་པར་སྣང་བས་མ་ཉེས་ཁག་གཡོགས་ཀྱིས་ཁོ་རང་ཐག་རིང་དུ་བསྐྲད་པའི་རྒྱལ་པོ་གདུག་རྩུབ་ཅན་ལ་གནོད་སྦྱིན་གྱི་རྒྱལ་པོ་ཞེས་བཏགས་པའམ། ཡང་ན་གནོད་སྦྱིན་གྱི་ཡུལ་ནི་གནའ་དུས་ནོར་ལོངས་སྤྱོད་རྒྱས་པའི་ཡུལ་ལྗོངས་ཤིག་གི་མིང་ཡིན་ལ། རྒྱང་འཕུད་དུ་བཏང་བའི་གནོད་སྦྱིན་དེའི་ཁྱིམ་གྱི་མཐོ་རིས་བདག་པོའི་གཞུ་དང་འདྲ་བའི་རྟ་བབས་ཞེས་པ་དང་། ཁྱིམ་གྱི་སྐྱེད་ཚལ་གྱི་ལམ་ལ། མརྒད་ཀྱི་རྡོ་ཕྲེང་བསྒྲིགས་པ་ཞེས་པ། རོལ་མཚོ་ནང་དུ་རི་བོ་བརྩིགས་པའི་རྩེ་མོ་ཨིན་དྲ་ནཱི་ལས་བརྒྱན་པ་ཞེས་པ་སོགས་ཀྱི་རྟགས་ལས་སྟོབས་འབྱོར་ཆེ་བར་རྟོགས་ཐུབ་ཅིང་། དེས་ན་རྩོམ་པ་བོ་ཁོ་རང་གི་ཡུལ་རྒྱལ་པོའི་ཕོ་བྲང་དེ་ཤིན་ཏུ་ལོངས་སྤྱོད་ཆེ་བས་གནོད་སྦྱིན་གྱི་ཡུལ་དང་གནོད་སྦྱིན་གྱི་རྗེ་བོ་ཞེས་བཏགས་པའམ། ཡང་ན་ནག་མོ་ཁོལ་གྱི་སྐྱེས་ཡུལ་བྱང་ཕྱོགས་གནོད་སྦྱིན་གྱི་ཡུལ་ཡིན་པ་དང་། ཁོ་རང་ཡང་གནོད་སྦྱིན་གྱི་རིགས་ཡིན་པས། གནས་ཚུལ་ངོ་མ་བྲིས་པ་ཡིན་ཡང་སྲིད། གང་ལྟར་ཡང་ནག་མོ་ཁོལ་ཁོ་རང་གི་གནས་ཚུལ་གཞིར་བྱས་ནས་བྲིས་པ་ཡིན་ན། སྤྲིན་གྱི་ཕོ་ཉ་ནི་ནག་མོ་ཁོལ་རང་གི་མཛའ་མོ་དཔྱིད་ལྡན་མ་ལ་བཏང་བའི་འཕྲིན་དུ་འདུག །ནག་མོ་ཁོལ་གྱི་དུས་རབས་ནི་ཀླུ་སྒྲུབ་དང་དུས་མཉམ་ཡིན་ན། རྒྱ་ནག་དང་འཇར་པན་གྱི་ཞིབ་འཇུག་པ་རྣམས་ཀྱིས་ཀླུ་སྒྲུབ་ཀྱི་འཁྲུངས་ལོ་སྤྱི་ལོ་མ་ཚུགས་གོང་གི་ལོ་ཉིས་བརྒྱ་ཉི་ཤུ་ཡར་མར་ལ་ངོས་འཛིན་བྱས་འདུག་པས་དུས་དེར་ལོ་ལམ་ཟླ་ལམ་ལ་འཕྲིན་གཏོང་བའི་ཆ་རྐྱེན་མེད་པ་དང་། གནོད་སྦྱིན་ཀུ་བེ་རའི་ཡུལ་ནི་རྒྱ་ནག་གི་སངས་རྒྱས་ཆོས་ལུགས་ཡིག་ཚང་དུ་དེང་སང་ཞིན་ཅང་༼ལི་ཡུལ༽་གི་ས་ཆ་ལ་ངོས་བཟུང་བྱས་ཤིང་། རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་ཞིང་ཁམས་དེ་ཡིན་ཟེར། སྤྲིན་གྱི་ཕོ་ཉ་ནང་དུ་ཡང་གནོད་སྦྱིན་གྱི་ཡུལ་ནི་གངས་ཏེ་སེའི་ལྟག་རྒྱབ་ཞིག་ན་ཡོད་པར་བྱས་འདུག་པས། ཨ་ཧྥུ་ཧན་དང་། ཞིན་ཅང་གི་ཕྱོགས་དེར་ཁེལ་འདུག །ཕྱོགས་དེའི་མི་རིགས་གཏུམ་དྲག་དང་གདུག་རྩུབ་ཆེ་བ་དང་། གླུ་དབྱངས་རོལ་མོ་ལ་དགའ་བའི་གོམས་གཤིས་དང་། གནོད་སྦྱིན་གྱི་ཡུལ་དུ་མིའམ་ཅི་མོ་གླུ་གར་ལ་མཁས་པ་དང་། སྤྲིན་གྱི་ཕོ་ཉར་དཔྱིད་ལྡན་མས་རང་གིས་གླུ་དབྱངས་བརྩམས་ཏེ་པི་ཝང་བརྡུངས་ནས་ལེན་པའི་ཚུལ་དང་། ཤིན་ཅང་གི་མི་རིགས་ཏམ་པུ་ར་རྡུང་ལེན་བྱེད་པ་སོགས་སྒོ་ཀུན་ནས་དཔྱད་ན་གནོད་སྦྱིན་ཡུལ་གྱི་ངོས་འཛིན་དེ་བདེན་ཤས་ཆེ་སྙམ་མོ།། དེ་ཡིན་ན་ཞིན་ཅང་ནས། ཨ་ཧྥུ་ཧན་དང་། པ་ཀེ་སི་ཐན་དང་། རྒྱ་གར་ཡུལ་དབུས་བརྒྱུད་ནས་རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་གྱི་རཱ་མའི་བར་དུ་ས་ཐག་ཤིན་ཏུ་རིང་ཞིང་། དེའི་སྟེང་དུ་འཕྲིན་གཏོང་བ་བོ་རྒྱང་འཕུད་དང་ཡིག་འཕྲིན་གང་ཡང་བསྐུར་ས་མེད་པ་ནི་སྨོས་མ་དགོས། གནས་སྐབས་དེ་འདྲ་ལ་ཐུག་པས། རང་དབང་དང་བྲལ་བའི་སྡུག་བསྔལ་དང་། ཡུལ་ཁྱིམ་དང་དགའ་མ་དྲན་པའི་དྲན་གདུང་། རང་ཕྱོགས་ཀྱི་མཛེས་སྡུག་ཡུལ་ལྗོངས་ལ་དགའ་བའི་དགའ་ཞེན་ཚང་མ་མགྲིན་པའི་ལམ་ནས་ཆུ་ཀླུང་བརྡོལ་བ་བཞིན་དུ་སྙན་ཚིག་ཏུ་སྤྲོས་པར་བྱས་པར་སྣང་ངོ་།། གནའ་དུས་དང་དེང་དུས་སྙན་ངག་བྲིས་པ་མང་ཡང་སྙན་ངག་འདིའི་དོ་ཟླར་འོང་བ་ཤིན་ཏུ་དཀོན་ཞེས་ཁོ་བོས་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲ་བར་སྤོབས། ཞེས་སྤྱི་ལོ་ཉིས་སྟོང་དང་ཉག་མ་གཉིས་ཀྱི་ལོའི་སྤྱི་ཟླ་ལྔ་བའི་ཚེས་བཅུ་ལ།དོར་ཞི་གདོང་དྲུག་སྙེམས་བློས་བྲིས།
༢༢།༢༡།༢༠༡༠ལ་ཟླ་བ་གཞོན་ནུས་གཏགས།
No comments:
Post a Comment