-->

Jan 15, 2021

ལེགས་སྦྱར་རྩོམ་རིག་ལོ་རྒྱུས་གནད་བསྡུས།



ལེགས་སྦྱར་རྩོམ་རིག་ལོ་རྒྱུས་གནད་བསྡུས།


 

སྔོན་འགྲོའི་ངོ་སྤྲོད།

 

དུས་རབས་༡༧པར། གཟོད་ནུབ་ཕྱོགས་པའི་ཁྲོད་ནས། དམིགས་བསལ་གྱིས་འགྲུལ་སྐྱོད་བྱེད་མཁན་དང་ཡེ་ཤུ་ཆོས་སྤེལ་བ་དག་གིས་རྒྱ་གར་གྱི་སྐད་ཡིག་གི་སྐོར་ལ་རྒྱུས་ལོན་བྱུང་། ༡༦༥༡ལོར། ཨབྷྲ་ཧམ་ཪོ་གྷར་(Abraham Roger)ལགས་ཀྱིས་བྷ་ཏྲྀ་ཧ་རི་སྟེ་འཕྲོད་བྱེད་བཟང་བོའི་སྙན་ངག་ཁག་ཅིག་ཕོར་ཆུ་གྷོལ་གྱི་སྐད་དུ་བསྒྱུར་ནས་དཔར་སྐྲུན་བྱས། ༡༦༩༩ལོར། འཇོ་ཧན་ཨར་ནེ་སྠ་ཧན་ཀྴ་ལེ་ཌན་(Johann Ernst Hanxleden)ལགས་རྒྱ་གར་དུ་སླེབས་ནས་ལེགས་སྦྱར་སྐད་ཅུང་ཟད་སྦྱངས་ཏེ་ཡུ་རོབ་ཀྱི་སྐད་དུ་ལེགས་སྦྱར་གྱི་བརྡ་སྤྲོད་སྐོར་གྱི་དེབ་ཅིག་བརྩམས་པ་དེ་ལྟ་ནའང་། དེབ་དེ་དཔར་མེད། འོན་ཀྱང་། ཕྲ་ཕའོ་ལིན་ནོ་དི་བྷར་ཐོ་ལོམ་སི་(Fra Paolino De St Bartholomes)ཡིས་དེ་ལ་ཁུངས་གཏུགས་ཤིང་། བརྩམས་ཆོས་གལ་ཆེན་འགའ་ཞིག་མཛད་པའི་ཞོར་དུ། ལེགས་སྦྱར་གྱི་བརྡ་སྤྲོད་ཀྱི་དེབ་གཉིས་ཀྱང་མཛད། བར་རེན་ཧེ་སྛིན་(Warren Hastings)གྱི་དབང་འཛིན་གྱི་སྐབས་སུ། བི་བཱ་དཱ་རྞ་བ་སེ་ཏུ་(विवादार्णवसेतु)ཞེས་པ་སྟེ་རྩོད་པ་རྒྱ་མཚོའི་ཟམ་པ་བགྱི་བའི་གཞུང་དེ་རྩོམ་སྒྲིག་བྱས་ཤིང་།  ༡༧༧༦ལོར། གྷན་ཏོ་(ཧིན་རྡུ)ལུགས་ཀྱི་ཁྲིམས་(A Code of Gentoo Law)ཞེས་པའི་མིང་ཐོག་ནས་དེབ་དེ་དབྱིན་སྐད་དུ་དཔར་སྐྲུན་བྱས། དེའི་ལོ་དགུའི་རྗེས་ལ། ཆ་ལི་སི་བིལ་ཁིན་སི་(Charles Wilkins)ཡིས་ལེགས་ལྡན་ནག་པོའི་གླུ་དབྱིན་སྐད་དུ་བསྒྱུར་ལ། ཁོང་གིས་ཕན་པའི་མན་ངག་དང་མ་ཧཱ་བྷཱ་ར་ཏར་འབྱུང་བའི་བྱ་ལེན་མ་མངོན་པར་ཤེས་པའི་སྐོར་གཉིས་ཀྱང་དབྱིན་སྐད་དུ་བསྒྱུར།  ཡུ་རོབ་པ་རྣམས་རྒྱ་གར་གྱི་རྩོམ་རིག་སྐོར་ལ་དོ་སྣང་འདྲེན་མཁན་གཙོ་བོ་ནི་བི་ལིམ་འཇོན་སི་(William Jones)ཡིན། སྤྱི་ལོ་༡༧༨༩ལོར། ཁོང་གིས་ནག་མོ་ཁོལ་གྱི་བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་དབྱིན་སྐད་དུ་བསྒྱུར་ཏེ་དཔར་སྐྲུན་མཛད། ནག་མོ་ཁོལ་གྱི་བརྩམས་ཆོས་གྲགས་ཅན་བྱ་ལེན་མའི་དབྱིན་འགྱུར་གྱི་རྗེས་ལ་འཇོར་ཇི་ཕོར་སི་ཋིར་(Georg Forster)ལགས་ཀྱིས་བརྩམས་ཆོས་དེ་ཉིད་འཇར་མན་སྐད་དུ་བསྒྱུར་བས་ཧེར་ཌར་(Herder)དང་གྷིར་ཐེད་(Goethe)ལྟ་བུའི་ཐུགས་སྣང་ཡང་དྲངས་པར་བྱས། ཡང་འཇོན་སིའི་ཐུགས་མོས་ལ་བརྟེན་ནས་ནག་མོ་ཁོལ་གྱི་དུས་ཚིགས་བསྡུས་པའི་ལེགས་སྦྱར་དཔར་མའང་སྤྱི་ལོ་༡༧༩༢ལོར་པར་སྐྲུན་མཛད། འཇོན་སིའི་འགྱུར་གསུམ་པ་ནི་ཤེད་ཀྱི་ཆོས་ཞེས་པ་སྟེ། དེ་ནི་རྒྱ་གར་གྱི་གནའ་བོའི་རྩོམ་རིག་བརྩམས་ཆོས་གལ་ཆེན་ཞིག་ཡིན། འཇོན་སིའི་རྗེས་ལ་ཧན་རི་ཐོ་མ་སི་ཁོལ་བྷྲོ་ཀ་(Henry Thomas Colebrooke)ལགས་ཀྱིས་རྒྱ་གར་སྲོལ་རྒྱུན་མཁས་པས་མཛད་ཅིང་ལེགས་སྦྱར་སྐད་དུ་བཞུགས་པའི་བརྩམས་ཆོས་དག་གཞིར་བཞག་ནས་ཧིན་རྡུ་ཆོས་ལུགས་ཀྱི་ཆོད་གན་དང་རྒྱུད་འཛིན་སྐོར་ཞེས་པའི་དེབ་ཅིག་མཛད་པར་མ་ཟད།ཁོང་གིས་འཆི་མེད་མཛོད་དང་། སྐབས་བརྒྱད་པ་དང་། ཕན་པའི་མན་ངག་དང་། དེ་བཞིན་སྲིད་སྒྲུབ་རི་བྲག་པའི་སྙན་ངག་ལ་སོགས་པར་ཡང་ཞུ་སྒྲིག་མཛད། རྒྱ་གར་དུ་ཕེབས་ནས་ལེགས་སྦྱར་ལ་སྦྱང་བརྩོན་མཛད་པའི་དབྱིན་ཇི་བ་གཞན་ཞིག་ནི་ཨ་ལེགས་ཟན་ཌར་ཧ་མིལ་ཋོན་(Alexamder Hamilton)ཡིན་ཏེ། ཁོང་སྤྱི་ལོ་༡༨༠༢ལོར་དབྱིན་ལན་དུ་ལོག་པའི་ལམ་བར་དུ་དབྱིན་ཇི་བ་གཞན་ཞིག་དང་ལྷན་དུ་ཕེ་རི་སིར་ནོ་ཕོ་ལོན་བྷོ་ན་ཕར་ཏེ་(Napoleon Bonaparte)ཡི་བཀའ་རྒྱའི་འོག་བཙོན་དུ་ཚུད།  བཙོན་དུ་བཞུགས་པའི་སྐབས། ཧ་མིལ་ཋོན་ལགས་ཀྱིས་ལེགས་སྦྱར་སྦྱོང་བར་སྤྲོ་སེམས་ཁོལ་བའི་ཡུ་རོབ་པའི་མཁས་པ་འགའ་སྐྱེད་སྲིང་མཛད་ཅིང་། དེ་ལ་ནུབ་ཕྱོགས་ནས་ལེགས་སྦྱར་གསར་དུ་རྙེད་པ་ཞེས་གྲགས། ཁོང་གི་སློབ་མ་ཁྱད་དུ་འཕགས་པ་ཞིག་ནི་འཇར་མན་གྱི་མཁས་པ་དང་སྙན་ངག་པ་ཕྲི་ཌ་རི་ཆ་ཞ་ལེ་གྷལ་(Friedrich Schlegel)ལགས་ཡིན་ལ། ཁོང་གིས་བླ་ན་མེད་པའི་བརྩམས་ཆོས་རྒྱ་གར་གྱི་སྐད་དང་ཤེས་རབ་ཀྱི་སྐོར་ལ་དཔྱད་པ་ཞེས་པའི་དེབ་གྲགས་ཅན་དེ་མཛད། བརྩམས་ཆོས་འདིས་གཤིབ་བསྡུར་དང་ལོ་རྒྱུས་ཀྱི་ཐབས་ལམ་ཆེས་ཐོག་མར་སྤྱད་པར་ངོས་འཛིན་བྱེད་ཅིང་། དེར་ར་མ་ཎའི་གཏམ་རྒྱུད་དང་། ལེགས་ལྡན་ནག་པོའི་གླུ། དེ་བཞིན་ཤེད་ཀྱི་ཆོས་དང་རྒྱ་གར་གྱི་གནའ་བོའི་བརྩམས་ཆོས་གཞན་འགའ་ཞིག་ལ་སོགས་པའི་འཇར་འགྱུར་ཡང་བཞུགས་པ་ཡིན། ཕྲི་ཌ་རི་ཆ་ཞ་ལེ་གྷལ་ལགས་ཀྱི་སྤུན་མཆེད་ཡིན་ལ། སློབ་དཔོན་ཆེན་མོ་ཨེ་ཨེལ་ཆེ་ཟི་(A.L.Chezy)ཡི་སློབ་མ་ཡིན་པའི་ཨཽ་གྷ་སྛ་བི་ཧེམ་བོན་ཞ་ལེ་གྷལ་(August Wilhelm von Schlegel)ནི་ཕ་རིན་སི་བ་ལེགས་སྦྱར་ཞིབ་འཇུག་པ་དང་བོ་ཡིན། ཁོང་གིས་གཤིབ་བསྡུར་སྐད་ཡིག་རིག་པའི་སྒང་ལ་ཕྱག་རྗེས་མི་དམན་པ་ཞིག་བཞག་པར་མ་ཟད། བརྩམས་ཆོས་ཞུ་སྒྲིག་དང་ལོ་ཙཱ་ལ་སོགས་པ་མཛད་དེ་ལེགས་སྦྱར་ཞིབ་འཇུག་གི་ཕྱོགས་ལ་རམ་འདེགས་མི་དམན་པ་གནང་། ཁྲི་སྛིན་ལ་སེན་(Christian Lassen)ནི་ཞ་ལེ་གྷལ་ལགས་ཀྱི་སློབ་མའི་གྲས་ཀྱི་གཅིག་ཡིན་ལ། རྒྱ་གར་གྱི་ཤེས་རིག་ལ་ཐུགས་མོས་ཧ་ཅང་ཆེ། གཤིབ་བསྡུར་སྐད་ཡིག་རིག་པའི་རིག་ཚན་འདི་ནི་ཕི་རན་ཟི་བྷོབ་(Franz Bopp)མཆོག་གིས་གསར་དུ་སྲོལ་བཏོད་པ་ཡིན་ལ། ཁོང་ནི་སློབ་དཔོན་ཆེན་མོ་ཆེ་ཟི་ལགས་ཀྱི་སློབ་མ་དང་ཨཽ་གྷ་སྛ་བི་ཧེམ་མཆོག་དང་དུས་མཉམ། བྷོབ་མཆོག་གིས་གཞན་ཡང་རྣམ་དབྱེའི་རྣམ་གཞག་ཅེས་པའི་དེབ་ཅིག་བརྩམས་པ་དང་། ར་མ་ཎའི་གཏམ་རྒྱུད་དང་མ་ཧཱ་བྷ་ར་ཏ་ལས་ལོ་ཙཱ་མཛད་དེ་ལེགས་སྦྱར་རྩོམ་རིག་ཞིབ་འཇུག་ལ་ལག་རྗེས་ཆེན་པོ་བཞག་ཡོད། ཁོང་གི་ལེགས་སྦྱར་བརྡ་སྤྲོད་ཀྱིས་འཇར་མན་རྒྱལ་ཁབ་ཀྱི་ལེགས་སྦྱར་ཞིབ་འཇུག་གི་ཕྱོགས་ནས་བགྲོད་ལམ་བཤངས་པའི་མཛད་རྗེས་ཡོད།  བྷོབ་ཀྱི་བརྩམས་ཆོས་ཁྲོད་གཤིབ་བསྡུར་སྐད་ཡིག་རིག་པ་དང་འབྲེལ་བའི་རིགས་རྒྱ་གར་གྱི་མཚན་ཉིད་རིག་པའི་ཕྱོགས་ལ་མོས་པ་ཟབ་པའི་བི་ཧེམ་བོན་ཧམ་བྷོལ་ཊ་(Wilhem von Humboldt)ལགས་ཀྱིས་གོ་བདེ་བའི་ངང་ཇེ་རྒྱས་སུ་བཏང་། ད་དུང་འཇར་མན་པ་གྲགས་ཅན་ཞིག་ཡོད་པ་ནི་ཕྲི་ཌ་རི་ཆ་རུ་ཁེརྚ་(Friedrich Ruckert)ལགས་ཏེ། ཁོང་གིས་ཐུགས་མོས་གནང་ས་ནི་རྒྱ་གར་གྱི་སྙན་ངག་གི་ཕྱོགས་ཡིན།

དུས་རབས་༡༩བའི་མགོ་སྟོད་དུ། ལ་ཊིན་སྐད་དུ་བསྒྱུར་བའི་ཕན་པའི་མན་ངག་གིས་འཇར་མན་གྱི་མཚན་ཉིད་རིག་པ་བ་རྣམས་ལ་དམིགས་བསལ་གྱིས་སྤྲོ་བ་འཕེལ་དུ་བཅུག། ཞེ་ལིན་(Schelling)དང་། ཁན་ཋི་(Kant)དང་། ཆི་ལིར་(Schillier)དང་། དེ་བཞིན་ཞོ་ཕན་ཧཽར་(Schopenhauer)ལ་སོགས་པས་མིའི་ཤེས་རབ་ཀྱིས་བསྐྲུན་པའི་ཐོན་དངོས་དེ་ལ་བལྟས་ཏེ་ཡ་མཚན་པར་གྱུར། རིག་བྱེད་ཀྱི་སྐོར་ལ་དོན་དངོས་ཀྱིས་ཞིབ་འཇུག་བྱས་པ་ནི། སྤྱི་ལོ་༡༨༣༨ལོར། ཕྲི་ཌ་རི་ཆ་རོ་སེན་(Friedrich Rosen)ལགས་ཀྱིས་མཛད་པ་ཐོག་མར་བརྩི། དེའི་རྗེས་ལ་ཕ་རན་སི་བ་ཤར་ཕྱོགས་རིག་པ་བ་གྲགས་ཅན་ཨུའི་གྷན་བྷུར་ནོ་ཕ་(Eugene Burnouf)ལགས་ཀྱི་ཤེས་རིག་བཀྲ་བའི་སློབ་མའི་ཚོགས་ཀྱིས་རྒྱུན་བསྐྱངས་ཤིང་། དེའི་གྲས་སུ་རུ་ཌོལ་ཕ་རོ་ཐ་(Rudolph Roth)དང་ཨེཕ་མེཁྶ་མུ་ལར་(F. Max Muller)ཡང་ཡོད་ལ། ཁོང་གིས་ངེས་བརྗོད་རིག་བྱེད་སཱ་ཡ་ཎའི་འགྲེལ་བ་དང་བཅས་པའི་པར་མ་གྲགས་ཅན་དེ་ཉིད། སྤྱི་ལོ་༡༨༤༨ནས་༧༩བར་ཞུ་སྒྲིག་ལེགས་པར་ཞུས། རོ་ཐའི་སློབ་བུ་ཨེཆ་གྲ་སི་མནྣ་(H. Grassmann)བགྱི་བས་ངེས་བརྗོད་རིག་བྱེད་ཡོངས་སུ་རྫོགས་པར་ལོ་ཙཱ་མཛད། དུས་སྐབས་དེར་ཧོ་རེ་སི་ཧེ་མན་བིལ་སན་(Horace Hayman Wilson)མཆོག་ཀ་ལི་ཀ་ཏར་ཕེབས་ཏེ་ངེས་བརྗོད་རིག་བྱེད་དེ་ཉིད་སཱ་ཡ་ཎའི་འགྲེལ་བར་གཏུགས་ཏེ་སྲོལ་རྒྱུན་གྱི་བཤད་སྟངས་གཞིར་བཟུང་ཞིང་ལེགས་པར་བསྒྱུར། ཨལ་ཕི་རེ་ཌ་ལུཌ་བིག་(Alfred Ludwig)མཆོག་གིས་ཀྱང་དེ་མཚུངས་ཀྱི་ཕྱག་ལས་མཛད་ཅིང་། ཁོང་ནི་རིག་བྱེད་ཞིབ་འཇུག་ཅེས་པའི་རྩོམ་པ་བོ་ཨར་ཕི་སི་ཆེལ་(R. Pischel)དང་ཁེ་ཨེཕ་གྷེལ་ཌ་ནར་(K.F.Geldner)གཉིས་ཀྱི་སྔོན་དུ་བྱོན་ཞིང་། དེ་བཞིན་དུ་ཐེའུ་རྡོར་ཨའུ་ཕྲེ་ཆི་ཋས་(Theodor Aufrecht)ཀྱང་རིག་བྱེད་ཞིབ་འཇུག་གི་སྐོར་ལ་ཕྱག་ལས་མི་དམན་པ་མཛད་ཡོད།

སྤྱི་ལོ་༡༨༥༢ལོར་དཔར་བའི་སེཾཊ་ཕེ་ཋིར་བྷརྒ་(St. Petersburg)ཚིག་མཛོད་ནི། ནུབ་ཕྱོགས་སུ་ཡར་རྒྱས་འགྲོ་བཞིན་པའི་ལེགས་སྦྱར་ཞིབ་འཇུག་གི་ཕྱོགས་ནས་བཤད་ན་གནས་ཚུལ་གལ་ཆེན་ཞིག་ཆགས་ཡོད། ཚིག་མཛོད་དེ་ནི་ཨོཊྚོ་བྷོ་ལིངྒ་(Otto Bonhtlingk)དང་རུ་ཌོལ་ཕ་རོ་ཐ་(Rudolph Roth)གཉིས་ཀྱིས་བསྒྲིགས་ཤིང་སེཾཊ་ཕེ་ཋིར་བྷརྒ་སྒྱུ་རྩལ་དང་ཚན་རིག་སྡེ་ཚན་གྱིས་པར་སྐྲུན་མཛད། ཨལ་བྷི་རེལ་ཆི་བེ་བྷིར་(Albrecht Weber)མཆོག་གིས་རྒྱ་གར་གྱི་རྩོམ་རིག་ལོ་རྒྱུས་བགྱི་བ་སྤྱི་ལོ་༡༨༥༢ལོར་པར་སྐྲུན་མཛད་ཅིང་། སྤྱི་ལོ་༡༨༧༦ལོར་བསྐྱར་དུ་རྩོམ་སྒྲིག་མཛད་པ་དེ་ཡང་བརྩམས་ཆོས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཤ་ཏ་པ་ཐ་བྲཱཧྨཎ་(शतपथब्राह्मण)སྟེ་བྲམ་ཟེའི་བཤུལ་བརྒྱ་བ་ཞེས་པའི་པར་མ་དེ་ཡང་ཁོང་ཉིད་ཀྱིས་བསྒྲིགས་པའི་བརྩམས་ཆོས་རིན་ཐང་ཅན་ཞིག་ཡིན། སྤྱི་ལོ་༡༨༩༡དང་༡༨༩༦།༡༩༠༣ལོར་རིམ་པ་བཞིན་དཔར་བའི་ཐེའུ་རྡོར་ཨའུ་ཕྲེ་ཆིས་ལེགས་སྒྲིག་མཛད་པའི་དཀར་ཆག་ཆེན་མོ་(The Catalogues Catalogorum)རུ་ལེགས་སྦྱར་སྐད་དུ་བཞུགས་པའི་རྩོམ་པ་བོ་དང་བརྩམས་ཆོས་ཇི་སྙེད་ཀྱི་རིམ་པ་ལྟ་བདེ་ལ་མཐར་ཆགས་སུ་བཀོད་པ་དེ་ཡང་མཛད་རྗེས་བླ་ན་མེད་པ་ཞིག་ཡིན། ཨར་ཐར་ཨན་ཐོན་ནི་མེག་ཌོ་ནེལ་(Arthur Anthony Macdonell)ལགས་ཀྱི་རིག་བྱེད་ཀྱི་བརྡ་སྤྲོད་དང་། རིག་བྱེད་ཀྱི་ལྷ་སྒྲུང་དང་། རིག་བྱེད་ཀྱི་བྱ་ར་དང་། དེ་བཞིན་ཨར་ཐར་བྷེ་རི་ཌེལ་ཁི་ཐ་(Arthur Berriedale Keith)ལ་སོགས་པས་ཡུ་རོབ་ནང་ལེགས་སྦྱར་ཞིབ་འཇུག་གི་ཐད་ལ་གྲུབ་འབྲས་མི་དམན་པ་བཞག།  མཽ་རི་སི་བླུམ་ཕིལ་ཌ་(Maurice Bloomfield)ཡི་རིག་བྱེད་ཀྱི་ཀ་མད་ཚིག་མཛོད་ཀྱང་ནུབ་ཕྱོགས་སུ་རིག་བྱེད་ཞིབ་འཇུག་གི་ཐད་ལ་ཞབས་འདེགས་རླབས་ཆེན་བསྒྲུབས་པའི་གཞུང་ཞིག་ཆགས་ཡོད། བི་ལིམ་ཌ་བི་ཋ་བི་ཋ་ནེ་(William Dwight Whitney)ཡི་ལེགས་སྦྱར་བརྡ་སྤྲོད་ཀྱང་གཞུང་གལ་ཆེན་ཞིག་ཡིན། ཀ་ལི་ཀ་ཏའི་གཞུང་བཙུགས་ལེགས་སྦྱར་མཐོ་སློབ་ཀྱི་སློབ་སྤྱི་ཨེ་ཌ་བར་ཌ་བྷཻ་ཁོ་བེལ་(Edward Byle Cowell)ལགས་ཀྱིས་ལྟ་གྲུབ་ཀུན་བཏུས་ཀྱིས་གཙོས་པའི་གཞུང་མང་དག་ཅིག་བསྒྱུར་ནས་ལེགས་སྦྱར་ཞིབ་འཇུག་གི་ཐད་ལ་སྒུལ་ཤུགས་མི་དམན་པ་ཐོན་ཡོད། དེ་བཞིན་ཡུལ་ཝཱ་རཱ་ཎ་སཱིར་ཡོད་པའི་གཞུང་བཙུགས་ལེགས་སྦྱར་མཐོ་སློབ་ཀྱི་སློབ་སྤྱི་ཨར་ཐར་བེ་ནི་སི་(Arthur Venis)ཡིས་ཀྱང་ལེགས་སྦྱར་ཞིབ་འཇུག་གི་ཐད་དུ་ཕྱར་བ་གྲུ་འདེགས་མཛད་ཡོད། ཡུ་རོབ་པའི་མཁས་པ་དག་གི་ཁྲོད་རྒྱ་གར་དུ་བཞུགས་མྱོང་ཞིང་།ལེགས་སྦྱར་སློབ་གཉེར་དང་དེའི་རྩོམ་རིག་གི་སྐོར་ལ་ཐུགས་མོས་གནང་མཁན་དག་ནི། རྗེ་ཨེཕ་ཕ་ལཱི་ཋ་(J.F.Fleet)དང་། བིན་སན་ཊ་ཨེ་སྨིཐ་(Vincent A.Smith)དང་། སིར་ཨེ་ལེགས་ཟན་ཌར་ཁ་ནིན་ཧམ་(Sir Alexamder Cunningham)དང་། སིར་འཇོན་ཨེཆ་མར་ཞལ་(Sir John H. Marshall)དང་། སིར་ཨེམ་ཨེ་སྚཻན་(Sir M.A.Stein)དང་། སིར་འཇོར་རྗི་གྷིར་སན་(Sir George Grierson)དང་། རྗེ་ཕར་གྷ་སན་(J.Ferguson)སོགས་སོ། 

ནུབ་ཕྱོགས་མཁས་དབང་དག་གི་ཁྲོད། རྒྱ་གར་རིག་པར་ཞབས་འདེགས་རིན་ཐང་བྲལ་བ་བཞག་ཅིང་། ལེགས་སྦྱར་ཞིབ་འཇུག་གི་འཛུགས་སྐྲུན་ཐད་དུ་བྱས་རྗེས་ཆེ་བ་ཁག་ནི། འཇོར་རྗི་བྷུ་ལིར་(George Buhler)དང་། རྗེ་མུར་(J. Muir)དང་། ཕ་རན་ཁ་ཁི་ཧ་ལོན་(Frank Kielhorn)དང་། ཨེ་རོར་(E. Roer)དང་།ཨེཆ་ལུ་ཌར་སི་(H. Luders)དང་། ཧར་མན་རྗེ་ཁོ་བྷི་(Hermann Jacobi)དང་། ཨེ་སེ་ནརྚ་(E. Senart)དང་། སི་བན་ལེ་བི་(Sylvain Levi)དང་།ཨེ་ཌ་བརྜ་བོ་ཤྭན་ཧོབ་ཁིན་སི་(Edward Washburn Kopkins)དང་། ཨུའི་གྷན་ཧལ་ཆི་(Eugen Hultzsch)དང་། ཨར་ཐར་ཁོག་བྷར་ནེལ་(Arthur Coke Burnell)དང་། མི་ནིར་ཨེམ་བི་ལིམ་སི་(Monier M. Williams)དང་། ཐིའུ་རྡོར་གྷོལ་ཌ་སྚ་ཁར་(Theodor Golstucker)དང་། རི་ཆརྜ་གྷར་བྷེ་(Richard Garbe)དང་། ཕཽལ་རྡེའུ་སན་(Paul Deussen)དང་། འཇུ་ལི་ཨ་སི་ཨེ་གྷ་ལིན་(Julius Eggeling)དང་། འཇོར་རྗེ་ཐུ་བྷཽཊ་(George Thubaut)དང་། འཇུ་ལི་ཨ་སི་འཇོ་ལི་(Julius Jolly)དང་། མའུ་རོ་སི་བིན་ཋར་ནིརྫ་(Maurice Winternitz)དང་། ཨེཕ་ཌབླུ་ཐོ་མ་སི་(F.W.Thomas)དང་། ཨེལ་ཌི་བྷར་ནེཊ་(L.D.Barnett)དང་། ཋི་ཆེར་བྷཏ་སྐི་(T. Tscherbatsky)དང་། སྚེན་ཁོ་ནོ་(Sten Konow)དང་། བ་ལེ་ཕུ་སང་(Vallee Poussin)དང་། ཨོ་ཊྚོ་སྚོ་སི་(Otto Strauss)དང་། སི་ཨར་ལན་མན་(C.R.Lanmann)དང་།དེ་བཞིན་གྷི་སེ་ཕེ་ཊུ་ཆི་(Giuseppe Tucci)ལ་སོགས་པ་ནི་ལེགས་སྦྱར་ལ་མོས་པ་དག་གིས་མཁྱེན་གསལ་ལྟར་རོ།།


 

Jan 7, 2021

བྲམ་ཟེའི་མདོ་བཞུགས་སོ། །

 


බ්‍රාහ්‌මණසුත්‌තං

 

එවං මෙ සුතං – එකං සමයං භගවා සාවත්‌ථියං විහරති ජෙතවනෙ අනාථපිණ්‌ඩිකස්‌ස ආරාමෙතෙන ඛො පනසමයෙන ආයස්‌මා  සාරිපුත්‌තො ආයස්‌මා  මහාමොග්‌ගල්‌ලානො ආයස්‌මා  මහාකස්‌සපො ආයස්‌මා මහාකච්‌චානො ආයස්‌මා  මහාකොට්‌ඨිකො ආයස්‌මා  මහාකප්‌පිනො ආයස්‌මා  මහාචුන්‌දො ආයස්‌මා අනුරුද්‌ධො ආයස්‌මා  රෙවතො ආයස්‌මා  නන්‌දො යෙන භගවා තෙනුපසඞ්‌කමිංසු .

 

අද්‌දසා ඛො භගවා තෙ ආයස්‌මන්‌තෙ දූරතොව ආගච්‌ඡන්‌තෙදිස්‌වාන භික්‌ඛූ ආමන්‌තෙසි – ‘‘එතෙභික්‌ඛවෙබ්‍රාහ්‌මණා ආගච්‌ඡන්‌තිඑතෙභික්‌ඛවෙබ්‍රාහ්‌මණා ආගච්‌ඡන්‌තීතිඑවං වුත්‌තෙ අඤ්‌ඤතරො බ්‍රාහ්‌මණජාතිකොභික්‌ඛු භගවන්‌තං එතදවොච – ‘‘කිත්‌තාවතා නු ඛොභන්‌තෙබ්‍රාහ්‌මණො හොතිකතමෙ  පන බ්‍රාහ්‌මණකරණාධම්‌මාති?

 

අථ ඛො භගවා එතමත්‌ථං විදිත්‌වා තායං වෙලායං ඉමං උදානං උදානෙසි 

 

බාහිත්‌වා පාපකෙ ධම්‌මෙයෙ චරන්‌ති සදා සතා;

ඛීණසංයොජනා බුද්‌ධාතෙ වෙ ලොකස්‌මි බ්‍රාහ්‌මණාතිපඤ්‌චමං;

 


བྲམ་ཟེའི་མདོ།

རྒྱ་གར་སྐད་དུ། བྲཱཧྨཎསུཏྟཾ། བོད་སྐད་དུ། བྲམ་ཟེའི་མདོ། 

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །

འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། ཡང་དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་མོད་གོལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། ཚེ་དང་ལྡན་པ་ཀ་ཏའི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་གསུས་པོ་ཆེ་དང་།  ཚེ་དང་ལྡན་པ་ཀ་པི་ན་དང་། ཚེ་དང་ལྡན་པ་ཙུན་ད་དང་། ཚེ་དང་ལྡན་པ་མ་འགགས་པ་དང་། ཚེ་དང་ལྡན་པ་ནམ་གྲུ་དང་། ཚེ་དང་ལྡན་པ་དགའ་བོ་རྣམས་བཅོམ་ལྡན་འདས་ག་ལ་བར་ལྷགས་སོ། །

དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དེ་རྣམས་རྒྱང་མ་ནས་འོང་བ་གཟིགས་ཏེ། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་འདི་རྣམས་འོང་ངོ་། །དགེ་སློང་དག་བྲམ་ཟེ་འདི་རྣམས་འོང་ངོ་ཞེས་ཏེ། དེ་སྐད་ཅེས་བཀའ་སྩལ་པ་དང་། བྲམ་ཟེའི་རིགས་ཅན་གྱི་དགེ་སློང་གཞན་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཙུན་པ། རྣམ་པ་གང་གིས་ན་བྲམ་ཟེར་འགྱུར་བ་ལགས། བྲམ་ཟེའི་རྐྱེན་གྱི་ཆོས་དེ་ཡང་གང་ལགས། ཞེས་སོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལྟར་མཁྱེན་ནས་ཞལ་དེ་ཉིད་ལས་ཆེད་དུ་བརྗོད་པའི་ཚོམས་འདི་ཆེད་དུ་བརྗོད་དོ།། 
གང་ཞིག་
སྡིག་ཆོས་རབ་སྤངས་ཤིང་། །རྟག་ཏུ་དྲན་ལྡན་སྤྱོད་བྱེད་པ། །

ཀུན་སྦྱོར་ཟད་པའི་སངས་རྒྱས་དེ། །འཇིག་རྟེན་དག་ན་བྲམ་ཟེ་ཡིན།།ཞེས་ཏེ་ལྔ་པའོ། །

བྲམ་ཟེའི་མདོ་རྫོགས་སོ། །

 

༢༠༢༡ལོའི་ཟླ་༡ཚེས་༦ལ་ཟླ་བ་གཞོན་ནུའམ་རྡོ་རྗེ་སྐྱབས་ཀྱིས་བསྒྱུར་བ། ཀུན་ཏུ་དགེ་བར་གྱུར་ཅིག 

 

 

 

Dec 20, 2020

བསྟན་བཅོས་མཁས་པའི་ཁ་རྒྱན་བཞུགས་སོ། །

 


༄༅། །བསྟན་བཅོས་མཁས་པའི་ཁ་རྒྱན་བཞུགས་སོ། །


ས་སྐྱ་པཎྜི་ཏ།


༄༅། །ཨོཾ་སྭ་སྟི་སིདྡྷཾ། སྒྲའི་བསྟན་བཅོས་མཁས་པའི་ཁ་རྒྱན། 

བླ་མ་དང་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ། 

སྐུ་ནི་འཆི་མེད་དབང་བོས་མཚོན་དཀའ་ཞིང༌། །གསུང་ནི་ཚངས་པའི་དབྱངས་ལ་ཕྲག་དོག་བྱེད། 

ཕྱོགས་ལས་རྣམ་པར་རྒྱལ་བའི་ཐུགས་མངའ་བ། །བདག་གི་སྙིང་ལ་ཡུན་དུ་གནས་པར་མཛོད། 

གསར་བཅད་སྐད་ཀྱི་ནོར་བུ་རིན་ཆེན་ཚོགས། །རྣམ་དག་བློ་ཡིས་བྱི་དོར་ལེགས་བྱས་ཤིང༌། 

དྲི་མེད་ཚིག་གི་སྲད་བུས་ལེགས་བརྒྱུས་ཏེ། །མཁས་རྣམས་ཁ་རྒྱན་མཛེས་པ་བདག་གིས་བྱ། 

དེ་ལ་དང་བོར་དབྱངས་རྣམས་ནི་ལྔའོ། །ཨ་ཡིག་བོར་བ་རྣམས་ནི་འདིར་ཡན་ལག་གོ །ཀ་ལ་སོགས་པ་རྣམས་ནི་གསལ་བྱེད་རྣམས་སོ། །བཞི་བཞི་བའི་སྡེ་བ་ནི་བདུན་ནོ། །ཧ་ནི་མཐར་གནས་པའོ། །ག་ང་ད་ན་བ་མ་འ་ར་ལ་ས་རྣམས་ནི་རྗེས་སུ་འཇུག་པ་རྣམས་སོ། །ད་ས་དག་ནི་ཡང་འཇུག་པ་དག་གོ །ད་ནི་ན་ར་ལ་རྣམས་ཀྱིའོ། །ས་ནི་ག་ང་བ་མ་རྣམས་ཀྱིའོ། དེ་རྣམས་ལས་ག་ད་བ་མ་འ་རྣམས་ནི་སྔོན་དུའང་ངོ༌། །ལྷག་མ་རྣམས་ནི་གང་དུ་ཡང་མ་ཡིན་པའོ། །དེ་རྣམས་ལ་རྐྱང་བ་དང་འཕུལ་བ་དང་བརྩེགས་པ་དང༌། རྗེས་སུ་རྐྱང་འཇུག་དང་ཡན་ལག་རྣམས་སྦྱར་བས་ཕྱེ་བའི་ཡི་གེའི་རྣམ་གྲངས་ནི་གཞན་དུ་གྲགས་པ་ཉིད་དོ། ། ཞེས་པ་ཕྲད་ཀྱི་སྦྱོར་བ་ལས་དང་བོའོ།།  །།

གི་ཀྱི་གྱི་འི་རྣམས་ཨི་ཡིག་གི་རྐྱེན་ནོ། །གིར་ཀྱིར་གྱིར་ཡིར་རྣམས་ཀྱང་ངོ༌། །གིས་ཀྱིས་གྱིས་ཡིས་རྣམས་ཀྱང་ངོ༌། །ཅིང་ཞིང་ཤིང་རྣམས་ཀྱང་ངོ༌། །ཅིག་ཤིག་ཞིག་རྣམས་ཀྱང་ངོ༌། །ཅི་ཇི་དག་ཀྱང་ངོ༌། །ཏུ་དུ་རུ་སུ་རྣམས་ཨུ་ཡིག་གིའོ། །པུ་བུ་འུ་རྣམས་ཀྱང་ངོ༌། །པུར་བུར་འུར་རྣམས་ཀྱང་ངོ༌། །པུས་བུས་འུས་རྣམས་ཀྱང་ངོ༌། །སྟེ་དེ་ཏེ་རྣམས་ཨེ་ཡིག་གིའོ། །ཅེ་ཤེ་ཞེ་རྣམས་ཀྱང་ངོ༌། །ཅེས་ཤེས་ཞེས་རྣམས་ཀྱང་ངོ༌། །ག་སོགས་རྣམས་ལ་ཨོ་ཡིག་སྦྱར་བ་རྣམས་ཨོ་ཡིག་གིའོ། །པོ་ཝོ་མོ་རྣམས་ཀྱང་ངོ༌། །པོར་ཝོར་མོར་རྣམས་ཀྱང་ངོ༌། །པོས་ཝོས་མོས་རྣམས་ཀྱང་ངོ༌། །པ་བ་ཝ་མ་རྣམས་ཨ་ཡིག་གིའོ། །པར་བར་ཝར་མར་རྣམས་ཀྱང་ངོ༌། །པས་བས་ཝས་མས་རྣམས་ཀྱང་ངོ༌། །ཀྱང་ཡང་འང་རྣམས་ཀྱང་ངོ༌། །རྣམ་པར་བརྟག་པ་ཅན་ཡང་ངོ༌། །འདི་ལ་སོགས་པ་དོན་གྱི་ཕྲད་རྣམས་ནི་གཞན་དུ་གྲགས་པས་འདིར་མ་བཤད་དོ། །ཞེས་པ་ཕྲད་ཀྱི་སྦྱོར་བ་ལས་གཉིས་པའོ།།  །།

ག་ང་དག་ལས་ཕ་རོལ་དུ་གིའོ། །ད་བ་ས་རྣམས་ལས་ཀྱིའོ། །ན་མ་ར་ལ་རྣམས་ལས་གྱིའོ། །འ་ལས་འིའོ། །ས་མཐའ་ཅན་སྤངས་པའི་ཡང་ངོ༌། །རང་དང་ས་རྗེས་སུ་འཇུག་པའི་རྣམས་ཀྱང་དེ་བཞིན་ནོ། །བྱ་བ་ལ་སྦྱོར་བའི་ཀུན་ཏུ་གྱིས་སོ། །ག་ད་བ་རྣམས་ཀྱི་ཅིང་ངོ༌། །སའི་ཤིང་ངོ༌། །ལྷག་མ་རྣམས་ཀྱི་ཞིང་ངོ༌། །ག་ལ་སོགས་པ་སྤངས་པའི་ཡང་ངོ༌། །ད་ཡང་འཇུག་པ་རྣམས་ཀྱི་ཅིང་ཡང་ ནའོ། །ཅིག་ཤིག་ཞིག་རྣམས་ཀྱང་དེ་བཞིན་ནོ། །རྗེས་འཇུག་སྤངས་པའི་ཅིག་ཡང་ནའོ། །བྱ་བ་ལ་སྦྱོར་བའི་ཡང་ནའོ། །ས་ལས་ཅིག་ཀྱང་ངོ༌། །ཞིག་སྟེ་སླར་འདྲ་ཕྱིར་རྣམས་ལ་ཅིའོ། ཞིག་ལ་ཅི་ཡང་ངོ༌། །སྙེད་སྲིད་ལྟར་བཞིན་སྐད་རྣམས་ལ་ཇིའོ། །ཞེས་པ་ཕྲད་ཀྱི་སྦྱོར་བ་ལས་གསུམ་པའོ།།  །།

ག་བ་དག་གི་ཕ་རོལ་ཏུའོ། །ང་ད་ན་མ་ར་ལ་རྣམས་ཀྱི་དུའོ། །ད་ཡང་འཇུག་པ་རྣམས་ཀྱི་ཏུ་ཡང་ནའོ། །ཞུགས་པའི་ཏུ་ཉིད་དོ། །འ་འི་རུའོ། །ས་མཐའ་ཅན་ཕྱིས་པའི་ཡང་ངོ༌། །སའི་སུའོ། །གའི་པུའོ། །ལྷག་མ་རྣམས་ཀྱི་བུའོ། །འ་དང་རྗེས་འཇུག་མེད་པའི་འུ་ཡང་ནའོ། །ར་དང་ས་རྗེས་སུ་འཇུག་པ་རྣམས་ཀྱང་དེ་བཞིན་ནོ། །ཞེས་པ་ཕྲད་ཀྱི་སྦྱོར་བ་ལས་བཞི་བའོ། 

ག་ང་བ་མ་འ་རྣམས་ཀྱི་ཕ་རོལ་ཏུ་སྟེའོ། །དའི་དེའོ། །ན་ར་ལ་ས་རྣམས་ཀྱི་ཏེའོ། །ད་ཡང་ཞུགས་པའི་ཡང་ངོ༌། །ས་མཐའ་ཅན་ མེད་པའི་སྟེའོ། །ཅེ་ག་ད་བ་རྣམས་ཀྱིའོ། །ཤེ་སའི་འོ། །ཞེ་ལྷག་མ་རྣམས་དང་རྗེས་འཇུག་མེད་པའི་ཡང་ངོ༌། །སའི་ཡང་ནའོ། །ཅེས་ཤེས་ཞེས་རྣམས་ཀྱང་དེ་བཞིན་ནོ། །ཞེས་པ་ཕྲད་ཀྱི་སྦྱོར་བ་ལས་ལྔ་བའོ།།  །།

ག་སོགས་རྣམས་ཀྱི་ཕ་རོལ་ཏུ་རང་རང་ལ་ཨོ་ཡིག་སྦྱོར་བའོ། །དེ་ཡང་འཇུག་པ་རྣམས་ཀྱི་ཏེ་ཡང་ནའོ། །ཞུགས་པའི་ཏོ་ཉིད་དོ། །ས་མཐའ་ཅན་བོར་བའི་འོ་ཉིད་དོ། །ས་མཐའ་ཅན་གྱི་ཕ་རོལ་ཏུ་པོའོ། །འ་དང་དེ་རྣམས་མེད་པའི་འོ་ཡང་ངོ༌། །ཐམས་ཅད་ལ་མོ་ཡང་ངོ༌། ར་དང་ས་རྗེས་སུ་འཇུག་པ་རྣམས་ཀྱང་དེ་བཞིན་ནོ། །ཞེས་པ་ཕྲད་ཀྱི་སྦྱོར་བ་ལས་དྲུག་པའོ། 

ག་ད་བ་ས་རྣམས་ཀྱི་ཕ་རོལ་ཏུ་པའོ། །ང་ར་ལ་རྣམས་ཀྱི་ཝ་ཡང་ནའོ། །ན་མ་དག་གི་པ་ཡང་ནའོ། །འའི་ཝའོ། །ས་མཐའ་ཅན་བོར་བའི་ཡང་ངོ༌། །ཐམས་ཅད་ལ་མ་ཡང་ངོ་། །ར་དང་ས་རྗེས་སུ་འཇུག་པ་རྣམས་ཀྱང་དེ་བཞིན་ནོ། །ཀྱང་ག་ད་བ་ས་རྣམས་ཀྱི་ཕ་རོལ་དུའོ། ཡང་ལྷག་མ་རྣམས་ཀྱིའོ། །ད་ཡང་འཇུག་པ་རྣམས་ཀྱི་ཀྱང་ཡང་ནའོ། །ས་མཐའ་ཅན་ཕྱིས་པའིའང་ངོ༌། །ཡང་ཡང་ནའོ། །རྣམ་པར་རྟོག་པ་ཅན་ནི་ག་སོགས་རྣམས་ཀྱི་ཕ་རོལ་ཏུ་རང་རང་གི་རྗེས་སུ་མ་སྦྱར་བའོ། །དེ་རྣམས་སྤངས་པའི་འམ་མོ། །ཞེས་པ་ཕྲད་ཀྱི་སྦྱོར་བ་ལས་བདུན་པའོ།།  །།

དོན་གྱི་ངོ་བོ་སྟོན་པ་ནི་མིང་ངོ༌། དེ་ལས་ཕ་རོལ་ཏུ་རྣམ་དབྱེ་རྣམས་སོ། །ཉིད་དང་བོའི་གཅིག་གི་ཚིག་གིའོ། དག་གཉིས་ཀྱིའོ། །རྣམས་མང་བོའི་འོ། །ཏུ་དུ་སུ་རུ་རྣམས་ཕྲད་བཞིན་དུ་གཉིས་པའི་གཅིག་གིའོ། །འ་དང་ས་མཐའ་ཅན་མེད་པའི་རྗེས་སུ་སྦྱར་བ་ཡང་ངོ༌། །དག་ཏུ་གཉིས་ཀྱིའོ། །རྣམས་སུ་མང་བོའིའོ། །གིས་ཀྱིས་གྱིས་ཡིས་རྣམས་ཕྲད་བཞིན་དུ་གསུམ་པའི་གཅིག་གིའོ། །འ་དང་ས་མཐའ་ཅན་སྤངས་པའི་རྗེས་སུ་ས་སྦྱར་བ་ཡང་ངོ༌། །དག་གིས་གཉིས་ཀྱིའོ། །རྣམས་ཀྱིས་མང་བོའིའོ། ལ་བཞི་བའི་གཅིག་གིའོ། །དག་ལ་གཉིས་ཀྱིའོ། །རྣམས་ལ་མང་བོའིའོ། །ལས་ལྔ་བའི་གཅིག་གིའོ། །དག་ལས་གཉིས་ཀྱིའོ། །རྣམས་ལས་མང་བོའིའོ། །ནས་དག་ནས་རྣམས་ནས་རྣམས་ཡང་ནའོ། །གི་ཀྱི་གྱི་འི་རྣམས་ཕྲད་བཞིན་དུ་དྲུག་པའི་གཅིག་གིའོ། །དག་གི་གཉིས་ཀྱིའོ། །རྣམས་ཀྱི་མང་བོའིའོ། །ན་བདུན་པའི་གཅིག་གིའོ། །དག་ན་གཉིས་ཀྱིའོ། །རྣམས་ན་མང་བོའིའོ། །གཉིས་པའི་རྣམས་དང༌། བཞི་བའི་རྣམས་དང༌། བདུན་པའི་རྣམས་ཡང་ནའོ། །བརྒྱད་པའི་རྣམས་དང་བོའི་རྣམས་ལ་ཀྱེ་སྦྱར་བའོ། །ཞེས་པ་རྣམ་པར་དབྱེ་བའོ། 

ལས་ལ་དང་བོར་འཇུག་པའི་བྱེད་པ་ལ་འ་ཡང་ངོ༌། །ད་འཇུག་པའི་བྱེད་པ་ལའང་འ་ཡང་ངོ༌། །བ་འཇུག་པའི་ལ་འ་འམ་འ་མཐའ་ཅན་ཕྱིས་པ་ཡང་ངོ༌། མ་འཇུག་པའི་ལ་གའམ་འ་མཐའ་ཅན་བོར་བ་ཡང་ངོ༌། །འ་འཇུག་པའི་ལ་ནི་གཞན་མ་ཡིན་པ་ཉིད་དོ། །འ་མཐའ་ཅན་སྤངས་པའི་ལའང་ཡང་ངོ༌། །ལུས་དང་སྲོག་གཞན་དུ་འགྱུར་བ་ནི་ཅི་རིགས་པར་རོ། །བྱ་བ་ལ་ལས་གཙོ་བོར་སྟོན་ན་ལས་དང༌། བྱེད་པ་གཙོར་སྟོན་ན་བྱེད་པའི་སྒྲའོ། །ཡང་ན་ཅི་རིགས་པར་རོ། །བྱ་བ་བྱས་པ་ལ་ལ་ནི་གཞན་ཡང་ངོ༌། །གཉིས་པ་མང་བོའི་ཚིག་དག་ནི་དག་དང་རྣམས་ཉིད་དོ། །ཞེས་པ་བྱེད་པའི་ཚིག་གོ །

འདིར་ནི་ཕྲད་རྣམས་འདུད་པ་བཞིན། །རྣམ་དབྱེ་སྙན་པར་སྨྲ་བ་བཞིན། །བྱེད་ཚིག་གཡོས་ལེགས་སྟོན་པ་བཞིན། །མཁས་རྣམས་མགྲོན་དུ་བོས་པ་བཞིན། །ཕྲད་དང་རྣམ་དབྱེ་བྱེད་ཚིག་རྣམས། །འགྲན་པ་བཞིན་དུ་བསྟར་བ་འདི། །ཞལ་རས་རྒྱན་གྱིས་མཛེས་འདོད་པའི། །མཁས་པ་རྣམས་ལ་བདག་ཉིད་འབུལ། །ད་དུང་མཁས་ལ་ཉེར་མཁོ་བའི། །རྣམ་དབྱེ་དུ་མ་ཡོད་མོད་ཀྱི། །ཡི་གེའི་ཚོགས་ཀྱིས་རྣམ་སྐྲག་པས། །དོན་དེའི་སྤྲོས་པ་རེ་ཞིག་བཞག །ཁོ་བོས་ལེགས་པར་རྣམ་དཔྱད་ནས། །ཕན་པའི་བསམ་པས་བཤད་མོད་ཀྱང༌། །ནོངས་པའམ་ཕྲག་དོག་གིས་དོར་ན། །མཁས་རྣམས་བདག་ལ་བརྩེ་བར་མཛོད། །གསར་བཅད་ཇི་བཞིན་མཁས་རྣམས་ཀྱི། །ཁ་རྒྱན་བཀྲ་བས་རྣམ་སྤྲས་ལས། །ཐོབ་པའི་དགེ་བས་འགྲོ་རྣམས་ཀྱིས། །ཐུབ་མཚན་ཚངས་དབྱངས་ཐོབ་པར་ཤོག །ཅེས་པ་མཁས་པའི་ཁ་རྒྱན། ས་སྐྱ་པཎྜི་ཏས་སྐད་གསར་བཅད་དང་རྗེས་སུ་མཐུན་པར། བརྡ་སྤྲོད་པའི་མཁས་པ་རྣམས་ལ་ཉེ་བར་མཁོ་བ་བཞིན་རྒྱན་དུ་བྱས་པའོ། །དགེ་བར་གྱུར་ཅིག།  །། 


སྤྱི་ལོ་༢༠༢༠ཟླ་༡༢ཚེས་༢༠ལ་ཟླ་བ་གཞོན་ནུས་གཅིག་ཞུས་པ་ཕན་པར་སྨོན།