-->

Mar 18, 2021

བོད་ཀྱི་སྐད་ཡིག་ནི་སྐད་ཡིག་བང་མཛོད་ནང་རྙེད་དཀའ་བའི་ནོར་བུ་ཞིག་རེད།

 

 

བོད་ཀྱི་སྐད་ཡིག་ནི་སྐད་ཡིག་བང་མཛོད་ནང་རྙེད་དཀའ་བའི་ནོར་བུ་ཞིག་རེད།



 

སྐད་ཡིག་རིག་པ་མཁས་ཅན་སྐུ་ཞབས་ཧུ་ཐན་ལ་བཅར་འདྲི་ཞུས་པའི་ཟིན་ཐོ།

ལིན་ཞི་ཡན་གྱིས་བཅར་འདྲི་ཞུས། བསྟན་གོས་[1]བསྒྱུར།

(བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་།  བོད་ལྗོངས་ལྷ་ས༨༥༠༠༠༠)

གནད་བསྡུས།  བོད་སྐད་ཆེད་མཁས་གྲགས་ཅན་སྐུ་ཞབས་ཧུ་ཐན་ལགས་ནི། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གི་དགེ་རྒན་ཆེན་མོ་བ་དང་། འབུམ་རམས་པའི་སློབ་དཔོན་ཡིན་ཞིང་། ཁོང་གིས་ཀྲུང་གོ་གསར་བ་ཚུགས་པའི་དུས་མགོ་ནས་བཟུང་བོད་སྐད་ཞིབ་འཇུག་གི་ཕྱག་ལས་གནང་བ་རེད། རྩོམ་ཡིག་འདིའི་ནང་གཙོ་བོ་བོད་ཀྱི་སྐད་དང་ཡི་གེ་གླེང་གཞིར་བཟུང་ནས། བོད་སྐད་ཀྱི་ཡུལ་སྐད་དང་། ཡིག་སྐད། སྒྲའི་ང་རོ་དང་དེའི་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་སྐོར་སྐུ་ཞབས་ཧུ་ཐན་ལ་བཅར་འདྲི་ཞུས་པ་བཀོད་ཡོད།།

གནད་ཚིག  བོད་སྐད་ཡིག  ཡུལ་སྐད། ཡིག་སྐད། སྒྲའི་ང་རོ།

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས]H214[ཡིག་ཚང་མཚོན་བྱང་]D[རྩོམ་གྱི་གོ་རིམ་ཨང་སྒྲིག]1005-5746(2010)01-001-10

 

ལིན་ཞི་ཡན། རྒན་ཧུ་ཐན་ལགས་སྐུ་ཁམས་བཟང་། ཐོག་མར་ཁྱེད་ཀྱིས་ངའི་བཅར་འདྲི་དང་ལེན་གནང་བར་བཀའ་དྲིན་ཆེ་ཞུ། དེ་རིང་ངས་བོད་ལྗོངས་སློབ་ཆེན་རིག་དེབརྩོམ་སྒྲིག་ཁང་གི་མངག་སྐུལ་ཁུར་དུ་བླངས་ནས་རྒན་ལགས་མཆོག་ལ་བོད་ཀྱི་སྐད་དང་ཡི་གེ་གླེང་གཞིར་བཟུང་བའི་གནད་དོན་འགའ་བཀའ་འདྲི་ཞུ་རྒྱུ་ཡིན།

ཁྱེད་ནི་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་བའི་མགོར་ཀྲུང་དབྱང་མི་རིགས་སློབ་གླིང་དུ་ཞུགས་ནས་བོད་སྐད་ཡིག་གཙོ་སྦྱོང་བྱས་ཤིང་། རིམ་གྱིས་བོད་སྐད་ཞིབ་འཇུག་གི་ལམ་ལ་ཞུགས། ལོ་དྲུག་ཅུའི་རིང་དུ་ཁྱེད་ལ་དེའི་སྐོར་ནས་ཁྱད་དུ་འཕགས་པའི་གྲུབ་འབྲས་ཐོབ་ཅིང་། དུས་ཕྱིས་ཀྱི་རིག་གནས་པ་དག་ལ་ཕན་ཐོགས་ཡོད་པའི་ཉམས་མྱོང་ཡང་ལེགས་འབུལ་བྱས་ཡོད།

བོད་ནི་རང་རྒྱལ་གྱི་ལོ་རྒྱུས་རིང་ཞིང་རིག་གནས་ཁྱད་འཕགས་ཡོད་པའི་མི་རིགས་ཀྱི་ཡ་གྱལ་ཞིག་ཡིན་ལ། དེ་བཞིན་བོད་སྐད་ནི་རྒྱ་ནག་སྐད་ཀྱིས་ཤར་ནས་དང་བོད་སྐད་ཀྱིས་ནུབ་ནས་བཟུང་བའི་གཉེན་བརྒྱུད་སྐད་རིགས་མང་བོ་འདུ་བའི་རྒྱ་བོད་སྐད་ཁོངས་ཁྲོད་ཀྱི་གཞི་རྐང་སྐད་རིགས་ཤིག་ཡིན་ན། སྐབས་འདིར་རྒན་ལགས་ལ་བཀའ་འདྲི་ཞུ་རྒྱུ་སྟེ། བོད་སྐད་ཀྱིས་ཅིའི་ཕྱིར་དུ་རྒྱ་བོད་སྐད་ཁོངས་ལོ་རྒྱུས་གཤིབ་སྡུར་རིག་པའི་ཞིབ་འཇུག་ཁྲོད་དུ་དེ་འདྲའི་གལ་ཆེའི་གོ་ས་ཟིན་པ་ཡིན་ནམ།

དགེ་རྒན་ཆེན་མོ་ཧུ་ཐན། ཐོག་མར། བོད་ལ་ཡི་གེའི་ཟིན་འགོད་བྱུང་བ་ཅུང་སྔ་ལ་ལོ་རྒྱུས་ཡིག་ཚང་ཕུན་སུམ་ཚོགས་པོ་ཞིག་ཡོད། བོད་ཡིག་ནི་ཧ་ལམ་སྤྱི་ལོའི་དུས་རབས་བདུན་པའི་བོད་བཙན་པོའི་རྒྱལ་རབས་སྐབས་སུ་གསར་གཏོད་བྱུང་། ལོ་སྟོང་ཕྲག་གཅིག་ལྷག་གི་རིང་ལ། བོད་མི་རིགས་ཀྱིས་ཡི་གེ་དེ་བེད་སྤྱད་ནས་ལོ་ཙཱ་དང་རྩོམ་པའི་བྱ་བ་རྒྱ་ཆེར་སྤེལ་བས་གཙུག་ལག་གི་གླེགས་བམ་གཏོས་རྒྱ་ཆེ་བ་ཞིག་བསྐྲུན་ཡོད་ལ། དེ་ནི་གནའ་བོའི་བོད་སྐད་བོད་ཡིག་ཞིབ་འཇུག་བྱེད་པར་ཤུལ་བཞག་རྩ་ཆེན་པོ་ཞིག་རེད། གཉིས་ན། བོད་ཡིག་ནི་སྒྲ་སྦྱོར་ཡི་གེ་བཟང་བ་ཞིག་རེད། དེས་བོད་ཡིག་གསར་བཟོ་བྱེད་དུས་ཀྱི་བོད་སྐད་སྒྲ་གདངས་ག་འདྲ་ཞིག་མངོན་གསལ་བྱེད་ཐུབ། གཞི་དེ་ལ་བརྟེན་ནས། ཡར་གནའ་གདངས་ལ་དེད་ནའང་འདྲ། མར་དེང་རབས་ཀྱི་སྐད་གདངས་ལ་གཏུགས་པའམ། ཡང་ན་འཕྲེད་ངོས་སུ་བསྡུར་ནས་དཔྱད་ནའང་འདྲ། (བོད་ཡིག་ནི)[2]སྒྲ་སྦྱོར་མ་ཡིན་པའི་ཡི་གེ་ལས་སྟབས་བདེ་ཞིང་ཡིད་འཁེལ་རུང་བ་ཡིན། གསུམ་ན། བོད་སྐད་ལ་ཡུལ་སྐད་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པོ་ཞིག་ཡོད་དེ། བོད་རིགས་ནི་ཐ་གྲུ་ཡངས་ཤིང་། དུས་ཡུན་རིང་བོའི་ཁྲོད་རི་ཆུ་ཆེན་པོས་བར་ཆོད་དེ་འགྲིམ་འགྲུལ་སྟབས་ཀ་མི་བདེ་བས་ན། ཡུལ་སྐད་ལུང་སྐད་ཆེ་ཆུང་མི་འདྲ་བ་མང་བོ་ཆགས་ཡོད། ཡུལ་སྐད་ཀྱིས་སྐད་ཆའི་ལོ་རྒྱུས་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པོ་ཉར་འཛིན་བྱས་ཡོད་སྟབས། ཡུལ་སྐད་རྒྱུན་གནས་སུ་ཡོད་པ་ལ་བསྔོག་ཞིབ་གཏིང་འགྲོ་བྱས་ན་སྐད་ཆ་འཕེལ་འགྱུར་གྱི་ལོ་རྒྱུས་དཔྱོད་རྟོག་བྱེད་པར་ཕན་ཐོགས་ཡོད་པ་ཡིན། མདོར་ན། རྒྱ་བོད་སྐད་ཁོངས་ལ་ལོ་རྒྱུས་གཤིབ་སྡུར་གྱི་ཞིབ་འཇུག་བྱེད་པར། བོད་སྐད་ནི་རྙེད་པར་དཀའ་བའི་དཔྱད་རྒྱུའི་ཐོན་ཁུངས་རིན་ཐང་ཅན་གྱི་གྲས་ཤིག་རེད།

ལིན་ཞི་ཡན། བོད་སྐད་ལ་ཡུལ་སྐད་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པོ་ཡོད་ཅེས་ཁྱེད་ཀྱིས་ད་ཅི་གསུངས་སོང་། ངས་ཀྱང་བོད་ཀྱི་གཏམ་དཔེ་ཞིག་སྟེ་བླ་མ་རེ་ལ་ཆོས་ལུགས་རེ། ལུང་བ་རེ་ལ་སྐད་ལུགས་རེ་ཞེས་པ་ཞིག་གོ་མྱོང་། བོད་ལ་ཡུལ་སྐད་མང་བོ་ཡོད་པ་སྟེ། ས་ཆ་མ་འདྲ་བ་ལ་བརྟེན་ནས་ཁ་སྐད་མ་འདྲ་བ་མང་བོ་ཡོད་པ་ཡིན་ན། རྒན་ལགས་ནས་བོད་ཀྱི་ཡུལ་སྐད་ཀྱི་བྱུང་བ་དང་། དབྱེ་བ། དེ་བཞིན་ཡུལ་སྐད་དག་གི་ཁྱད་པར་བཅས་མདོར་བསྟན་ཞིག་ང་ཚོ་ལ་གསུང་རོགས་གནང་།

དགེ་རྒན་ཆེན་མོ་ཧུ་ཐན། ཡུལ་སྐད་ཀྱི་བྱུང་བ་ནི་ལོ་རྒྱུས་ཀྱིས་བསྐྱེད་པ་ཞིག་རེད། སྔ་རབས་ཀྱི་བོད་ཡིག་ཡིག་ཆ་ལ་བལྟས་ན། གནའ་རབས་བོད་སྐད་ལ་གནའ་རབས་དེ་དུས་ནས་ཡུལ་སྐད་དུ་གྱེས་པའི་རྣམ་པ་དོད་ཡོད། སྤྱི་ལོའི་དུས་རབས་བདུན་པ་ནས་དགུ་བའི་བར་ཙམ་ན། བཙན་པོའི་རྒྱལ་རབས་ཀྱིས་མངའ་དབང་གཅིག་ཏུ་གྱུར་བའི་རྒྱལ་ཁབ་བཙུགས་པ་དང་སྒྲ་སྦྱོར་ཡི་གེ་གསར་གཏོད་བྱས། དེས་ཡུལ་སྐད་དག་ནང་ཕན་ཚུན་ཐག་ཇེ་ཉེ་དང་གཅིག་གྱུར་ཡོང་བ་ལ་སྐུལ་འདེད་བྱས་ཡོད། འོན་ཀྱང་། སྟོབས་ཤུགས་རྒྱས་བཞིན་པའི་བཙན་པོའི་རྒྱལ་རབས་ཀྱིས་མངའ་ཁོངས་རྒྱ་བསྐྱེད་པ་དང་ཆབས་ཅིག བོད་མིས་རྒྱ་ཆེ་བའི་མཚོ་བོད་མཐོ་སྒང་དུ་མ་ཟད། མཐའ་བརྒྱུད་ཀྱི་ཡུལ་གྲུ་མང་བོ་ཞིག་ལའང་རྐང་རྗེས་བཞག་ཡོད། འཛམ་གླིང་གི་སྒལ་སྟེང་དུ་གྲགས་པའི་མཐོ་སྒང་འདི་ཐ་གྲུ་རྒྱ་ཆེ་ཞིང་མི་གྲངས་ཉུང་ལ། ཆུ་བྲག་ཁ་ཐུག་ཅིང་འགྲིམ་འགྲུལ་སྟབས་མི་བདེ་བ་བཅས་ཀྱི་རྐྱེན་པས་ཡུལ་སྐད་ཆགས་སླ་བ་ཡིན་ཁར། དུས་རབས་དགུ་བའི་དུས་དཀྱིལ་སྨད་ཙམ་ན། མངའ་དབང་གཅིག་ཏུ་གྱུར་པའི་བཙན་པོའི་རྒྱལ་ཁབ་ཞིག་འཐོར་སོང་ནས་བོད་ཀྱི་སྤྱི་ཚོགས་ནི་ཡུན་རིང་བོར་ཁ་ཐོར་དུ་གནས་པ་དེས་ལྷག་ཏུ་ཡུལ་སྐད་གྱེས་པ་ལ་ཤུགས་རྐྱེན་ཐེབས་ཡོད། དུས་རབས་བཅུ་གཉིས་བཅུ་གསུམ་ཙམ་ན། བོད་ཀྱི་ཆབ་སྲིད་པ་དང་རིག་གནས་པ་གྲགས་ཆེན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་རོལ་མོའི་བསྟན་བཅོསཞེས་བྱ་བ་བརྩམས་ཏེ། དེའི་ནང་དུ་བོད་མིས་སྒྲ་གདངས་འབྱིན་སྟངས་སྐོར་བཀོད་འབྲི་བྱས་ཡོད་དེ། ཇི་སྐད་དུ། དབུས་པ་རྣམས་ཀྱིས་ལྡིར་ཞིང་འགྱུར། །གཙང་བ་འཚེར་ཞིང་གསལ་བ་ཡིན། །གཙེར་ཞིང་མདུད་པ་མངའ་རིས་པ། །ཁམས་པ་རྣམས་ཀྱི་བརྗིད་ཅིང་གྱོང་།། ཞེས་སུ་བཀོད་ཡོད་པར་གཞིགས་ན། སྐབས་དེ་དུས་ནས་ཡུལ་སྐད་ཀྱི་ཁྱད་པར་མངོན་གསལ་དོད་པོ་ཆགས་ཡོད་པ་དང་། དེ་ལ་མི་རྣམས་ཀྱིས་དོ་སྣང་ཡང་བྱེད་ཀྱི་ཡོད་པ་རྟོགས་སླ། དེ་ནས་ཉེ་རབས་སུ་སླེབས་ཚེ། ཆབ་སྲིད་དཔལ་འབྱོར་ལ་འགྱུར་ལྡོག་བྱུང་ཞིང་འགྲིམ་འགྲུལ་སྟབས་ཀ་ཇེ་བདེར་སོང་ནས། འབྲེལ་འདྲིས་རིམ་བཞིན་ཇེ་མང་ལ་སོང་བ་ན། མི་རྣམས་ཀྱིས་ད་གཟོད་ཁ་སྐད་ལ་ལའི་ཁྱད་པར་ནི་ས་ཆ་ཕན་ཚུན་བར་གོ་བརྡ་མི་འཕྲོད་པའི་ཚད་དུ་ཐུག་ཡོད་པ་དེ་ཧ་གོ་བ་རེད།

དེང་རབས་བོད་སྐད་ལ་ཡུལ་སྐད་ག་ཚོད་ཡོད་མེད་ཐད། རིག་པ་སྨྲ་བ་དག་ལྟ་བ་གཅིག་མཐུན་དུ་མ་ངེས་ཏེ།(དུས་རབས་གོང་མའི་)ལོ་རབས་ལྔ་བཅུ་བའི་ནང་རང་རྒྱལ་གྱི་རིག་གནས་པ་དག་གིས་རྟོག་ཞིབ་བྱས་པ་བརྒྱུད་རྒྱལ་ནང་གི་བོད་སྐད་ལ་དབུས་གཙང་གི་ཡུལ་སྐད། ཁམས་ཀྱི་ཡུལ་སྐད། ཨ་མདོའི་ཡུལ་སྐད་བཅས་ཡུལ་སྐད་ཆེན་པོ་གསུམ་གྱི་ཚུལ་དུ་དབྱེ་བ་ཕྱེ་ཡོད། དབུས་གཙང་ཡུལ་སྐད་ཀྱི་ཁྱབ་ཁོངས་གཙོ་བོ་བོད་རང་སྐྱོང་ལྗོངས་ཡིན་ལ། ཁམས་ཀྱི་ཡུལ་སྐད་ཀྱི་ཁྱབ་ཁོངས་ནི་གཙོ་བོ་སི་ཁྲོན་དང་ཡུན་ནན་གྱི་བོད་རིགས་འདུས་སྡོད་ཀྱི་ས་ཆ་དང་། བོད་ལྗོངས་ཀྱི་ནག་ཆུ་དང་ཆབ་མདོ་ས་ཁུལ་ཀྱི་སྐད་ཆ་ཡང་ཁམས་སྐད་ཀྱི་ཁོངས་གཏོགས་ཡིན། ཨ་མདོའི་ཡུལ་སྐད་ནི་གཙོ་བོ་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་བོད་རིགས་འདུས་སྡོད་ཀྱི་ས་ཆ་ན་ཁྱབ་ཡོད་ལ། སི་ཁྲོན་གྱི་རྔ་བ་དང་དཀར་མཛེས་ཁོངས་ཀྱི་ས་ཆ་ཁ་ཅིག་ནི་ཨ་མདོའི་ཡུལ་སྐད་ཀྱི་ཁྱབ་ཁོངས་ལ་གཏོགས། ཡུལ་སྐད་ཆེན་པོ་གསུམ་གྱི་ནང་ནས། དབུས་གཙང་དང་ཨ་མདོའི་ཡུལ་སྐད་གཉིས་པོ་སོ་སོའི་ཁྱབ་ཁོངས་སུ་སྐད་ལུགས་འདྲ་སེ་ཡོད་ལ། ཁམས་ཀྱི་ཡུལ་སྐད་ནི་རང་གི་ཁྱབ་

ཁོངས་ཀྱི་ས་ཆ་ཕན་ཚུན་བར་སྐད་ལུགས་མི་འདྲ་བའི་ཁྱད་པར་ཚེ་ཙམ་ཡོད་པས་ཁམས་ཀྱི་ཡུལ་སྐད་ལ་ད་དུང་ནང་གསེས་སུ་ཡུལ་སྐད་ཆུང་བ་དང་ཡན་ལག་གི་ཡུལ་སྐད་དབྱེ་དགོས་ཀྱི་ཡོད།

 (བོད་སྐད་ལ)ཡུལ་སྐད་ཀྱི་དབྱེ་བ་འགོད་ཚེ་ད་དུང་རྒྱལ་སྤྱིའི་གནས་ཚུལ་ལ་ཡང་བསམ་བློ་གཏོང་དགོས་ཀྱི་ཡོད། རོའི་རི་ཆི(罗里希)དང་ཉི་ཧྲི་ཐ་སུའོ(西田龙堆)གཉིས་ཀྱིས་ཡུལ་སྐད་ལྔ་ལ་དབྱེ་བ་ཕྱེ་ཡོད། ཁོ་ཚོས་བོད་ལྗོངས་ཀྱིས་ལྟེ་བ་བྱས་ཏེ། སྤྱི་ཡོངས་ཀྱི་བོད་སྐད་ནི་ཡུལ་སྐད་ལྔ་ཡི་རྣམ་གྲངས་ཅན་དུ་དབྱེ་འགོད་བྱས་ཡོད། དེ་དག་ནི།1དབུས་རྒྱུད་ཀྱི་ཡུལ་སྐད། དེ་ནི་ཧ་ལམ་དབུས་གཙང་གི་ཡུལ་སྐད་ཀྱི་ཚོད་དུ་ཁེལ་ཡོད། 2ཤར་ལྷོའི་རྒྱུད་ཀྱི་ཡུལ་སྐད། དེ་ནི་ཁམས་ཀྱི་ཡུལ་སྐད་ཀྱི་ཚོད་དུ་ཁེལ་ཡོད། 3བྱང་ཤར་རྒྱུད་ཀྱི་ཡུལ་སྐད། དེ་ནི་ཨ་མདོའིཡུལ་སྐད་ཀྱི་ཚོད་དུ་ཁེལ་ཡོད། 4ནུབ་རྒྱུད་ཀྱི་ཡུལ་སྐད། དེ་ལདྭགས་ཀྱི་སྐད་དང་། སྦལ་ཏི་ཡི་སྐད། སྤྲིག་གི་སྐད། ལ་ཧུལ་གྱི་སྐད་སོགས་འདུ། 5ལྷོ་རྒྱུད་ཀྱི་ཡུལ་སྐད། དེ་ལ་སྤི་ཏི་ཡི་སྐད་དང་། ཀ་གད་ཀྱི་སྐད། ཤར་བའི་སྐད། གྲོ་མོའི་སྐད་[3]སོགས་འདུ་བ་ཡིན།

ང་ཚོས་ད་ཡོད་ཀྱི་དཔྱད་གཞིའི་རྒྱུ་ཆ་གཞིར་བཟུང་ཐོག རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་པའི་བོད་སྐད་ཀྱི་སྤྱི་ཁོག་གྲུབ་ཚུལ་གྱི་ཁྱད་པར་ལ་གཞིགས་ནས། དེང་རབས་བོད་སྐད་ཀྱི་ཡུལ་སྐད་དབྱེ་སྟངས་ལ་གཤམ་གསལ་གྱི་ཇུས་གཞི་བཏོན་ཡོད། ཐོག་མར། སྒྲའི་ང་རོ་གཞིར་བཟུང་ནས། བོད་སྐད་ལ་སྒྲའི་ང་རོ་ཡོད་པའི་ཡུལ་སྐད་དང་། སྒྲའི་ང་རོ་མེད་པའི་ཡུལ་སྐད་གཉིས་སུ་ཕྱེ་ཡོད། སྒྲའི་ང་རོ་ཡོད་པའི་ཡུལ་སྐད་ལ་དབུས་གཙང་དང་། ཁམས་དང་། ལྷོ་ཕྱོགས་ཀྱི་ཡུལ་སྐད་དག་འདུ། སྒྲའི་ང་རོ་མེད་པའི་ཡུལ་སྐད་ལ་ཨ་མདོ་དང་ནུབ་ཕྱོགས་ཀྱི་ཡུལ་སྐད་དག་འདུ་བ་ཡིན། དེ་ནས་སླར་ཡང་བར་ཐག་ཉེ་རིང་ལ་བལྟས་ནས་ཡན་ལག་གི་ཡུལ་སྐད་དང་ཉིང་ལག་གི་ཡུལ་སྐད་ཆུང་བར་ཞིབ་དབྱེ་བྱས་ཡོད། དཔེར་ན། དབུས་གཙང་གི་ཡུལ་སྐད་ལ་དབུས་སྐད་དང་གཙང་སྐད་གཉིས་སུ་ཕྱེ་ཞིང་། ཁམས་ཀྱི་ཡུལ་སྐད་ཀྱང་ལྷོ་སྐད་དང་། བྱང་སྐད། འབྲོག་སྐད་བཅས་སུ་ཕྱེ་ཡོད་ལ། དེ་བཞིན་ལྷོ་ཕྱོགས་ཀྱི་ཡུལ་སྐད་ལ་ཡང་ཀ་གད་ཀྱི་སྐད་དང་ཤར་བའི་སྐད་དུ་དབྱེ་ཡོད། ཨ་མདོའི་ཡུལ་སྐད་ལ་རོང་སྐད་དང༌འབྲོག་སྐད་གཉིས་སུ་ཕྱེ་ཞིང་། ནུབ་ཕྱོགས་ཀྱི་ཡུལ་སྐད་ལ་ཡང་ལ་དྭགས་ཀྱི་སྐད་དང་། སྦལ་ཏིའི་སྐད། སྤྲིག་སྐད་བཅས་སུ་དབྱེ་ཡོད་མོད། ཡུལ་སྐད་ལ་དབྱེ་བ་ཡང་དག་པ་ཞིག་འཁོད་རྒྱུ་ནི་ད་དུང་མུ་མཐུད་དུ་རྟོག་ཞིབ་ཟབ་པོ་བྱེད་རྒྱུ་ལ་རག་ལས་ཡོད།

ད་ནི་བོད་ཀྱི་ཡུལ་དག་གི་ཁྱད་པར་བརྗོད་པར་བྱ་སྟེ། བོད་ཀྱི་ཡུལ་སྐད་དག་གི་ཁྱད་པར་གཙོ་བོ་སྐད་གདངས་[4]ཀྱི་ཐོག་ཏུ་ཡོད། སྐད་གདངས་ཐོག་ནས་མང་བོ་ཡོད་ཀྱང་། ཤུགས་རྐྱེན་ཆེ་ཤོས་ཕྱོགས་གསུམ་ན་གནས། དེ་དག་ནི་སྒྲའི་ང་རོ་ཡོད་མེད་དང་། མིང་གཞིའི་ཡི་གེ་[5]ལ་སྒྲ་ལྡན་སྒྲ་མེད་གཉིས་ཀ་ཡོད་མེད། རྗེས་འཇུག་[6]གི་སྒྲའི་མང་ཉུང་བཅས་སོ།། ཁྱད་པར་དོད་ས་དེ་གསུམ་གྱི་སྒོ་ནས་ཡུལ་སྐད་ཆེན་པོ་གསུམ་ལ་བལྟས་ཚེ།དབུས་དང་ཁམས་ཀྱི་ཡུལ་སྐད་ལ་སྒྲའི་ང་རོ་ཡོད་ཀྱང་། ཨ་མདོའི་ཡུལ་སྐད་ལ་སྒྲའི་ང་རོ་མེད། སྒྲ་ལྡན་སྒྲ་མེད་གཉིས་ཀ་ཚང་བའི་ཁྱད་ཆོས་ནི་ཁམས་དང་ཨ་མདོའི་ཡུལ་སྐད་ལ་ཡོད་ཀྱང་། དབུས་གཙང་གི་ཡུལ་སྐད་ཀྱི་སྒྲ་གདངས་ཁྲོད་ནས་སྒྲ་ལྡན་འབའ་ཞིག་གི་མིང་གཞི་དག་སྒྲ་མེད་དུ་གྱུར་ཡོད་ལ། སྒྲ་ལྡན་གྱི་རིགས་དེ་དག་ཀྱང་སྲོག་ཆེན་དང་སྲོག་ཆུང་དང་། སྒྲའི་ང་རོ་དམའ་བ་ཅན་སོགས་ཀྱི་རྣམ་པར་ཆགས་ཡོད། རྗེས་འཇུག་གི་ཐད་ནས་བལྟས་ན། ཨ་མདོ་དང་དབུས་གཙང་གཉིས་ཀྱི་ཡུལ་སྐད་ཉེ་མཚུངས་སུ་ཡོད་པ་སྟེ། དེ་གཉིས་ཀར་རྗེས་འཇུག་གི་སྒྲ་མཅ་ཙམ་ཡོད་ཀྱང་། ཁམས་ཀྱི་ཡུལ་སྐད་ཀྱིས་དེ་དག་གི་ལྡོག་ཕྱོགས་ནས་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་བཟུང་ཡོད་པ་ནི། རྗེས་འཇུག་གི་སྒྲ་ལ་མགྲིན་གནས་ཀྱི་འགག་སྒྲ་[7]ཡོད་པ་མ་གཏོགས་གཞན་ཅི་ཡང་ལྷག་མེད། (ཁམས་ཀྱི་ཡུལ་སྐད)ཁྱད་ཆོས་དེའི་ཐད་ནས་དབྱི་སྐད་ཡན་ལག་པའི་སྐད་རིགས(彝语支语言)ཡོད། ཡང་གོ་ཐུབ་ཚད་ཀྱི་ཐད་ནས་བལྟས་ན། དབུས་དང་ཨ་མདོའི་ཡུལ་སྐད་གཉིས་ལ་ཁྱད་པར་ཆེ་བས་ཕན་ཚུན་བར་གོ་བརྡ་འཕྲོད་དཀའ་བའི་མཐའ་གཉིས་སུ་ཆད་ཡོད་ལ། ཁམས་སྐད་ནི་དེ་གཉིས་ཀྱི་བར་ན་གནས་ཡོད།

ལིན་ཞི་ཡན། བོད་སྐད་ཀྱི་ཡུལ་སྐད་ཆེན་པོ་གསུམ་གྱི་མི་འདྲ་སའི་ཐད། སྒྲའི་ང་རོ་ཡོད་མེད་དེ་མི་རྣམས་ཀྱིས་མཉམ་འཇོག་བྱེད་ས་གཙོ་ཆེ་ཤོས་ཤིག་རེད། སྐད་རིགས་གཅིག་གི་ནང་དུ། ཡུལ་སྐད་ལ་ལར་སྒྲའི་ང་རོ་ཡོད་པའི་སྣང་ཚུལ་དེ་རྒྱ་བོད་སྐད་ཁོངས་སུ་ཁྱོན་ནས་མེད་པ་མིན་ཡང་ཡོད་པ་དཀོན་པའི་ཚད་དུ་ཡོད། འདིར་རྒན་ལགས་ནས་(ཚུལ་དེ་ལྟ་བུའི)བོད་སྐད་ཀྱི་སྒྲའི་ང་རོ་དེ་ཇི་ལྟར་བྱུང་བའི་སྐོར་མདོ་ཙམ་གསུང་རོགས་གནང་།

དགེ་རྒན་ཆེན་མོ་ཧུ་ཐན། སྒྲའི་ང་རོ་ནི་རྒྱ་བོད་སྐད་ཁོངས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་རེད། རྒྱ་བོད་སྐད་ཁོངས་ཀྱི་སྐད་རིགས་དག་ལ་ཞིབ་འཇུག་བྱེད་ཚེ། སྒྲའི་ང་རོའི་རྣམ་པ་དང་དེའི་ལོ་རྒྱུས་ལ་རྟོག་ཞིབ་མ་བྱས་ནས་མི་འགྲིག མི་རྣམས་ཀྱིས་སྔ་མོ་ཞིག་ནས་བོད་སྐད་ཀྱི་སྒྲའི་ང་རོའི་གནད་དོན་ལ་དོ་སྣང་བྱེད་ཀྱི་ཡོད། སྒྲའི་ང་རོའི་བྱུང་རིམ་བྱུང་ལུགས་ལ་ངོས་འཛིན་གསལ་བོ་བྱེད་རྒྱུ་ནི། བོད་སྐད་གདངས་ཀྱི་ལོ་རྒྱུས་ཞིབ་འཇུག་ཐད་ལ་གལ་ཆེན་ཡིན་པར་མ་ཟད། རྒྱ་བོད་སྐད་ཁོངས་ཀྱི་ལོ་རྒྱུས་གཤིབ་སྡུར་རིག་པའི་ཞིབ་འཇུག་ཐད་ལའང་རིན་ཐང་ཆེན་པོ་ཡོད།

ལོ་རྒྱུས་ཐོག་ནས་བལྟས་ན། བོད་སྐད་ཀྱི་སྒྲའི་ང་རོ་ནི་ཕྱིས་སུ་བྱུང་བའི་སྣང་ཚུལ་ཞིག་སྟེ། བྱུང་བ་ཕྱི་གྲས་ཤིག་རེད། ཕལ་མོ་ཆེའི་འདོད་པ་ལྟར་ན། སྤྱི་ལོའི་དུས་རབས་བདུན་པའི་མཇུག་ཙམ་སྟེ་བོད་ཡིག་གསར་བཟོ་བྱེད་པའི་སྐབས་སུ། བོད་སྐད་ནི་སྒྲའི་ང་རོ་མེད་པའི་སྐད་ཆ་ཞིག་རེད། དེའི་སྐབས་སུ་(སྐད་གདངས་ཁྲོད་ཚིག་ཁྱིམ་གྱི་སྒྲ་ལ)མགོ་འཕུལ་དང་རྗེས་འཇུག་གི་སྒྲ་ཧ་ཅང་ཕོན་ཆེན་ཡོད། (དེའི་རྗེས་སུ)ཡི་གེའི་གདངས་ཀྱི་མཐོ་དམའ་[8]ཡི་འགྱུར་བ་ནི་(ཚེག་ཁྱིམ་གྱི་སྒྲའི)འགྲོག་ཆོས་ཙམ་ཞིག་ཡིན་པ་ལས་རང་ཉིད་ལ་བརྡ་དོན་གྱི་ཁྱད་པར་འབྱེད་པའི་ནུས་པ་ད་དུང་ཆགས་མེད། དེའི་རྗེས་ནས་ལོ་སྟོང་ཕྲག་གཅིག་ཙམ་གྱི་རིང་ལ། བོད་སྐད་ཀྱི་འཕེལ་རྒྱས་འགྲོ་ཚད་ནི་ཡུལ་ཕྱོགས་དང་བསྟུན་ནས་མི་འདྲ་བ་བྱུང་ཡོད། ཡུལ་སྐད་ལ་ལའི་སྐད་གདངས་ཀྱི་འཕོ་འགྱུར་འགྲོ་རིམ་ནང་རིམ་བཞིན་སྒྲའི་ང་རོའི་མ་ལག་འཕེལ་ཞིང་། ཡུལ་སྐད་ལ་ལས་མགོ་འཕུལ་དང་རྗེས་འཇུག་གི་སྒྲ་མང་ཙམ་རྒྱུན་འཛིན་བྱས་ཡོད་པས། (དེ་ལ)ད་ལྟའང་སྔར་བཞིན་སྒྲའི་ང་རོ་ཆགས་མེད། ཨ་མདོའི་ཡུལ་སྐད་དང་ལ་དྭགས་ཀྱི་བོད་སྐད་ཀྱི་གནའ་གདངས་རྒྱུན་འཛིན་བྱས་པར་ཐུན་མོང་གི་ཆོས་དུ་མ་ཡོད་དེ། དཔེར་ན། མིང་གཞིའི་ཡི་གེ་ལ་སྒྲ་ལྡན་དང་སྒྲ་མེད་ལྟོས་བཅས་སུ་གནས་ཡོད་ལ། གསལ་བྱེད་འདུས་མ་[9]དང་རྗེས་འཇུག་གི་སྒྲ་ཕུན་སུམ་ཚོགས་པོ་ཡོད། ཚེག་ཁྱིམ་[10]གྱི་སྒྲ་ལ་གོམས་གཤིས་ཙམ་གྱི་ང་རོ་ཡོད་ཀྱང་དེས་བརྡ་དོན་མི་འདྲ་བའི་ཁྱད་པར་འབྱེད་པའི་ལས་མི་བྱེད་པ་ཡིན། ལོ་རྒྱུས་ཡིག་ཆ་དང་དེང་རབས་ཡུལ་སྐད་ལ་གཤིབ་སྡུར་གྱི་རྣམ་པས་བལྟས་ན། དབུས་གཙང་དང་ཁམས་ཀྱི་ཡུལ་སྐད་ཀྱི་སྒྲའི་ང་རོའི་བྱུང་འཕེལ་ནི། གཙོ་བོ་སྐད་གདངས་ཀྱི་ནང་རྒྱུ་སྟེ། རྗེས་འཇུག་གི་སྒྲ་མང་བོ་ཉམས་པའི་མཇུག་འབྲས་རེད། དེའི་རྒྱུ་མཚན་གྱིས། བོད་སྐད་ཀྱི་སྒྲའི་ང་རོའི་བྱུང་འཕེལ་ནི་ཕྱིའི་རྐྱེན་གྱིས་ཤུགས་རྐྱེན་ཐེབས་པས་མ་ཡིན་པར། སྐད་གདངས་ནང་ལོག་གི་སྒྲིག་གཞི་ལ་སྒྲིག་སྐྱོར་ཐེབས་པའི་མཇུག་འབྲས་ཤིག་རེད། 

ལྷ་སའི་ཁ་སྐད་ལ་དཔེ་བླངས་ནས་བཤད་ན། སྒྲའི་ང་རོའི་རྣམ་པ་འབྱུང་ཞིང་དབྱེ་བ་འཕེལ་བ་ལ་རྒྱུ་རྐྱེན་སྣ་ཁ་གསུམ་སྟེ། ༡མིང་གཞིའི་ཡི་གེ་ལ་སྒྲ་ལྡན་དང་སྒྲ་མེད་ལྟོས་བཅས་སུ་ཡོད་པ་ཉམས་པ། ༢མགོ་འཕུལ་དག་གི་སྒྲ་ཟག་པ་སྟེ་ཉམས་པ། ༣རྗེས་འཇུག་གི་སྒྲ་ཡང་ཟོལ་དུ་ཕྱིན་པ་བཅས་སོ།། ལྷ་སའི་ཁ་སྐད་ལ་དང་མགོར་སྒྲའི་ང་རོ་མཐོ་དམའ་གཉིས་སུ་བྱུང་ཞིང་། དེ་ནི་(བཤད་མ་ཐག་པའི)འགྱུར་རྐྱེན་སྔ་མ་གཉིས་ལ་འབྲེལ་བ་ཡོད་ལ། ང་རོ་མཐོ་དམའ་གཉིས་ལ་སླར་ཡང་ནང་གསེས་ཀྱི་དབྱེ་བ་ཐོན་པ་ནི་འགྱུར་རྐྱེན་གསུམ་པ་ལ་འབྲེལ་བ་ཡོད། དེང་རབས་ལྷ་སའི་བོད་སྐད་ཀྱི་སྒྲའི་ང་རོ་དག་ཇི་ལྟར་བྱུང་ཞེ་ན། དེ་ཡང་ང་རོ་མང་ཆེ་བ་ནི་གནའ་རབས་བོད་སྐད་ཀྱི་ཚེག་ཁྱིམ་མཇུག་མའི་ནང་གི་མགོ་རྔའི་ཆ་ཤས་(ལ་གནས་པའི་ཡི་གེ)ལ་དེ་བྱུང་འབྲེལ་གྱི་འབྲེལ་བ་ཡོད་ཅེས་བཤད་ཆོག ལྷ་སའི་བོད་སྐད་དུས་ཡུན་རིང་བོའི་འཕོ་འགྱུར་འགྲོ་རིམ་ནང་། མིང་གཞིའི་ཡི་གེར་སྒྲ་ལྡན་སྒྲ་མེད་ལྟོས་བཅས་སུ་ཡོད་པ་དེ་ཉམས་པ་དང་། མགོ་འཕུལ་ཆད་ཅིང་རྗེས་འཇུག་དག་ཐོན་མེད་པར་སོང་བས་ན། སྐད་གདངས་ཀྱི་མ་ལག་ནང་གི་(བརྡ་དོན་ཁྱད་པར་འབྱེད་པའི)གདངས་ཁྱད་ཧ་ཅང་ཉུང་དུ་སོང་ཡོད། དེ་ལྟ་བུའི་གནས་ཚུལ་གྱི་འོག་ཏུ། གལ་ཏེ་(གདངས་ཁྱད་དོད་ཐབས་ལ)ཁ་གསབ་གང་འཚམས་ཤིག་མ་བྱས་ན། སྒྲ་འདྲ་བའི་ཐ་སྙད་མང་དུ་སོང་ན་བསམ་བློ་བརྗེ་རེས་དང་འབྲེལ་འདྲིས་བྱེད་མི་བདེ་བ་ཡོང་། གནད་དོན་ཐག་གཅོད་པའི་ཆེད་དུ། ལྷ་སའི་སྐད་ལ་ཚེག་ཁྱིམ་གཉིས་ལྡན་གྱི་མིང་མང་དུ་བྱུང་བ་ཕུད། ད་དུང་སྐད་གདངས་ཀྱི་ཁྲོད་དུ་དབྱངས་གསར་བ་དང་སྒྲའི་ང་རོ་བཀོལ་རྒྱུ་བྱུང་བ་རེད། སྒྲའི་ང་རོ་ནི་སྒྲ་རྒྱུ་(音素)ལ་ལ་ཉམས་ནས་ཡལ་བའི་བྱེད་ཚབ་ཏུ་(རང་ཉིད་ཚེག་ཁྱིམ་གྱི་ནང་དུ)ཞོར་འགྲོགས་སམ་དོད་ལྷག་གི་ཚུལ་དུ་གནས་ཡོད་པ་ནས་རིམ་བཞིན་དུ་བརྡ་དོན་གྱི་ཁྱད་པར་འབྱེད་ནུས་ཅན་དུ་གྱུར་ནས། རང་ཉིད་དབྱངས་དང་གསལ་བྱེད་ཀྱི་སྒྲ་ཚན་(音位)དང་ལྷན་དུ་འདུ་བ་རྐང་གསུམ་གྱི་ཚུལ་དུ་ཆགས་ཡོད། (བརྡ་དོན་གྱི)ཁྱད་པར་འབྱེད་ནུས་པའི་སྒྲ་ཚན་ལ་དེ་ལྟ་བུའི་བརྗེ་སྤོར་ཡོང་བར་ཆ་རྐྱེན་དང་དུས་ཚོད་ངེས་ཅན་ཞིག་དགོས། བརྗེ་སྤོར་བྱེད་པའི་བརྒྱུད་རིམ་ལ་མཚོན་ན། རྟག་པར་(བརྗེ་བྱ་རྗེ་བྱེད་གཉིས་པོ)ལྷན་སྐྱེས་དང་མཉམ་གནས་བྱེད་ཅིང་། དེ་ནས་གཅིག་(བརྗེ་བྱ)ཉམས་ནས་ཅིག་ཤོས་(རྗེ་བྱེད)སྨིན་ཡོང་བའི་བར་བརྒལ་གྱི་དུས་རིམ་ཞིག་བརྒྱུད་ཀྱི་ཡོད་པ་རེད། ལྷ་སའི་སྐད་ལ་དཔེ་བླངས་ནས་བཤད་ན། མིང་གཞིའི་སྒྲ་ལྡན་སྒྲ་མེད་ལྟོས་བཅས་སུ་ཡོད་པ་དག་ང་རོ་མཐོ་དམའ་ལྟོས་བཅས་སུ་ཡོད་པའི་རྣམ་པས་བརྗེས་པའམ་དེ་ལ་འགྱུར་ལྡོག་བྱུང་ཚར་ཞིང་། རྗེས་འཇུག་ཉམས་དོད་དུ་བྱུང་བའི་སྒྲའི་ང་རོ་ལ་སླར་ཡང་དབྱེ་བ་ཐོན་པ་ནི་བར་བརྒལ་གྱི་དུས་རིམ་གནས་ཡོད། རྗེས་འཇུག་ལ་ལའི་སྒྲ་ཉམས་ཞན་དུ་སོང་ན་ཡང་རྩ་བ་ནས་ཡལ་བའི་ཚད་དུ་སོང་མེད་(-s-d-g=?)དེ། རྗེས་འཇུག་ལ་ལ་གོ་མེད་ཚོར་མེད་དུ་སོང་ཡང་རྗེས་ཤུལ་རྩ་བ་ནས་ཡལ་བ་མ་ཡིན་ཏེ། དཔེར་ན། དབྱངས་ཀྱི་སྦུབས་སུ་(རྗེས་འཇུག་དེའི)སྒྲ་རྫས་ཅུང་ཟད་རེ་ལྷག་བསྡད་ཡོད་པ་ལྟ་བུ། དེའི་སྟབས་ཀྱིས་མཉམ་སྐྱེས་ལྷན་གནས་ཀྱི་སྣང་ཚུལ་མང་བོ་ཡོད་པ་དཔེར་ན། འགག་སྒྲའི་རྗེས་འཇུག་དང་ང་རོ་མཐོ་འབབ་གཉིས་ལྷན་སྐྱེའམ་མཉམ་གནས་སུ་ཡོད་པ་ལྟ་བུ་སྟེ། གནས་ཚུལ་དེ་དག་གིས་སྐད་རིག་སྨྲ་བ་རྣམས་ལ་(སྒྲའི་ནུས་པའི)གཙོ་ཕལ་འབྱེད་པའི་དུས་སུ་མགོ་ན་རུ་འཇུག་གིན་ཡོད་པ་རེད། དེའི་སྟབས་ཀྱིས་ལྷ་སའི་སྐད་ཀྱི་སྒྲའི་ང་རོ་དབྱེ་སྲོལ་མི་འདྲ་བ་མང་དུ་བྱུང་བ་སྟེ། དེ་ཡང་འགའ་རེས་སྒྲ་བརྟག་ཚུལ་ནོར་ནས་དབྱེ་སྟངས་ཤིག་བཤད་ཀྱི་ཡོད་པ་ཕུད། (དབྱེ་སྲོལ་མང་བའི་གནད་ཐུག་ས)གཙོ་བོ་(གཙོ་ཕལ་འབྱེད་དཀའ་བའི)གནད་དོན་དེ་ལ་འབྲེལ་བ་ཡོད་པ་རེད། དབྱེ་སྲོལ་དེ་དག་ཅི་ཞིག་ལྟར་ན་ཡང་། སྒྲའི་ང་རོ་ནི་ལྷ་སའི་སྐད་ཀྱི་སྒྲ་གདངས་མ་ལག་ཁྲོད་དུ་མེད་ཐབས་མེད་པའི་གྲུབ་ཆ་ཞིག་ཏུ་ཆགས་ཚར་བ་རེད། (བོད་སྐད་ལ)སྒྲའི་ང་རོ་འཕེལ་བ་ནི་བོད་སྐད་(ཁམས་དང་དབུས་གཙང་གི་ཡུལ་སྐད)འཕེལ་འགྱུར་གྱི་ལོ་རྒྱུས་ཐོག་ཏུ་དུས་རབས་ཕྱེ་བའི་རྟགས་མཚན་ཞིག་ཡིན་ནོ།།

ལིན་ཞི་ཡན། དགེ་རྒན་ཧུ་ལགས། བོད་སྐད་ལ་ཡུལ་སྐད་མང་ཞིང་། ཁྱད་པར་ཡང་ཆེ་ཙམ་ཡོད་ན་ཡང་། བོད་ཡིག་གི་འབྲི་འགོད་བྱུང་ནས་ལོ་ཆིག་སྟོང་ལྷག་གི་འཕོ་འགྱུར་བརྒྱུད་རིམ་ནང་དུ། ཐུན་མོང་གི་འགྱུར་ཆོས་ཏེ། འཕོ་འགྱུར་འགྲོ་སྟངས་ལ་གཅིག་གྱུར་གྱི་ཁ་ཕྱོགས་འདྲ་ཡོད་པ་རེད་དམ།

དགེ་རྒན་ཆེན་མོ་ཧུ་ཐན། བོད་སྐད་ཀྱི་སྤྱིའི་འཕོ་འགྱུར་འགྲོ་ཕྱོགས་ནི་མིང་གཞི་དང་རྗེས་འཇུག་ཉུང་སྟབས་སུ་འགྲོ་བ་དེ་རེད། དེ་ཡང་ཉུང་སྟབས་སུ་འགྲོ་ཚད་མི་འདྲ་ན་ཡང་། ང་ཚོ་ལ་ཧ་གོ་རྒྱུ་ཞིག་ཡོད་པ་དེ་ནི་ཡུལ་སྐད་གང་ལ་མཚོན་ནའང་དེའི་མིང་གཞི་དང་རྗེས་འཇུག་གི་མ་ལག་གྲུབ་ཚུལ་གནའི་བོད་སྐད་བཞིན་མང་འཛོམས་ཡོད་པ་ཞིག་མ་རེད། (ཚེག་ཁྱིམ་ནང་དུ་སྒྲ་རྒྱུ་འདུ་ཚད)སྟབས་བདེར་ཕྱོགས་པའི་ཡུལ་སྐད་ལ་སྒྲའི་ང་རོ་འཕེལ་ཡོད་པ་དང་། སྟབས་བདེར་ཕྱོགས་པ་ཉུང་ས་ཡིན་པའི་ཡུལ་སྐད་ལ་སྒྲའི་ང་རོ་བྱུང་མེད། བོད་སྐད་ཀྱི་གནས་ལུགས་དེ་ནི་མི་རྣམས་ཀྱིས་ཧ་ཅང་དོ་སྣང་བྱེད་ས་ཞིག་རེད། 

བོད་སྐད་ནི་ཐ་སྙད་ཕུན་སུམ་ཚོགས་པོ་ཡོད་པའི་སྐད་ཆ་ཞིག་རེད། ལོ་ཟླ་རིང་མོའི་ནང་དུ། བོད་རིགས་ཀྱིས་མིང་བརྡ་ཕོན་ཆེན་གསར་སྐྲུན་བྱས་ཡོད་ལ། གཡར་མིང་ཡང་ཚད་ངེས་ཅན་ཞིག་གཡར་ལེན་བྱས་ཡོད། ཐ་སྙད་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ནས་བལྟས་ན། བོད་སྐད་(གཙོ་བོ་ཡིག་སྐད)ཀྱིས་ཐ་སྙད་བཟོ་བའི་གཞི་འཛིན་ཕྱོགས་ནི་མ་སྐད་ནང་གི་མིང་རྒྱུ་བཀོལ་བ་དེ་ཡིན། དེ་ཡང་རྒྱ་གར་གྱི་ནང་ཆོས་རིག་གནས་ནང་འདྲེན་བྱས་པའི་ཐད་ནས་ཡིན་འང་འདྲ། དེང་རབས་ཚན་རིག་ལག་རྩལ་གྱི་མིང་བརྡའི་ཐད་ནས་ཡིན་ནའང་འདྲ། གཡར་མིང་མི་ཉུང་བ་རེ་ཡོད་ནའང་། རང་བཟོ་བྱས་པའི་མིང་བརྡ་ཡིས་གོ་ས་ཤུགས་ཆེན་བཟུང་ཡོད་པ་ཡིན་ཏེ། དང་ཐོག་གཡར་མིང་དུ་བྱུང་བའི་མིང་བརྡ་ཡིན་པ་ལ་ཕྱིས་སུ་བསྒྱུར་མིང་གིས་ཚབ་བྱས་པའང་མི་ཉུང་བ་རེ་སྣང་། དམངས་ཁྲོད་ཀྱི་འབྲེལ་ཐུག་དང་ངག་ཐོག་གི་གཏམ་གླེང་ཁྲོད་དོགས་འཛེམས་བྱེད་དགོས་པ་མི་མང་། ག་རེ་སྟབས་ཀ་བདེ་ན་ག་རེ་བཀོལ་ཆོག་པ་ཞིག་རེད། གཡར་མིང་ལ་མཚོན་ན་རྒྱ་སྐད་ལས་གཡར་བའི་མིང་མང་ཤོས་རེད།

བརྡ་སྤྲོད་ཀྱི་ཐད་ནས། སྒྲའི་རྣམ་འགྱུར་ནི་རྒྱ་ནག་གི་སྐད་ཆ་ལས་དར་རྒྱས་ཆེ་ན་ཡང་། དེ་ཡང་གནའ་ནས་ད་བར་དུ་ཚད་མི་འདྲ་བའི་སྒོ་ནས་ཉུང་སྟབས་སུ་ཕྱིན་ཡོད། ཚིག་གྲོགས་ཀྱི་ནུས་པ་ཅན་གྱི་རྐྱེན་མང་དུ་འགྲོ་བཞིན་ཡོད་ལ། བརྟག་མཚན་ཅན་གྱི་བརྡ་ཐབས་[11](分析性手段)ཀྱིས་རིམ་བཞིན་རྟགས་འགྱུར་ཅན་གྱི་བརྡ་ཐབས་(综合性手段)ཀྱི་ཚབ་བྱེད་ཀྱི་ཡོད། མིང་ཚིག་གི་མཐའི་རྣམ་དབྱེའི་ཕྲད་(名词后的助词)དང་བྱ་ཚིག་གི་མཐའི་ཚིག་གྲོགས་(动词后的助词)ནི་བོད་སྐད་ཀྱི་ཚིག་གི་བརྡ་དོན་དབྱེ་ཞིང་གོ་བའི་ཐབས་གཙོ་ཁག་ཅིག་ཡིན། རྒྱུན་བཀོལ་ཚིག་གི་གྲུབ་ལུགས་རིགས་གསུམ་ཡོད་པར་བརྡ་ཐབས་ཀྱིས་ནུས་པ་ཐོན་སྟངས་ཀྱི་གཙོ་ཕལ་དེ་གོ་རིམ་དུ་བསྒྲིགས་ན། ཚིག་གྲོགས་ཀྱི་ནུས་པ་ནི་ཨང་དང་བོ། ཚིག་ཕྲད་ཀྱི་ནུས་པ་ནི་ཨང་གཉིས་པ། ཚིག་གི་གོ་རིམ་སྒྲིག་སྟངས་ཀྱི་ནུས་པ་ནི་ཨང་གསུམ་པ་ཡིན། ཚིག་གྲུབ་སྣ་ཚོགས་ལས་བྱ་ཚིག་ཞུགས་པའི་ཚིག་གྲུབ་ཆེས་མང་ལ། ཤུགས་རྐྱེན་ཆེ་ཤོས་ཀྱང་དེ་ཡིན། ལོ་རྒྱུས་བརྒྱུད་རིམ་ནང་དུ། མིང་ཚིག་རང་བཞིན་གྱི་གསལ་ཚིག་དང་རྒྱན་ཚིག་རང་བཞིན་ཅན་གྱི་གསལ་ཚིག་[12]ལ་ལས་ཚིག་རྗེས་མཐུན་པ་ཡིན་(རེད)དང་། ཡོད་(འདུག)ཅེས་པའི་ཚིག་མཐའ་རིམ་བཞིན་མང་དུ་འགྲོ་བཞིན་ཡོད་པ་དེས་བོད་སྐད་ནི་ཚིག་རྔ་བྱ་ཚིག་ཅན་གྱི་སྐད་རིགས་དཔེ་མཚོན་པ་ཞིག་ཡིན་པ་མཚོན་ཡོད།

ལིན་ཞི་ཡན། བོད་ཀྱི་ཁ་སྐད་བར་ལ་ཁྱད་པར་ཆེ་བ་ཁྱེད་ཀྱིས་གསུངས་པ་ནང་བཞིན་རེད། ཡུལ་སྐད་ལ་ལའི་ཧེ་བག་ནི་ཕན་ཚུན་བར་གོ་བརྡ་འཕྲོད་མི་ཐུབ་པའི་ཚད་དུ་སླེབས་ཡོད། ཡིན་ན་ཡང་ཡིག་སྐད་ནི་ཧ་ཅང་གིས་གཅིག་གྱུར་ཡིན་ལ། དེ་ནི་དམངས་ཡོངས་ཀྱི་སྐད་ཆ་གཅིག་གྱུར་ཡིན་པའི་རྟགས་མཚན་ཡང་རེད། གནས་ཚུལ་དེ་ལྟ་བུ་འབྱུང་བ་ལ་ངེས་པར་དུ་ལོ་རྒྱུས་ཀྱི་རྒྱུ་རྐྱེན་དམིགས་བསལ་བ་རེ་ཡོད་པ་ཡིན་ནམ།

དགེ་རྒན་ཆེན་མོ་ཧུ་ཐན། བོད་ལ་ཡི་གེ་བྱུང་བའི་ལོ་རྒྱུས་རིང་མོ་ཡོད། བོད་ཡིག་གིས་བྲིས་པའི་ལོ་རྒྱུས་ཡིག་ཆ་གཞིར་བྱས་ན། སྲོང་བཙན་སྒམ་པོ་(སྤྱི་ལོ་༦༥༠)ཁྲི་ལ་མ་འཁོད་སྔོན་བོད་ལ་ད་དུང་ཡི་གེ་བྱུང་མེད། སྲོང་བཙན་སྒམ་པོས་ཆབ་སྲིད་བསྐྱངས་ཏེ། སྔ་ཕྱིར་ཀོང་བོ་དང་། ཉིང་བོ། དྭགས་པོ། སུམ་པ་དང་ཞང་ཞུང་སོགས་དབང་དུ་བསྡུས་ཤིང་བོད་ཀྱི་སྲིད་དབང་གཅིག་གྱུར་བྱུང་བའི་བཙན་པོའི་རྒྱལ་རབས་ཐོག་མ་བཙུགས་ནས་མི་རིགས་གཞན་ལ་འབྲེལ་ཐུག་དང་དམག་འཐབ་བྱེད་པའི་རིང་དུ། ཡི་གེ་མེད་པའི་དཀའ་ཁག་གི་མྱོང་བ་ཟབ་མོ་ཐོབ་ནས། ཐོན་མི་སམ་བྷོ་ཊ་སོགས་གསེར་མང་བོ་དང་བཅས་བརྫངས་ཏེ། རྒྱ་གར་དང་ནུབ་ཀྱི་རྒྱལ་ཁབ་གཞན་དག་ཏུ་སངས་རྒྱས་ཆོས་ལུགས་དང་སྒྲ་རིག་པ་སློབ་སྦྱོང་བྱེད་དུ་བཏང་། ཐོན་མིས་སློབ་གཉེར་མཐར་ཕྱིན་ནས་ཕྱིར་བོད་དུ་ལོག་སྟེ། ལཉྫའི་ཡི་གེ་ཕྱིར་བྱས་ཤིང་། བོད་སྐད་ཀྱི་དོན་དངོས་ལ་གཞིགས་ནས་བོད་ཡིག་བཟོས། ཡི་གེ་དེའི་ཐོག་ནས་བོད་ཀྱི་ཡི་གེ་དང་སྒྲའི་བསྟན་བཅོས་བརྒྱད་བརྩམས། སངས་རྒྱས་ཆོས་ལུགས་ཀྱི་གཞུང་ཡང་དུ་མ་ཞིག་བོད་ཡིག་ཏུ་བསྒྱུར་བས་ན། ཕྱི་རབས་པས་ཁོང་ལ་ཡི་གེའི་བྱེད་པོ་ཞེས་པའི་མཚན་གསོལ་བ་ཡིན་ནོ།། ལོ་རྒྱུས་དེར་ངོ་མཚར་བའི་གཏམ་རྒྱུད་ཀྱི་ཤན་འདྲེས་ན་ཡང་། ཁ་ཚོན་གཅོད་ཆོག་པ་ཞིག་ནི་བོད་ཡིག་གསར་དུ་བཏོད་པ་དེ་གནའ་རབས་བོད་ཀྱི་སྤྱི་ཚོགས་ཀྱི་ཡར་རྒྱས་ལ་འབྲེལ་བ་ཟབ་མོ་ཡོད་པ་སྟེ། ཐུ་བྷོད་རྒྱལ་རབས་གཅིག་གྱུར་དང་སྟོབས་ཆེན་པོ་ཆགས་པ་ཡིས་ཡི་གེའི་གསར་གཏོད་ལ་སྐུལ་འདེད་ཐེབས་ཤིང་། ཡི་གེའི་གསར་བཏོད་ཀྱིས་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་ལ་སྐུལ་འདེད་བྱུང་ཡོད་པ་ཡིན། དེང་སང་ཉར་ཚགས་སུ་ཡོད་པའི་བོད་ཡིག་གི་ཡིག་ཆ་གསར་བཏོད་ཀྱིས་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་ལ་སྐུལ་འདེད་བྱུང་ཡོད་པ་ཡིན། དེང་སང་ཉར་ཚགས་སུ་ཡོད་པའི་བོད་ཡིག་གི་ཡིག་ཆ་རྙིང་ཤོས་ནི་དུས་རབས་བརྒྱད་པ་དགུ་བའི་སྐབས་སུ་ཤུལ་བཞག་བྱུང་བའི་ཡིག་ཆ་ཡིན། དེ་ལ་ཐུན་མོང་གི་འབོད་ཚུལ་དུ་བཙན་པོའི་དུས་སྐབས་ཀྱི་ཡིག་ཆ་ཞེས་ཟེར། དེའི་རྣམ་པ་ལ་ཤིང་གི་བྱང་བུ་དང་ཁྲམ་བུ་ཡོད་ལ། ཤོག་དྲིལ་ཀོ་དྲིལ་དང་། ལྕགས་དང་རྡོ་ལ་བརྐོས་པ་སོགས་ཡོད། ནང་དོན་ལ་མནའ་འབྲེལ་བྱས་ཚུལ་དང་མཆོད་སྦྱིན་བཏང་རབས་ཡོད་ལ། ལོ་རྒྱུས་ཡིག་ཚག་དང་ནང་ཆོས་ཀྱི་གཞུང་སོགས་ནི་མང་ཤོས་ཡིན། དཔེར་ན། པོ་ཏ་ལའི་མདུན་གྱི་རྡོ་རིང་ཕྱི་མ་(ཞོལ་རྡོ་རིང་)དང་གཙུག་ལག་ཁང་སོགས་སྔོན་གྱི་ཁྲང་ཆིང་མནའ་འབྲེལ་རྡོ་རིང་། ཏུན་ཧོང་གི་བྲག་ཕུག་ནས་ཐོན་པའི་བོད་ཡིག་ལག་བྲིས་མ་འབོར་ཆེན་དང་། ཞིན་ཅང་གི་བྱེ་སའི་འོག་ནས་ཐོན་པའི་བོད་ཡིག་ཤིང་ཁྲམ་སོགས་ཀྱིས་མཚོན། སྐབས་དེའི་བོད་ཡིག་ལ་དེང་རབས་བོད་ཡིག་དང་མི་འདྲ་བའི་ཁྱད་ཆོས་མང་བོ་ཡོད། དཔེར་ན། ཡི་གེའི་དག་ཆ་གཏན་ཆགས་བྱུང་མེད་པས་ཡིག་ཐོབ་མ་འདྲ་བ་མང་ལ། དེང་སང་སྤྱོད་རྒྱུན་ན་མཐོང་དུ་མེད་པའི་རྟགས་སམ་རྐྱེན་གྱི་ཡི་གེ་དང་། སྒྲ་སྦྱོར་བྱེད་སྟངས་མ་འདྲ་བ་སོགས་ཡོད། མདོར་ན། དུས་རབས་༧-༩བར་གྱི་བཙན་པོའི་དུས་སྐབས་ཀྱི་ཡིག་ཆ་ནི་བོད་ཀྱི་ཡིག་སྐད་སྤེལ་བའི་མགོ་མ་དང་རྨང་འདིང་བའི་དུས་རིམ་ཡིན་ལ། གནའ་ཡིག་དེ་རིགས་ནི་གནའ་རབས་བོད་སྐད་ལ་ཞིབ་འཇུག་བྱེད་པར་ཆེས་རིན་ཐང་ཆེ་བའི་དཔྱད་གཞི་ཡིན།

སྔ་རབས་བོད་ཡིག་གི་སྤྱོད་སྒོ་གཙོ་བོ་ཞིག་ནི་ཆོས་གཞུང་བསྒྱུར་རྒྱུ་དེ་རེད། བཙན་པོའི་རྒྱལ་གཞིས་སངས་རྒྱས་ཆོས་ལུགས་ལ་དད་གུས་ཆེ་བས། ཆེད་དུ་སྒྲ་སྒྱུར་གླིང་བཙུགས་ཤིང་། ལོ་ཙཱ་བ་གདན་འདྲེན་ཞུས་ནས་ནང་ཆོས་ཀྱི་གཞུང་མང་བོ་བོད་ཡིག་ཏུ་བསྒྱུར་རོ།། (སྤྱི་ལོ་)༨༢༤ལོར་གྲུབ་པའི་དཀར་ཆག་ལྡན་དཀར་མ་ལ་འཁོད་པ་ལྟར་ན། (དེའི་སྐབས་ནས་)བསྒྱུར་གཞུང་སྣ་ཁ་(བམ་པོ་)དྲུག་བརྒྱ་བདུན་བརྒྱ་ཙམ་ཡོད་ལ། དེའི་ནང་དུ་རྒྱ་ནག་གི་ཡི་གེ་ལས་བསྒྱུར་བ་ཁོ་ན་སྣ་ཁ་སུམ་ཅུ་སོ་གཅིག་ཙམ་ཡོད། དུས་རབས་བཅུ་བཞི་བའི་ནང་བསྒྲིགས་པའི་བོད་ཡིག་གི་འགྱུར་མཛོད་ཆེན་མོ་སྟེ། ཁག་གཉིས་སུ་ཕྱེ་བའི་བཀའ་འགྱུར་དང་བསྟན་འགྱུར་དག་གི་ནང་དུ་དཔེ་ཆ་སྣ་ཁ་༤༥༠༠ལྷག་བསྡུས་ཡོད། དེ་ལྟ་བུའི་ལོ་ཙཱའི་བྱ་གཞག་ཆེན་མོའི་སྒྲིག་འཛུགས་ལོ་བརྒྱ་ཕྲག་དུ་མའི་རིང་ལ་རྒྱུན་འཁྱོངས་བྱས་པ་དེས། བོད་སྐད་ཀྱི་ཡིག་སྐད་རྨང་ཆགས་པ་དང་དར་རྒྱས་འགྲོ་བ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

གཞན་ཡང་། བོད་སྐད་ཀྱི་ལོ་རྒྱུས་ཐོག་ཏུ་མིང་གྲགས་ཡོད་པའི་ཡི་གེའི་བསྒྱུར་བཅོས་སམ། བརྡ་ཆད་བཀས་བཅད་དམ། དག་ཡིག་ཚད་ལྡན་དུ་བཏང་བ་སོགས་བྱུང་བ་ལོ་ཙཱ་བའི་མཛད་རྗེས་ཡིན། དེ་དག་ལས་ཤུགས་རྐྱེན་ཆེ་ཤོས་དང་ད་ཡོད་བོད་ཡིག་གི་རྨང་གཞི་བཏིང་བའི་བསྒྱུར་བཅོས་ཐེངས་གཅིག་བྱུང་བ་དེ་ནི་དུས་རབས་དགུ་བའི་ནང་ཡིན་ཏེ། དེ་ཡང་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་ཡིས་གཙོར་བྱས་པའི་སྐབས་ཐོག་དེའི་ལོ་ཙཱ་བའི་སྡེ་ཡིས་སྐབས་དེའི་ཡི་གེའི་སྦྱོར་ཀློག་དང་བྲིས་གཟུགས་ལ་རྙོག་འཛིང་ཡོད་པ་དང་། བསྒྱུར་བའི་མིང་བརྡ་གཅིག་གྱུར་མིན་པ། གནའ་དེང་གི་བརྡ་སྲོལ་ལ་ཁྱད་པར་ཡོད་པ་སོགས་ཀྱི་གནས་ཚུལ་ལ་ལྟོས་ནས། འབྲི་གཟུགས་ཚད་ལྡན་གཏོང་རྒྱུ་དང་། བསྒྱུར་བའི་ཐ་སྙད་གཅིག་གྱུར་ཡོང་དགོས་པ། ཀློག་མི་བདེ་ཞིང་གོ་དཀའ་བའི་བརྡ་རྙིང་སོགས་སྤངས་ནས། ཡུལ་དུས་ཀྱི་དགོས་མཁོ་དང་བསྟུན་པའི་ཀློག་བདེ་ཞིང་གོ་སླ་བའི་ཐ་སྙད་བཀོལ་དགོས་པའི་ལྟ་ཚུལ་བཏོན་པ་ལ། སྐབས་དེའི་སྲིད་སྐྱོང་བའི་མོས་མཐུན་དང་རྒྱབ་སྐྱོར་ཐོབ་སྟེ། རྒྱལ་བོས་བཀའ་ཁྲིམས་བསྒྲགས་པའི་སྒོ་ནས་བསྒྱུར་བཅོས་ལག་ལེན་དུ་བསྟར་བ་རེད། དེ་ལ་དཔེར་ན། སྒྲ་སྒྱུར་གླིང་སོ་སོས་རང་འདོད་དང་ཡུལ་སྐད་གོམས་གཤིས་ཀྱི་ཐོག་ནས་བརྡ་ཆད་གསར་བ་བཟོ་མི་ཆོག་པ་དང་། གལ་ཏེ་མིང་བརྡ་གསར་བ་བཟོ་དགོས་ཀྱི་ཡོད་ན། བརྡ་ཆད་དེ་སྐད་རིགས་དང་གཞུང་གང་ནས་བྱུང་ཙུལ་དང་དེ་ལྟར་བསྒྱུར་བཟོ་བྱེད་དགོས་པའི་རྒྱུ་མཚན་གྱི་གསལ་བཤད་དང་བཅས་པ་ཆོས་ཀྱི་མཁན་པོ་དང་ལོ་ཙཱ་བའི་སྤྱན་སྔར་ཕུལ་ནས་ཞུ་དག་གཏན་འབེབ་གནང་དུ་གསོལ་རྒྱུ་དང་། ཞུ་དག་གཏན་འབེབ་ཐོབ་རྗེས་ད་གཟོད་(གསར་བཟོ་བྱས་པའི་མིང་བརྡ་)ཚིག་མཛོད་ཀྱི་དཀྱུས་སུ་འཇུག་ཆོག་པ་སོགས་གཏན་འབེབས་བྱས་པ་རེད། བསྒྱུར་བའི་བརྡ་ཆད་གཅིག་གྱུར་ཡོང་བའི་ཆེད་དུ། དེའི་རྗེས་སུ་སཾ་བོད་ཤན་སྦྱར་གྱི་ཚིག་མཛོད་དེ་སྒྲའི་བྱེ་བྲག་རྟོགས་བྱེད་ཆེན་མོཞེས་བྱ་བའང་བསྒྲིགས་ཡོད་ལ། དེར་བརྡ་ཆད་ཁྲི་ལ་ཉེ་བ་ཙམ་བསྡུས་ཡོད་པ་རེད། དག་ཡིག་འཛིན་བདེ་ཡོང་ཆེད་དང་བྲིས་གཟུགས་མི་འདྲ་བ་འདོར་བའི་ཆེད་དུ། བསྒྱུར་བཅོས་དེའི་ཁྲོད་དུ་སྐད་ཆའི་འཕོ་འགྱུར་གྱི་འགྲོས་ལྟར་གནའ་གདངས་མི་ཀློག་པའི་ཡི་གེ་དང་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་བའི་ཡི་གེ་འགའ་རེ་དོར་ཡོད། བོད་ཡིག་གི་ལོ་རྒྱུས་ཐོག་ཏུ། ཐེངས་དེའི་བོད་ཡིག་ཚད་ལྡན་ཅན་དུ་གཏོང་བའི་ལས་འགུལ་ལེགས་འགྲུབ་བྱུང་བ་དེས་དུས་རབས་ཀྱི་མཚམས་ཕྱེ་བའི་ནུས་པ་ཐོན་ཡོད། སྐབས་དེའི་བསྒྱུར་བཅོས་བརྒྱུད། བོད་ཡིག་གི་དག་ཡིག་རྩ་བའི་ཆ་ནས་གཞི་ཚུགས་ཤིང་། འབྲི་སྟངས་མི་འདྲ་བའི་ཡིག་ཐོབ་ཕལ་ཆེར་དོར་ཐུབ་པ་བྱུང་ཞིང་། ཆོས་གཞུང་བསྒྱུར་བའི་སྐད་ཆ་གཅིག་གྱུར་ཕྱོགས་སུ་བསྐྱོད་དེ། ཡིག་སྐད་ནི་སྔར་ལས་ཀྱང་དར་རྒྱས་བྱུང་བ་ཡིན་ནོ།།

བོད་ཡིག་ཡོད་པ་ནས་བཟུང་། བོད་ལ་ལོ་རྒྱུས་རིག་པ་དང་རྩོམ་རིག་ཕྱོགས་ཀྱི་བརྩམས་ཆོས་མང་བོ་ཐོན་ཞིང་། གནམ་རིག་དང་། སྨན་དཔྱད་རིག་པ། སྐར་རྩིས་རིག་པ། བརྡ་སྤྲོད་རིག་པ་སོགས་ཀྱི་ཕྱོགས་ནས་ཀྱང་མིང་གྲགས་ཡོད་པའི་བརྩམས་ཆོས་མི་ཉུང་བ་བྱུང་བ་སོགས་ཀྱིས་བོད་ཡིག་ཁྱབ་གདལ་གཏོང་བ་དང་། བོད་ཀྱི་ཡིད་སྐད་ཕུན་སུམ་ཇེ་ཚོགས་དང་དར་རྒྱས་གོང་འཕེལ་འགྲོ་བ་ལ་ནུས་པ་ཆེན་པོ་ཐོན་ཡོད། སྤྱི་ཚོགས་འཚོ་བའི་འགྱུར་ལྡོག་གི་འགྲོས་དང་བསྟུན་ནས། བོད་ཡིག་གི་སྤྱོད་ཁོངས་ནི་ཆོས་ལུགས་རིག་གནས་དང་རྩོམ་རིག་གི་ཁོངས་ཙམ་མ་ཡིན་པར། རིམ་བཞིན་ཆབ་སྲིད་དཔལ་འབྱོར་དང་ཚན་རིག་ལག་རྩལ་གྱི་ཁོངས་བརྟོལ་ནས། བོད་ཀྱི་ཡིག་སྐད་ནི་ཚད་ཇེ་སྨིན། ནུས་ཁྱབ་ཇེ་ཆེའི་ཁ་ཕྱོགས་སུ་དར་རྒྱས་འགྲོ་བཞིན་ཡོད་པ་སྟེ། ཡིག་སྐད་ལ་ཡུལ་སྐད་ཀྱི་བཀག་རྒྱ་མེད་ཅིང་། སྤུས་ཚད་ཇེ་བཟང་། རྒྱུན་སྐྱོང་ཐུབ་ངེས་ཀྱི་ཁྱད་ཆོས་མང་བ་སོགས་ཀྱི་སྟབས་ཀྱིས་སྤྱི་ཚོགས་ཀྱིས་ཡོངས་སུ་ལག་ལེན་བྱེད་ཀྱི་ཡོད་ལ། དེ་ནི་དམངས་སྤྱིའི་སྐད་ཆ་གཅིག་གྱུར་ཡིན་པའི་རྟགས་མཚན་ཡང་ཡིན་ནོ།།

ལིན་ཞི་ཡན། བོད་ལ་ཞི་བས་བཅིངས་འགྲོལ་བཏང་རྗེས། བོད་ལྗོངས་ཀྱི་སྤྱི་ཚོགས་ལ་ངོ་བོའི་སྒོ་ནས་འགྱུར་ལྡོག་བྱུང་ཞིང་། ལྟ་རྒྱ་ཐོས་རྒྱའི་བཀག་སྡོམ་ལས་རིམ་བཞིན་གྲོལ་ཏེ། སྲོལ་རྒྱུན་གྱི་ཁྲོད་ནས་རིམ་བཞིན་དེང་རབས་སུ་སྐྱོད། དེ་དང་ཆགས་ཅིག བོད་ཀྱི་སྐད་དང་ཡི་གེ་དང་དེའི་བཀོལ་སྤྱོད་ལ་ཡང་འགྱུར་ལྡོག་རེ་བྱུང་ཡོད་པས། མཇུག་མཐར་ཁྱེད་ཀྱིས་དུས་ཀྱི་འཕོ་འགྱུར་དང་བོད་ཀྱི་སྐད་ཡིག་གི་འཕེལ་རྒྱས་བར་གྱི་འབྲེལ་བ་དང་། བོད་སྐད་ཡིག་དེར་དེང་རབས་ཅན་གྱི་བགྲོད་རིམ་ནང་གནད་དོན་ག་འདྲ་ཞིག་ལ་འཕྲད་ཀྱི་ཡོད་པ་བཅས་ཀྱི་སྐོར་ནས་གསུང་མོལ་ཞིག་གནང་རོགས་ཞུ།

དགེ་རྒན་ཆེན་པོ་ཧུ་ཐན། ཉེ་བའི་ལོ་དྲུག་ཅུའི་རིང་ལ། བོད་སྐད་ལ་འགྱུར་ལྡོག་བྱུང་ཚུལ་གཙོ་བོ་ཁག་གཉིས་ནས་མངོན་ཡོད། གཅིག་ནི་བོད་སྐད་གཞི་རྐང་གི་འགྱུར་ལྡོག་སྟེ་དེ་ལ་སྒྲིག་གཞི་ཇེ་བཟང་གི་འགྱུར་ལྡོག་ཀྱང་ཟེར། དཔེར་ན་བརྡ་ཆད་གསར་བ་ཆར་ཤུལ་དུ་སྨྱུག་གསར་རྡོལ་བ་ལྟར་ཕོན་ཆེན་པོ་འཕེལ་ཡོད་ལ། བརྡ་སྤྲོད་ཀྱི་རྣམ་པ་ནི་ཉིན་བཞིན་ཚགས་ཇེ་ཞིབ་དང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་པ་དེ་རེད། གཉིས་ནི། སྐད་ཆའི་ནུས་པའི་འགྱུར་ལྡོག་སྟེ། བོད་སྐད་བེད་སྤྱོད་གཏོང་མཁན་གྱི་མི་གྲངས་ཇེ་མང་ཡིན་པ་དང་། བེད་སྤྱོད་གཏོང་ཡུལ་རྒྱ་ཇེ་ཆེ་ཡིན་པ། བོད་ཡིག་ཤེས་པའི་མི་གྲངས་ཀྱི་བསྡུར་ཚད་ཡར་འཕར་གྱི་ཡོད་ལ། དཔེ་བསྐྲུན་བྱས་པའི་ཡིག་རིགས་རྒྱ་ཆེར་འགྲེམས་ཤིང་སྤེལ་བཞིན་ཡོད། རྒྱང་བསྒྲགས་དང་། བརྙན་འཕྲིན། གློག་བརྙན་སོགས་དེང་རབས་སྨྱན་མང་ལག་རྩལ་ཁྲོད་དུ་བོད་སྐད་ཡིག་ཁྱབ་ཆེན་པོར་བཀོལ་གྱི་ཡོད་པ་དང་། བོད་ཡིག་གི་ཆ་འཕྲིན་མ་ལག་གི་གཅོད་སྒྲིག་དང་། ཚགས་ཞིབ་པར་སྒྲིག་ལག་རྩལ་གསར་གཏོད་བྱེད་ཀྱི་ཡོད་པ་སྟེ། ཚུལ་དེ་དག་གིས་བོད་སྐད་ཡིག་གི་སྤྱོད་ཁོངས་ནི་སྔ་ན་མེད་པའི་རྒྱ་ཇེ་ཆེ་དང་བེད་དུ་སྤྱོད་གྲངས་ལྡབ་ཀྱིས་ཇེ་མང་། ཆ་འཕྲིན་གཏོང་སྤེལ་གྱི་མྱུར་ཚད་ཇེ་མགྱོགས་སུ་སོང་བ་ན། དོན་དངོས་སུ་བོད་སྐད་ཡིག་བེད་ནུས་ཇེ་ཐོན་དུ་སོང་བ་ཡིན། དེ་དང་ཆགས་ཅིག བོད་སྐད་ཡིག་སློབ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་དང་ཞིབ་འཇུག་གི་གོམ་བགྲོད་དང་ལྷན་དུ། བོད་སྐད་ཡིག་གི་སློབ་དེབ། ལས་མཁོའི་དཔེ་དེབ། ཟུར་ལྟའི་དེབ། སྒྱུ་རྩལ་བརྩམས་ཆོས་དང་གོ་བདེའི་ཀློག་དེབ། ད་དུང་ཚན་རྩལ་སྐོར་གྱི་དཔེ་དེབ་དང་རིག་དེབ། ཞིབ་འཇུག་ཆེད་རྩོམ་སོགས་རྣམ་པ་སྣ་ཚོགས་ཀྱི་གྲངས་ཀ་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། རྒྱལ་ནང་གི་མི་རིགས་སློབ་གླིང་འགའ་རེས་ཆེད་དུ་བོད་སྐད་ཀྱི་ཆེད་ལས་བཙུགས་ནས། བོད་སྐད་ཡིག་གི་སློབ་ཁྲིད་བྱེད་མཁན་དང་། ཚན་ཞིབ་པ། ལོ་ཙཱ་བ་སྐྱེད་སྲིང་བྱེད་ཀྱི་ཡོད་ལ། དེ་དག་ཀུན་གྱིས་བོད་སྐད་ཡིག་གི་བཀོལ་རྒྱ་ཇེ་ཆེ་དང་། འཕེལ་རྒྱས་ཡག་པའི་འགྲོས་སྐྱོད་ལ་སྐུལ་འདེད་བྱས་ཡོད། བོད་ཀྱི་སྐད་ཡིག་ནི་ཉམས་རྒུད་དང་ནུབ་པའི་ཕྱོགས་སུ་མ་སོང་བར། དེ་ལས་ལྡོགས་སྟེ་ཐ་སྙད་ཀྱི་ཚོགས་མུ་མཐུད་དུ་རྒྱ་སྐྱེད་ཀྱི་ཡོད་པ་དང་བྱེད་ནུས་མུ་མཐུད་དུ་ཇེ་བཟང་ལ་འགྲོ་བཞིན་ཡོད་པས་ན། ང་ཚོས་རྒྱུ་མཚན་ཡོད་པའི་སྒོ་ནས་བོད་སྐད་ཡིག་ནི་དབྱར་མཚོ་རྒྱས་པ་ལྟ་བུའི་དུས་རིམ་ཞིག་ལ་བསླེབས་ཡོད་ཅེས་བཤད་ཆོག

ཁ་སང་དེ་རིང་། བོད་ཀྱི་སྤྱི་ཚོགས་དེང་རབས་ཅན་གྱི་གོམ་བགྲོད་ཉིན་རེ་བཞིན་ཇེ་མགྱོགས་ཡིན་པ་དང་། ཆ་འཕྲིན་བརྒྱུད་གཏོང་དང་བསམ་བློ་བརྗེ་རེས་ཀྱི་རྣམ་པ་དང་ནང་དོན་ནི་ཉིན་བཞིན་སྣ་མང་ཅན་དུ་འགྲོ་བཞིན་ཡོད། དེའི་ཐད་ནས་བོད་ཀྱི་སྐད་ཡིག་ནི་འཕེལ་རྒྱ་འཕུར་སྐྱོད་ལྟར་མགྱོགས་པའི་དེང་རབས་རིག་གནས་ཀྱི་གོམས་འགྲོས་ལ་བསྟུན་དགོས་ཀྱི་ཡོད་ལ། མུ་མཐུད་ཡར་རྒྱས་འགྲོ་བཞིན་པའི་སྤྱི་ཚོགས་ཀྱི་དགོས་མཁོ་ལའང་བསྟུན་དགོས་ཀྱི་ཡོད་པ་དང་། དུས་རབས་གསར་བས་འགྲན་རྩོད་སློང་བཞིན་དུ་འོང་བ་སྔོན་བསུ་བྱེད་དགོས་ཀྱི་ཡོད། མིག་སྔར། བོད་ཀྱི་སྐད་ཡིག་འདི་དེང་རབས་ཅན་གྱི་སྐྱོད་ལམ་ནང་ནས་གནད་དོན་འགའ་རེར་འཕྲད་ཀྱི་ཡོད། དཔེར་ན་བོད་ཀྱི་ཡུལ་སྐད་དང་སྤྱི་སྐད་བར་གྱི་གནད་དོན། ཡིག་ངག་གཉིས་ཀའི་བར་ཐག་ཇི་ལྟར་སྟུང་ཐབས། ཡི་གེ་མུ་མཐུད་ཚད་ལྡན་དུ་གཏོང་ཐབས། ཡི་གེ་མུ་མཐུད་ཚད་ལྡན་དུ་གཏོང་ཐབས། བརྡ་ཆད་གསར་བཟོའི་གནད་དོན་དང་། ལྷག་པར་དུ་བོད་ཚན་རིག་གིས་དར་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་རིམ་ནང་དེང་རབས་ཀྱི་ཚན་རྩལ་ཁྱབ་སྤེལ་གཏོང་བ་ལ་བོད་སྐད་ཡིག་ཇི་ལྟར་བཀོལ་རྒྱུ་དང་། ད་དུང་གློག་རྡུལ་ཅན་གྱི་དུས་རབས་ནང་བོད་ཡིག་གིས་ཆ་འཕྲིན་བརྒྱུད་གཏོང་བྱེད་ཐབས་ཀྱི་གནད་དོན། གཞན་ཡང་། མི་རིགས་གཞན་དག་དང་འབྲེལ་འདྲིས་ཉིན་བཞིན་ཇེ་མང་དུ་འགྲོ་བ་དང་མཉམ་དུ། སྐད་གཉིས་སློབ་ཁྲིད་དམ་སྐད་མང་སློབ་ཁྲིད་ཇི་ལྟར་ཇེ་བཟང་དུ་གཏོང་བ་སོགས་ཀྱི་དོན་དག་ཀྱང་ལས་ཀའི་བྱ་རིམ་གྱི་དཀྱུས་སུ་འཇུག་བཞིན་ཡོད།

མདོར་ན། ལོ་རྒྱུས་ཡུན་རིང་ཡོད་པའི་བོད་ཀྱི་སྐད་ཡིག་གིས་བོད་མི་རིགས་ཀྱི་ལོ་སྟོང་ཕྲག་གི་ཤེས་རིག་ལོ་རྒྱུས་ཐེག་ཡོད་ལ། ཀྲུང་གོ་རྒྱལ་ཁབ་དང་ད་དུང་འཛམ་གླིང་གི་རིག་གནས་བང་མཛོད་ནང་དུ་བྱས་རྗེས་ཆེན་པོ་བཞག་ཡོད། མ་འོངས་པའི་ནང་དུ་བོད་ཀྱི་སྐད་ཡིག་གིས་དུས་རབས་ཀྱིས་འགྲན་རྩོད་སློང་འོང་བ་སྔུན་བསུ་བྱེད་ཞོར། འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་དམ་འཛིན་དང་། བོད་མི་རིགས་དང་ལྷན་དུ་གནས་ཤིང་དར་བའི་སྒོ་ནས་བྱས་རྗེས་སྔར་ལས་ལྷག་པ་བསྐྲུན་ངེས་རེད། དེ་རིང་གི་གླེང་རྒྱུ་དེ་ཙམ་ཞིག་བྱ་ཨེ་རེད།

ལིན་ཞི་ཡན། ལགས་སོ།། ཁྱེད་ཀྱིས་རྨད་དུ་བྱུང་བའི་བཀའ་སློབ་གནང་བ་ལ་སླར་ཡང་ཐུགས་རྗེ་ཆེ་ཞུ་ལ། རྒན་ལགས་མཆོག་དང་ནང་མི་ལྷན་རྒྱས་བདེ་ལེགས་ཁམས་བཟང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།

 

ཟླ་བ་གཞོན་ནུས་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ་ལས་ཁོལ་དུ་ཕྱུང་ཞིང་གཅིག་ཞུས་པ་དགེ་བར་གྱུར་ཅིག

#མཆན་བུ། ཧུ་ཐན་(胡坦)ལགས་ནི་པེ་ཅིན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཡིན་པ་དང་། བོད་སྐད་ཀྱི་ཆེད་ལས་ཞིབ་འཇུག་པ་ཡིན། ཁོང་གིས་བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་ལས་ལྷ་སའམ་དབུས་གཙང་སྐད་ལ་(བཅར་འདྲི་འདི་ལས་ཀྱང་འབྱུང་བ་ལྟར་)རྒྱ་སྐད་ལྟ་བུའི་སྒྲའི་ང་རོ་ཡོད་པའི་སྒྲུབ་བྱེད་བཏོན་ཏེ་རྒྱལ་སྤྱིའི་སྟེང་གྲགས་འགུལ་མི་ཉུང་བ་བཟོས་ཡོད། ལྟ་ཚུལ་འདི་ལྟ་བུ་དང་ཕ་སན་སིའི་སྐད་བརྡ་རིག་པ་བ་གྲགས་ཅན་ནི་ཁོ་ལ་སི་ཏོག་ན་རྡག་(Tournadre)ལགས་ཀྱིས་བོད་སྐད་ལ་ཡུལ་སྐད་༢༢༠ཡོད་པར་བཤད་ཡོད་པ་སོགས་བོད་པ་ཞིག་ཡིན་པའི་ངོས་ཁས་ལེན་མི་ཐུབ་པའི་ཚོད་དུ་ཡོད་ཀྱང་། ད་བར་འདི་དག་ལ་བོད་པའི་ཁྲོད་ནས་ལན་དོན་མཐུན་འདེབས་མཁན་མ་བྱུང་བར་སྣང་ལ། འདི་རིགས་ལ་བོད་པ་རང་གིས་ཀྱང་རང་ངོས་ནས་ཐུགས་སྣང་དང་ཞིབ་འཇུག་མཐིལ་ཕྱིན་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་འདུག་གོ།

 


[1] ༄༅བསྟན་གོ།(1966-)བུ། བོད་རིགས། ཕ་ཡུལ་སི་ཁྲོན་ཞིང་ཆེན་རྔ་བ། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་བ་གཞོན་པ། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་བོད་ཀྱི་སྐད་བརྡ་རིག་པ།  མ་ཡིག་འབྱོར་དུས། ༢༠༡༠-༠༡-༡༨

[2] འདིའི་ཟླ་ཁྱིམ་དུ་བཅུག་པའི་(བོད་སྐད་ནི་)ཞེས་པ་དེ་སྐབས་དོན་གྱི་ཚིག་ལ་སྒྱུར་མཁན་གྱིས་ཁ་གསབ་བྱས་པའི་ཚིག་མཐུད་ཡིན་ཏེ། མ་རྩོམ་གཞིར་བཞག་བྱས་ནས་བསྒྱུར་ན་ཚིག་དོན་འགའ་རེ་གོ་མི་བདེ་བ་ལྟར་དུ་ཡོད་པ་དཔེར་ན། སྒྲ་སྦྱོར་མ་ཡིན་པའི་ཡི་གེ་ལས་སྟབས་བདེ་ཞིང་ཡིད་འཁོལ་རུང་བ་ཡིན་ཞེས་དེའི་བརྗོད་གཞི་ག་རེ་ཡིན་མིན་ཚིག་དེའི་ཐད་ཀའི་བསྟན་བྱ་ལ་མི་གསལ་ཞིང་། གལ་ཏེ་ཚིག་དེའི་མགོ་བཙལ་ན་བརྗོད་གཞི་ག་རེ་ཡིན་མིན་འཚོལ་རྒྱུ་ཞིག་ཡོད་ངེས་ཀྱང་དེ་དང་སྐབས་ཚིག་གི་བར་ཐག་རིང་དྲགས་པའམ་བརྗོད་གཞི་ཤུགས་ནས་གོ་དགོས་པ་ལྟ་བུའི་རྗོད་སྟངས་ཅན་མ་རྩོམ་འདིའི་ནང་དུ་མི་ཉུང་བ་ཞིག་ཡོད་པ་དེ་དག་ཐད་ཀ་ནས་གོ་བར་ཕན་པའི་ཚིག་མཐུད་ཟླ་ཁྱིམ་དུ་བཅུག་པ་ཅན་མང་བོ་འོག་ཏུ་བཀོད་ཡོད་ན་དེ་དག་ཀྱང་རིགས་བསྒྲེས་ནས་གོ་བར་བྱའོ།།

[3] ཡུལ་སྐད་ལྔ་ལ་ཕྱེ་བའི་ཡ་གྱལ་ནུབ་རྒྱུད་དང་ལྷོ་རྒྱུད་ཀྱི་ཡུལ་སྐད་ལ་སླར་ཡང་ཡན་ལག་གི་ཡུལ་སྐད་འགའ་རེ་ཡོད་པ་ལས། ནུབ་རྒྱུད་ཡུལ་སྐད་ཀྱི་ཡན་ལག་སྐད་སྤྲིག་གི་སྐད། ལ་ཧུལ་གྱི་སྐད་ཅེས་པ་གཉིས་དང་། ལྷོ་རྒྱུད་ཡུལ་སྐད་ཀྱི་ཡན་ལག་སྐད་སྤི་ཏིའི་སྐད་དང་། ཀ་གད་ཀྱི་སྐད་ཅེས་པ་དག་གི་མིང་བསྒྱུར་བའི་ཚེ་མ་ཡིག་ཁྲོད་ཀྱི་སྒྲ་དེ་དག་ཡིད་འཁེལ་བོ་ཞིག་མ་བྱུང་བས་སླར་ཡང་མ་རྩོམ་ནང་གི་མིང་འདྲེན་པ་བོ་དག་ལས་མིང་དེ་དག་གི་ལ་ཏིང་ཚབ་བྲིས་(sprig, lahul, spiti, kagad)བླངས་ནས་དེ་དག་ཁ་གཏུག་ཏུ་བོད་ཡིག་གི་ཡིག་ཐོབ་ལ་བསྒྱུར་ནས་མིང་དེ་དག་གི་དག་ཆ་ཐོན་ཐབས་བྱས་ཡོད་ཀྱང་ཚབ་བྲིས་དེ་དག་གི་དག་ཆ་འགྲིག་ཡོད་པ་ཁག་ཐེག་བྱེད་མ་བདེ།

[4] སྐད་གདངས་ཞེས་པ་རྒྱ་སྐད་དུ་(语音)ཞེས་པའི་སྐད་བརྡ་རིག་པའི་བརྡ་ཆད་དེ་ཡིན་ལ། དེ་ཡང་དེབ་རབས་སྐད་བརྡ་རིག་པའི་བརྡ་ཆད་ཀྱི་ལུགས་སུ་སྐད་སྒྲ་ཞེས་བསྒྱུར་ཞིང་བཀོལ་གྱི་ཡོད་ན་ཡང་། བོད་སྐད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་མ་གཏོགས་དེང་རབས་སྐད་བརྡ་རིག་པར་གོམས་མེད་པ་དག་ལ་སྐད་གདངས་ཞེས་པའི་ཐ་སྙད་དེ་བཞག་ན་གོ་བདེ་བོ་ཡོད་ཕྱིར་འདིར་དེ་ལྟར་བྱས་པའོ།།

[5] མིང་གཞི་ཞེས་པ་ནི་རྒྱ་སྐད་དུ་(声母)ཞེས་པའི་ཐ་སྙད་དེ་སྐད་བརྡ་རིག་པའི་ཁོངས་སུ་བཀོལ་བ་ཞིག་སྟེ། དེ་དོན་བསྒྱུར་བྱས་ན་སྒྲ་གཞིའམ་དབྱངས་གཞི་ལྟ་བུ་སོགས་སུ་བསྒྱུར་རུང་ལྟ་བུ་ཡིན་ཡང་འདིར་བོད་ལུགས་བརྡ་སྤྲོད་ལ་གོམས་པ་དག་གིས་ངེས་བདེ་ཕྱིར་མིང་གཞི་ཞེས་སུ་བཀོད་པ་ཡིན་ལ། དེ་ཡང་འདིའི་སྐབས་ཀྱི་མིང་གཞི་དང་བོད་སྐད་བརྡ་སྤྲོད་སྐབས་ཀྱི་མིང་གཞི་ཞེས་པ་ལ་ཁྱད་པར་ཡོད་དེ། འདིའི་སྐབས་ཀྱི་མིང་གཞི་ལ་མིང་གཞི་རྐྱང་བའམ་མིང་གཞི་ངོ་མ་དེ་ཡོད་པས་མི་ཚད། ད་དུང་དེ་ལ་མིང་གཞི་མགོ་འཕུལ་འདོགས་ཡིག་གང་རུང་ཅན་ཡང་འདུ་བ་ཡིན།

[6] རྗེས་འཇུག་ཅེས་པ་འདི་ཡང་རྒྱ་སྐད་དུ་(辅音韵尾)ཟེར་གྱི་ཡོད་པའི་སྐད་བརྡ་རིག་པའི་བརྡ་ཆད་དེ། དེ་དོན་སྒྱུར་བྱས་ན་དབྱངས་མཐའམ་དབྱངས་མཐའི་གསལ་བྱེད་ཅེས་སུ་བསྒྱུར་དགོས་ཀྱང་འདིར་བོད་སྐད་བརྡ་སྤྲོད་པ་དག་གི་ངོར་ངེས་བདེ་ཕྱིར་རྗེས་འཇུག་ཅེས་པའི་བརྡ་དེ་བཀོལ་བ་ཡིན་ནོ།།

[7] ཡི་གེའི་གདངས་ཀྱི་མཐོ་དམའ་ཞེས་པ་ནི་ཡི་གེའི་སྒྲའི་ང་རོ་ལ་ཟེར་གྱི་ཡོད་པ་རེད།

[8] མགྲིན་གནས་ཀྱི་འགག་སྒྲ་ཞེས་པ་ནི་སྐྱེ་གནས་མགྲིན་པ་དང་སྒྲ་འདོན་སྟངས་འགག་སྒྲ་ཡིན་པའི་ཡི་གེ་སྟེ། དཔེར་ན་ཀ་ཁ་གྷ་ལྟ་བུ་ཡིན་ཞིང་། རྗེས་འཇུག་གི་བྱེད་ལས་ལ་འཇུག་པའི་མགྲིན་གནས་ཀྱི་འགག་སྒྲ་ཞེས་རྗེས་འཇུག་ག་ཡི་སྒྲ་ཡིན་ལ། དེ་ཡང་ཚེག་ཁྱིམ་ནང་དུ་ནུས་པ་ཐོན་པའི་སྒྲ་ནི་་[k]ལྟ་བུ་ཡིན།

[9] གསལ་བྱེད་འདུས་མ་ཞེས་པ་ནི། ཚེག་ཁྱིམ་གཅིག་གི་ནང་དུ་དབྱངས་ཀྱི་སྔ་ལོགས་སམ་ཕྱི་ལོགས་སུ་གསལ་བྱེད་འདུས་མ་ཡོད་པ་སྟེ། ཚེག་ཁྱིམ་ནང་དུ་གསལ་བྱེད་འདུས་མ་འདུ་སའི་གནས་ནི་མིང་གཞིའི་གོ་ས་ན་ཡོད་པ་དང་། དབྱངས་མཐའི་གོ་ས་ན་ཡོད་པ་སྟེ། མིང་གཞིའི་གོ་ས་ན་ཡོད་པ་ལ་དཔེར་ན། མིང་གཞི་སྔོན་འཇུག་ཅན་ནམ། མིང་གཞི་མགོ་ཡིག་ཅན་ནམ། མིང་གཞི་འདོགས་ཡིག་ཅན་ནམ། མིང་གཞི་འཕུལ་འདོགས་ཅན་ནམ། མིང་གཞི་མགོ་འཕུལ་འདོགས་ཚང་ཅན་ལྟ་བུ་སོགས་དང་། རྗེས་འཇུག་ཡང་འཇུག་གཉིས་ཀ་ཡོད་ན་དེ་ཡང་ཚེག་ཁྱིམ་གཅིག་གི་ནང་དུ་དབྱངས་མཐའི་གོ་ས་ན་གསལ་བྱེད་ཉིས་འདུས་ཡིན་པ་ལྟ་བུའོ།།

[10] ཚེག་ཁྱིམ་ཞེས་པ་ནི་རྒྱ་སྐད་དུ་(音节)ཞེས་པའི་བརྡ་ཆད་དེ། དེང་རབས་སྐད་བརྡ་རིག་པའི་གཞུང་དུ་སྒྲ་ཚིགས་ཞེས་བསྒྱུར་ཡོད་ཀྱང་། བོད་སྐད་བརྡ་སྤྲོད་པ་དག་ལ་ངེས་བདེ་ཕྱིར་འདིར་ཚེག་ཁྱིམ་ཞེས་བཀོད་པ་ཡིན།

[11] བརྟག་མཚན་ཅན་གྱི་བརྡ་ཐབས་ཞེས་པ་ནི་རྒྱ་སྐད་དུ་(分析性手段)ཞེས་པ་དེ་ཡིན་ལ། དེ་ནི་ཚིག་གི་གོ་རིམ་ལ་བརྟེན་ཐབས་དང་ཚིག་ཕྲད་ལ་བརྟེན་ཐབས། ཚིག་གདངས་ལ་བརྟེན་ཐབས་སོགས་ཀྱི་བརྡ་སྤྲོད་ཐབས་ལམ་ཡིན་ལ། རྟགས་འགྱུར་ཅན་གྱི་བརྡ་ཐབས་ཞེས་པ་ནི་རྒྱ་སྐད་དུ་(综合性手段)ཞེས་པ་དེ་ཡིན་ལ། དེ་ནི་སྒྲའི་ཟུར་བརྗེ་ཐབས་དང་སྐྱར་ཟློས་བྱེད་ཐབས། མིང་མཐའ་སྣོན་ཐབས་སོགས་ཀྱི་བརྡ་སྤྲོད་ཀྱི་ཐབས་ལམ་ལ་ཟེར་བ་ཡིན་ནོ།།

[12] གསལ་ཚིག་ཅེས་པ་ནི་སྐད་བརྡ་རིག་པའི་ནང་དུ་ཚིག་གི་གྲུབ་ཚན་གྱི་བརྡ་སྟེ། རྒྱ་སྐད་དུ་(谓语)ཞེས་པའི་བརྡ་ཆད་ཀྱི་བསྒྱུར་དོད་ཡིན་ལ། སྐད་བརྡ་རིག་པའི་བསྒྱུར་གཞུང་གཞན་དུ་རྗོད་ཚིག་ཅེས་བསྒྱུར་ཡོད་དོ།།

 


Mar 11, 2021

རྩོམ་པའི་རྣམ་གཞག

 




                                  ཨ་ལག་ཤ་ངག་དབང་བསྟན་དར།

 

རྩོམ་པའི་རྣམ་གཞག་ལ་གསུམ་སྟེ། རྩོམ་པ་བོའི་ཡོན་ཏན་དང་། བརྩམ་བྱ་བསྟན་བཅོས་ཀྱི་དབྱེ་བ་དང་། བསྟན་བཅོས་ཇི་ལྟར་རྩོམ་པའི་ཚུལ་ལོ།།

དང་བོ་བསྟན་བཅོས་རྩོམ་པ་བོར་ཡོན་ཏན་གང་དག་ལྡན་དགོས་ཤེ་ན། དེ་ཡང་སྒྲ་ཤེས་ན་དོན་ལ་མི་རྨོངས་། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིག་བཅད་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་ཞེས་གྲགས་པ་ལྟར། སྒྲ་དང་སྡེབ་སྦྱོར་གཉིས་རྒྱ་སྐད་ཀྱི་བསྟན་བཅོས་རྩོམ་པ་ལ་ཉེ་བར་མཁོ་ཞིང་། སྙན་ངག་དང་མངོན་བརྗོད་གཉིས་བོད་སྐད་ཀྱི་བསྟན་བཅོས་རྩོམ་པ་ལ་མེད་དུ་མི་རུང་བ་མིན་ཡང་བྱུང་ན་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་ལ། རྒྱ་བོད་ཧོར་སོགས་གང་དང་གང་གི་སྐད་དུ་བསྟན་བཅོས་གང་རྩོམ་པ་དེ་དང་དེའི་སྐད་རིགས་དང་ཡིག་རིགས་མཐར་ཕྱིན་པར་ཤེས་པ་མེད་དུ་མི་རུང་བ་དང་། ཁྱད་པར་དུ་བོད་སྐད་ལ་བརྡ་གསར་རྙིང་དང་རྟགས་ཀྱི་འཇུག་པའི་རྣམ་གཞག་དང་སྨྱུག་ཐོགས་པའི་ལས་ལའང་ཅུང་ཟད་བློ་ཁ་ཕྱོགས་པའི་ཡོན་ཏན་དང་ལྡན་པ་གཞིར་བཅས་ཀྱི་སྟེང་དུ་གང་བརྩམ་རྒྱུའི་ཆོས་ཀྱི་ཚིག་དོན་ལ་མཁས་པ་དང་། བླ་མའི་རྒྱུད་ལ་མན་ངག་དང་ལྡན་པ་གང་རུང་ངམ། ཡང་ན།རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བལས། རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་དང་།། གཞུང་ལུགས་གདམས་པའི་ཤར་བའི་ཉམས་ལེན་དང་།། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།། ཞེས་པ་ལྟར་གྱི་ཡོན་ཏན་གསུམ་པོ་གང་རུང་གིས་རུང་ཙམ་ཡིན་ཡང་ཀུན་སློང་མ་དག་ན་གཞན་ཕན་ཆུང་བས་བསམ་པ་བཟང་བ་གལ་ཆེ་སྟེ།རྣམ་པར་གཏན་ལ་དབབ་པ་བསྡུ་བལས། བསྟན་བཅོས་རྩོམ་པའི་རྒྱུའི་ཀུན་སློང་དྲུག་དང་། རྩོམ་པ་བོར་ཡོན་ཏན་བཞི་ལྡན་དགོས་པར་བཤད་པ་བཞིན་དུ། ཆོས་ཀྱི་དོན་ཀུན་ཏུ་རྒྱས་པར་འགྱུར་རོ་སྙམ་པ་དང་། དོན་ཐོར་བ་རྣམས་བསྡུ་བར་བྱ་བའི་ཕྱིར་རོ་སྙམ་པ་དང་། དོན་ཟབ་མོ་རྣམས་གསལ་བར་བྱ་བའི་ཕྱིར་རོ་སྙན་པ་དང་ཚིག་འབྲུ་མཛེས་པས་མཛེས་པ་བསྐྱེད་པར་བྱའོ་སྙམ་པའམ། བདག་དང་འདྲ་བའམ་བདག་པས་ཡོན་ཏན་ཆུང་བ་དག་གིས་ཀྱང་བསྟན་བཅོས་བརྩམ་རུང་ན་བདག་གིས་ཅིའི་ཕྱིར་རྩོམ་མི་ནུས་སྙམ་པ་ལྟ་བུའི་ང་རྒྱལ་མེད་པ་དང་། སེམས་ཅན་རྣམས་ཀྱི་དོན་གང་ལ་རྨོངས་པ་དེ་བསལ་བར་འདོད་པའི་སྙིང་རྗེ་དང་། བདག་ལ་གཞན་དག་གིས་མཁས་པ་ཡིན་པར་ཡིད་ཆེས་ན་ཅི་མ་རུང་སྙམ་དུ་བདག་ཉིད་མི་སྒྲོག་པ་སྟེ་བཞི་བོ་དེ་དག་གལ་ཆེ་བའི་ཕྱིར། མདོར་ན་ང་རྒྱལ་མེད། གཞན་གྱི་སྡུག་བསྔལ་བསལ་བར་འདོད་པའི་སྙིང་རྗེ་དང་། གཞན་ལ་ཕན་འདོད་ཀྱི་བྱམས་པ་དང་། རང་གཞན་གྱི་དགེ་རྩ་བསྐྱེད་པར་བྱ་བའི་ཕྱིར་དུ་བསྟན་བཅོས་བརྩམ་མོ།།

གཉིས་པ་བརྩམ་བྱའི་བསྟན་བཅོས་ཀྱི་དབྱེ་བ་ལ། བྱེད་ལས་ཀྱི་སྒོ་ནས། རྒྱ་ཆེར་སྡུད་པ་མདོ་སྡེ་རྒྱནདང་ཟབ་མོ་འབྱེད་པམངོན་རྟོགས་རྒྱནདང་། འཁྲུགས་པ་བསྡེབས་པ་བསླབ་བཏུསལྟ་བུ་གསུམ་དང་། བརྗོད་བྱའི་སྒོ་ནས་བདེན་པ་གཉིས་སྟོན་པ་གཉིས་དང་། བཤད་བྱའི་སྒོ་ནས་བཀའ་སྤྱིའི་དགོངས་འགྲེལ་དང་། སོ་སོའི་དགོངས་འགྲེལ་གཉིས། དང་བོ་ལ་ཐུན་མོང་མ་ཡིན་པ་དང་ཐུན་མོང་བ་གཉིས། འདི་ལ་ཡང་ལོག་རྟོག་ཚར་གཅོད་པ་དང་། གཞན་རྗེས་སུ་འཛིན་པ་གཉིས། དང་བོ་ལ། རྗོད་བྱེད་གཏན་ལ་དབབ་པ་དང་། བརྗོད་བྱ་གཏན་ལ་དབབ་པ་གཉིས། དང་བོ་ནི་གཙོ་བོ་སྒྲའི་བསྟན་བཅོས་ཏེ། རང་བཞིན་རྐྱེན་རྣམ་འགྱུར་གསུམ། བརྗོད་བྱར་བྱས་ནས་སྟོན་པའི་གཞུང་ཀ་ལཱ་བ་དང་ཙནྡྲ་བ་སོགས་དང་། དེའི་ཡན་ལག་ལྕི་ཡང་དང་པྲསྟཱར་འགོད་ཚུལ་སྟོན་པ་སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནསདང་། མིང་གི་རྣམ་གྲངས་དང་རྟགས་གསུམ་གྱི་དབྱེ་བ་དང་སྒྲ་གཅིག་དོན་མང་ལ་འཇུག་ཚུལ་སྟོན་པ་མངོན་བརྗོད་ཀྱི་བསྟན་བཅོས་འཆི་མེད་མཛོདདང་སློབ་དཔོན་ཤར་བ་དང་ལྷོ་བའི་ལམ་གྱི་འདོད་ཚུལ་མི་འདྲ་བ་ཚིག་དོན་གཉིས་ཀའི་རྒྱན་དང་དོན་གྱི་རྒྱན་སོ་ལྔ་དང་བྱ་དཀའ་བ་དང་གབ་ཚིག་སོགས་ཚིག་གི་རྒྱན་ཏེ་རྒྱན་གསུམ་གཏན་ལ་དབབ་ནས་སྟོན་པ་སྙན་ངག་བསྟན་བཅོས་སྙན་ངག་མེ་ལོངདང་། དེ་དག་སྐད་རིགས་དང་སྦྱར་ནས་སྟོན་པ་ཟློས་གར་གྱི་བསྟན་བཅོས་ཀླུ་ཀུན་ཏུ་དགའ་བདང་འཇིག་རྟེན་ཀུན་ཏུ་དགའ་བསོགས་སོ།། བརྗོད་བྱ་གཏན་ལ་དབབ་པ་ལ་ནི་གཏན་ཚིགས་རིག་པའི་བསྟན་བཅོས་ཚད་མ་མདོསོགས་སོ།། གཞན་རྗེས་སུ་འཛིན་པའི་བསྟན་བཅོས་ལ་བཟོ་དང་གསོ་བ་རིག་པའི་བསྟན་བཅོས་གཉིས། དང་བོ་ལ་གསེར་འགྱུར་དང་སྤོས་སྦྱོར་སོགས་སྟོན་པ་ལྟ་བུ་ཕལ་བ་དང་། སྐུ་གསུང་ཐུགས་རྟེན་གྱི་ཆ་ཚད་སྟོན་པ་ལྟ་བུ་ཁྱད་པར་ཅན་གཉིས་སོ། གསོ་བ་རིག་པའི་བསྟན་བཅོས་ནི། ནད་ཀྱི་ངོ་བོ་དང་ནད་གཞི་དང་ནད་ཀྱི་གཉེན་པོ་སྨན་དང་། དེས་གསོ་བའི་སྦྱོར་ལམ་བཞིའམ། ལུས་དང་བྱིས་པ་གདོན་ལུས་སྟོད།། མཚོན་དང་མཆེ་བ་རྒས་རོ་ཙ།། ཞེས་པ་ལྟར་གྱི་སྨན་གཞུང་ཡན་ལག་བརྒྱད་པ་ལྟ་བུའོ།།

འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དག་ཀྱང་འདོར་བར་བྱ་བ་མ་ཡིན་ཏེ། ཤེས་རབ་བརྒྱ་བལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན།། ལྷ་ཡུལ་བགྲོད་པ་ཐག་མི་རིང་།། ལྷ་དང་མི་ཡི་ཐེམ་སྐས་ལ།། འཛེགས་ན་ཐར་བ་གམ་ན་འདུག། ཅེས་པ་ལྟར་ཉམས་སུ་ལེན་ཤེས་ན་ཐར་བ་འཐོབ་པའི་ཐབས་སུ་འགྲོ་བའི་ཕྱིར། རྒྱལ་བའི་བཀའ་ཚད་མར་གྱུར་བ་ལ་རང་གི་དགོངས་འགྲེལ་བསྟན་བཅོས་ཚད་མ་ལ་རག་ལས་པའི་ཕྱིར། རྩ་བ་སྔ་མ་སྔ་མའི་ཚིག་དོན་བརླིང་ཞིང་རྟོགས་དཀའ་བ་རྣམས་ལ་འགྲེལ་བ་མཛད་པ་བོ་ཕྱི་མ་ཕྱི་མས་ཚིག་འགྲེལ་སྤྱི་དོན་མཐའ་དཔྱོད་རེག་ཟིག་སོགས་རང་སོའི་བསླད་མ་ཞུགས་པར་རང་རང་གི་བློ་ངོར་ཁུངས་དང་འབྲེལ་བའི་དབང་བོ་དང་གཏུགས་ནས་མཛད་པ་ཤ་སྟག་ཡིན་ནོ།།

གསུམ་པ་བསྟན་བཅོས་ཇི་ལྟར་རྩོམ་པའི་ཚུལ་ལ་གསུམ། བསྟན་བཅོས་རྩོམ་པའི་སྔོན་འགྲོ་དང་། རྩོམ་ཚུལ་དངོས་དང་། བརྩམས་པའི་ཕན་ཡོན་ནོ།།

དང་བོ་ལ་སྙན་ངག་མེ་ལོང་མལས་ཤིས་བརྗོད་ཕྱག་བྱ་དངོས་པོ་ནི།། ངེས་པར་བསྟན་པའང་དེ་ཡི་སྒོ།། ཞེས་བསྟན་བཅོས་རྩོམ་པའི་ཐོག་མར་ཤིས་བརྗོད་ཀྱི་ཚིག་གིས་སྔུན་བསུས་ཏེ་ཕྱག་བྱ་བ་དང་། དངོས་པོ་ངེས་པར་བསྟན་པ་སྟེ་ལུས་མདོར་བསྟན་སོགས་ཀྱིས་གཞུང་རྩོམ་པར་བཤད་ལ། ཚུལ་འདི་ནི་ཕྱི་ནང་གཉིས་ཀས་ཐུན་མོང་དུ་འདོད་དོ།། དེའི་སྟེང་དུ་མཐའ་མར་དགེ་བ་བསྔོ་བ་ནི། ནང་བ་སངས་རྒྱས་པའི་ཁྱད་ཆོས་ཡིན་ཏེ། ཁྱད་པར་འཕགས་བསྟོདལས། བསོད་ནམས་བྱས་པའི་ཚོགས་དག་ནི།། སེམས་ཅན་རྣམས་ལ་ཡོངས་བསྔོ་བ།། བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ།། དེ་གཞན་བསྟན་བཅོས་ལས་མ་བཤད།། ཅེས་གསུངས་པ་ལྟར་རོ།། དེ་ལ་ཤིས་བརྗོད་ཀྱི་དགོས་པ་ནི་རང་ལ་དངོས་གྲུབ་འབྱུང་བའི་ཆེད་དང་། ཕྱག་བྱ་བའི་དགོས་པ་ནི་བར་ཆད་མི་འབྱུང་བའི་ཆེད་དུའོ།། ཕྱག་བྱ་བའི་ཡུལ་ལ་གཉིས་ཏེ། ཆོས་ལ་ཡིད་ཆེས་པ་ལ་བརྟེན་ནས་རྩ་བ་ཆོས་གསུང་བ་བོ་སྟོན་པ་དང་། དོན་ལ་ཡིད་ཆེས་པ་ལ་བརྟེན་ནས་ཆོས་ཀྱི་དོན་སྟོན་པའི་སློབ་དཔོན་དག་ལ་ཕྱག་བྱ་བར་གཏན་ལ་དབབ་པ་བསྡུ་བལས་བཤད་པ་ལྟར། དང་བོར་ཐུབ་པ་སངས་རྒྱས་དང་། དེའི་འོག་ཏུ་དངོས་བརྒྱུད་ཀྱི་བླ་མ་རྣམས་ལ་ཕྱག་འབུལ་དགོས་སོ།། མཆོད་བརྗོད་མ་བྱས་པ་ཡང་ཡོད་དེ། དབུ་མའི་རྣམ་བཤད་དགོངས་པ་རབ་གསལདུ། བཤེས་སྤྲིངསལ་མཆོད་བརྗོད་མེད་ཅིང་བཤད་པར་དམ་བཅའ་བ་ཡོད་པར་གསུངས་པ་ལྟ་བུ་དང་། གཞན་དེ་འདྲ་ཡང་མང་ངོ་།། དེ་བཞིན་དུ་ཕྱག་བྱ་བའི་གོ་རིམ་བཤད་མ་ཐག་པ་ཡང་ངེས་ཅན་མ་ཡིན་ཏེ། ཐོག་མར་རང་གི་ལྷག་པའི་ལྷ་ལ་ཕྱག་མཛད་པ་རྗེ་རིན་པོ་ཆེའི་གསུང་ལས་མང་དུ་བྱུང་བ་བཞིན་དང་། དེར་མ་ཟད་ཐམས་ཅད་ཀྱི་དང་བོ་གང་ལས་ཆོས་ཀྱི་བཀའ་དྲིན་ནོད་པའི་བླ་མ་ལ་ཕྱག་བྱེད་པར་ཡང་རིགས་ཏེ། ལུང་གཞིལས། རྒན་པ་དང་ནི་གཞོན་ཡང་རུང་།། གང་ལས་ཆོས་ནི་རྣམ་ཤེས་པ།། དེ་ལ་ཐོག་མར་ཕྱག་བྱ་སྟེ།། ཟླ་བ་ཚེས་ལ་བྲམ་ཟེ་བཞིན།། ཞེས་བྱུང་བ་ལྟར་འཐད་པའི་ཕྱིར། འོ་ན་རབ་བྱུང་གི་སྐབས་ཀྱི་ལུང་གཞིདང་ཀརྨ་ཤ་ཏ་ཀམལས། དང་བོར་སྟོན་པ་ལ་ཕྱག་འཚལ་དུ་གཞུག དེའི་འོག་ཏུ་མཁན་པོ་ལ་ཕྱག་འཚལ་དུ་བཅུག་ཅེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། འདི་ནི་དམིགས་བསལ་ཡིན་པར་མཚོ་སྣ་བ་ཆེན་པོས་གསུངས་པའི་ཕྱིར། གཞན་ཡང་ཤེས་རབ་སྡོང་བུལས། དམ་པས་མང་བོ་ཁས་འཆེ་མི་བྱེད་ལ།། གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན།། རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི།། ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ།། ཞེས་གསུངས་བ་ལྟར། རྩོམ་པར་དམ་བཅའ་བའི་དགོས་པ་ཡོད་དོ།། རྩོམ་པ་མཐར་ཕྱིན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཁེངས་སྐྱུང་བའི་སྒོ་ནས་རྩོམ་པར་དམ་བཅའ་བ་ལ་ཡང་དགོས་པ་ཡོད་དེ། རྩོམ་པ་བོ་རྨད་དུ་བྱུང་བར་གོ་བའི་ཆེད་དུའོ།། སྣོད་རུང་མཉན་པར་བསྐུལ་བའི་ཆེད་སྲོལ་ཡང་ཡོད་ལ། དེའི་དགོངས་པ་ནི་རྩོམ་པ་བོས་བརྩེ་བས་འདོམས་པ་དང་། བསྟན་བཅོས་ཀྱི་དགོས་དོན་མཐོང་བའི་ཆེད་དུའོ།།

གཉིས་པ་རྩོམ་ཚུལ་དངོས་ལ་གཉིས། རྩོམ་པ་ལེགས་པའི་ཡོན་ཏན་དང་། རྩོམ་པ་ཉེས་བའི་སྐྱོན་ནོ།། དང་བོ་ནི། རྩོམ་པ་བོ་གང་གིས་གང་བརྩམ་རྒྱུའི་གཞུང་གི་སྤྱི་ཁོག་བཟུང་སྟེ། གཞུང་གཞན་གྱི་ལུང་གིས་ཟུར་ནས་བརྒྱན་ཞིང་། དེ་དག་ཕན་ཚུན་གུང་བསྒྲིགས་ནས་ལུང་རིགས་ཀྱིས་བརྡར་ཤ་ལེགས་པར་བཅད་དེ་འགལ་འདུ་ནོར་འཁྲུགས་ཀྱི་དྲི་མས་མ་གོས་པར་བྱ་བ་གལ་ཆེ་ཞིང་། དེ་ཡང་བརྗོད་བྱའི་དོན་བརླིང་ཡང་རྟོགས་སླ་བ། རྗོད་བྱེད་ཀྱི་ཚིག་སྙན་ངག་གིས་བརྒྱན་པ། ཚིག་གི་སྦྱོར་བ་འབྲེལ་ཆགས་ཤིང་ཉན་ན་སྙན་པ། ཚིགས་བཅད་རྣམས་ནི་སྡེབ་སྦྱོར་ལེགས་ཤིང་སྙན་ངག་གིས་བཅིངས་པའམ་འབོལ་རྩོམ་གྱིས་གོ་བདེ་བ། མིང་རྣམས་ནི་མངོན་བརྗོད་ཀྱིས་བརྒྱན་པས་ངོ་མཚར་བ། ཚིག་གོང་འོག་མི་ཟློས་ཤིང་ཕྱི་མ་སྔ་མའི་སྒྲུབ་བྱེད་དུ་འགྲོ་བ། བསྡུ་རྒྱུ་མེད་པའི་སོགས་སྒྲས་དབེན་ཞིང་བརྗོད་བྱ་ཟབ་པར་རྩོམ་ན་ཆེས་ཕུན་སུམ་ཚོགས་པར་གྱུར་ཅིང་མཁས་པ་མགུ་བའི་སྐྱེས་སུ་འགྱུར་རོ།། གཉིས་པ་ནི། རང་ལུགས་དང་གཞན་ལུགས་འབྱེད་དཀའ་བ། འདུལ་བའི་ལས་ཆོག་ཆེན་མོ་གསེར་མདོག་རྣམ་རྒྱལལྟ་བུ་དང་། ས་བཅད་ཧ་ཅང་མང་དྲགས་པ།ཚད་མ་རིགས་ཐིགསདངརྣམ་ངེས་དར་ཊཱིཀལྟ་བུ་མ་ཡིན་པ་དང་། སྤྱིར་བོད་ཀྱི་ས་བཅད་ལུགས་དང་བོ་ལ་གཉིས། གཉིས་པ་ལ་གསུམ། གསུམ་པ་ལ་བཞི་ཟེར་བ་ལྟ་བུ་སོགས། ལས་དང་བོ་བ་ལ་ཕན་པའི་རྐྱེན་དུ་མི་འགྱུར་བར་མགོ་རྨོངས་བར་འགྱུར་བའང་སྲིད་པས། དེ་བས་རྒྱ་ནག་གི་ཡི་གེ་རྣམས་སུ་ས་བཅད་ཅི་ཙམ་དགོས་པ་དེ་དག་བསྟན་བཅོས་ཀྱི་མགོར་སྡེབ་གཅིག་ཏུ་བཀྲམ་ནས། བཤད་པ་དངོས་གཞིའི་སྐབས་སུ་དེ་དག་གི་གོ་རིམ་མ་འཁྲུགས་པར་བཤད་པ་ལྟ་བུར་བྱས་ན་ཡང་མི་རུང་བ་མེད་ཅིང་། གཞན་ཡང་ཚིག་གི་གཅོད་མཚམས་ཤད་ཀྱིས་མ་བཅད་པ་དང་། ཀུན་ལ་མ་གྲགས་པའི་མངོན་བརྗོད་དང་གབ་ཚིག་གི་རྒྱན་འབའ་ཞིག་གིས་བཅིངས་པ་དང་། ཡུལ་དུས་དེ་དང་དེར་གྲགས་པའི་ཡུལ་ཕྱོགས་དང་མི་རྣམས་ཀྱི་མིང་བོད་སྐད་དུ་བསྒྱུར་ནས་བྲིས་པ་དང་། རྒྱ་ནག་མིང་བོད་སྐད་དུ་བྲིས་པ་སོགས་སྐྱོན་ཡིན་ཏེ། དཔེར་ན་སྡེ་དགེའི་སི་ཏུ་པཎ་ཆེན་གྱི་གསུང་འབུམ་དུ་རྒྱ་ནག་གི་སྨན་འགའ་ཞིག་གི་མིང་བོད་སྐད་རང་དུ་བྲིས་པ། དེང་སང་རྒྱ་བོད་སུ་ལ་བསྟན་ཀྱང་མི་གོ་བས་སྨན་བཟང་བོ་ཡང་གསོས་སུ་མི་འགྱུར་བ་ལྟ་བུ་དང་། ཡང་བསྟན་བཅོས་རྩོམ་པ་བོས་མཛད་བྱང་དུ་རང་མིང་གསལ་བར་མི་སྨོས་པའམ། རང་མིང་སྦས་ནས་གཞན་ལ་མ་གྲགས་པའི་མིང་གཞན་བཅུག་པ་སོགས་སྐྱོན་ཆེ་ཤོས་ཡིན་ཏེ། བྱེད་པ་བོའི་མིང་མི་གསལ་བའི་དབང་གིས་བསྟན་བཅོས་འགའ་ཞིག་ལེགས་བཤད་དུ་སྣང་ཡང་ཐེ་ཚོམ་ཅན་དུ་གྱུར་ནས་མཁས་པ་དག་གིས་ཤེས་བྱེད་དུ་འདྲེན་མ་ནུས་པ་ཡང་དེས་ལན་འདུག་པས། སྐྱོན་དེ་དག་དོར་ཏེ་མིང་རུས་ཡུལ་སོགས་གསལ་བར་སྨོས་པའི་སྒོ་ནས་བོད་སྤྱི་ཡོངས་ལ་གྲགས་པའི་བརྡ་གསར་རྙིང་གིས་གཞི་བཟུང་ནས་ཡིག་འབྲུ་རྣམས་ནི་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་མ་ནོར་བར་ཐོབ་པའི་ཚུལ་གྱིས་བརྩམ་པར་བྱའོ།།

གསུམ་པ་བསྟན་བཅོས་བརྩམས་པའི་ཕན་ཡོན་ནི། ཚེ་འདིར་བསྟན་པ་ལ་བྱ་བ་བྱས་པའི་སྒོ་ནས་མཁས་པ་རྣམས་མགུ་ཞིང་རྗེས་སུ་བཟུང་བ་དང་། ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག་མཉེས་པའི་མཆོད་པར་འགྱུར་བ་དང་། གཞན་ཡང་སློབ་དཔོན་དཎྜིའི་གཞུང་ལས། སྔོན་གྱི་རྒྱལ་བོ་གྲགས་པའི་གཟུགས།། ངག་གི་རང་བཞིན་མེ་ལོང་ཐོབ།། དེ་དག་ཉེ་བར་མི་གནས་ཀྱང་།། རང་ཉིད་ཉམས་པ་མེད་ལ་ལྟོས།། ཞེས་གསུངས་པ་ལྟར་ཚེ་འདིའི་འདུ་བྱེད་བཏང་བའི་འོག་ཏུའང་བསྔགས་པར་འོས་པའི་ཡོན་ཏན་དང་བཀའ་དྲིན་གྱི་མིང་ཙམ་ལྷག་མར་ལུས་པའི་ཕྱིར་ཀུན་གྱིས་ཐོས་སྒྲོགས་སུ་གླེང་བའི་མཐའ་མི་མངོན་པའི་ངོས་ནས་མཁས་མིང་གི་གྲགས་པ་མི་ནུབ་པར་འགྱུར་བ་དང་། ཁྱད་པར་དུ་མདོ་ལས།། དམ་ཆོས་འཛིན་པའི་བསོད་ནམས་ནི།། སངས་རྒྱས་ཀུན་གྱིས་ནན་ཏན་དུ།། བསྐལ་བ་བྱེ་བར་བརྗོད་མཛད་ཀྱང་།། ཐ་མར་ཕྱིན་པར་གྱུར་མ་ལགས།། ཞེས་གསུངས་པ་ལྟར། དམ་ཆོས་འཛིན་པའི་བསོད་ནམས་ཚད་མེད་པ་ཐོབ་པའི་སྟོབས་ཀྱིས་མ་འོངས་པ་ནའང་བཅུ་ཕྲག་དྲུག་གི་རི་མོས་མཚན་པའི་ཕྱག་རྒྱས་མངོན་པར་བཀྲ་བའི་བཀའ་ཁྲིམས་དྲི་མ་མེད་པས་བསྐལ་ལྡན་ཡོངས་ཀྱི་སྲིད་ལ་དབང་བསྒྱུར་ཞིང་མི་འཇིགས་སེང་གེ་བཞིས་བཏེགས་པའི་ཁྲི་འཕང་མཐོན་པོར་སྟོབས་བཅུའི་རྩལ་ཡོངས་སུ་རྫོགས་པའི་ཆོས་ཀྱི་རྒྱལ་བོར་འགྱུར་བ་ཡིན་ནོ།།

 

ཚན་པ་འདི་ནི་མཁས་གྲུབ་ཆེན་པོ་བསྟན་དར་ལྷ་རམས་པས་མཛད་པའིའཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་ལེགས་བཤད་ཉིན་བྱེད་སྣང་བཞེས་པའི་བརྩམས་ཆོས་ལས་ཁོལ་དུ་ཕྱུང་སྟེ་བཀོད་པ་དགེའོ།།

Feb 9, 2021

ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་བོད་བཙན་པོའི་ལོ་རྒྱུས་ལས་ཤོག་ལྷེ་མཐའ་མ།



ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་བོད་བཙན་པོའི་ལོ་རྒྱུས་ལས་ཤོག་ལྷེ་མཐའ་མ།




བལྟམ། ཡུམ་མང་མོ་རྗེ་ནོངས་ཕར་ལོ་གཆྀག།

༄༅། ལུགྀ་ལོ་ལ། བཙན་པོེ་པོ་བྲང་དབྱརད་ར་མཚར་ན་བཞུགསྟེ། བློན་ཆེན་པོ་ཆུང་བཟང་གྱྀས། དབྱར་འདུན་

བྲེང་དུ་བསྡུསྟེ། ཕ་ལོས་གྱྀ་བྱང་བུ་བོར། དགུན་ཕོ་བྲང་བྲག་མར་ན་བཞུགས། སྐྱྀ་རྣམསུ་རྒོད་གཡུང་གྱྀ་ཕ་ལོས་

ཅེན་པོ་བཀུག། བྲག་མར་དུ་རྒྱའྀ་པོ་ཉ་ཀྭག་ཅུང་ལང་པྱག་འཙལད་པར་ལོ་གཅིག།

༄༅། སྤྲེའུ་ལོ་ལ། བཙན་པོ་དབྱརད་བྱང་རོལ་དུ་གཤེགས་པ་ལས་སླར་འཁོར་ཏེ། པོ་བྲང་ར་མཚར་ཏུ་བཏབ། རྒྱའྀ་

པོ་ཉ། ཅང་འགྭན་འགེདྔ། དུར་གྱྀས་གྱྀ་པོ་ཉ་པྱག་འཚལད། ཡུལ་ཡུལ་དམག་མྱྀ་ཁྲམ་སྐྱ་བརྩྀས། དགུན་པོ་བྲང་

བྲག་མར་ན་བཞུགས། དགུན་འདུན་སྐྱྀ་ཤོ་མ་རར། བློན་ཆེན་པོ་ཅུང་བཟང་དྔ་བློན་སྐྱེས་བཟང་གཉྀས་གྱྀས་བསྡུསྟེ་

དམག་མྱྀ་མཁོས་ཆེན་པོ་བགྱྀསྟེ་ ། བཙན་པོ་བྐས་ཁྲམ་དམར་པོ་ཤོག་ཤོག་སེར་པོ་ལ་སྤོས་པར་ལོ་ཆྀག།

༄༅། བྱ་གགྀ་ལོ་ལ། བཙན་པོ་དབྱརད་འོ་དང་ན་བཞུགས་ཤྀང། དགུན་བྲག་མར་ན་བཞུགས། དགུན་འདུན་

དྲ་བྱེར་འདུས། བྲུང་པ་ཞང་ཏྲེ་གོང་ཕྱུང་སྟེ། ཅོག་རོ་རྨ་གོང་བཅུག་པ་དྔ། སེང་གོ་འཕན་ལ་སྐྱེས་ཕྱུང་སྟེ། མྱང་

འདུས་ཁོང་བཅུག་པའྀ་རྩིས་བགྱྀསྟེ། ཇོ་མོ་ཁྲྀ་བཙུན་གྱྀ་མདད་བཏང་བར་ལོ་གཆྀག།

༄༅། ཁྱྀ་ལོ་ལ། བཙན་པོ་དབྱརད་ཕོ་བྲང་ན་མར་ན་བཞུགས། དགུན་བྲག་མར་ན་བཞུགསྟེ། བློན་ཆེན་པོ་ཅུང་བཟང་དྔ་

བློན་སྐྱེས་བཟང་ལྡོང་ཙབ་གཉྀས་གྱིས། དགུན་འདུན་སྐྱྀ་བྱར་ལྀངས་ཙལ་དུ་བསྡུསྟེ། རུ་བཞྀའི་འབྲོག་སོག་


ཁུངས། དབྱིན་ཇིའི་དཔེ་མཛོད་དང་། ཨོཋིདིཨོ་གཉིས་ཡིན། 


Feb 4, 2021

༄༅། །དཔལ་ན་ལེནྡྲའི་མཁའ་དབྱིངས་ན་འཚེར་བའི་བོད་ཀྱི་སྐར་མ་འོད་ཆེན་ཞིག


-----ཙ་མི་པཎ་ཆེན་སངས་རྒྱས་གྲགས་པའི་མཛད་རྣམ་རགས་ཙམ་གླེང་བ།


རྩོམ་པ་བོ། འགྱུར་མེད།*


ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་རྣམ་ཐར་གྱི་སྒྲིག་གཞི་གསུམ་གྱི་གོ་རིམ་ལྟར་དུ། ཙ་མི་སངས་རྒྱས་གྲགས་པ་ལགས་ཡུལ་དུས་རིགས་རུས་གང་དུ་འཁྲུངས་པ་དང་། ཐོས་བསམ་གང་དུ་མཛད་པ། བཤེས་གཉེན་གང་དག་བསྟེན་པ། ལུང་རྟོགས་ཀྱི་ཡོན་ཏན་ཅི་འདྲ་བརྙེས་པ། མཁས་གྲུབ་ཆེན་པོར་གྱུར་རྗེས་དཔལ་ན་ལེནྡྲ་དང་རྡོ་རྗེ་གདན་གྱི་མཁན་པོར་བཞུགས་ཚུལ་དང་བཞུགས་ཡུན། འཕགས་བོད་ཀྱི་བུ་སློབ་གང་དག་བསྐྱངས་པ་དང་། བསྟན་བཅོས་གང་དག་མཛད་པ་དང་བསྒྱུར་པ། སློབ་རྒྱུན་དག་ལས་བོད་དུ་ཙ་མིའི་ལུགས་ཀྱི་ཆོས་རྒྱུན་གང་དག་དར་བ། སྐུ་ཚེ་གང་བོར་ཕྱིར་བོད་དུ་མ་ཕེབས་པར་རྒྱ་གར་ཡུལ་དབུས་སུ་གཏན་བཞུགས་གནང་བའི་དགོངས་གཞི་གང་ཡིན་པ་བཅས་ལ་རགས་ཙམ་དཔྱད་ཡོད།

གནད་ཚིག ཙ་མི་སངས་རྒྱས་གྲགས་པ། ན་ལེནྡྲ་དང་རྡོ་རྗེ་གདན་གྱི་མཁན་པོ། ཙ་མིའི་ལུགས་ཀྱི་ཆོས་རྒྱུན།

རྗེ་ཙོང་ཁ་བ་བློ་བཟང་གྲགས་པས«བྱང་ཆུབ་ལམ་རིམ་ཆེན་མོ»རུ་ཇོ་བོ་རྗེ་ཨ་ཏི་ཤའི་རྣམ་ཐར་གསུངས་སྐབས། རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་པའི་ཚུལ། རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ། བརྙེས་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ།[1] ཞེས་རྣམ་ཐར་རྩོམ་ལུས་ཀྱི་སྒྲིག་གཞི་འགོད་སྟངས་ཚིག་ཉུང་ལ་གནད་འདུས་པ་ཞིག་གསུངས་ཡོད་པ་བཞིན་དུ། འདིར་དཔལ་ན་ལེནྡྲའི་མཁན་པོ་ཙ་མི་པཎ་ཆེན་སངས་རྒྱས་གྲགས་པའི་མཛད་རྣམ་གླེང་བར་ཡང་སྒྲིག་གཞི་དེ་ལ་དཔེ་བལྟས་ཏེ་ས་བཅད་བཞིའི་སྒོ་ནས་རགས་ཙམ་དཔྱད་ན།

དང་བོ། ཡུལ་དུས་རིགས་རུས་གང་དུ་སྐྱེ་བ་བཞེས་ཚུལ་ལ་དཔྱད་པ།

ཙ་མི་པཎ་ཆེན་སངས་རྒྱས་གྲགས་པའི་མཚན་གྱི་རྣམ་གྲངས་ལ། སྔོན་གྱི་ཆོས་འབྱུང་ལོ་རྒྱུས་ཁག་ཏུ་མི་འདྲ་བ་མང་བོ་བཀོད་འདུག་སྟེ། ཙ་མི་དང་ཙཱ་མི་དང་ཙྭ་མི་ཞེས་སམ། རྩ་མི་དང་རྩ་མི་དང་རྩྭ་མི་ཞེས་བཀོད་ཡོད་པ་ནི་མཚན་གྱི་བསྡུས་འབྲི་ཡིན་ངེས་དང་། ཡང«བསྟན་འགྱུར»གྱི་འགྱུར་བྱང་ལ་ལར། ལོ་ཙཱ་བ་ཙ་མི་ཆེན་པོའམ་རྗེ་མི་ཉག་ལོ་ཙཱ་བའམ་བླ་མ་མི་ཉག་ལོ་ཙ་བ་ཞེས་བཀོད་ཡོད་པ་ནི་ལོ་ཙཱ་ལ་མཁས་པའི་ཆེ་བརྗོད་དང་བཅས་མཚན་གྱི་བསྡུས་འབྲི་ཡིན་ངེས་དང་། མི་ཉག་ཙ་མི་ལོ་ཙཱ་བ་སྨོན་གྲུབ་ཤེས་རབ་ཅེས་པ་ནི་དགེ་བསྙེན་ནམ་དགེ་ཚུལ་གང་རུང་གི་མཚན་ཡིན་ངེས་དང་། ཙ་མི་སངས་རྒྱས་གྲགས་པ་ཞེས་པ་ནི་དགེ་སློང་བསྙེན་རྫོགས་ཀྱི་མཚན་དང་། ཙ་མི་པཎ་ཆེན་སངས་རྒྱས་གྲགས་པའམ་མི་ཉག་ལོ་ཙཱ་བ་ཆེན་པོ་སངས་རྒྱས་གྲགས་པའམ་མང་དུ་ཐོས་པའི་དགེ་སློང་བསོད་སྙོམས་པ་སངས་རྒྱས་གྲགས་པ་ཞེས་བཀོད་ཡོད་པ་ནི་ཕྱིས་སྙན་གྲགས་རྒྱས་རྗེས་ཀྱི་མཚན་ཧྲིལ་པོ་ཆེ་བརྗོད་དང་བཅས་པ་སྟེ། དེ་དག་ཐམས་ཅད་ཁོང་གི་མཚན་གྱི་རྣམ་གྲངས་ཡིན་པར་མ་ཟད། མཚན་གྱི་འབྲི་སྟངས་སོ་སོར་དངོས་ཤུགས་ཀྱི་བསྟན་དོན་རེ་རེ་གོ་རྒྱུ་ཡོད།

ཙ་མི་པཎ་ཆེན་ཡུལ་གང་དུ་འཁྲུངས་པ་ནི། ཆེ་ས་ནས་དབྱེ་ན་དབུས་གཙང་གི་ཕྱོགས་སུ་འཁྲུངས་པར་འདོད་མཁན་དང་། མི་ཉག་གི་ཡུལ་དུ་འཁྲུངས་པར་འདོད་མཁན་གཉིས་འདུག

མཁས་གྲུབ་རྗེའི«དུས་འཁོར་འགྲེལ་ཆེན»དུ། ཙ་མི་སངས་རྒྱས་གྲགས་པ་ནི་མི་ཉག་གི་ཡུལ་དུ་འཁྲུངས་པ་སྟེ། ཁ་ཅིག་ཉང་སྟོད་སྨད་ཀྱི་མཚམས་འཁྲིས་ཙ་ཁ་པ་ཡིན་ཟེར་བ་དང་། ཁ་ཅིག་གཡེ་རོང་གི་རྩ་པ་ཡིན་ཟེར་བ་ནི། དེ་ཉིད་ཀྱིས་བསྒྱུར་པའི་འགྱུར་བྱང་དུ། བྱང་ཕྱོགས་མི་ཉག་ཡུལ་དུ་སྐྱེས་ཀྱང་ནི། །ཡུན་རིང་འཕགས་པའི་ཡུལ་དུ་གནས་བཅས་ནས། །བླ་མ་དམ་པ་སངས་རྒྱས་ཀུན་མཆོད་པའི། །དགེ་སློང་སངས་རྒྱས་གྲགས་པ་ཞེས་བྱ་བ། །ཞེས་ཁོང་རང་གིས་བཀོད་པ་མ་མཐོང་བར་ཟད་དོ། །[2] ཞེས་བྱུང་བ་འདི་ལས་དཔྱད་ནུས་པ་ནི། སྔོན་མཁས་གྲུབ་རྗེ་ཞལ་བཞུགས་པའི་དུས་ཙམ་ནས་ཙ་མི་པཎ་ཆེན་གྱི་འཁྲུངས་ཡུལ་ལ་བཞེད་པ་མི་མཐུན་པ་ཡོད་པ་དཔག་ཐུབ། ལུང་འདིར་ཁ་ཅིག་གི་འདོད་པ་མི་འདྲ་བ་གཉིས་བཀོད་ཡོད་པ་ནི་དབུས་དང་གཙང་གི་ཕྱོགས་སུ་འཁྲུངས་པར་འདོད་མཁན་གྱི་བཞེད་ཚུལ་ཡིན་ལ། མཁས་གྲུབ་རྗེ་ཁོང་གིས་མི་ཉག་ལ་འཁྲུངས་པར་བཞེད་འདུག་པ་དང་། «དུས་འཁོར་སྤྱི་བཤད་མཁས་པའི་མགུལ་རྒྱན»དུ་ཡང་། ཙ་མི་ནི་བོད་ཡུལ་མདོ་ཁམས་མི་ཉག་གི་ཡུལ་དུ་སྐུ་འཁྲུངས།[3] ཞེས་དང་། «མཁས་པའི་དགའ་སྟོན»ལས། ཙ་མི་སངས་རྒྱས་གྲགས་པ་འདི་མདོ་ཁམས་སྨད་མི་ཉག་གི་ཡུལ་དུ་འཁྲུངས།[4] ཞེས་དང་། «གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ»ལས། མདོ་ཁམས་སྨད་མི་ཉག་གི་ཡུལ་དུ་འཁྲུངས་པས་མི་ཉག་རྩ་མི་སངས་རྒྱས་གྲགས་ཞེས་ཞུ།[5] ཞེས་བྱུང་བ་སོགས«བསྟན་རྩིས་ཀུན་བཏུས»ཀྱིས་མཚོན་པའི་བསྟན་རྩིས་ཕལ་མོ་ཆེ་དང་། «མཁས་པའི་དགའ་སྟོན»གྱིས་མཚོན་པའི་ཆོས་འབྱུང་ལོ་རྒྱུས་ཕལ་མོ་ཆེའི་བཞེད་པ་ཡང་མི་ཉག་གི་ཡུལ་ཡིན་ཚུལ་འོག་ཏུ་ལུང་འདྲེན་པར་འགྱུར་བ་ལྟར་དང་། ཁྱད་པར་དུ་ཙ་མི་པཎ་ཆེན་ཁོང་གིས་བསྒྱུར་བ་དང་མཛད་པའི་བསྟན་བཅོས་དག་གི་མཇུག་བྱང་ཁག་ལས་ཞིབ་ཏུ་དཔྱད་ནའང་། ཁོང་གི་འཁྲུངས་ཡུལ་ནི་ཉང་སྟོད་སྨད་ཀྱི་མཚམས་འཁྲིས་ཙ་ཁ་པ་སྟེ་ད་ལྟའི་གཙང་ཕྱོགས་དང་། གཡེ་རོང་གི་རྩ་པ་སྟེ་ད་ལྟའི་དབུས་ཀྱི་ལྷོ་ཁའི་ཕྱོགས་མིན་པར་མི་ཉག་གི་ཡུལ་ཁམས་ཡིན་པ་ཐག་གཅོད་བྱས་ཆོག

འོན་ཀྱང«མཁས་པའི་དགའ་སྟོན»ལས། ཤར་ནི་རྒྱ་ནག་ལྷོ་ན་འཇང་ནུབ་ན་བོད་བྱང་ན་ཧོར་གྱིས་བཅད་པའི་དབུས་ནི་མི་ཉག་གི་རྒྱལ་ཁམས།[6] ཞེས་པ་བཞིན། སྔོན་མི་ཉག་གི་རྒྱལ་ཁམས་དེ་ཡང་ས་རྒྱ་ཆེ་ལ་མི་རྒྱུད་དར་བའི་ཡུལ་ཁམས་ཤིག་ཡིན་པས་དེའི་ནང་ནས་བྱེ་བྲག་ཏུ་གང་ལ་འཁྲུངས་ཟེར་ན། དེའི་སྐོར་ལ་བཞེད་པ་མི་མཐུན་པ་གསུམ་ཙམ་འདུག

«འབྲུག་པའི་ཆོས་འབྱུང»(སྤྱི་ལོ༡༥༨༡ལོར་བརྩམས)ལས། ཙ་མི་ལོ་ཙཱ་བ་འདི་འཁྲུངས་ཡུལ་མི་ཉག་གི་ཕུ་ཙ་མི་ཤིང་མི་ཡིན་པས་མཚན་དེ་ལྟར་ཐོགས།[7] ཞེས་དང་། «དེབ་ཐེར་དམར་པོའི་ཚིག་འགྲེལ»ལས། རྩ་མི་ལོ་ཙཱ་བ་སངས་རྒྱས་གྲགས་པ་ནི་འཁྲུངས་ཡུལ་མདོ་ཁམས་མི་ཉག་གི་ཡུལ་རྩ་མི།[8] ཞེས་དང་། «དུང་དཀར་ཚིག་མཛོད་ཆེན་མོ»རུ། མདོ་ཁམས་མི་ཉག་གི་ཡུལ་གྱི་ནང་ཚན་ཙ་མི། ཡུལ་དེ་ནས་བོད་སིལ་བུའི་སྐབས་ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་པ་བྱོན།[9] ཅེས་དང་། «མི་ཉག་གི་ལོ་རྒྱུས་དེབ་ཐེར་ལྗང་གུ»ཞེས་པར། དར་མདོ་རྫོང་ས་བདེ་ཡུལ་ཚོའི་ལག་ཝའམ་ལག་འོག་སྡེ་བར་འཁྲུངས་ཤིང་དེར་ཁོང་གི་ཞབས་རྗེས་དང་སྐུ་ལུས་ཆ་ཚང་བའི་རྗེས་བཅས་ལ་ད་ལྟའང་མཇལ་ཁ་ཞུ་རྒྱུ་ཡོད་པར་བཤད[10]པ་སྟེ། ལུང་འདི་དག་ལྟར་ན་ད་ལྟའི་སི་ཁྲོན་དཀར་མཛེས་ཁུལ་དར་རྩེ་མདོའི་མི་ཉག་གི་རྒྱུད་ལ་འཁྲུངས་པར་བཞེད་པ་ཡིན།

ཡང«བུ་སྟོན་ཆོས་འབྱུང»དུ། རྩོང་ག་མི་ཉག་རྩ་མི་སངས་རྒྱས་གྲགས།[11] ཞེས་མདོ་སྨད་ཙོང་ཁའི་ཕྱོགས་ཀྱི་མི་ཉག་གི་རྒྱུད་དུ་འཁྲུངས་པར་བཞེད་པ་དང་། ༢༠༡༢ལོའི«ཀྲུང་གོའི་བོད་རིག་པ»དུས་དེབ་བཞི་པའི་སྟེང་སྤེལ་བའི་དཔའ་ལུང་རྫོང་གི་ལོ་རྒྱུས་ལ་དཔྱད་པའི་རྩོམ་ཡིག་ཅིག་ཏུ། དཔའ་ལུང་ཡུལ་གྱི་རྩ་བ་ཚོ་བའི་ཁོངས་སུ་འཁྲུངས་པའི་ཙཱ་མི་སངས་རྒྱས་གྲགས་པ།[12]ཞེས་ད་ལྟའི་མཚོ་སྔོན་མཚོ་ཤར་ཁུལ་དཔའ་ལུང་རྫོང་རྩ་བ་གྲོང་རྡལ་དུ་འཁྲུངས་པར་ཐག་བཅད་འདུག་སྟེ། དེ་སྔོན་དཔའ་ལུང་རྫོང་གི་ཏན་ཏིག་དགོན་པ་དང་། དེ་དང་ཁད་ཉེ་བའི་བྱམས་པ་འབུམ་གླིང་དགོན་པ་གཉིས་སུ་ཡང་མི་ཉག་གི་ཡི་གེ་དང་རིག་རྫས་མང་བོ་རྙེད་ཚུལ་བོད་ཀྱི་ལོ་རྒྱུས་ཡིག་ཚང་རིག་པའི་ཞིབ་འཇུག་པ་ཆེན་མོ་རྒན་ཚེ་རིང་ལགས་ཀྱིས་རྒྱུན་དུ་གསུངས།

སྔོན་གྱི་ལོ་རྒྱུས་སུ་མི་ཉག་གི་མི་རྒྱུད་དང་ཆབ་སྲིད་དེ་ཕྱོགས་སོ་སོར་དར་བའི་གོ་རིམ་ཁྲོད་དུ། རིམ་གྱིས་མདོ་སྨད་ཙོང་ཁའི་ཕྱོགས་སུ་ཡང་མི་ཉག་གི་མི་རྒྱུད་མཆེད་པ་ནི་ལོ་རྒྱུས་ཀྱི་དོན་དངོས་ཡིན་ཅིང་། དེ་དག་གི་མི་རྒྱུད་ད་ལྟའང་མ་ཉམས་པར་གནས་ཡུལ་དང་བཅས་ངོས་བཟུང་རྒྱུ་ཡོད་པ་ནི། ད་ལྟའི་མཚོ་སྔོན་དཔའ་ལུང་རྫོང་དང་ཁྲི་ཀ་རྫོང་དང་སྐུ་འབུམ་རྫོང་རྣམས་སུ་མི་ཉག་ཅེས་པའི་ས་མིང་མང་དུ་ཡོད།

ཡང«དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར»དུ། ཙ་མི་སངས་རྒྱས་གྲགས་པ་ནི་མི་ཉག་འགའི་ཡུལ་དུ་སྐུ་འཁྲུངས།[13] ཞེས་དང་། «དུས་འཁོར་རྟོགས་བརྗོད་དཔག་བསམ་སྙེ་མ»རུ། ཙ་མི་ནི་མི་ཉག་འགའི་ཡུལ་དུ་འཁྲུངས།[14] ཞེས་བྱུང་སྟེ། བོད་ཀྱི་ཆོས་འབྱུང་ཁག་ཏུ་མི་ཉག་འགའ་འམ་མི་ཉག་གྷའི་ས་ཆ་ངོས་འཛིན་ཚུལ་ནི། «དེབ་ཐེར་སྔོན་པོ»རུ། ཇིང་གིན་རྒྱལ་བོ་མི་ཉག་གྷ་རུ་གནམ་དུ་གཤེགས།[15] ཞེས་ད་ལྟའི་ལཱིག་ཕན་རི་རྒྱུད(六盘山山脉)ཀྱི་ས་ཁུལ་ལ་ངོས་འཛིན་པ་དང་། «དེབ་དམར་གསར་མ»ཡི་མཆན་འགྲེལ་དུ། བླ་ཆེན་དགོངས་པ་རབ་གསལ་ནི་བྱང་ཕྱོགས་སུ་ཕྱིན་ཏེ་ཅང་ཨིན་རྩེ་མཁར་མི་ཉག་གྷའི་ཡུལ་དུ་བྱོན་ཅེས་པ་འགྲེལ་སྐབས། ཀན་ཀྲོའུ(甘州)སྟེ་ད་ལྟའི་ཀྲང་ཡེ(张掖)ལ་གོ་དགོས་ཚུལ་བཀོད་འདུག[16]སྟེ་ས་ཆ་དེ་ནི་སྤྱི་ལོ༡༠༢༨ལོར་མི་ཉག་རྒྱལ་རྒོད་ཀྱིས་དབང་དུ་བསྡུས་པ་ནས་བཟུང་མི་ཉག་རྒྱལ་རབས་འཇིག་པའི་བར་དུ་དེའི་མངའ་ཁོངས་སུ་གཏོགས་ལ་དེར་མི་ཉག་རྒྱལ་པོའི་མཆོད་སྡོང་དུ་གྲགས་པའི་བྲག་རི་དང་ལྷ་ཁང་ངོ་མཚར་བ་ཡོད་ཚུལ«མདོ་སྨད་ཆོས་འབྱུང»དུ་ཡང་གསུངས་འདུག[17]པ་དང་། ཡང་ལ་ལས་གྷའམ་འགའ་ནི་རྒྱ་སྐད་དུ་ཞཱ་ཀྲོའུ(夏州)སྟེ་ད་ལྟའི་ཧྲན་ཞི་ཞིང་ཆེན་གྱི་ཇིང་པཱེན་རྫོང(陕西省靖边县)ལྟེ་བ་བྱས་པའི་མཐའ་སྐོར་གྱི་ཡུལ་ཁམས་ཆེན་པོར་འདོད་མཁན་ཡང་འདུག[18]པ་དང་། གཞན་ཡང་སྐད་བརྡ་རིག་པའི་ཞིབ་འཇུག་པ་འགའ་རེས། སྔོན་དུས་ཞིས་ཞཱ་ཞེས་པའི་ཞཱ་ཡིག་དེའི་ཀློག་སྟངས་ནི་གྷའམ་འགའ་ཡི་སྒྲ་དང་འདྲ་བོ་ཡོད་པས་དེ་བོད་སྐད་ལ་ཟུར་ཆག་པ་སྟེ། མི་ཉག་གྷ་ཞེས་པ་ནི་རྒྱ་སྐད་ཀྱི་ཞིས་ཞཱ་ཞེས་པའི་དོན་ཏེ་མི་ཉག་རྒྱལ་ཁམས་སྤྱིའི་མིང་ཡིན་ཚུལ་ཡང་མང་དུ་གླེང་འདུག

དེས་ན་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་རྣམས་སུ་མི་ཉག་གྷ་ཞེས་པའི་གནས་ངོས་འཛིན་ཚུལ་ལ་འགྱུར་བའི་གོ་རིམ་གཉིས་བྱུང་འདུག་སྟེ། ཡར་སྔོན་ལིག་ཕན་རི་རྒྱུད་དམ། ཀན་ཀྲོའུ་འམ་ཞཱ་ཀྲོའུ་གང་རུང་ལྟེ་བ་བྱས་པའི་མཐའ་སྐོར་གྱི་ཡུལ་ཁམས་བྱེ་བྲག་པ་ཞིག་ལ་གོ་བཞིན་པ་ནི་གོ་རིམ་དང་བོ་དང་། ཕྱིས་སུ་མི་ཉག་གི་རྒྱལ་པོས་མངའ་ཁོངས་རྒྱ་བསྐྱེད་པ་དང་དེའི་རྒྱལ་རབས་མང་བོ་བརྒྱུད་རྗེས་སུ་མི་ཉག་གི་རྒྱལ་ཁམས་ཡོངས་ཀྱི་སྤྱི་མིང་ལྟ་བུར་གྱུར་པ་ནི་གོ་རིམ་གཉིས་པའོ། །

གོང་དུ་ཙ་མི་ནི་མི་ཉག་འགའི་ཡུལ་དུ་འཁྲུངས་ཞེས་པའི་ལུང་དེ་གཉིས་ཀྱི་དགོངས་པ་ནི། ཙ་མི་པཎ་ཆེན་གྱི་འཁྲུངས་ཡུལ་ནི་ད་ལྟའི་སི་ཁྲོན་དཀར་མཛེས་ཀྱི་མི་ཉག་གི་ཕྱོགས་སམ། ད་ལྟའི་མཚོ་སྔོན་གྱི་ཙོང་ཁའི་མི་ཉག་གི་ཕྱོགས་མིན་པར། གོང་གི་གོ་རིམ་དང་པོའི་ངོས་འཛིན་ཚུལ་ལྟར་ཏེ། «མཁས་དགའ»ལས་མི་ཉག་གི་རྒྱལ་ཁམས་ངོས་བཟུང་དུས་ཀྱང་། ཕྱིས་གོ་དན་གྱིས་བཟུང་བ་གྷ་དང་བྱང་ངོས་སོགས་ནི་ཡུལ་གྱི་དངོས་གཞི་ཡིན་ལ་རབ་སྟོང་ཚར་སྒང་གི་ས་རྣམས་ཀྱང་མི་ཉག་ལ་གཏོགས།[19] ཞེས་བཀོད་ཡོད་པ་ལས་ཡུལ་གྱི་དངོས་གཞི་ཞེས་པ་དེར་ངོས་བཟུང་འདུག

ཙ་མི་པཎ་ཆེན་གྱི་འཁྲུངས་འདས་ལོ་ཚིགས་ནམ་ཞིག་ཡིན་པ་ནི། དཔྱད་གཞིར་འོས་པའི་ལུང་འགའ་རེ་ཡོད་མོད་འདིར་ཡིག་ཚོགས་སྐྱུང་ཕྱིར་ལུང་གལ་ཆེན་གཉིས་ལ་བརྟེན་ནས་དཔྱད་ན། «དུས་འཁོར་རྟོགས་བརྗོད་དཔག་བསམ་སྙེ་མ»ཞེས་པར་ཙ་མི་པཎ་ཆེན་གྱི་དངོས་སློབ་སྟེང་པ་ལོ་ཙཱ་བའི་ལོ་རྒྱུས་བཀོད་པར་འདི་ལྟར་བྱུང་སྟེ། སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་ནི་གཉལ་སྨད་དགེ་རིའི་འདབ་ཏུ་མེ་མོ་ཕག་ལ་འཁྲུངས། མ་གཡར་སྡང་པས་ལོ་བཅུ་གསུམ་པ་ལ་དྭགས་པོར་བྱོན། ཉི་ཤུ་པ་ལ་རྒྱ་གར་དུ་འབྱོན་བཞེད་ནས་མ་ག་དྷར་བྱོན་ཏེ་ཙ་མི་ལ་གཏུགས་ནས་སྒྲ་ཚད་སྡེ་སྣོད་མང་བོ་དང་། ཁྱད་པར་དུ་དུས་འཁོར་ལ་མཁས་པར་སྦྱངས། དེ་དུས་གཅུང་ཆོས་འབར་གྱིས་གསེར་མང་བོ་ཁྱེར་ནས་བསྐྱལ། དེ་ཡང་སློབ་གཉེར་ལ་བཙུད་པས་པཎྜི་ཏ་མཁས་པ་ཞིག་བྱུང་སྟེ་ཚད་པས་གྲོངས། འདའ་ཁར་ཁྱེད་ཀྱིས་ངའི་རུས་པ་བོད་དུ་སྐྱེལ་དགོས་ཟེར་མནའ་བཀག་པས་སུམ་ཅུ་པ་ལ་བོད་དུ་བྱོན། དགེ་རིའི་གནས་སུ་གཅུང་གི་གདུང་ཁང་བཞེངས། སླར་རྒྱ་གར་དུ་བྱོན་ཏེ་ཙ་མི་མི་བཞུགས་པས་གདུང་ལ་མཆོད་པ་ཕུལ། ལོ་ལྔར་པཎ་ཆེན་བཅུ་གསུམ་ལ་མང་དུ་གསན། རྒྱ་དཔེ་མི་ཁུར་བཅུ་བདུན་བསྣམས། བསྟན་པའི་བདག་པོར་གྱུར་ནས་གྱ་བཞི་བ་ལྕགས་ཕོ་ཁྱི་ལ་གཤེགས།[20] ཞེས་དང་། «དེབ་ཐེར་སྔོན་པོ»རུ་ཡང་སྟེང་པ་ལོ་ཙཱ་བའི་ལོ་རྒྱུས་བྱུང་བ་ཕལ་ཆེར་གོང་དང་མཐུན་པ་ལ་དེར་ཁ་སྣོན་དུ་འོས་པ་ཅུང་ཙམ་དྲངས་ན། མ་ག་དྷར་ཙ་མི་སངས་རྒྱས་གྲགས་དང་མཇལ། ཁོང་གི་དྲུང་དུ་ལོ་བཅུ་བཞུགས། གཅུང་ཆོས་འབར་གྱིས་ཞིང་བཙོང་ནས་གསེར་མང་བོ་ཁྱེར་ཏེ་རྡོ་རྗེ་གདན་དུ་སླེབས། ཁོ་ན་རེ། ཡབ་གྲོངས་ཤིད་ཀྱང་ངེད་ཀྱིས་ཚར། གསེར་འདི་ཁྱེད་ཀྱི་སྐལ་བ་ཡིན། ང་ཡུལ་དུ་འགྲོ་ཟེར་བ་ལ་ཞལ་ཏ་མཛད་ནས་སློབ་གཉེར་ལ་བཙུད་པས་པཎྜི་ཏ་མཁས་པ་ཞིག་བྱུང་སྟེ་ཚད་པས་གྲོངས། འདའ་ཁར་ཁྱེད་ཀྱིས་ངའི་རུས་པ་འདི་དགེ་རིར་སྐྱེལ་དགོས་ཟེར་ནས་བོད་དུ་མི་འགྲོ་རེ་མནའ་ལན་གསུམ་བསྒགས། དེ་ནས་ཚུར་བྱོན་ཁོང་གི་ཆེད་དུ་གདུང་ཁང་བཞེངས། ཡབ་ཀྱིས་དབུ་བཙུགས་པའི་འབུམ་ཉི་ཤུ་དུམ་ཅིག་གི་འཕྲོ་ཡང་ཚར། སླར་རྒྱ་གར་དུ་བྱོན་པས་བླ་མ་རྩ་མི་མི་བཞུགས་པར་འདུག་པས་གདུང་ལ་མཆོད་པ་ཕུལ། དེ་རེས་རྒྱ་གར་དུ་ལོ་ལྔ་བཞུགས།[21] ཞེས་བཀོད་འདུག

གོང་གི་ལུང་དེ་གཉིས་ཀྱི་ཚིག་ཟུར་དང་དངོས་ཤུགས་ལས་དཔྱད་ཚེ་ཙ་མི་པཎ་ཆེན་གྱི་འཁྲུངས་འདས་ལོ་ཚིགས་དང་མཛད་པ་འགའ་ཡང་ཞོར་ལ་དཔག་ནུས་ཏེ། སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་ནི་རབ་བྱུང་གཉིས་པའི་མེ་ཕག་ནས་རབ་བྱུང་གསུམ་པའི་ལྕགས་ཁྱི་ལོའི་བར་བཞུགས་པ་ཡོངས་གྲགས་ཏེ། སྤྱི་ལོ༡༡༠༧ལོ་ནས༡༡༩༠ལོའི་བར་དུ་བཞུགས་པ་ཤེས། ཉི་ཤུ་པར་མ་ག་དྷར་ཙ་མི་ལ་གཏུགས་ཞེས་པས་སྟེང་ལོས་སྤྱི་ལོ༡༡༢༦ལོར་ཙ་མི་ཐོག་མར་བླ་མར་བསྟེན་ཅིང་། སྐབས་དེར་ཙ་མི་ནི་མ་ག་དྷ་རུ་བཞུགས་པ་དང་སྒྲ་ཚད་དུས་འཁོར་སོགས་སྡེ་སྣོད་མང་པོར་མཁས་པ་ཤེས། སུམ་ཅུ་པ་ལ་བོད་དུ་བྱོན་ཅེས་པས་སྟེང་ལོས་ཙ་མི་པཎ་ཆེན་ལོ་ངོ་བཅུའི་རིང་དུ་བླ་མར་བསྟེན་པ་དང་། སྟེང་ལོ་བོད་དུ་ཕྱིར་ལོག་པའི་ལོ་ནི་སྤྱི་ལོ༡༡༣༦ལོ་ཡིན་པ་ཤེས། ཡང་གཅུང་གི་གདུང་ཁང་བཞེངས། འབུམ་ཉི་ཤུ་དུམ་ཅིག་གི་འཕྲོ་ཡང་ཚར། སླར་རྒྱ་གར་དུ་བྱོན་ཏེ་ཙ་མི་མི་བཞུགས་པས་གདུང་མཆོད་ཕུལ་ཅེས་པས་སྟེང་ལོ་བོད་དུ་ལོག་ཁར་ཙ་མི་པཎ་ཆེན་སྐུ་བཞུགས་ཡོད་པ་དང་། ཕྱིར་མ་ག་དྷར་སླེབས་དུས་སྐུ་གཤེགས་ཟིན་པ་གསལ་པོ་ཡིན་པས། ཙ་མི་པཎ་ཆེན་གྱི་གཤེགས་ལོ་ནི་སྤྱི་ལོ༡༡༣༦ལོའི་རྗེས་ཡིན་པ་ཁ་ཚོན་གཅོད་ནུས།

གོང་གི་ལུང་གཉིས་ཀྱི་ཚིག་ཟུར་དང་དངོས་ཤུགས་ལས་དཔྱད་ཚེ་སྟེང་པ་ལོ་ཙཱ་བ་བོད་དུ་ཕེབས་ཏེ་ཕྱིར་མ་ག་དྷར་བསླེབས་པའི་བར་དུ་རིང་བཅད་དུ་ལོ་གཉིས་ལས་འགོར་མི་སྲིད་པས། ཙ་མི་པཎ་ཆེན་གྱི་སྐུ་གཤེགས་ལོ་ནི་སྤྱི་ལོ༡༡༣༧ལོའམ་སྤྱི་ལོ༡༡༣༨ལོ་གང་རུང་ཞིག་ལ་ཚོད་དཔག་བྱ་ཆོག

ཙ་མི་པཎ་ཆེན་ནམ་ཞིག་ལ་འཁྲུངས་པ་དང་དགུང་ལོ་ག་ཚོད་བཞུགས་པར་མིག་སྔར་དཔྱད་གཞི་ཁ་གསལ་གཅིག་ཀྱང་ལག་སོན་མ་བྱུང་། འོན་ཀྱང་བུ་སློབ་རྣམས་ཀྱི་རྣམ་ཐར་དུ་ཙ་མི་པཎ་ཆེན་གྱིས་ཚེ་ཡི་དངོས་གྲུབ་བརྙེས་ཞེས་པ་ལན་མང་དུ་བཀོད་ཡོད་པར་གཞིགས་ན། ཁོང་ཉིད་སྐུ་ཚེ་ཤིན་ཏུ་རིང་པོ་ཞིག་ལ་བཞུགས་པ་ཚོད་དཔག་བྱ་ཆོག་སྟེ། ཁོང་གི་དངོས་སློབ་སྟེང་པ་ལོ་ཙཱ་བ་དགུང་ལོ་གྱ་བཞིར་བཞུགས་ཤིང་། རྒྭ་ལོ་ཙཱ་བ་དགུང་ལོ་གྱ་དགུར་བཞུགས་འདུག་ནའང་། དེ་དག་ལ་ཚེ་ཡི་དངོས་གྲུབ་བརྙེས་ཞེས་པའི་ཚིག་ཟུར་ཙམ་ཡང་མེད་པར། ཏག་ཏག་དེ་དག་གི་རྣམ་ཐར་བརྗོད་སྐབས་ཙ་མི་པཎ་ཆེན་གྱིས་ཚེ་ཡི་དངོས་གྲུབ་བརྙེས་ཞེས་ལན་མང་དུ་བརྗོད་འདུག་པས་སོ། །

གཞན་ཡང་ཁོང་གི་བླ་མ་རྡོ་རྗེ་གདན་པ་ཆེ་ཆུང་དང་ཨ་བྷྱ་ཀ་རའི་འཁྲུངས་འདས་ཀྱི་ལོ་ཚིགས་དང་། སྟེང་ལོ་དང་རྒྭ་ལོ་སོགས་བོད་ཀྱི་སློབ་མ་འགའི་རྣམ་ཐར་དང་། ཁོང་རྒྱ་གར་དུ་ཕེབས་དུས་ཀྱི་རྒྱལ་བོ་ནེ་ཡ་པཱ་ལ་དང་སྐུ་གཤེགས་དུས་ཀྱི་རྒྱལ་བོ་ལ་ཝ་སེ་ནའི་སྲིད་སྐྱོང་གི་ལོ་ཚིགས་སོགས་དཔྱད་གཞི་རྣམས་གུང་བསྒྲིགས་ནས་དཔྱད་ཚེ། རགས་བཤད་ཙམ་དུ་ཙ་མི་པཎ་ཆེན་ནི་རབ་བྱུང་དང་པོའི་དུས་མགོ་སྟེ་སྤྱི་ལོ༡༠༣༠ཡི་ཡས་མས་ཙམ་ལ་སྐུ་འཁྲུངས་ཤིང་། རབ་བྱུང་གཉིས་པའི་ས་རྟ་སྟེ་སྤྱི་ལོ༡༡༣༨ལོའི་སྔོན་ལ་སྐུ་གཤེགས་པ་ཡིན་པར་ཚོད་དཔག་བྱ་ཆོག

«དུས་འཁོར་སྤྱི་བཤད་མཁས་པའི་མགུལ་རྒྱན»ལས། ཙ་མིའི་སློབ་མ་རྣམས་ཀྱིས་བོད་དུ་དུས་འཁོར་གྱི་རྒྱུན་སྤེལ་བ་ནི། མཉམ་མེད་སྒམ་པོ་བ་དང་དུས་མཉམ་ཙམ་ཡིན།[22] ཅེས་བཀོད་འདུག་སྟེ། མཉམ་མེད་སྒམ་པོ་བ་ནི་སྤྱི་ལོ༡༠༧༩ལོ་ནས༡༡༥༣ལོའི་བར་བཞུགས་ལ། ཙ་མི་པཎ་ཆེན་ནི་དེའི་སྔོན་ཙམ་ཡིན་དགོས་པས་ཀྱང་ཁྲིགས་སེ་འགྲིག་འདུག

དེས་ན་ཁོང་ནི་བོད་ཀྱི་མི་སྣ་གང་དག་དང་དུས་མཉམ་ཡིན་སྙམ་ན། རགས་བཤད་ཙམ་དུ་བཀའ་བརྒྱུད་པའི་རྗེ་བཙུན་མི་ལ་རས་པ(སྤྱི་ལོ༡༠༤༠ནས༡༡༢༣ལོའི་བར)དང་། ས་སྐྱ་པའི་འཁོན་དཀོན་མཆོག་རྒྱལ་པོ(སྤྱི་ལོ༡༠༣༤ནས༡༡༠༢ལོའི་བར)དང་། བཀའ་གདམས་པའི་གླང་རི་ཐང་པ(སྤྱི་ལོ༡༠༥༤ནས༡༡༢༣ལོའི་བར)རྣམས་དང་ཧ་ལམ་མི་ཐོག་གཅིག་ཏུ་བགྲང་ཆོག

ཙ་མི་པཎ་ཆེན་ཁོང་རིགས་རུས་གང་ལ་གཏོགས་པ་ནི། «པདྨ་བཀའ་ཐང»ལས། རྩྭ་མི་ཤིང་མི་ལྗང་མོ་མིག་དགུའི་ཡུལ༔[23] ཞེས་དང་། «མཁས་དགའ»ལས། སྲོང་བཙན་སྒམ་པོའི་སྐབས་སུ་ཤར་རྩ་མི་ཤིང་མི་ལྷོ་ནས་ཀློ་དང་མོན་ནུབ་ནས་ཞང་ཞུང་དང་གྲུ་གུ་བྱང་ནས་ཧོར་དང་ཡུ་གུར་རྣམས་འབངས་སུ་འདུས། འཛམ་གླིང་གི་ཕྱེད་ལ་ཁ་ལོ་བསྒྱུར།[24] ཅེས་རྩ་མི་ཤིང་མི་ཞེས་པའི་ཐ་སྙད་གནའ་ནས་བྱུང་ཡོད་པ་ལ། མཁས་དབང་མི་ཉག་མགོན་པོ་མཆོག་གིས། མི་ཉག་ཙ་མི་རྒྱལ་བོ་ཞེས་པ་ནི། མི་ཉག་སྐད་དུ་ཙ་ནི་ས་དང་། མི་ནི་གནམ་གྱི་དོན་ཡིན་པས་གནམ་སའི་བདག་པོའམ་གནམ་སའི་རྒྱལ་བོ་ཞེས་རྒྱལ་པོའི་དབང་ཐང་ལ་བསྟོད་པའི་ཚིག་ཡིན།[25] ཅེས་གསུངས་པ་འདི་ལ་དཔྱད་གཞི་ཆེ་སྟེ། «མ་ཎི་བཀའ་འབུམ»དུ་ཡང་། རྩ་མི་རྒྱལ་པོ།[26] ཞེས་རྒྱལ་པོའི་ཐ་སྙད་དང་སྦྱར་འདུག་ཅིང་། «མི་ཉག་དང་ར་ཐིས་དགོན་གྱི་བྱུང་བ་བརྗོད་པ»ཞེས་པར་ཡང་། མདོ་སྟོད་དེ་རབ་སྒང་གི་ས་ཆ་འདིར་མི་ཉག་ཙ་མི་རྒྱལ་བོ་འཁྲུངས།[27] ཞེས་བྱུང་བ་རྣམས་ལྟར་ན་ཙ་མི་སངས་རྒྱས་གྲགས་པ་ནི་མི་ཉག་རབ་སྒང་ཕྱོགས་ཀྱི་གནམ་སའི་བདག་པོར་བསྔགས་པའི་ཙ་མི་རྒྱལ་པོའི་གདུང་རྒྱུད་ཅིག་ལ་འཁྲུངས་པ་ཡིན་སྲིད་སྙམ་པ་དང་། ཡང་དཔལ་ལྡན་ཆོས་ཀྱི་བཟང་པོས་མཛད་པའི«སྡེ་བ་གཡས་རུ་བྱང་བའི་རྒྱལ་རབས་རིན་པོ་ཆེ་བསྟར་བ»ཞེས་པར། དེ་ལྟར་སེའུ་རྒྱལ་བོ་དང་། མི་ཉག་རྒྱལ་རྒོད་ཀྱི་གདུང་གི་རྒྱུད་པ་མ་ག་ཏ་རྡོ་རྗེ་གདན་གྱི་མཁན་པོ་འཛམ་བུའི་གླིང་དུ་ཉི་ཟླ་ལྟར་གྲགས་པའི་མཁས་གྲུབ་ཆེན་པོ་རྩ་མི་ལོ་ཙཱ་བའི་དབོན་པོའི་རིགས་སུ་འཁྲུངས་པ། བྱང་ཕྱོགས་མིའི་དབང་པོ་དག་གི་གདུང་རབས་བརྗོད་པ།[28] ཞེས་ཙ་མི་པཎ་ཆེན་ནི་མི་ཉག་རྒྱལ་རྒོད་དེ་ལིས་ཡོན་ཧོད(李元昊)ཀྱི་གདུང་རྒྱུད་ཡིན་པ་ཐག་བཅད་འདུག

ལུང་འདི་དག་གིས་ང་ཚོར་དཔྱད་པར་བྱ་བ་གཞན་ཞིག་ཡོད་པ་ནི། པཎ་ཆེན་སངས་རྒྱས་གྲགས་པ་ལགས་ཀྱིས་ཁོང་གི་མཛད་བྱང་དང་བསྒྱུར་བྱང་དག་ཏུ་མཚན་གྱི་དབུར་ཙ་མི་ཞེས་སྦྱར་འདུག་པ་འདིས། ཁོང་ནི་སྔོན་གྱི་ཙ་མི་རྒྱལ་པོའམ་གནམ་སའི་བདག་པོར་བསྔགས་པའི་མི་ཉག་གི་རྒྱལ་པོའི་གདུང་རྒྱུད་ཅིག་ལ་འཁྲུངས་པ་བསྟན་པ་ཡིན་ནོ་སྙམ་པའི་དོགས་པ་རང་དབང་མེད་པར་སྐྱེ་འོང་།

མདོར་ན། ཙ་མི་པཎ་ཆེན་སངས་རྒྱས་གྲགས་པ་ལགས་ནི་བྱང་ཕྱོགས་ཀན་སུའུ་མི་ཉག་གྷ་དང་། ལྷོ་ཕྱོགས་སི་ཁྲོན་ཁམས་ཀྱི་མི་ཉག་དང་། མཚོ་སྔོན་ཙོང་ཁའི་མི་ཉག་བཅས་ལས་དོན་དངོས་སུ་གང་དུ་འཁྲུངས་པ་ནི་མིག་སྔའི་དཔྱད་གཞིའི་དབང་གིས་ཚིག་ཐག་གཅོད་མི་ནུས་ན་ཡང་། གཅིག་ན་ཙ་མི་པཎ་ཆེན་མཆོག་ནི་བོད་ཀྱི་རུས་ཚན་ཆེན་མོ་ལྡོང་ལས་མཆེད་པའི་མི་ཉག་གི་རྒྱུད་དུ་འཁྲུངས་པ་ནི་ལོ་རྒྱུས་ཀྱི་དོན་དངོས་ཡིན་པ་དང་། གཉིས་ན་ཁོང་ནི་བྱེ་བྲག་ཏུ་མདོ་སྨད་ཙོང་ཁའི་ཕྱོགས་ཀྱི་མི་ཉག་གམ། ཁམས་དཀར་མཛེས་ཕྱོགས་ཀྱི་མི་ཉག་གང་དུ་འཁྲུངས་པ་ཡིན་ཀྱང་། ཁོང་སྐུ་བཞུགས་པའི་དུས་སྐབས་དེར་མི་ཉག་རྒྱལ་རབས་ཕྱོགས་ཡོངས་ནས་དར་བཞིན་པའི་སྐབས་ཡིན་པས། སྔོན་གྱི་ཆོས་འབྱུང་ལོ་རྒྱུས་ཁག་ཏུ་ཆེ་ས་ནས་མི་ཉག་གྷ་རུ་འཁྲུངས་ཞེས་བཀོད་པ་ཡིན་ཀྱང་སྲིད་སྙམ་སྟེ། བྱེ་བྲག་གི་ཡུལ་དེ་གཉིས་ཀྱང་ཁྱབ་ཆེ་ས་ནས་སྐབས་དེར་མི་ཉག་གྷ་ལ་གཏོགས་འོས་པ་དང་། གསུམ་ན་ཁོང་སྐུ་བཞུགས་པའི་དུས་ནི་དུས་རབས༡༡པའི་དུས་མགོ་ནས་དུས་རབས༡༢པའི་དུས་སྟོད་ཙམ་གྱི་བར་ཡིན་པ་དང་། བཞི་ན་ཁོང་གིས་རང་གི་བསྒྱུར་བྱང་དང་མཛད་བྱང་ཕལ་མོ་ཆེར་ཙ་མི་ཆེན་པོའམ། རྗེ་མི་ཉག་པ་ཆེན་པོ་ཞེས་བཀོད་ཡོད་པ་ནི། རང་ཉིད་གང་དུ་འཁྲུངས་པའི་ཡུལ་སྨོས་པ་ཁོ་ན་ཙམ་དང་རང་ཉིད་ཀྱི་ཆེ་བརྗོད་ཁོ་ན་ཙམ་མ་ཡིན་པར། རང་གང་དུ་འཁྲུངས་པའི་ཡུལ་ཕྱོགས་ཀྱི་ཆེ་ངོམས་སམ། རང་གང་དུ་གཏོགས་པའི་རིགས་རྒྱུད་ཀྱི་ཆེ་བརྗོད་ཀྱང་ཡིན་སྙམ་པའི་ངེས་ཤེས་འདྲོངས་ནུས།

གཉིས་པ། རྟེན་དེ་ལ་ལུང་རྟོགས་ཀྱི་ཡོན་ཏན་ཇི་ལྟར་བརྙེས་ཚུལ་ལ་དཔྱད་པ།

«གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད»ཅེས་པར། ཁོང་གིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་དང་དགེ་ཚུལ་དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཤིང་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་མཛད།[29] ཅེས་བྱུང་ཡང་ཁུངས་གང་ལ་གཏུགས་པ་རྙེད་དཀའ།

«དུས་འཁོར་རྟོགས་བརྗོད་དཔག་བསམ་སྙེ་མ»རུ། ཙ་མི་ནི་མི་ཉག་འགའི་ཡུལ་དུ་འཁྲུངས་གཞོན་ནུ་ནས་རྒྱ་གར་དུ་ཐེགས།[30] ཞེས་དང་། «དུས་འཁོར་སྤྱི་བཤད་མཁས་པའི་མགུལ་རྒྱན»དུ་ཡང་། ཙ་མི་ནི་སྐུ་གཞོན་ནུ་ནས་རྒྱ་གར་དུ་ཐེགས།[31] ཞེས་བྱུང་སྟེ། ཙ་མི་སངས་རྒྱས་གྲགས་པ་ཁོང་ཉིད་དགུང་ལོ་ཕྲ་མོ་ནས་རྒྱ་གར་དུ་ཕེབས་པར་དུས་འཁོར་གྱི་འགྲེལ་བ་སྔ་གྲས་མང་བོ་ཞལ་མཐུན།

བོད་དུ་བཞུགས་དུས་ཡི་གེའི་འབྲི་ཀློག་དང་ལེགས་སྦྱར་གྱི་སྐད་ལ་བག་ཆགས་འཇོག་པ་སོགས་ཐོས་བསམ་གྱི་སྔོན་འགྲོ་ཙམ་ནི་བསླབ་ཡོད་ཀྱང་སྲིད་མོད་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་རྒྱ་ཆེན་ནི་གཙོ་བོ་རྒྱ་གར་དུ་ཕེབས་རྗེས་གནང་བ་ཡིན་འདུག་སྙམ་སྟེ། གཅིག་ན་ཁོང་ཉིད་སྐུ་ན་གཞོན་པའི་དུས་སྐབས་ནི་བོད་དུ་སྦྱོར་སྒྲོལ་གྱི་ཆོས་ལོག་ཤིན་ཏུ་དར་ཆེ་བའི་སྐབས་ཡིན་པས་ཆོས་རྒྱུན་རྣམ་དག་རྙེད་དཀའ་བ་དང་། གཉིས་ན་བསྟན་པ་ཕྱི་དར་གྱི་དུས་མགོར་བོད་ཕྲུག་རྣམས་རྒྱ་བལ་སོགས་སུ་ལོ་ཙཱ་སློབ་ཏུ་བསྐྱོད་པའི་ཚ་རླབས་ལྟ་བུ་འཕྱུར་བཞིན་པའི་སྐབས་ཡིན་པས་སོ། །

«གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད»ཅེས་པའི་ཤོག་ངོས༡༣༦༢པར། ཁ་ཆེ་དང་བལ་ཡུལ་བརྒྱུད་རྒྱ་གར་དུ་ཕེབས་ཞེས་བྱུང་བ་མ་གཏོགས་ཡིག་ཚང་གཞན་དག་ཏུ་ཁོང་ཉིད་རྒྱ་གར་མ་ག་དྷར་བཞུགས་པའི་དཔྱད་གཞི་ཁོ་ན་ལས། རྒྱ་གར་གྱི་ཡུལ་ཕྱོགས་གཞན་དང་བལ་པོ་དང་ཁ་ཆེ་སོགས་སུ་བཞུགས་པའི་དཔྱད་གཞི་མཐོང་དཀོན་པར་གཞིགས་ན། ཁོང་ཉིད་རྒྱ་གར་དུ་ཕེབས་རྗེས་ཀྱི་ཐོས་བསམ་སྒོམ་གསུམ་བྱེད་སའི་གནས་གཙོ་བོ་ཡང་མ་ག་དྷ་སྟེ་ཡུལ་དབུས་ཉིད་ཡིན་པ་ཐག་བཅད་ཆོག

རྒྱ་གར་དུ་ཕེབས་ཏེ་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནི། «འབྲུག་པའི་ཆོས་འབྱུང»དུ། ཙ་མི་ནི་རྡོ་རྗེ་གདན་པ་ཆེན་པོའི་སློབ་མ།[32] ཞེས་པཎ་ཆེན་རྡོ་རྗེ་གདན་པ་ཆེན་པོ་དང་། «གུ་བཀྲའི་ཆོས་འབྱུང»དུ། རྩ་མི་སངས་རྒྱས་གྲགས་ཀྱིས་དུས་ཞབས་པ་ལས་གསན་ཏེ་བསྒྱུར་པ་རྩ་མི་ལུགས།[33] ཞེས་པཎ་ཆེན་དུས་ཞབས་པ་དང་། «མཁས་པའི་མགུལ་རྒྱན»དུ། བོ་དྷི་བྷ་དྲའམ་ཕྱིས་ན་ལེནྡྲར་བཞུགས་པས་ན་ལེནྡྲ་པར་ཡང་གྲགས། འདི་ལ་སློབ་མ་ཤིན་ཏུ་མང་ཞིང་མཆོག་ཏུ་གྱུར་པ་ཙ་མི་པཎྜི་ཏ།[34] ཞེས་པཎ་ཆེན་བོ་དྷི་བྷ་དྲའམ་རྡོ་རྗེ་གདན་པ་ཆུང་བ་དང་། «དཔག་བསམ་སྙེ་མ»རུ། པཎ་ཆེན་ཨ་བྷ་ཡ་ཀ་ར་གུཔྟ་ལ་བོད་ཀྱི་སློབ་མ་ཆེ་བར་གྲགས་པ་ལོ་ཙཱ་བ་གྲགས་པ་རྣམ་གསུམ་བྱུང་སྟེ། ཙ་མི་སངས་རྒྱས་གྲགས་པ།[35] ཞེས་པཎ་ཆེན་ཨ་བྷ་ཡ་ཀ་ར་གུཔྟ་སྟེ། འདི་དག་ནི་ཙ་མི་ཁོང་གི་བླ་མ་གཙོ་བོ་དག་རེད།

ཞོར་དུ་འདི་རྣམས་དང་དངོས་བརྒྱུད་ནས་འབྲེལ་བའི་པཎྜི་ཏ་གཞན་དག་སྟེ། དཔེར་ན་པཎ་ཆེན་ཤཱནྟི་པ་དང་། པཎ་ཆེན་ནཱ་རོ་པ། ཙནྡྲ་ཀིརྟི་ཀི་ཙུ། པཎ་ཆེན་ཏ་ཀ་ན་ཀ་ཤྲཱི། པཎ་ཆེན་དྷརྨ་པཱ་ལ་ལ་སོགས་པའི་པཎ་ཆེན་གཞན་མང་བོ་ལས་ཀྱང་དབང་ལུང་ཁྲིད་མན་ངག་མང་པོའི་ཆོས་འབྲེལ་ཐོབ་ཡོད་པ་ཤུགས་ལས་དཔག་ནུས། ཁོང་གིས་བསྟེན་པའི་བླ་མ་འདི་དག་ནི་སྐབས་དེར་མ་ག་དྷའི་ཕྱོགས་སུ་མཁས་པ་སྙན་གྲགས་ཅན་ནམ་བསྟན་པའི་མངའ་བདག་ཏུ་གྱུར་པ་ཤ་སྟག་ཡིན་ཚུལ«རྒྱ་གར་ཆོས་འབྱུང»དང་། «ཤེས་བྱ་ཀུན་ཁྱབ»། «ཅོ་ནེའི་བསྟན་འགྱུར་དཀར་ཆག»བཅས་ལ་མཇལ་ན་གསལ་བར་འགྱུར་ཏེ་འདིར་ཡིག་ཚོགས་སྐྱུང་ཕྱིར་མ་བཀོད།

ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ལུང་རྟོགས་གཉིས་ཀྱི་ཡོན་ཏན་ལ་མངའ་བརྙེས་ཚུལ་ནི། «དཔག་བསམ་སྙེ་མ»རུ། དངོས་སློབ་རྒྭ་ལོའི་ལོ་རྒྱུས་འཁོད་པའི་སྐབས་སུ། མཚན་གཞོན་ནུ་དཔལ་དུ་བཏགས། རྡོ་རྗེ་གདན་དུ་བྱོན་ནས་རྒྱལ་བོ་ར་མ་པཱ་ལ་ལ་བབས་པས། དེ་ན་རེ་ཁྱེད་ཅི་འདོད་པ་ཡིན་ཆོས་འཚོལ་ན་དཔལ་ན་ལེནྡྲ་ན་པཎྜི་ཏ་མང་བོ་བཞུགས། དེའི་ནང་ནས་ཀྱང་ཙ་མི་པཎྜི་ཏ་བྱ་བ་རིག་པའི་གནས་ལྔ་ལ་མཁས་ཤིང་ཚེའི་དངོས་གྲུབ་བརྙེས་པ་ཞིག་བཞུགས་ཀྱི་ཁྱེད་བོད་ཐམས་ཅད་དེར་འབབ་པ་ཡིན་པས་དེར་སོངས་ཤིག་ཟེར་བ་དང་། ཙ་མི་ནི་བོད་ཡིན་ང་རྒྱ་གར་དུ་འོངས་ནས་བོད་གཅིག་ལ་ཆོས་ཞུ་བ་མི་རིགས་མོད། འོན་ཀྱང་ལན་གཅིག་སོང་དང་སྙམ་སྟེ་བྱོན་ནས་གསེར་ཐམས་ཅད་དེར་བཅོལ་ལོ། །དེ་ནས་མ་ག་དྷ་དང་མཉན་ཡོད་སོགས་ཡུལ་ཀུན་ཏུ་ཙ་མི་ནི་བོད་ཡིན་ལ། ཁྱེད་རྒྱ་གར་ན་མཁས་ཤིང་གྲུབ་པ་ཐོབ་པ་སུ་ཡོད་ཅེས་དྲིས་པས། ཁ་མཐུན་པར་རྡོ་རྗེ་གདན་པ་ཨ་བྷ་ཡཱ་ཀ་ར་བྱ་བ་ཡོད་ཟེར་བས། དེའི་དྲུང་དུ་བྱོན་ནས་གསེར་སྲང་བདུན་གྱི་མཎྜལ་ཕུལ། དུས་རེ་ཞིག་ན་ཨ་བྷ་ཡས་ཙ་མི་ལ་ཆོས་ཉན་པ་ཚོར་ནས། ཨ་བྷ་ཡ་ལས་ཀྱང་ཙ་མི་ཆེ་བར་འདུག་པས། ད་དུང་པཎྜི་ཏ་གཞན་ཞིག་བཙལ་དགོས་སྙམ་ནས་གོས་ཕྱར་བུ་ཟས་གདན་གཅིག་པས་ལོ་གསུམ་བསོད་སྙོམས་མཛད་ཅིང་མཉན་ཡོད་ལ་སོགས་པ་ཐམས་ཅད་དུ་བྱོན། ཨ་བྷ་ཡ་མ་གཏོགས་པ་རྒྱ་གར་ན་སུ་ཆེ་དྲིས་པས། ཨུ་ཊྱན་ན་པཎྜི་ཏ་ཝཱ་ཀཱི་ཤྭ་ར་ངག་གི་དབང་ཕྱུག་བྱ་བ་ཡོད་ཟེར་བས་དེར་བཞུད་པར་དགོངས་ཏེ་ལམ་དུ་ཞུགས་ཁ་ཙམ་ན། པཎྜི་ཏ་གདུགས་སྤུ་རེ་བ་ཞིག་ན་ལེནྡྲར་བྱོན་པ་ལ་སུ་ཡིན་དྲིས་པས།ཙ་མིའི་སློབ་མ་ཨུ་ཊྱན་གྱི་པཎྜི་ཏ་ཝྭ་གི་ཤྭ་ར་ཡིན། སྔོན་ཙ་མི་ལ་ཞུས་པའི་དུས་འཁོར་གྱི་མན་ངག་རྣམས་ཕྱོགས་གཅིག་ཏུ་བསྡེབས་པའི་ཡི་གེ་ཞིག་ཞུར་བྱོན་པ་ཡིན་ཟེར། དེ་ལ་ཙ་མིས་སྦྱོར་བའི་ཕྲེང་བ་མཛད་དེ་གནང་། ད་ནི་ཙ་མི་དང་ཨ་བྷ་ཡ་ལས་ཆེ་བ་ཛམྦཱུའི་གླིང་ན་མ་རྙེད་ངོ་མཚར་ཆེ་སྙམ་ནས་གསེར་སྲང་ཞེ་བདུན་ཡོད་པའི་བཅུ་བཞག སོ་བདུན་ལ་མཎྜལ་བྱས་ནས་ཙ་མི་ལ་ཕུལ་ཏེ། བདག་ལ་ཚེ་འདི་ཉིད་ལ་སངས་རྒྱས་པའི་གདམས་ངག་དམིགས་པ་སྤོ་མི་དགོས་པ་ཞིག་ཞུ་བྱས་པས། སྦྱོར་དྲུག་གི་གདམས་ངག་གནང་སྟེ། ན་ལེནྡྲའི་མཐའ་ཞིག་ན་བོད་ཀྱི་གནས་གོ་ས་ལ་ཀྲ་མ་ཞེས་པར་འདག་སྦྱར་དང་སྨྲ་བཅད་བྱས་བསྒོམ།[36] ཞེས་དང་། «འབྲུག་པའི་ཆོས་འབྱུང»དུ། རྡོ་རྗེ་གདན་པ་ཆུང(བོ་དྷི་བྷ་དྲ)དང་ཕར་ཞུ་ཚུར་ཞུ།[37] ཞེས་དང་། པཎ་ཆེན་ཨ་བྷ་ཡཱ་ཀཱ་ར་གུཔྟའི་ལོ་རྒྱུས་གསུངས་སྐབས་སུ། བོད་ན་ཙ་མི་ལོ་ཙཱ་དང་གྲོགས་མཆེད། ཕར་གསན་ཚུར་གསན།[38] ཞེས་དང་། «མཁས་པའི་མགུལ་རྒྱན»དུ་ཡང་། པཎ་ཆེན་ཨ་བྷ་ཡའི་ལོ་རྒྱུས་ཀྱི་སྐབས། རྡོ་རྗེ་གདན་དུ་ཙ་མི་དང་ཕར་གསན་ཚུར་གསན་མཛད།[39]ཅེས་འཁོད་པ་དག་ལ་གཞིགས་ན། གཅིག་ན་ཙ་མིས་དང་ཐོག་དུས་སྐབས་དེར་རྒྱ་གར་ཡུལ་དབུས་སུ་སྙན་གྲགས་ཤིན་ཏུ་ཆེ་བའི་པཎྜི་ཏ་ཆེན་པོ་རྡོ་རྗེ་གདན་པ་ཆུང་བ་དང་པཎྜི་ཏ་ཆེན་པོ་ཨ་བྷ་ཡཱ་ཀཱ་ར་གུཔྟ་གཉིས་ཀྱང་བླ་མར་བསྟེན་ནས་ཐོས་བསམ་རྒྱ་ཆེན་བྱས་མོད། འོན་ཀྱང་ཁོང་ཚོ་ཚང་མ་བླ་མ་རྡོ་རྗེ་གདན་པ་ཆེན་པོའི་དངོས་སློབ་ཡིན་ཅིང་། ཕྱིས་ཙ་མི་སངས་རྒྱས་གྲགས་པ་ཁོང་ཉིད་མཁས་གྲུབ་ཆེན་པོར་གྱུར་ཚེ་དེ་དག་དང་གྲོགས་མཆེད་ལྟ་བུར་གྱུར་ཏེ་ཆོས་རྒྱུན་མང་བོ་ཕར་གསན་ཚུར་གསན་མཛད་པའང་དཔག་ནུས་པ་དང་། གཉིས་ན་འོག་ཏུ་འབྱུང་བ་བཞིན་དུ་ན་ལེནྡྲ་དང་རྡོ་རྗེ་གདན་གྱི་མཁན་པོར་བཞུགས་པ་དང་། རྒྱ་གར་ཤར་ནུབ་ཀུན་ཏུ་སྙན་གྲགས་ཁྱབ་ཅིང་ཀུན་གྱིས་ཚད་མར་བྱེད་པ་སོགས་ཀྱི་ལུང་གི་ཚིག་ཟུར་རེ་རེ་ནས་དཔྱད་ནུས་པ་ནི། ཙ་མི་དགུང་ལོ་གཞོན་ནུ་ནས་ཆོས་ཚིགས་དང་ས་ཚིགས་གཉིས་ཀྱི་ཡུལ་དབུས་རྒྱ་གར་མ་ག་དྷར་ཕེབས་ནས་ལེགས་ཚོགས་ཀུན་གྱི་འབྱུང་གནས་ནང་པའི་པཎ་ཆེན་མང་བོ་བསྟེན་པའི་བསྐལ་བཟང་མངོན་དུ་གྱུར་ཅིང་། ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པ་བྱས་པའི་ལག་རྗེས་སུ། ལུང་རྟོགས་ཀྱི་ཡོན་ཏན་ནམ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མཐའ་དག་ལ་མངའ་བརྙེས་འདུག

གསུམ་པ། དཔལ་ན་ལེནྡྲ་དང་རྡོ་རྗེ་གདན་གཉིས་ཀྱི་མཁན་པོར་བཞུགས་ཚུལ་དང་བཞུགས་ཡུན་ལ་དཔྱད་པ།

«དཔག་བསམ་སྙེ་མ»རུ། ཙ་མི་ནི་མི་ཉག་འགའི་ཡུལ་དུ་འཁྲུངས་གཞོན་ནུ་ནས་རྒྱ་གར་དུ་ཐེགས་ཏེ་དུས་ཞབས་པ་དང་། ཨ་བྷ་ཡ་སོགས་པཎ་གྲུབ་མང་བོ་བསྟེན་ནས་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་ལ་མངའ་བརྙེས་པས་རྒྱ་གར་ཤར་ནུབ་ཐམས་ཅད་དུ་མཁས་པར་གྲགས་ཤིང་། འགྲན་ཟླ་མ་མཆིས་པར་ཀུན་གྱིས་ཚད་མར་འཛིན། པཎྜི་ཏ་ཐམས་ཅད་ཀྱིས་དྲི་གཏུག་དང་། འབེལ་བའི་གཏམ་གྱི་དཔང་པོ་དང་། མན་ངག་ལེན་པའི་གནས་སུ་བྱེད། བསྙེན་པར་རྫོགས་པའི་མཚན་སངས་རྒྱས་གྲགས་སུ་བཏགས། རྒྱུད་སྡེ་མཐའ་དག་གི་མཛོད་འཛིན་པ། མཆོག་གི་དངོས་གྲུབ་བརྙེས་ཤིང་ཚེའི་རིག་འཛིན་གྲུབ་པས། ཨ་བྷ་ཡ་ལས་ཀྱང་རྟོགས་པ་མཐོ་བར་གྲགས་པ། རྡོ་རྗེ་གདན་དང་། ན་ལནྡྲའི་མཁན་པོ་མཛད།[40] ཅེས་འཁོད་འདུག་སྟེ། དོན་བསྡུས་པ་ཙམ་ནི«མཁས་དགའ»ཡི་ཤོག་ངོས༣༩༩རུ། རྒྱ་གར་དུ་མཁས་ཤིང་དངོས་གྲུབ་ཐོབ་ནས་རྡོ་རྗེ་གདན་དུ་སྟོན་པའི་རྒྱལ་ཚབ་མཛད་ཅེས་གསུངས་ཡོད་པ་དང་། «མཁས་པའི་མགུལ་རྒྱན»དུ་ཡང་། ཨ་བྷ་ཡ་ཀ་རའི་སློབ་མ་རྣམས་ལས་མཆོག་ཏུ་གྱུར་པ་ཙ་མིས་བོ་དྷི་བྷ་དྲ་དང་ཨ་བྷ་ཡ་སོགས་པཎ་གྲུབ་བསྟེན། དུས་འཁོར་གཙོ་བོར་གྱུར་པའི་གྲུབ་མཐའ་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར། མཆོག་གི་དངོས་གྲུབ་བརྙེས་ཤིང་ཚེའི་རིག་འཛིན་ཀྱང་གྲུབ། ཨ་བྷ་ཡ་ལས་ཀྱང་རྟོགས་པ་མཐོ་བར་གྱུར་པས་རྡོ་རྗེ་གདན་དང་ན་ལེནྡྲའི་མཁན་པོ་ཡང་མཛད། ཨ་བྷ་ཡ་དང་ཕར་གསན་ཚུར་གསན་མཛད། རྒྱ་གར་ཕྱོགས་ཐམས་ཅད་ནས་པཎ་ཆེན་ཀུན་གྱིས་ཚད་མར་བཀུར། འབེལ་གཏམ་གྱི་དཔང་པོ་དང་མན་ངག་གི་ཞུ་སར་མཛད། ཤིན་ཏུ་མཁས་གྲུབ་འཛོམས་པས་རྒྱ་གར་རྣམས་པཎྜི་ཏ་དང་། འགྱུར་མཛད་པས་བོད་རྣམས་ལོ་ཙཱ་བར་མཚན་གསོལ།[41] ཞེས་དང་། «བསྟན་རྩིས་ཀུན་བཏུས»སུ་ཡང་། ཙ་མི་སངས་རྒྱས་གྲགས་པས་ན་ལེནྡྲའི་མཁན་པོ་མཛད་ཅེས་རྗེ་ཞྭ་དམར་བའི་ཟིན་བྲིས་སོགས་སུ་འབྱུང་།[42] ཞེས་བྱུང་བའི་ལུང་ཚིག་དེ་དག་གི་ཟུར་རེ་རེ་ནས་དཔྱད་ཚེ་གོ་རྒྱུའི་གནད་ཆེ་མོད་མདོར་བསྡུས་ན། ཙ་མི་སངས་རྒྱས་གྲགས་པ་ལགས་ནི་བསྟན་པ་ཕྱི་དར་གྱི་དུས་མགོར་བྱོན་པའི་བོད་ཀྱི་ལོ་ཙཱ་བ་གྲགས་ཅན་ཞིག་ཡིན་པར་མ་ཟད། བོད་ཀྱི་ལོ་ཙཱ་བ་གཞན་དག་དང་མི་མཚུངས་པའི་ཆ་ནི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མ་ཚང་བ་མེད་པ་དང་། ལུང་རྟོགས་ཀྱི་ཡོན་ཏན་གཉིས་མཐར་ཕྱིན་པའི་མཁས་གྲུབ་ཉིས་འཛོམས་དང་། ནང་བ་ཙམ་མ་ཟད་ཕྱི་རོལ་པའི་གྲུབ་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པ་དང་། རྒྱ་གར་ཤར་ནུབ་ཐམས་ཅད་དུ་མཁས་པར་གྲགས་ཤིང་འགྲན་ཟླ་མ་མཆིས་པར་ཀུན་གྱིས་ཚད་མར་འཛིན་པའི་པཎྜི་ཏ་ཡིན་པ་དང་། དཔལ་ན་ལེནྡྲ་དང་རྡོ་རྗེ་གདན་གཉིས་ཀྱི་མཁན་པོར་བཞུགས་པ་རྣམས་ལོ་རྒྱུས་ཀྱི་དོན་དངོས་ཡིན་ལ། བོད་ཀྱི་ལོ་རྒྱུས་སྟེང་དུ་རྡོ་རྗེ་གདན་དང་དཔལ་ན་ལེནྡྲའི་ཆོས་སྡེར་མཁན་པོ་མཛད་པའི་སྐྱེས་ཆེན་གཅིག་པུའང་ཡིན་འདུག

མཁན་པོར་བཞུགས་དུས་དང་བཞུགས་ཡུན་ནི། «རྒྱ་གར་ཆོས་འབྱུང»དུ། རཱ་མ་པཱ་ལ་འདས། དེ་རྗེས་ཡཀྵ་པཱ་ལས་ལོ་གཅིག་རྒྱལ་སྲིད་བྱས། དེ་ནས་བློན་པོ་ལ་ཝ་སེ་ན་ཞེས་བྱ་བས་རྒྱལ་སྲིད་ཕྲོགས་ཏེ། དེ་དག་གི་རིང་ལ་བི་ཀྲ་མ་ཤཱི་ལར་སློབ་དཔོན་ཤུ་བྷ་ཨཱ་ཀ་ར་གུཔྟ་དང་། རྡོ་རྗེ་གདན་ན་རྩ་མི་སངས་རྒྱས་གྲགས་བཞུགས།[43]ཞེས་འཁོད་འདུག་ལ། «ཆོས་འབྱུང་དཔག་བསམ་ལྗོན་བཟང»དུ་ཡང་དེའི་དོན་དང་མཐུན་པར་གསུངས་འདུག[44]པ་འདིས་ཙ་མི་པཎྜི་ཏ་ལགས་རྡོ་རྗེ་གདན་གྱི་མཁན་པོ་མཛད་དུས་ནི་རྒྱལ་བོ་རཱ་མ་པཱ་ལའི་བུ་ཡཀྵ་པཱ་ལ་དང་རྒྱལ་བོ་ལ་ཝ་སེ་ནའི་སྐབས་ཡིན་པ་ཤེས།

གོང་གི་ལུང་ལས་སློབ་དཔོན་ཤུ་བྷ་ཨཱ་ཀ་ར་གུཔྟ(བུ་བྷ་ཡཱ་ཀ་ར་གུཔྟ)ནི་པཎ་ཆེན་ཨ་བྷ་ཡ་ཀ་རའི་དངོས་སློབ་ཡིན་ལ་བླ་མ་གཤེགས་རྗེས་ཁོང་རང་བི་ཀྲ་མ་ལ་ཤཱི་ལའི་མཁན་པོར་བཞུགས་ཚུལ«རྒྱ་གར་ཆོས་འབྱུང»དུ་གསུངས་འདུག པཎ་ཆེན་ཨ་བྷ་ཡ་ཀ་ར་ནི«བསྟན་རྩིས་ཀུན་བཏུས»སོགས་སུ་སྤྱི་ལོ༡༡༢༥ལོར་འདས་པར་བཤད་པ་ལྟར་བརྩིས་ཚེ། ཙ་མི་པཎྜི་ཏ་རྡོ་རྗེ་གདན་གྱི་མཁན་པོར་བཞུགས་པའི་དུས་ཀྱང་རགས་བཤད་ཙམ་དུ་སྤྱི་ལོ༡༡༢༥ཡི་ཡས་མས་ནས་སྤྱི་ལོ༡༡༣༨ཙམ་སྟེ་ཁོང་སྐུ་གཤེགས་རེག་བར་དུ་ཡིན་དགོས་ཤིང་། དཔལ་ན་ལེནྡྲའི་མཁན་པོར་ནི་དེའི་ཡར་སྔོན་ནས་བཞུགས་པ་ཡིན། བི་ཀྲ་མ་ལ་ཤི་ལའི་དགོན་པར་མཚོན་ན་མཁན་པོ་སྔོན་མ་ཕལ་ཆེ་བའི་བཞུགས་ཡུན་ལོ་བཅུ་གཉིས་རེ་ངེས་ཅན་ཡིན་ཚུལ་རྒྱ་གར་ཆོས་འབྱུང་དུ་གསུངས་པ་ལྟར་ན་ཙ་མི་པཎ་ཆེན་ཡང་ན་ལེནྡྲ་དང་རྡོ་རྗེ་གདན་གཉིས་ལ་ལོ་བཅུ་གཉིས་རེར་བཞུགས་པ་ཡིན་ཀྱང་སྲིད།

བཞི་། མཁས་གྲུབ་ཆེན་པོར་གྱུར་རྗེས་བསྟན་འགྲོ་ལ་བྱ་བ་ཇི་ལྟར་བྱས་ཚུལ་ལ་དཔྱད་པ།

ཙ་མི་པཎ་ཆེན་གྱིས་རྒྱ་གར་བའི་བུ་སློབ་གྲགས་ཆེན་མང་བོ་བསྐྱངས་ཚུལ་ནི། «འབྲུག་པའི་ཆོས་འབྱུང»དུ། ཨ་བྷ་ཡཱ་ཀཱ་ར་གུཔྟ་ཡིས་སློབ་མའི་ཚོགས་དཔག་ཏུ་མེད་པ་བསྐྱངས་ཤིང་རྒྱ་གར་ན་མཆོག་ཏུ་གྱུར་པ་དྲུག་བགྲང་ཡོད་པ[45]དང་། «མཁས་པའི་མགུལ་རྒྱན»དུ། སློབ་དཔོན་ཨ་བྷ་ཡའི་སློབ་མ་གྲགས་ཆེན་བཞི་བགྲང་ཡོད་པ[46]དང་། «རྒྱ་གར་ཆོས་འབྱུང»ལས། རྒྱལ་བོ་སེ་ན་བཞིའི་རིང་ལ་སྡོམ་བརྩོན་རྡོ་རྗེ་འཛིན་པ་གསུང་རབ་རྒྱ་མཚོའི་ཕ་རོལ་དུ་སོན་པ་མ་ཧཱནྟ་ཉི་ཤུ་རྩ་བཞིར་གྲགས་པ་རྣམས་བྱུང་།[47] ཞེས་བྱུང་སྟེ། འདི་དག་ནི་དངོས་བསྟན་དུ་སློབ་དཔོན་ཨ་བྷ་ཡ་ཀ་རའི་སློབ་རྒྱུན་ལ་བགྲང་བ་ཡིན་མོད། ཨ་བྷ་ཡ་ཀ་ར་དང་ཙ་མི་པཎ་ཆེན་གཉིས་ཀ་སློབ་དཔོན་རྡོ་རྗེ་གདན་པ་ཆེ་ཆུང་གཉིས་ཀའི་དངོས་སློབ་ཡིན་ཅིང་། ཁོང་གཉིས་ནི་སློབ་དཔོན་གཅིག་ལས་བྱུང་བའི་གྲོགས་མཆེད་དང་། གདམས་པ་ཕར་གསན་ཚུར་གསན་མཛད་པས་ཕན་ཚུན་ཕྱོགས་གཉིས་ཀར་བླ་སློབ་ཏུ་གྱུར་པ་དང་། ཐ་ན«དེབ་སྔོན»དུ། ཨ་བྷ་ཡ་ནི་ཙ་མིའི་ཡང་སློབ་མ་ཡིན་ནོ། །[48]ཞེས་དང་། དེ་བཞིན་གོང་དུ་རྡོ་རྗེ་གདན་པ་ཆུང་བས་ཀྱང་ཙ་མི་པཎ་ཆེན་དང་ཕར་གསན་ཚུར་གསན་མཛད་ཚུལ་དང་། དེའི་ཁྲོད་ཀྱི་ཨོ་རྒྱན་པ་ཝཱ་གི་ཤྭ་ར་ནི་ཙ་མི་པཎ་ཆེན་གྱི་སློབ་མ་ཡིན་ཚུལ་གོང་གི་ལུང་ལས་དངོས་སུ་བྱུང་བ་དང་། ཁྱད་པར་དུ་ཙ་མི་ཁོང་ཉིད་ན་ལེནྡྲ་དང་རྡོ་རྗེ་གདན་གྱི་མཁན་པོར་བཞུགས་ནས་བསྟན་པ་ཡུན་རིང་བསྐྱངས་པ་དག་ལ་གཞིགས་ཚེ། གོང་དུ་བགྲང་པའི་ཨ་བྷྱ་ཀ་རའི་སློབ་མ་དེ་དག་དང་མ་ཧཱནྟ་ཉི་ཤུ་རྩ་བཞི་སོགས་ཀྱང་ཙ་མི་པཎ་ཆེན་གྱིས་རྒྱ་གར་དུ་བསྐྱངས་པའི་དངོས་བརྒྱུད་ཀྱི་སློབ་མ་ཡིན་པ་རིགས་པས་དཔག་ནུས་སོ། །

དེ་ལྟར་ཙ་མིས་རྒྱ་གར་དུ་བསྟན་པ་སྤེལ་བར་མཛད་པ་རླབས་ཆེ་བ་ལ་དམིགས་ནས«འབྲུག་པའི་ཆོས་འབྱུང»དུ། ཙ་མི་ནི་བོད་མི་རྒྱ་གར་དུ་ཕྱིན་པ་ལ་འཕྲིན་ལས་ཆེ།[49] ཞེས་སྤྱི་སྡོམ་ལྟ་བུའི་ཚིག་གསུངས་འདུག་སྟེ་ཐུགས་ཤིན་ཏུ་མད་ཅིང་། ཁོང་ཉིད་ཡུལ་དབུས་ཀྱི་བསྟན་འགྲོའི་དོན་དུ་སྐུ་ཚེ་གང་བོར་མ་ག་དྷར་བཞུགས་པའི་དགོངས་གཞིའང་དེ་ལས་མ་འདས་ལ། ཁོང་གི་དགོངས་གཞི་ལྟར་དུ་འགྲུབ་ཀྱང་འདུག་གོ་སྙམ་ནས་ངོ་མཚར་རོ། །

བོད་ཀྱི་བུ་སློབ་བསྐྱངས་ཚུལ་ནི། «དཔག་བསམ་སྙེ་མ»དང་། «མཁས་པའི་མགུལ་རྒྱན»གཉིས་སུ། ཙ་མིས་བོད་ཀྱི་སློབ་མ་རྣམས་ལ་ལྷག་པར་ཡང་ཐུགས་བརྩེ། དུས་འཁོར་འགྲེལ་ཆེན་གྱི་འགྱུར་ཡང་མཛད་ནས་གནང་ཞེས་འཁོད་པ་དང་། «མཁས་པའི་མགུལ་རྒྱན»དུ། ཙ་མིའི་སློབ་མ་དཔལ་ཆེན་རྒྭ་ལོ། སྟེང་པ་ལོ་ཙཱ་བ། སེ་ལོ་ཙཱ་བ། ལྡི་རི་ལོ་ཙཱ་བ། ཤེའུ་ལོ་ཙཱ་བ་བཅས་ཀྱང་བྱོན།[50]ཅེས་བོད་ལ་དུས་འཁོར་དང་ཀྱེ་རྡོར་གྱི་ཆོས་རྒྱུན་སྤེལ་མཁན་གཙོ་བོ་དེ་དག་ཀྱང་ཙ་མིས་རྒྱ་གར་དུ་བསྐྱངས་ཚུལ་གསུངས་འདུག

འདི་དག་ནི་སློབ་མའི་གཙོ་བོ་དག་དཔེ་མཚོན་ཙམ་དུ་དྲངས་པ་སྟེ། དེ་དག་ལས་གཞན་ཡང་དིང་རི་ཆོས་ཀྱི་གྲགས་པ་དང་། རོང་གླིང་ལོ་ཙཱ་བ་རྡོ་རྗེ་དབང་ཕྱུག ལོ་ཙཱ་བ་ཏྲེ་བོ་ཤེས་རབ་དཔལ། ལོ་ཙཱ་བ་རག་ཐོས་པ་དགའ། ལོ་ཙཱ་བ་མཚུར་སྟོན་དབྱིག་རྒྱལ། རྭ་ལོ་རྡོ་རྗེ་གྲགས། ལོ་ཙཱ་བ་སྤོང་ཞོ་གསལ་བ་གྲགས། རྭ་ལོ་ཙཱ་བ་ཆོས་རབ། ལོ་ཙཱ་བ་ཁེ་གད་འཁོར་ལོ་གྲགས་པ། ལོ་ཙཱ་བ་གཉོས་འབྱུང་པོ། ལོ་ཙཱ་བ་དཔྱལ་ཀུན་དགའ་རྡོ་རྗེ། ལོ་ཙཱ་བ་རྒྱུས་སྨོན་ལམ་གྲགས། གཉན་ལོ་ཙཱ་བ་དར་མ་གྲགས་པ། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་པ། ལོ་ཙཱ་བ་འ་ཞ་རྒྱ་གར་བརྩེགས། ལོ་ཙཱ་བ་མལ་གྱོ་བློ་གྲོས་གྲགས་པ། རྔོག་ལོ་བློ་ལྡན་ཤེས་རབ། འཁོན་ཕུ་བ་ཆོས་ཀྱི་རྒྱལ་པོ། རྨ་ལོ་ཆོས་འབར། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པ། པ་ཚབ་ཉི་མ་གྲགས། ལོ་ཙཱ་བ་འུ་ཡུག་པ། གྱི་ལྗང་དབུ་དཀར། ཁྱུང་པོ་ཆོས་བརྩོན། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། མར་ཐུང་དད་པ་ཤེས་རབ། མར་དོ་ཆོས་དབང་། ཀློག་སྐྱ་ཤེས་རབ་བརྩེགས། ལོ་ཙཱ་བ་འགོས་ཁུག་པ་ལྷས་བཙས། སྒྲ་བསྒྱུར་མར་པ། གྱི་ཇོ་ཟླ་བའི་འོད་ཟེར། ཟངས་དཀར་གཞོན་ནུ། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། ལོ་ཙཱ་བ་རིན་ཆེན་བཟང་པོ། ལོ་ཆུང་གྲགས་འབྱོར་ཤེས་རབ། ལོ་ཙཱ་བ་མ་གཅིག་ཞ་མ་སོགས་ཏེ། མདོར་ན་དུས་སྐབས་དེར་བོད་ནས་མ་གྷ་དྷར་ཕེབས་ཚད་ཀུན་གྱི་བླ་མར་གྱུར་འདུག་པའི་ཚོད་ཡིན་ཏེ་ལུང་རྣམས་མང་དོགས་ནས་མ་དྲངས།

གཞན་ཡང་། གོང་དུ་དྲངས་པའི་ལུང་ལས། ཁྱེད་བོད་ཐམས་ཅད་དེར་འབབ་པ་ཡིན་ཞེས་དང་། ན་ལེནྡྲའི་མཐའ་ཞིག་ན་བོད་ཀྱི་གནས་གོ་ས་ལ་ཀྲ་མ་ཞེས་པར་བསྒོམ་དུ་བཅུག་ཅེས་དང་། ཙ་མིས་བོད་ཀྱི་སློབ་མ་རྣམས་ལ་ལྷག་པར་ཡང་ཐུགས་བརྩེ་ཞེས་འཁོད་པ་དེ་དག་གིས་ཙ་མིས་བོད་ཀྱི་སློབ་གཉེར་པ་མང་བོ་ཇི་ལྟར་བསྐྱངས་ཚུལ་རྟོགས་ནུས་ཤིང་། དུས་སྐབས་དེ་དག་ཏུ་བོད་པའི་ཆོས་སློབ་མཁན་རྣམས་མ་ག་དྷར་འབྱོར་རྗེས་ཕལ་ཆེ་བས་ཆོས་དང་འཚོ་བ་གང་ཐད་བསྟེན་ས་ནི་ཙ་མི་པཎ་ཆེན་ཡིན་ངེས་ལ། འཚོ་བའི་དཀའ་ཁག་ལ་དམིགས་ཏེ་བོད་ནས་ཕེབས་པ་རྣམས་ལ་ཆེད་དུ་བོད་ཀྱི་བསྟི་གནས་གོ་ས་ལ་ཀྲ་མ་ཞེས་པའི་སྡོད་གནས་ཤིག་ཀྱང་ལོགས་སུ་བཀོད་སྒྲིག་བྱས་ཡོད་པ་དཔག་ནུས་ཤིང་། ཆེས་མང་དུས་བོད་ཀྱི་སློབ་གཉེར་པ་ཉིས་བརྒྱ་ཙམ་འཛོམས་པར་གྲགས་འདུག

བོད་ཀྱི་བུ་སློབ་རྣམས་ལས་གངས་ཅན་གྱི་ལྗོངས་འདིར་ཙ་མིའི་ལུགས་ཀྱི་ཆོས་རྒྱུན་དྲི་མ་མེད་པ་འཕེལ་ཚུལ་ནི། «མཁས་པའི་མགུལ་རྒྱན»དུ། ཙ་མིའི་སློབ་མ་རྣམས་ཀྱིས་བོད་དུ་དུས་འཁོར་གྱི་རྒྱུན་སྤེལ།[51] ཅེས་དང་། «འབྲུག་པའི་ཆོས་འབྱུང»དུ། རྒྭ་ལོ་གཞོན་ནུ་དཔལ་ཡང་རྒྱ་གར་དུ་གྲུབ་ཐོབ་ཀྱི་གྲགས་པ་ཐོན། བོད་དུ་ཆོས་སྐྱོང་ཕྱག་བཞིའི་སྐོར་ལ་ཁོང་དང་སྟེང་ལོ། ཁེ་གད་རྣམས་སྐུ་དྲིན་ཆེ།[52] ཞེས་དང་། ཡང«དེབ་སྔོན»དུ། རྒྭ་ལོ་ཙཱ་བས་ནི་ཙ་མི་ལ་ཡན་ལག་དྲུག་གི་མན་ངག་མནོས་སོ། །བསྒོམས་པས་གྲུབ་པ་བརྙེས་ཏེ་གྲགས་པས་ཟངས་གླིང་གི་བར་དུའང་ཁྱབ། བོད་དུ་བྱོན་ནས་ཞང་ཚལ་བ་ལ་སོགས་ལ་གདམས་པ་དེ་གནང་། དབུས་གཙང་དང་མདོ་ཁམས་ཀྱི་སའི་ཆ་རྣམས་སུ་དབང་དང་གདམས་པས་གཞན་གྱི་དོན་མང་དུ་མཛད།[53] ཅེས་དང་། སེ་ལོ་ཙཱ་བ་གཞོན་ནུ་ཚུལ་ཁྲིམས་ཀྱིས་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཙ་མི་ལ་ཚར་གཉིས་གསན། སེ་ལོས་བོད་དུ་བྱོན་ནས་གཉོས་དར་མ་འོད་ལ། དེས་དུས་འཁོར་བ་བཀྲ་ཤིས་རིན་ཆེན་ལ། དེས་དུས་འཁོར་བ་སངས་རྒྱས་རྡོ་རྗེ་ལ། དེས་དཔལ་ཨུ་རྒྱན་པ་ལ། དེས་ནི་ལ་སྟོད་དང་ཡར་ཀླུངས་སོགས་སུ་ཙ་མི་འགྱུར་གྱི་སྟེང་ནས་བཤད་པ་མང་དུ་མཛད་དོ། །སྙེ་མདོ་བས་གྲུབ་ཆེན་པ་ལས་གསན་ནས་ཕྱིས་ཆོས་རྗེ་རང་བྱུང་བ་ལ་གསུངས་པ་ཡང་ཙ་མིའི་འགྱུར་ཉིད་དོ། །[54] ཞེས་དང་། «འབྲུག་པའི་ཆོས་འབྱུང»དུ། སེ་ལོས་ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་ལ་ཞུས་ནས་གཉོས་འོད་ལ་གནང་། དེ་ནས་རིམ་གྱིས་བརྒྱུད་དེ་ཙ་མི་ལུགས་ཀྱི་བཤད་ཀ་བྱུང་། དེ་ལྟར་དུས་ཀྱི་འཁོར་ལོ་འགྱུར་མི་གཅིག་པ་ཉི་ཤུ་རྩ་ལྔ་ཙམ་ཡོད་པ་བོད་དུ་དར་བར་གྱུར།[55] ཅེས་དང་། «དཔག་བསམ་སྙེ་མ»རུ། ཁོང་གི་བུ་སློབ་གཉལ་རོང་གླིང་ལོ་ཙཱ་བ་རྡོ་རྗེ་དབང་ཕྱུག་གིས་ཀྱང་གཞུང་གདམས་ངག་མང་དུ་གསན་ཅིང་། ཁྱད་པར་དུ་དུས་འཁོར་ལ་མཁས་པར་གྱུར་ནས་བོད་དུ་ཕེབས་ཏེ་རོང་གླིང་དུ་སོགས་ཀ་ཞེས་པའི་དགོན་གནས་བཏབ་སྟེ་སློབ་རྒྱུན་བསྐྱངས་ཚུལ་གསུངས་འདུག[56]ཅེས་དང་། དངོས་སློབ་སྟེང་པ་ལོ་ཙཱ་བས་ཀྱང་དུས་འཁོར་རྒྱུད་འགྲེལ་དང་། གསང་འདུས་འཕགས་སྐོར། ཉི་ཁྲི་གཞུང་འགྲེལ། འདུལ་བ་རང་འགྲེལ། སྐྱེས་རབས། སྒྲུབ་ཐབས་བསྡུས་པ་ཆེན་པོ། བྱེ་བྲག་བཤད་མཛོད་ཆེན་མོའི་སུམ་གཉིས་སོགས་གཞི་འགྱུར་དང་འགྱུར་བཅོས་མང་བོ་མཛད་ཅིང་། དེ་ལས་བཀའ་གདམས་པའི་དགེ་བཤེས་གྲོ་ལུང་བ་ཆེན་པོ་དང་ཆག་ལོ་ཙཱ་བ་སོགས་མཁས་པ་ཆེ་དགུ་མང་བོ་ལ་གདམས་པ་རིམ་གྱིས་སྤེལ་བ་དང་། དེ་བཞིན་དངོས་སློབ་ཁམས་པ་ཤེའུ་ལོ་ཙཱ་བ་ལས་རྒྱ་ཕོ་བ་ལུང་བ་དང་། དེས་སྙེ་མདོ་ཐམས་ཅད་མཁྱེན་པ། དེས་སྙེ་མདོ་ཀུན་དགའ་དོན་འགྲུབ་དང་། ཀརྨ་པ་རང་བྱུང་རྡོ་རྗེ་སོགས་ལ་རིམ་གྱིས་བརྒྱུད་པ་དང་། བཀའ་བརྒྱུད་པའི་ཆོས་བརྒྱུད་འཛིན་པ་མང་བོ་སྐབས་དེའི་བྱང་གི་མི་ཉག་རྒྱལ་ཁམས་ཡངས་པོར་ཆོས་རྒྱུན་སྤེལ་བར་རིམ་པར་ཕེབས་པས། མི་ཉག་རྒྱལ་ཁམས་དང་བཀའ་བརྒྱུད་པ་གཉིས་ཀྱི་དབར་དམིགས་བསལ་འབྲེལ་བ་གྲུབ་ཅིང་། ཕྱིས་སོག་ཡུལ་ལའང་སྤེལ་བ་སོགས་ཡི་གེ་མང་དོགས་ནས་མ་སྤྲོས།

ཆོས་རྒྱུན་སྤེལ་བར་འབྲེལ་ཆེ་བ་འགའ་ཞིག«དེབ་སྔོན»གྱི་ཤོག་ངོས༩༧༨དང་། «དཔག་བསམ་སྙེ་མ»ཡི་ཤོག་ངོས༡༠༦དང་། «གུ་བཀྲའི་ཆོས་འབྱུང»[57]བཅས་ལའང་གསལ།

མདོར་ན་གོང་གི་ལུང་འདི་དག་ལས་དཔྱད་ནུས་པ་ནི། ཙ་མི་པཎྜི་རང་ཉིད་དགོངས་གཞི་ཁྱད་པར་ཅན་ལ་དམིགས་ནས་བོད་དུ་ཕྱིར་ཕེབས་མ་ཐུབ་ཀྱང་ཁོང་གི་སློབ་རྒྱུན་རྣམས་ཀྱི་བཀའ་དྲིན་གྱིས་རྒྱ་གར་དང་བོད་དུ་ཆོས་རྒྱུན་མང་བོ་འཕེལ་ཞིང་། ཁྱད་པར་དུ། དུས་འཁོར་དང་དགྱེས་རྡོར་ལ་ཙ་མིའི་ལུགས་ཞེས་ད་ལྟའི་བར་དུ་སྙན་གྲགས་ཆེ་ལ་གྲུབ་མཐའ་མང་པོར་ཁྱབ་ཡོད་པ་འདི་ལྟར་དང་། མགོན་པོ་དང་གསང་འདུས། སྒྲུབ་ཐབས་སྣ་ཚོགས་སོགས་ཀྱི་ཆོས་རྒྱུན་འདྲེས་མ་མང་བོ་ལའང་ཁོང་ཉིད་སྐུ་དྲིན་ཆེ།

སྒོས་སུ་བསམ་འོས་པ་ཞིག་ནི། ཀརྨ་བཀའ་བརྒྱུད་པའི་རྗེ་ཀརྨ་རང་བྱུང་རྡོ་རྗེ་དང་། ཚལ་བ་བཀའ་བརྒྱུད་པའི་སྲོལ་འབྱེད་འགྲོ་མགོན་གཡུ་བྲག་པ། བཀའ་གདམས་པའི་དགེ་བཤེས་ཆེན་པོ་གྲོ་ལུང་བ། ས་སྐྱ་པའི་ས་ཆེན་ཀུན་དགའ་སྙིང་པོ། དེ་བཞིན་བོད་ཧོར་ཨོ་རྒྱན་དང་བཅས་པར་འཕྲིན་ལས་ཆེ་བའི་གྲུབ་ཆེན་ཨུ་རྒྱན་པ། ཧོར་དང་མི་ཉག་ཏུ་འཕྲིན་ལས་ཆེ་བའི་གཙང་པ་དུང་ཁུར་པ་སོགས་མཛད་འཕྲིན་ནམ་མཁའ་དང་མཉམ་པ་མང་པོའང་ཁོང་གི་སློབ་རྒྱུན་ཡིན་ན། དེ་དག་དང་འབྲེལ་ནས་ཆོས་རྒྱུན་དང་བུ་སློབ་མང་པོས་ས་སྟེང་ཁྱབ་པ་ནི་སྨོས་ཅི་དགོས། དེ་དག་གིས་ཙ་མི་ཁོང་བོད་དུ་དངོས་སུ་ཕེབས་མ་ཐུབ་ཀྱང་། ཁོང་གི་སློབ་རྒྱུན་རྣམས་ཀྱིས་དངོས་བརྒྱུད་ནས་བསྟན་པ་ཕྱི་དར་གྱི་སྐབས་སུ་བོད་དུ་གསང་སྔགས་གསར་མ་སྤེལ་བའི་ཐད་ལ་བཞག་པའི་མཛད་རྗེས་དཔྱད་ནུས་སོ། །

བསྟན་བཅོས་མང་བོ་མཛད་ནས་བསྟན་པ་ལ་བྱ་བ་བྱས་ཚུལ་ནི། «དཔག་བསམ་སྙེ་མ»ཡི་ཤོག་ངོས༡༠༦ལ། ཙ་མིའི་སྦྱོར་ཕྲེང་དགེ་ཚུལ་ཤེས་རབ་དཔལ་གྱིས་འགྱུར་ཞེས་དང་། «བུ་སྟོན་ཆོས་འབྱུང»དུའང་། སློབ་དཔོན་ཙ་མི་སངས་རྒྱས་གྲགས་པས་མཛད་པའི་སྦྱོར་བའི་ཕྲེང་བ་ཤེས་རབ་དཔལ་གྱིས་འགྱུར།[58] ཞེས་དང་། «གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད»དུ། བསྟན་འགྱུར་ལས་སྦྱོར་བའི་ཕྲེང་བ་པཎྜི་ཏ་རྩ་མི་སངས་རྒྱས་གྲགས་པས་མཛད་པ། ཀྲེ་བོ་ལོ་ཙཱ་བ་ཤེས་རབ་དཔལ་གྱིས་བསྒྱུར་བ།[59] ཞེས་ཞལ་མཐུན་པར་གསུངས་པ་དག་ལས། ཙ་མིས་རྒྱ་གར་དུ་སྦྱོར་བའི་ཕྲེང་བ་ཞེས་བྱ་བའི་བསྟན་བཅོས་ཤིག་དང་ཐོག་ལེགས་སྦྱར་སྐད་དུ་མཛད་ཅིང་། དེ་ཕྱིས་སུ་སློབ་མས་བོད་སྐད་དུའང་བསྒྱུར་ཏེ་རྒྱ་བོད་ཀྱི་བུ་སློབ་གཙོ་བོ་རྣམས་ལ་བརྒྱུད་འདུག དེ་ད་ལྟ་སྡེ་དགེའི་ཤིང་དཔར་དུ་བཞུགས།

ཡང«དཔག་བསམ་སྙེ་མ»ཡི་ཤོག་ངོས༣༧༠པར། ཙ་མིའི་སྦྱོར་དྲུག་སྡེ་སྐོར། སྦྱོར་ཕྲེང་། རླུང་སྦྱོར་བཞི་པ། རྩ་མིའི་སྦྱོར་དྲུག་རྒྱས་པ། འབྲིང་པོ་ནོར་བུ་འདོན་པའི་དཔེས་བསྟན་པ། འཁྲུལ་འཁོར་ཉེར་ལྔ་པ། བསྡུས་པ་སྙིང་པོ་གསུམ་དང་། དོན་དམ་བཞིར་དབྱེ་བ་ཆུ་བོའི་དཔེས་བསྟན་པ། བཅུད་ལེན། གེགས་སེལ། ཉམས་རྟོགས་བསྟན་པ་རྣམས་ལ་ཙ་མིའི་ལུགས་སུ་གྲགས། ཞེས་འབྱུང་སྟེ་དེ་དག་ཀྱང་ཁོང་གིས་མཛད་པ་ཡིན་སྙམ།

«དཔག་བསམ་སྙེ་མ»ཡི་ཤོག་ངོས༣༦༤པར། རྩ་མིའི་སེམས་སྦྱོང་རིན་པོ་ཆེའི་ཕྲེང་བ། ཡི་གེ་ཉེར་གསུམ་པ་དང་ལྷན་སྐྱེས་རྣམས་གནང་། ཞེས་བསྟན་བཅོས་དེ་གསུམ་ཡང་ཁོང་གིས་མཛད་པ་ཡིན་དགོས། དེ་དག་རྣམས་བསྟན་འགྱུར་དུ་ཚུད་མེད་མོད་སྡེ་དགེ་ཤིང་དཔར་གྱི་འཇམ་དབྱངས་མཁྱེན་བརྩེའི་གསུང་འབུམ་དུ་བཞུགས།

གཞན་ཡང་མགོན་པོའི་བསྐང་མདོས།(ལྡེབ༤༦བཞུགས། བོད་ཡིག་གིས་བརྩམས་སམ་སྙམ།) དཔལ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་བསྟོད་པ་ཧཱུྃ་ཡིག་མ། དཔལ་རྡོ་རྗེ་ནག་པོ་ཆེན་པོའི་བསྟོད་པ་ཚིག་བདུན་མ་སོགས་འགའ་དང་། བྱ་རོག་གདོང་ཅན་གྱི་བསྟོད་པ།(ཕྱི་མ་འདི་གཉིས་པྲཀྲི་ཏའི་སྐད་དུ་མཛད་ཅེས་སྡེ་དགེའི་བསྟན་འགྱུར་དུ་བྱུང་།)སོགས་ད་ལྟ་མཇལ་དུ་ཡོད་པ་བསྟན་བཅོས༥༠ལྷག་ཙམ་མཛད། དེ་དག་གིས་ཁོང་གིས་རྒྱ་གར་དུ་འཁོར་ལོ་གསུམ་གྱི་མཛད་པ་རྒྱ་ཆེན་སྐྱོང་བའི་ཞོར་དུ། རྒྱལ་བསྟན་གལ་ལ་ཐུག་པའི་དུས་དེར་རང་གི་བླ་མ་གོང་མ་དག་ལས་བརྒྱུད་པའི་གདམས་ངག་སྣ་ཚོགས་ཀྱི་བཅུད་འདུས་པའི་བསྟན་བཅོས་ཀྱང་མང་བོ་མཛད་དེ་བསྟན་པ་ལ་ཕྱག་རྗེས་བསྐྲུན་ཚུལ་དཔྱད་ནུས།

བསྟན་བཅོས་མང་བོ་བོད་སྐད་དུ་བསྒྱུར་ཏེ་བསྟན་པ་ལ་བྱ་བ་བྱས་ཚུལ་ནི། ཙ་མི་པཎ་ཆེན་ཁོང་ཉིད་ཕྱིར་བོད་དུ་ཕེབས་མ་ཐུབ་ཀྱང་སྐབས་དེའི་བོད་ཀྱི་རྒྱལ་བསྟན་སླར་གསོ་ལ་དམིགས་ནས་ཁུངས་བཙུན་ཞིང་གལ་ཆེ་བའི་བསྟན་བཅོས་ཀྱང་འགའ་རེ་བོད་སྐད་དུ་བསྒྱུར་འདུག

འདིར་གཙོ་བོ་འགའ་བཀོད་ན། «དཔག་བསམ་སྙེ་མ»ཡི་ཤོག་ངོས༡༠༣ལ། ཙ་མིས་འགྲེལ་ཆེན་བསྒྱུར་ཅེས་དང་། «མཁས་དགའ»ཡི་ཤོག་ངོས༣༩༩ལ། ཙ་མི་སངས་རྒྱས་གྲགས་པས་དུས་འཁོར་ཙ་མིའི་རྒྱུད་གསུམ་སོགས་བསྒྱུར་ཅེས་འབྱུང་སྟེ། «སྡེ་དགེའི་བསྟན་འགྱུར་དཀར་ཆག»ཏུ། ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་བ་མན་ངག་གི་སྙེ་མ་ཞེས་བྱ་བ་མང་དུ་ཐོས་པའི་དགེ་སློང་བསོད་སྙོམས་པ་རྩ་མི་སངས་རྒྱས་གྲགས་ཀྱིས་ན་ལེནྡྲར་བསྒྱུར་ཅེས་པ་སྟེ་ད་ལྟ་སྡེ་དགེའི་བསྟན་འགྱུར་གྱི་པོད(ཆ)པར་བཞུགས་ལ་ཤིང་དཔར་ལ་ཤོག་གྲངས༦༣༡ཡོད།

ཡང་སྡེ་དགེ་བསྟན་འགྱུར་དུ་བཞུགས་པའི་རྒྱལ་བོ་པདྨ་དཀར་པོས་མཛད་པའི«འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་བ་དྲི་མེད་འོད»ཅེས་བྱ་བ་ཡུལ་མ་ག་དྷཱའི་དཔལ་ན་ལེནྡྲར་རྗེ་བཙུན་སྒྲོལ་མའི་ལྷ་ཁང་དུ་བསྒྱུར་ཅེས་པ་དེ་དང་། མཛད་པ་པོ་མི་གསལ་བ«དཔལ་མགོན་པོའི་ནང་སྒྲུབ»(བྱ་རོག་གདོང་ཅན་ཡང་ཟེར)། ཀླུ་སྒྲུབ་ཀྱི«དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས»། ཨ་བྷ་ཡཱ་ཀ་རའི«ཡན་ལག་གི་དམ་ཚིག»དང་། «རྡོ་རྗེ་ཐེག་པའི་ལྟུང་བའི་སྙེ་མ»ན་ལེནྡྲར་བསྒྱུར་པ་གཉིས། རྡོ་རྗེ་གདན་པའི«རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་ལས་ཀྱི་ཆོ་ག»རྣམས་བོད་སྐད་དུ་ལེགས་པར་བསྒྱུར་ཏེ་བཀའ་དྲིན་བསྐྱངས། འདི་དག«འགྱུར་བྱང་བློ་གསལ་དགའ་སྐྱེད»ཅེས་པའི་ཤོག་གྲངས༢༢༥ནས༢༢༦བར་དུ་ཡང་དྲངས་འདུག

གཞན་ཡང«བསྟན་འགྱུར་དཀར་ཆག་བོད་རྒྱ་ཤན་སྦྱར»དུ་འཁོད་པ་ལྟར། སློབ་དཔོན་རི་ཁྲོད་པ་ཆེན་པོའི«དཔལ་ལྷན་ཅིག་སྐྱེས་པའི་མན་ངག»དང«དཔལ་ལྷན་ཅིག་སྐྱེས་པ་བདེ་བའི་མཆོག་བདག་བྱིན་གྱིས་བརླབ་པ»། སློབ་དཔོན་ཨིནྡྲ་བྷཱུ་ཏི་འབྲིང་པོའི«དཔལ་ལྷན་ཅིག་སྐྱེས་པ་བདེ་བའི་མཆོག་བདག་བྱིན་གྱིས་བརླབ་པ»། སློབ་དཔོན་ཏི་ལཱི་པའི«དཔལ་ལྷན་ཅིག་སྐྱེས་པ་བདེ་བའི་མཆོག་བདག་བྱིན་གྱིས་བརླབ་པ»བཅས་ཀྱང་བསྒྱུར་པ[60]ད་ལྟ་སྡེ་དགེའི་བསྟན་འགྱུར་དུ་བཞུགས་སོ། །

གཞན་ཡང་། སྡེ་དགེའི་བསྟན་འགྱུར་དུ་མ་ཚུད་མོད་སྡེ་དགེའི་ཤིང་དཔར་གྱི་གྲས་སུ་བཞུགས་པ་ལ། སློབ་དཔོན་ཨ་བྷ་ཡ་ཀ་རའི«གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྣམ་ཐར»[61]དང་། «གྲུབ་ཆེན་གྱ་བཞིའི་དོ་ཧ»། «གྲུབ་ཆེན་གྱ་བཞིའི་བྱིན་རླབས་བྱ་ཚུལ»གསུམ་དང་། སློབ་དཔོན་དཔའ་བོ་འོད་གསལ་གྱིས་བསྒྲིགས་པ«གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་པའི་སྙིང་པོ»དང«གྲུབ་ཐོབ་གྱ་བཞིའི་དོ་ཧ་འགྲེལ་པ་དང་བཅས་པ»རྣམས་ཀྱང་བསྒྱུར། «གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་དང་ཞལ་ཐང»ཞེས་པའི་མཇུག་ཏུ་ལྷན་ཐབས་ཀྱི་ཚུལ་དུ་འཁོད་པའི«གྲུབ་ཐོབ་གྱ་བཞིའི་འབྲི་ཡིག་ལེགས་བཤད་གསེར་ཐུར»ཡང་མེ་ཉག་ལོ་ཙཱ་བས་བསྒྱུར་ཚུལ་གསུངས་འདུག[62]

ཡང«གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ»རུ། པཎྜི་ཏ་ཨ་བྷ་ཡ་ཀ་ར་གུཔྟ་བསྟེན་ནས་དུས་འཁོར། ཕྲེང་བ་སྐོར་གསུམ། ཐུབ་པ་དགོངས་རྒྱན། མན་ངག་སྙེ་མ་བཅས་བསྒྱུར།[63] ཅེས་འཁོད་པ་དང་། གཞན་ཡང་བསྟན་འགྱུར་གྱི་ཁྲོད་དུ་བཞུགས་པ་ལ། མཛད་བྱང་དུ་ཙ་མིའི་མཚན་གསལ་བོར་འཁོད་ཡོད་པ་དག་ལས་གཞན། དེ་སོ་སོའི་གོང་འོག་ཏུ་འགྱུར་བྱང་འཁོད་མེད་པའི་དོ་ཧ་དང་། དུས་འཁོར་གྱི་སྐོར་འགའ་རེ་དང་། མཛད་པ་པོ་པཎྜི་ཏ་ཨ་བྷ་ཡ་ཀ་ར་གུཔྟ་ཞེས་གསལ་བར་འཁོད་ནས་སྒྱུར་པ་པོ་འཁོད་མེད་པའང་བཅུ་ཕྲག་ཙམ་བཞུགས་ཏེ། དེ་དག་ཀྱང་ཙ་མི་པཎ་ཆེན་ཁོང་གིས་བསྒྱུར་པ་ཡིན་དགོས་སྙམ་དུ་དོགས་ཏེ། ཁོང་གིས་བསྒྱུར་པ་ལ་གྲུབ་ཆེན་གྱ་བཞི་དང་དེ་དག་གི་དོ་ཧ། དུས་འཁོར་གྱི་ཕྱོགས། ཨ་བྷ་ཡ་ཀ་རའི་གསུང་ཅུང་མང་པས་སོ། །

མདོར་ན། ཙ་མི་སངས་རྒྱས་གྲགས་ཀྱིས་སཾསྐྲི་ཏ་དང་། པྲཀྲི་ཏ། བོད་ཡིག་བཅས་སྐད་ཡིག་གསུམ་མཁྱེན་པར་གྲགས་པས་བསྟན་བཅོས་རྩོམ་སྐབས་ཀྱང་སྐད་རིགས་གསུམ་གྱིས་རྩོམ་ནུས་ཤིང་། ལོ་ཙཱ་ཡང་སྐད་རིགས་གསུམ་ཕན་ཚུན་ལ་བསྒྱུར་ནུས་པ་ཞིག་ཡིན་པར་གྲགས།

ཁོང་ནི་བསྟན་པ་ཕྱི་དར་གྱི་དུས་མགོར་བོད་མི་ལས་རྒྱུད་འགྲེལ་རྩོམ་མཁན་སྔ་ཤོས་དང་། བོད་ཀྱི་ལོ་རྒྱུས་སྟེང་དུ་སཾ་པྲ་སྐད་དུ་བསྟན་བཅོས་བརྩམས་ཏེ་བོད་དུ་བསྒྱུར་པ་ཕྱིས«བསྟན་འགྱུར»གྱི་གྲས་སུ་ཚུད་ཡོད་པའི་མཁས་པའང་ཡིན་འདུག འོན་ཀྱང་དུས་སྐབས་དེར་བོད་དུ་སྦྱོར་སྒྲོལ་སོགས་ཆོས་ཁུངས་མ་དག་པའང་དར་ཤིན་ཏུ་ཆེ་ཞིང་བོད་ཀྱིས་བཀའ་བསྟན་མང་པོའི་ཁུངས་རྒྱ་གར་ལ་གཏུགས་པ་ཤས་ཆེ་བས། བོད་དུ་ཁོང་གིས་མཛད་པའམ་བསྒྱུར་པའི་བསྟན་བཅོས་མང་བོ་ཕྱོགས་བསྒྲིགས་མེད་པའམ། བོད་མིས་མཐོང་ཆེན་མ་མཛད་པ་དང་། གཞན་ཡང་དུས་ཟིང་གིས་བོར་བརླག་བྱུང་བ་སོགས་ཀྱིས་མཇལ་དཀའ། ཐོར་བུ་འགའ་རེ་བསྟན་འགྱུར་དང་། སློབ་རྒྱུན་གྱི་གསུང་འབུམ་དང་། འགྱུར་བྱང་ཁག་ཏུ་བཞུགས། དུས་འཁོར་འགྲེལ་བ་དྲི་མེད་འོད་ནི་བུ་སྟོན་གྱིས་བསྟན་འགྱུར་དུ་བགྲང་འདུག

མ་ག་དྷའི་ནང་བསྟན་སྲུང་ཕྱིར་བོད་དུ་མ་ཕེབས་པར་དེར་གཏན་བཞུགས་གནང་ཚུལ་ནི། «རྒྱ་གར་ཆོས་འབྱུང»དུ། སེ་ན་བཞི་པོ་དེ་དག་གི་རིང་ལ་མ་ག་དྷཱར་ཡང་མུ་སྟེགས་པ་ཇེ་འཕེལ་དུ་སོང་ཞིང་སྟག་གཟིག་ཀླ་ཀློའི་གྲུབ་མཐའ་འཛིན་པ་ཡང་མང་དུ་བྱུང་ཞེས་དང་། ཆོས་གཞི་གཞན་རྣམས་ཕལ་ཆེར་ནི་ནུབ་པ་ལྟར་སོང་ཞེས་དང་། བི་ཀྲ་མ་ལ་ཤཱི་ལ་ལྟ་བུའི་ཆོས་སྡེ་ཆེན་པོ་ལའང་བར་བར་དུ་མཁན་པོར་བཞུགས་མིའང་མེད[64]ཅེས་བྱུང་བ་ལྟར་སྤྱིར་རྒྱ་གར་ཤར་ནུབ་ཀུན་ཏུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉམས་པ་ལ་མངོན་དུ་ཕྱོགས་ཤིང་། ཁྱད་པར་དུ་མ་ག་དྷའི་ཕྱོགས་སུ་ཡང་རྒྱལ་བའི་བསྟན་པ་ལ་འཇིག་པ་རིམ་གྱིས་བྱུང་ཚུལ«ཆག་ལོའི་ལམ་ཡིག» «མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ»སོགས་སུ་ཅུང་ཞིབ་པར་གསུངས་ཡོད་པ་དེ་ལྟར་མ་ག་དྷའི་ནང་བསྟན་སྲུང་ཆེད་ཕྱིར་བོད་དུ་མ་ཕེབས་པར་གཏན་བཞུགས་གནང་བ་ཡིན་འདུག

དེའི་དགོངས་གཞི་ནི། གཅིག་ན་ཆུ་མགོ་གངས་ལ་གཏུགས་པའི་དཔེ་བཞིན་དུ། ནང་བསྟན་གྱི་འབྱུང་ཁུངས་ནི་གནའ་ནས་རྒྱ་གར་ཡུལ་དབུས་ལ་གཏུགས་དགོས་ཤིང་སྐབས་དེའི་ཡུལ་དབུས་ཀྱི་གནས་བབ་ལ་བསམ་ཚེ་ཤིན་ཏུ་གནད་འགག་གི་དུས་སྐབས་ཤིག་ཏུ་ཁེལ་འདུག་པས། བོད་ཀྱི་བསྟན་པ་ཉག་ཕྲ་བ་ལས་ཀྱང་དེ་ཉིད་བསྐྱབས་ཏེ་མི་ཉམས་པར་རྒྱུན་སྐྱོང་བ་ནི་ཡ་གླིང་ཤར་ཕྱོགས་ཀྱི་ནང་པའི་བསྟན་པ་སྤྱི་ལ་གལ་ཆེན་པོ་ཆགས་ཡོད་པ་དང་། གཉིས་ན་སྐབས་དེར་བོད་དུ་ཇོ་བོ་རྗེ་དང་པཎ་ཆེན་སྨྲི་ཏི། ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་ཀྱིས་བསྟན་པ་རྒྱ་ཆེར་སྤེལ་བཞིན་པ་ཙ་མིས་མཁྱེན་སྲིད་པས་ཁོང་རང་ཉིད་ཕེབས་མ་ཐུབ་ཀྱང་སྐྱོན་མི་འདུག་བསམ་པ་དང་། གསུམ་ན་བསྟན་པ་ཕྱི་དར་གྱི་དུས་མགོ་དེར་ཁོང་ལས་ཕྱི་རབས་པའི་བོད་ཀྱི་སློབ་གཉེར་བ་མང་བོ་གཏུགས་ས་རྒྱ་གར་ཡུལ་དབུས་ཙམ་ལས་ལྷག་མེད་པ་སོགས་ལ་བསམས་ཚེ། བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ཁོང་ལྟ་བུས་གཙོ་ཕལ་དང་དགོས་དབང་ལ་ཐུགས་གཞིག་ཟབ་མོ་གནང་དགོས་པ་བྱུང་ཞིང་། དེའི་ཕྱིར་བོད་དུ་མ་ཕེབས་པར་དེར་སྐུ་གཤེགས་རག་བར་དུ་བསྟན་པ་ལ་བྱ་བ་གང་མང་མཛད་པ་ཡིན་ཚུལ་དཔག་ནུས་སོ། །

མཇུག་སྡུད་པ།

མདོར་ན། ཙ་མི་སངས་རྒྱས་གྲགས་པ་ལགས་ནི་ཧ་ལམ་སྤྱི་ལོ༡༠༣༠ནས་སྤྱི་ལོ༡༡༣༨ལོའི་བར་ཙམ་ལ་སྐུ་བཞུགས་པའི་བོད་ཀྱི་ལོ་པཎ་ཉིས་འཛོམས་དང་མཁས་གྲུབ་ཉིས་འཛོམས་ཀྱི་མི་སྣ་གལ་ཆེན་ཞིག་སྟེ། ཁོང་ཉིད་དགུང་ལོ་གཞོན་དུས་ནས་རྒྱ་གར་ཡུལ་དབུས་སུ་ཕེབས་ཤིང་དེར་མཁས་གྲུབ་མང་བོ་བསམ་སྦྱོར་ཚང་བས་བླ་མར་བསྟེན་ཏེ་ཕྱི་ནང་གི་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་སྒོམ་གསུམ་གྱིས་མཐར་སོན། ལུང་རྟོགས་གཉིས་ཀྱི་ཡོན་ཏན་ལ་འགྲན་པའི་ཟླ་དང་བྲལ་བར་གྱུར་ཅིང་མ་ག་དྷར་ཡུན་རིང་བཞུགས་ཏེ་ནང་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐད་འཁོར་ལོ་གསུམ་གྱི་མཛད་པ་ཤིན་ཏུ་རྒྱ་ཆེ་བས། དུས་རབས༡༡པའི་དུས་མཇུག་དང་དུས་རབས༡༢པའི་དུས་མགོར་རྒྱ་གར་ཤར་ནུབ་ཀུན་ཏུ་སྙན་གྲགས་རྒྱས་ཤིང་དཔལ་ན་ལེནྡྲ་དང་རྡོ་རྗེ་གདན་གྱི་མཁན་པོར་ཡང་བཞུགས། དུས་སྐབས་དེར་རྒྱ་གར་ཡུལ་དབུས་ཀྱི་ནང་བསྟན་ལ་ཏུ་རུ་ཀའི་དམག་གི་འཇིག་པ་རིམ་གྱིས་བྱུང་ནས་དེ་འཛིན་སྐྱོང་བྱེད་པ་ཤིན་ཏུ་གནད་འགག་གི་དུས་སུ་སླེབས་ཡོད་པས། ཁོང་གིས་ནང་པའི་བསྟན་པ་རིན་པོ་ཆེ་རིག་དང་རིགས་པས་སྲུང་ཕྱིར་རང་ཉིད་སྐུ་ཚེ་གང་བོར་སླར་བོད་དུའང་འཁོར་མ་ཐུབ་པར་རྒྱ་གར་མ་ག་དྷ་རུ་སྐུ་གཤེགས་པའི་བསྟན་འཛིན་གྱི་སྐྱེས་བུ་རླབས་ཆེན་ཞིག་རེད།

ང་ཚོས་ཁོང་གི་མཛད་རྗེས་རེ་རེ་ནས་དཔྱད་ཚེ། ཁོང་ནི་བོད་ཀྱི་ལོ་རྒྱུས་སྟེང་དུ་དཔལ་ན་ལེནྡྲ་དང་རྡོ་རྗེ་གདན་གྱི་མཁན་པོར་བཞུགས་པའི་གང་ཟག་གཅིག་པུ་ཡིན་པ་མ་ཟད། ཆོས་རྗེ་ས་སྐྱ་པཎ་ཆེན་ལས་ཀྱང་དུས་རབས་གཅིག་གིས་བྱོན་སྔ་བའི་བོད་ཀྱི་པཎྜི་ཏ་ཞིག་ཡིན་པས་བོད་ཀྱི་པཎྜི་ཏའི་ཐོག་མར་བགྲང་ཆོག་ལ། སྐུ་ཚེའི་སྨད་དུ་རྒྱ་བོད་ཀྱི་ལོ་པཎ་མཛད་ཕྲིན་ཤིན་ཏུ་ཆེ་བ་མང་བོ་སྐྱེད་སྲིང་བྱས་ཤིང་བསྟན་བཅོས་མང་བོ་བརྩམས་པ་དང་། གལ་ཆེན་འགའ་རེ་སམ་བོད་ཕར་ཚུར་གཉིས་ལ་ལོ་ཙཱ་བྱས་པའི་སྒོ་ནས་བསྟན་པ་ལ་ཕྱག་རྗེས་ཤིན་ཏུ་ཆེ་བས་སྐབས་དེའི་འཕགས་བོད་ཀྱི་ནང་པའི་བསྟན་པ་སྤྱི་དང་། ཁྱད་པར་དུ་བསྟན་པ་ཕྱི་དར་གྱི་དུས་མགོར་བོད་དུ་གསང་སྔགས་གསར་མ་དང་ཙ་མིའི་ལུགས་ཀྱི་ཆོས་རྒྱུན་མང་བོ་སྤེལ་བ་ལ་སྐུ་དྲིན་ཤིན་ཏུ་ཆེ་བ་ཞིག་རེད།

 

ལུང་ཁུངས་དང་མཆན།

[1] རྗེ་ཙོང་ཁ་པ། «རྗེ་ཙོང་ཁ་བ་ཆེན་པོའི་གསུང་འབུམ་ལས་བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ»པོད(པ)[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2000ལོ། ཤོག་ངོས། 4.

[2] མཁས་གྲུབ་རྗེ། «དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མ་མེད་པའི་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ»ཤིང་དཔར། པོད(ཇ)[M] ཤོག་ངོས། 48.

[3] [22] [31] [34] [39] [41] [46] [50] [51] ཀརྨ་མཁས་མཆོག་གཞན་ཕན་དབང་པོ།(དུས་རབས16པའི་དུས་སྨད་ཙམ་ལ་བྱོན) «དཔལ་དུས་ཀྱི་འཁོར་ལོའི་སྤྱི་བཤད་མཁས་པའི་མགུལ་རྒྱན»སྣ་རིང་དབུ་མེད་ལག་བྲིས་མ་སྟེ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི«བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས»པོད(ཛ)[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས། 551,561,550,549,550,550,550,561,561.

[4] [6] [19] [24] དཔའ་བོ་གཙུག་ལག་ཕྲེང་བ། «ཆོས་འབྱུང་མཁས་པའི་དགའ་སྟོན»[M] མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས། 530,1408,1408,194.

[5] དོན་རྡོར་དང་བསྟན་འཛིན་ཆོས་གྲགས། «གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ»[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1993ལོ། ཤོག་ངོས། 219.

[7] [32] [37] [38] [45] [49] [52] [55] འབྲུག་པ་པདྨ་དཀར་པོ། «ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད»[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས། 290,290,290,208,207-208,290,290,290.

[8] དུང་དཀར་བློ་བཟང་འཕྲིན་ལས། «དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས»[M] མི་རིགས་དཔེ་སྐྲུན་ཁང་། 2004ལོ། ཤོག་ངོས། 429.

[9] དུང་དཀར་བློ་བཟང་འཕྲིན་ལས། «དུང་དཀར་ཚིག་མཛོད་ཆེན་མོ»[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས། 1601.

[10] རིག་འཛིན་བསྟན་སྲུང་། «མི་ཉག་གི་ལོ་རྒྱུས་དེབ་ཐེར་ལྗང་གུ»[M] ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས། 242.

[11] [58] བུ་སྟོན་རིན་ཆེན་གྲུབ། «བདེ་བར་གཤེགས་པའི་བསྟན་པའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད»[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1988ལོ། ཤོག་ངོས། 203,304.

[12] «ཀྲུང་གོའི་བོད་རིག་པ»2012ལོའི་དུས་དེབ4པ།[J] གུང་སྲོང་གིས་བྲིས་པའི་མདོ་སྨད་དཔའ་ལུང་བོད་རིགས་ཀྱི་ལོ་རྒྱུས་རྟོག་དཔྱོད་ཅེས་པའི་རྩོམ་དུ་དྲངས་འདུག

[13] ཀུན་དགའ་ལེགས་གྲུབ།(དུས་རབས14པའི་དུས་དཀྱིལ་ཙམ་ལ་བྱོན) «དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར»སྣ་རིང་དབུ་མེད་ལག་བྲིས་མ་སྟེ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི«བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས»པོད(ཚུ)[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས། 258.

[14] [20] [30] [35] [36] [40] [56] ཆག་ལོ་རིན་ཆེན་ཆོས་རྒྱལ།(1447ལོར་འཁྲུངས) «དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་སྙེ་མ»སྣ་རིང་དབུ་མེད་ལག་བྲིས་མ་སྟེ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི«བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས»པོད(ཛ)[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས། 98,371,98,92,348,98,371-375.

[15] [21] [48] [53] [54] འགོས་ལོ་གཞོན་ནུ་དཔལ། «དེབ་ཐེར་སྔོན་པོ»[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤོག་ངོས། 82,1223-1227,931,932,931-932.

[16] [18] 班钦索南査巴著黄颢译《新红史》[M]. 西藏人民出版社, 1985:196,196.

[17] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། «མདོ་སྨད་ཆོས་འབྱུང»[M] རིག་གནས་མྱུར་སྐྱོབ་དཔེ་མཛོད་ཁང་། ཤོག་ངོས། 148.

[23] གཏེར་ཆེན་ཨུ་རྒྱན་གླིང་པས་གཏེར་ནས་བཏོན། «པདྨ་བཀའ་ཐང»[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1993ལོ། ཤོག་ངོས། 475.

[25] མི་ཉག་མགོན་པོ། «མཁས་དབང་མི་ཉག་མགོན་པོའི་གསུང་རྩོམ་ཕྱོགས་བསྒྲིགས»[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས། 567.

[26] སྲོང་བཙན་སྒམ་པོ། «མ་ཎི་བཀའ་འབུམ»ཤིང་དཔར། ཤོག་ངོས། 321གི་སྲིབ།

[27] ཚེ་རིང་རྡོ་རྗེ་དང་ཡེ་ཤེས་འབྱུང་གནས། «མི་ཉག་དང་ར་ཐིས་དགོན་གྱི་བྱུང་བ་བརྗོད་པ་ཆུ་དྭངས་ནོར་བུའི་ཕུང་པོ»[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས། 21.

[28] འཛམ་གླིང་བོད་རིག་པའི་གྲོས་ཚོགས་སྐབས་དྲུག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས། ཨེ་ལིའོ་ཐི•སི་ཕུར་ལིན་གྱི«ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་དང་ཁོང་གི་མི་ཉག་གི་རྒྱབ་ལྗོངས་ལས་འཕྲོས་ཏེ་གནའ་བོའི་བོད་དང་སོག་པོའི་དབར་གྱི་འབྲེལ་བའི་སྐོར་གླེང་བ»[J]ཞེས་པའི་མཆན་དུ་གསལ། 1992ལོ།

[29] ཀོ་ཞུལ་གྲགས་པ་འབྱུང་གནས་དང་རྒྱལ་བ་བློ་བཟང་མཁས་གྲུབ། «གངས་ཅན་མཁས་གྲུབ་རིམ་བྱོན་མིང་མཛོད»[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992ལོ། ཤོག་ངོས། 1362.

[33] [57] གུ་རུ་བཀྲ་ཤིས། «གུ་བཀྲའི་ཆོས་འབྱུང»[M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1990ལོ། ཤོག་ངོས། 942,942.

[42] རྗེ་ཚེ་ཏན་ཞབས་དྲུང་། «བསྟན་རྩིས་ཀུན་ལས་བཏུས་པ»[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས། 171.

[43] [47] [64] ཇོ་ནང་ཏཱ་ར་ནཱ་ཐ། «རྒྱ་གར་ཆོས་འབྱུང»[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས། 302,304,306-308.

[44] སུམ་པ་ཡེ་ཤེས་དཔལ་འབྱོར། «ཆོས་འབྱུང་དཔག་བསམ་ལྗོན་བཟང»[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992ལོ། ཤོག་ངོས། 232.

[59] ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་སྒྱུར་ཅུའུ། «གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད»[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1983ལོ། ཤོག་ངོས། 226.

[60] དོན་རྡོ་རྗེ། «བསྟན་འགྱུར་དཀར་ཆག་བོད་རྒྱ་ཤན་སྦྱར»[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོ། ཤོག་ངོས། 68-71.

[61] «གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་བཞུགས་སོ»[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས། 150དང258ལ་གསལ།

[62] ཚེ་དབང་རིན་ཆེན། «གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་དང་ཞལ་ཐང»[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས། 97.

[63] དོན་རྡོར་དང་བསྟན་འཛིན་ཆོས་གྲགས། «གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ»[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1993ལོ། ཤོག་ངོས། 219.

 

  *འགྱུར་མེད།  ཕ་ཡུལ་གཅན་ཛ།  ལས་གནས་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་པོ་གཞོན་པ་ཡིན།