ཨ་ལག་ཤ་ངག་དབང་བསྟན་དར།
རྩོམ་པའི་རྣམ་གཞག་ལ་གསུམ་སྟེ། རྩོམ་པ་བོའི་ཡོན་ཏན་དང་། བརྩམ་བྱ་བསྟན་བཅོས་ཀྱི་དབྱེ་བ་དང་། བསྟན་བཅོས་ཇི་ལྟར་རྩོམ་པའི་ཚུལ་ལོ།།
དང་བོ་བསྟན་བཅོས་རྩོམ་པ་བོར་ཡོན་ཏན་གང་དག་ལྡན་དགོས་ཤེ་ན། དེ་ཡང་སྒྲ་ཤེས་ན་དོན་ལ་མི་རྨོངས་། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིག་བཅད་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་ཞེས་གྲགས་པ་ལྟར། སྒྲ་དང་སྡེབ་སྦྱོར་གཉིས་རྒྱ་སྐད་ཀྱི་བསྟན་བཅོས་རྩོམ་པ་ལ་ཉེ་བར་མཁོ་ཞིང་། སྙན་ངག་དང་མངོན་བརྗོད་གཉིས་བོད་སྐད་ཀྱི་བསྟན་བཅོས་རྩོམ་པ་ལ་མེད་དུ་མི་རུང་བ་མིན་ཡང་བྱུང་ན་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་ལ། རྒྱ་བོད་ཧོར་སོགས་གང་དང་གང་གི་སྐད་དུ་བསྟན་བཅོས་གང་རྩོམ་པ་དེ་དང་དེའི་སྐད་རིགས་དང་ཡིག་རིགས་མཐར་ཕྱིན་པར་ཤེས་པ་མེད་དུ་མི་རུང་བ་དང་། ཁྱད་པར་དུ་བོད་སྐད་ལ་བརྡ་གསར་རྙིང་དང་རྟགས་ཀྱི་འཇུག་པའི་རྣམ་གཞག་དང་སྨྱུག་ཐོགས་པའི་ལས་ལའང་ཅུང་ཟད་བློ་ཁ་ཕྱོགས་པའི་ཡོན་ཏན་དང་ལྡན་པ་གཞིར་བཅས་ཀྱི་སྟེང་དུ་གང་བརྩམ་རྒྱུའི་ཆོས་ཀྱི་ཚིག་དོན་ལ་མཁས་པ་དང་། བླ་མའི་རྒྱུད་ལ་མན་ངག་དང་ལྡན་པ་གང་རུང་ངམ། ཡང་ན།《རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ》ལས། རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་དང་།། གཞུང་ལུགས་གདམས་པའི་ཤར་བའི་ཉམས་ལེན་དང་།། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།། ཞེས་པ་ལྟར་གྱི་ཡོན་ཏན་གསུམ་པོ་གང་རུང་གིས་རུང་ཙམ་ཡིན་ཡང་ཀུན་སློང་མ་དག་ན་གཞན་ཕན་ཆུང་བས་བསམ་པ་བཟང་བ་གལ་ཆེ་སྟེ།《རྣམ་པར་གཏན་ལ་དབབ་པ་བསྡུ་བ》ལས། བསྟན་བཅོས་རྩོམ་པའི་རྒྱུའི་ཀུན་སློང་དྲུག་དང་། རྩོམ་པ་བོར་ཡོན་ཏན་བཞི་ལྡན་དགོས་པར་བཤད་པ་བཞིན་དུ། ཆོས་ཀྱི་དོན་ཀུན་ཏུ་རྒྱས་པར་འགྱུར་རོ་སྙམ་པ་དང་། དོན་ཐོར་བ་རྣམས་བསྡུ་བར་བྱ་བའི་ཕྱིར་རོ་སྙམ་པ་དང་། དོན་ཟབ་མོ་རྣམས་གསལ་བར་བྱ་བའི་ཕྱིར་རོ་སྙན་པ་དང་ཚིག་འབྲུ་མཛེས་པས་མཛེས་པ་བསྐྱེད་པར་བྱའོ་སྙམ་པའམ། བདག་དང་འདྲ་བའམ་བདག་པས་ཡོན་ཏན་ཆུང་བ་དག་གིས་ཀྱང་བསྟན་བཅོས་བརྩམ་རུང་ན་བདག་གིས་ཅིའི་ཕྱིར་རྩོམ་མི་ནུས་སྙམ་པ་ལྟ་བུའི་ང་རྒྱལ་མེད་པ་དང་། སེམས་ཅན་རྣམས་ཀྱི་དོན་གང་ལ་རྨོངས་པ་དེ་བསལ་བར་འདོད་པའི་སྙིང་རྗེ་དང་། བདག་ལ་གཞན་དག་གིས་མཁས་པ་ཡིན་པར་ཡིད་ཆེས་ན་ཅི་མ་རུང་སྙམ་དུ་བདག་ཉིད་མི་སྒྲོག་པ་སྟེ་བཞི་བོ་དེ་དག་གལ་ཆེ་བའི་ཕྱིར། མདོར་ན་ང་རྒྱལ་མེད། གཞན་གྱི་སྡུག་བསྔལ་བསལ་བར་འདོད་པའི་སྙིང་རྗེ་དང་། གཞན་ལ་ཕན་འདོད་ཀྱི་བྱམས་པ་དང་། རང་གཞན་གྱི་དགེ་རྩ་བསྐྱེད་པར་བྱ་བའི་ཕྱིར་དུ་བསྟན་བཅོས་བརྩམ་མོ།།
གཉིས་པ་བརྩམ་བྱའི་བསྟན་བཅོས་ཀྱི་དབྱེ་བ་ལ། བྱེད་ལས་ཀྱི་སྒོ་ནས། རྒྱ་ཆེར་སྡུད་པ་《མདོ་སྡེ་རྒྱན》དང་ཟབ་མོ་འབྱེད་པ《མངོན་རྟོགས་རྒྱན》དང་། འཁྲུགས་པ་བསྡེབས་པ་《བསླབ་བཏུས》ལྟ་བུ་གསུམ་དང་། བརྗོད་བྱའི་སྒོ་ནས་བདེན་པ་གཉིས་སྟོན་པ་གཉིས་དང་། བཤད་བྱའི་སྒོ་ནས་བཀའ་སྤྱིའི་དགོངས་འགྲེལ་དང་། སོ་སོའི་དགོངས་འགྲེལ་གཉིས། དང་བོ་ལ་ཐུན་མོང་མ་ཡིན་པ་དང་ཐུན་མོང་བ་གཉིས། འདི་ལ་ཡང་ལོག་རྟོག་ཚར་གཅོད་པ་དང་། གཞན་རྗེས་སུ་འཛིན་པ་གཉིས། དང་བོ་ལ། རྗོད་བྱེད་གཏན་ལ་དབབ་པ་དང་། བརྗོད་བྱ་གཏན་ལ་དབབ་པ་གཉིས། དང་བོ་ནི་གཙོ་བོ་སྒྲའི་བསྟན་བཅོས་ཏེ། རང་བཞིན་རྐྱེན་རྣམ་འགྱུར་གསུམ། བརྗོད་བྱར་བྱས་ནས་སྟོན་པའི་གཞུང་ཀ་ལཱ་བ་དང་ཙནྡྲ་བ་སོགས་དང་། དེའི་ཡན་ལག་ལྕི་ཡང་དང་པྲསྟཱར་འགོད་ཚུལ་སྟོན་པ་《སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས》དང་། མིང་གི་རྣམ་གྲངས་དང་རྟགས་གསུམ་གྱི་དབྱེ་བ་དང་སྒྲ་གཅིག་དོན་མང་ལ་འཇུག་ཚུལ་སྟོན་པ་《མངོན་བརྗོད་ཀྱི་བསྟན་བཅོས་འཆི་མེད་མཛོད》དང་སློབ་དཔོན་ཤར་བ་དང་ལྷོ་བའི་ལམ་གྱི་འདོད་ཚུལ་མི་འདྲ་བ་ཚིག་དོན་གཉིས་ཀའི་རྒྱན་དང་དོན་གྱི་རྒྱན་སོ་ལྔ་དང་བྱ་དཀའ་བ་དང་གབ་ཚིག་སོགས་ཚིག་གི་རྒྱན་ཏེ་རྒྱན་གསུམ་གཏན་ལ་དབབ་ནས་སྟོན་པ་སྙན་ངག་བསྟན་བཅོས་《སྙན་ངག་མེ་ལོང》དང་། དེ་དག་སྐད་རིགས་དང་སྦྱར་ནས་སྟོན་པ་ཟློས་གར་གྱི་བསྟན་བཅོས་《ཀླུ་ཀུན་ཏུ་དགའ་བ》དང་《འཇིག་རྟེན་ཀུན་ཏུ་དགའ་བ》སོགས་སོ།། བརྗོད་བྱ་གཏན་ལ་དབབ་པ་ལ་ནི་གཏན་ཚིགས་རིག་པའི་བསྟན་བཅོས་《ཚད་མ་མདོ》སོགས་སོ།། གཞན་རྗེས་སུ་འཛིན་པའི་བསྟན་བཅོས་ལ་བཟོ་དང་གསོ་བ་རིག་པའི་བསྟན་བཅོས་གཉིས། དང་བོ་ལ་གསེར་འགྱུར་དང་སྤོས་སྦྱོར་སོགས་སྟོན་པ་ལྟ་བུ་ཕལ་བ་དང་། སྐུ་གསུང་ཐུགས་རྟེན་གྱི་ཆ་ཚད་སྟོན་པ་ལྟ་བུ་ཁྱད་པར་ཅན་གཉིས་སོ། གསོ་བ་རིག་པའི་བསྟན་བཅོས་ནི། ནད་ཀྱི་ངོ་བོ་དང་ནད་གཞི་དང་ནད་ཀྱི་གཉེན་པོ་སྨན་དང་། དེས་གསོ་བའི་སྦྱོར་ལམ་བཞིའམ། ལུས་དང་བྱིས་པ་གདོན་ལུས་སྟོད།། མཚོན་དང་མཆེ་བ་རྒས་རོ་ཙ།། ཞེས་པ་ལྟར་གྱི་སྨན་གཞུང་ཡན་ལག་བརྒྱད་པ་ལྟ་བུའོ།།
འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དག་ཀྱང་འདོར་བར་བྱ་བ་མ་ཡིན་ཏེ། 《ཤེས་རབ་བརྒྱ་བ》ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན།། ལྷ་ཡུལ་བགྲོད་པ་ཐག་མི་རིང་།། ལྷ་དང་མི་ཡི་ཐེམ་སྐས་ལ།། འཛེགས་ན་ཐར་བ་གམ་ན་འདུག། ཅེས་པ་ལྟར་ཉམས་སུ་ལེན་ཤེས་ན་ཐར་བ་འཐོབ་པའི་ཐབས་སུ་འགྲོ་བའི་ཕྱིར། རྒྱལ་བའི་བཀའ་ཚད་མར་གྱུར་བ་ལ་རང་གི་དགོངས་འགྲེལ་བསྟན་བཅོས་ཚད་མ་ལ་རག་ལས་པའི་ཕྱིར། རྩ་བ་སྔ་མ་སྔ་མའི་ཚིག་དོན་བརླིང་ཞིང་རྟོགས་དཀའ་བ་རྣམས་ལ་འགྲེལ་བ་མཛད་པ་བོ་ཕྱི་མ་ཕྱི་མས་ཚིག་འགྲེལ་སྤྱི་དོན་མཐའ་དཔྱོད་རེག་ཟིག་སོགས་རང་སོའི་བསླད་མ་ཞུགས་པར་རང་རང་གི་བློ་ངོར་ཁུངས་དང་འབྲེལ་བའི་དབང་བོ་དང་གཏུགས་ནས་མཛད་པ་ཤ་སྟག་ཡིན་ནོ།།
གསུམ་པ་བསྟན་བཅོས་ཇི་ལྟར་རྩོམ་པའི་ཚུལ་ལ་གསུམ། བསྟན་བཅོས་རྩོམ་པའི་སྔོན་འགྲོ་དང་། རྩོམ་ཚུལ་དངོས་དང་། བརྩམས་པའི་ཕན་ཡོན་ནོ།།
དང་བོ་ལ་《སྙན་ངག་མེ་ལོང་མ》ལས་ཤིས་བརྗོད་ཕྱག་བྱ་དངོས་པོ་ནི།། ངེས་པར་བསྟན་པའང་དེ་ཡི་སྒོ།། ཞེས་བསྟན་བཅོས་རྩོམ་པའི་ཐོག་མར་ཤིས་བརྗོད་ཀྱི་ཚིག་གིས་སྔུན་བསུས་ཏེ་ཕྱག་བྱ་བ་དང་། དངོས་པོ་ངེས་པར་བསྟན་པ་སྟེ་ལུས་མདོར་བསྟན་སོགས་ཀྱིས་གཞུང་རྩོམ་པར་བཤད་ལ། ཚུལ་འདི་ནི་ཕྱི་ནང་གཉིས་ཀས་ཐུན་མོང་དུ་འདོད་དོ།། དེའི་སྟེང་དུ་མཐའ་མར་དགེ་བ་བསྔོ་བ་ནི། ནང་བ་སངས་རྒྱས་པའི་ཁྱད་ཆོས་ཡིན་ཏེ། 《ཁྱད་པར་འཕགས་བསྟོད》ལས། བསོད་ནམས་བྱས་པའི་ཚོགས་དག་ནི།། སེམས་ཅན་རྣམས་ལ་ཡོངས་བསྔོ་བ།། བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ།། དེ་གཞན་བསྟན་བཅོས་ལས་མ་བཤད།། ཅེས་གསུངས་པ་ལྟར་རོ།། དེ་ལ་ཤིས་བརྗོད་ཀྱི་དགོས་པ་ནི་རང་ལ་དངོས་གྲུབ་འབྱུང་བའི་ཆེད་དང་། ཕྱག་བྱ་བའི་དགོས་པ་ནི་བར་ཆད་མི་འབྱུང་བའི་ཆེད་དུའོ།། ཕྱག་བྱ་བའི་ཡུལ་ལ་གཉིས་ཏེ། ཆོས་ལ་ཡིད་ཆེས་པ་ལ་བརྟེན་ནས་རྩ་བ་ཆོས་གསུང་བ་བོ་སྟོན་པ་དང་། དོན་ལ་ཡིད་ཆེས་པ་ལ་བརྟེན་ནས་ཆོས་ཀྱི་དོན་སྟོན་པའི་སློབ་དཔོན་དག་ལ་ཕྱག་བྱ་བར་《གཏན་ལ་དབབ་པ་བསྡུ་བ》ལས་བཤད་པ་ལྟར། དང་བོར་ཐུབ་པ་སངས་རྒྱས་དང་། དེའི་འོག་ཏུ་དངོས་བརྒྱུད་ཀྱི་བླ་མ་རྣམས་ལ་ཕྱག་འབུལ་དགོས་སོ།། མཆོད་བརྗོད་མ་བྱས་པ་ཡང་ཡོད་དེ། 《དབུ་མའི་རྣམ་བཤད་དགོངས་པ་རབ་གསལ》དུ། 《བཤེས་སྤྲིངས》ལ་མཆོད་བརྗོད་མེད་ཅིང་བཤད་པར་དམ་བཅའ་བ་ཡོད་པར་གསུངས་པ་ལྟ་བུ་དང་། གཞན་དེ་འདྲ་ཡང་མང་ངོ་།། དེ་བཞིན་དུ་ཕྱག་བྱ་བའི་གོ་རིམ་བཤད་མ་ཐག་པ་ཡང་ངེས་ཅན་མ་ཡིན་ཏེ། ཐོག་མར་རང་གི་ལྷག་པའི་ལྷ་ལ་ཕྱག་མཛད་པ་རྗེ་རིན་པོ་ཆེའི་གསུང་ལས་མང་དུ་བྱུང་བ་བཞིན་དང་། དེར་མ་ཟད་ཐམས་ཅད་ཀྱི་དང་བོ་གང་ལས་ཆོས་ཀྱི་བཀའ་དྲིན་ནོད་པའི་བླ་མ་ལ་ཕྱག་བྱེད་པར་ཡང་རིགས་ཏེ། 《ལུང་གཞི》ལས། རྒན་པ་དང་ནི་གཞོན་ཡང་རུང་།། གང་ལས་ཆོས་ནི་རྣམ་ཤེས་པ།། དེ་ལ་ཐོག་མར་ཕྱག་བྱ་སྟེ།། ཟླ་བ་ཚེས་ལ་བྲམ་ཟེ་བཞིན།། ཞེས་བྱུང་བ་ལྟར་འཐད་པའི་ཕྱིར། འོ་ན་རབ་བྱུང་གི་སྐབས་ཀྱི་《ལུང་གཞི》དང་《ཀརྨ་ཤ་ཏ་ཀམ》ལས། དང་བོར་སྟོན་པ་ལ་ཕྱག་འཚལ་དུ་གཞུག དེའི་འོག་ཏུ་མཁན་པོ་ལ་ཕྱག་འཚལ་དུ་བཅུག་ཅེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། འདི་ནི་དམིགས་བསལ་ཡིན་པར་མཚོ་སྣ་བ་ཆེན་པོས་གསུངས་པའི་ཕྱིར། གཞན་ཡང་《ཤེས་རབ་སྡོང་བུ》ལས། དམ་པས་མང་བོ་ཁས་འཆེ་མི་བྱེད་ལ།། གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན།། རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི།། ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ།། ཞེས་གསུངས་བ་ལྟར། རྩོམ་པར་དམ་བཅའ་བའི་དགོས་པ་ཡོད་དོ།། རྩོམ་པ་མཐར་ཕྱིན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཁེངས་སྐྱུང་བའི་སྒོ་ནས་རྩོམ་པར་དམ་བཅའ་བ་ལ་ཡང་དགོས་པ་ཡོད་དེ། རྩོམ་པ་བོ་རྨད་དུ་བྱུང་བར་གོ་བའི་ཆེད་དུའོ།། སྣོད་རུང་མཉན་པར་བསྐུལ་བའི་ཆེད་སྲོལ་ཡང་ཡོད་ལ། དེའི་དགོངས་པ་ནི་རྩོམ་པ་བོས་བརྩེ་བས་འདོམས་པ་དང་། བསྟན་བཅོས་ཀྱི་དགོས་དོན་མཐོང་བའི་ཆེད་དུའོ།།
གཉིས་པ་རྩོམ་ཚུལ་དངོས་ལ་གཉིས། རྩོམ་པ་ལེགས་པའི་ཡོན་ཏན་དང་། རྩོམ་པ་ཉེས་བའི་སྐྱོན་ནོ།། དང་བོ་ནི། རྩོམ་པ་བོ་གང་གིས་གང་བརྩམ་རྒྱུའི་གཞུང་གི་སྤྱི་ཁོག་བཟུང་སྟེ། གཞུང་གཞན་གྱི་ལུང་གིས་ཟུར་ནས་བརྒྱན་ཞིང་། དེ་དག་ཕན་ཚུན་གུང་བསྒྲིགས་ནས་ལུང་རིགས་ཀྱིས་བརྡར་ཤ་ལེགས་པར་བཅད་དེ་འགལ་འདུ་ནོར་འཁྲུགས་ཀྱི་དྲི་མས་མ་གོས་པར་བྱ་བ་གལ་ཆེ་ཞིང་། དེ་ཡང་བརྗོད་བྱའི་དོན་བརླིང་ཡང་རྟོགས་སླ་བ། རྗོད་བྱེད་ཀྱི་ཚིག་སྙན་ངག་གིས་བརྒྱན་པ། ཚིག་གི་སྦྱོར་བ་འབྲེལ་ཆགས་ཤིང་ཉན་ན་སྙན་པ། ཚིགས་བཅད་རྣམས་ནི་སྡེབ་སྦྱོར་ལེགས་ཤིང་སྙན་ངག་གིས་བཅིངས་པའམ་འབོལ་རྩོམ་གྱིས་གོ་བདེ་བ། མིང་རྣམས་ནི་མངོན་བརྗོད་ཀྱིས་བརྒྱན་པས་ངོ་མཚར་བ། ཚིག་གོང་འོག་མི་ཟློས་ཤིང་ཕྱི་མ་སྔ་མའི་སྒྲུབ་བྱེད་དུ་འགྲོ་བ། བསྡུ་རྒྱུ་མེད་པའི་སོགས་སྒྲས་དབེན་ཞིང་བརྗོད་བྱ་ཟབ་པར་རྩོམ་ན་ཆེས་ཕུན་སུམ་ཚོགས་པར་གྱུར་ཅིང་མཁས་པ་མགུ་བའི་སྐྱེས་སུ་འགྱུར་རོ།། གཉིས་པ་ནི། རང་ལུགས་དང་གཞན་ལུགས་འབྱེད་དཀའ་བ། 《འདུལ་བའི་ལས་ཆོག་ཆེན་མོ་གསེར་མདོག་རྣམ་རྒྱལ》ལྟ་བུ་དང་། ས་བཅད་ཧ་ཅང་མང་དྲགས་པ།《ཚད་མ་རིགས་ཐིགས》དང《རྣམ་ངེས་དར་ཊཱིཀ》ལྟ་བུ་མ་ཡིན་པ་དང་། སྤྱིར་བོད་ཀྱི་ས་བཅད་ལུགས་དང་བོ་ལ་གཉིས། གཉིས་པ་ལ་གསུམ། གསུམ་པ་ལ་བཞི་ཟེར་བ་ལྟ་བུ་སོགས། ལས་དང་བོ་བ་ལ་ཕན་པའི་རྐྱེན་དུ་མི་འགྱུར་བར་མགོ་རྨོངས་བར་འགྱུར་བའང་སྲིད་པས། དེ་བས་རྒྱ་ནག་གི་ཡི་གེ་རྣམས་སུ་ས་བཅད་ཅི་ཙམ་དགོས་པ་དེ་དག་བསྟན་བཅོས་ཀྱི་མགོར་སྡེབ་གཅིག་ཏུ་བཀྲམ་ནས། བཤད་པ་དངོས་གཞིའི་སྐབས་སུ་དེ་དག་གི་གོ་རིམ་མ་འཁྲུགས་པར་བཤད་པ་ལྟ་བུར་བྱས་ན་ཡང་མི་རུང་བ་མེད་ཅིང་། གཞན་ཡང་ཚིག་གི་གཅོད་མཚམས་ཤད་ཀྱིས་མ་བཅད་པ་དང་། ཀུན་ལ་མ་གྲགས་པའི་མངོན་བརྗོད་དང་གབ་ཚིག་གི་རྒྱན་འབའ་ཞིག་གིས་བཅིངས་པ་དང་། ཡུལ་དུས་དེ་དང་དེར་གྲགས་པའི་ཡུལ་ཕྱོགས་དང་མི་རྣམས་ཀྱི་མིང་བོད་སྐད་དུ་བསྒྱུར་ནས་བྲིས་པ་དང་། རྒྱ་ནག་མིང་བོད་སྐད་དུ་བྲིས་པ་སོགས་སྐྱོན་ཡིན་ཏེ། དཔེར་ན་སྡེ་དགེའི་སི་ཏུ་པཎ་ཆེན་གྱི་གསུང་འབུམ་དུ་རྒྱ་ནག་གི་སྨན་འགའ་ཞིག་གི་མིང་བོད་སྐད་རང་དུ་བྲིས་པ། དེང་སང་རྒྱ་བོད་སུ་ལ་བསྟན་ཀྱང་མི་གོ་བས་སྨན་བཟང་བོ་ཡང་གསོས་སུ་མི་འགྱུར་བ་ལྟ་བུ་དང་། ཡང་བསྟན་བཅོས་རྩོམ་པ་བོས་མཛད་བྱང་དུ་རང་མིང་གསལ་བར་མི་སྨོས་པའམ། རང་མིང་སྦས་ནས་གཞན་ལ་མ་གྲགས་པའི་མིང་གཞན་བཅུག་པ་སོགས་སྐྱོན་ཆེ་ཤོས་ཡིན་ཏེ། བྱེད་པ་བོའི་མིང་མི་གསལ་བའི་དབང་གིས་བསྟན་བཅོས་འགའ་ཞིག་ལེགས་བཤད་དུ་སྣང་ཡང་ཐེ་ཚོམ་ཅན་དུ་གྱུར་ནས་མཁས་པ་དག་གིས་ཤེས་བྱེད་དུ་འདྲེན་མ་ནུས་པ་ཡང་དེས་ལན་འདུག་པས། སྐྱོན་དེ་དག་དོར་ཏེ་མིང་རུས་ཡུལ་སོགས་གསལ་བར་སྨོས་པའི་སྒོ་ནས་བོད་སྤྱི་ཡོངས་ལ་གྲགས་པའི་བརྡ་གསར་རྙིང་གིས་གཞི་བཟུང་ནས་ཡིག་འབྲུ་རྣམས་ནི་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་མ་ནོར་བར་ཐོབ་པའི་ཚུལ་གྱིས་བརྩམ་པར་བྱའོ།།
གསུམ་པ་བསྟན་བཅོས་བརྩམས་པའི་ཕན་ཡོན་ནི། ཚེ་འདིར་བསྟན་པ་ལ་བྱ་བ་བྱས་པའི་སྒོ་ནས་མཁས་པ་རྣམས་མགུ་ཞིང་རྗེས་སུ་བཟུང་བ་དང་། ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག་མཉེས་པའི་མཆོད་པར་འགྱུར་བ་དང་། གཞན་ཡང་སློབ་དཔོན་དཎྜིའི་གཞུང་ལས། སྔོན་གྱི་རྒྱལ་བོ་གྲགས་པའི་གཟུགས།། ངག་གི་རང་བཞིན་མེ་ལོང་ཐོབ།། དེ་དག་ཉེ་བར་མི་གནས་ཀྱང་།། རང་ཉིད་ཉམས་པ་མེད་ལ་ལྟོས།། ཞེས་གསུངས་པ་ལྟར་ཚེ་འདིའི་འདུ་བྱེད་བཏང་བའི་འོག་ཏུའང་བསྔགས་པར་འོས་པའི་ཡོན་ཏན་དང་བཀའ་དྲིན་གྱི་མིང་ཙམ་ལྷག་མར་ལུས་པའི་ཕྱིར་ཀུན་གྱིས་ཐོས་སྒྲོགས་སུ་གླེང་བའི་མཐའ་མི་མངོན་པའི་ངོས་ནས་མཁས་མིང་གི་གྲགས་པ་མི་ནུབ་པར་འགྱུར་བ་དང་། ཁྱད་པར་དུ་མདོ་ལས།། དམ་ཆོས་འཛིན་པའི་བསོད་ནམས་ནི།། སངས་རྒྱས་ཀུན་གྱིས་ནན་ཏན་དུ།། བསྐལ་བ་བྱེ་བར་བརྗོད་མཛད་ཀྱང་།། ཐ་མར་ཕྱིན་པར་གྱུར་མ་ལགས།། ཞེས་གསུངས་པ་ལྟར། དམ་ཆོས་འཛིན་པའི་བསོད་ནམས་ཚད་མེད་པ་ཐོབ་པའི་སྟོབས་ཀྱིས་མ་འོངས་པ་ནའང་བཅུ་ཕྲག་དྲུག་གི་རི་མོས་མཚན་པའི་ཕྱག་རྒྱས་མངོན་པར་བཀྲ་བའི་བཀའ་ཁྲིམས་དྲི་མ་མེད་པས་བསྐལ་ལྡན་ཡོངས་ཀྱི་སྲིད་ལ་དབང་བསྒྱུར་ཞིང་མི་འཇིགས་སེང་གེ་བཞིས་བཏེགས་པའི་ཁྲི་འཕང་མཐོན་པོར་སྟོབས་བཅུའི་རྩལ་ཡོངས་སུ་རྫོགས་པའི་ཆོས་ཀྱི་རྒྱལ་བོར་འགྱུར་བ་ཡིན་ནོ།།
ཚན་པ་འདི་ནི་མཁས་གྲུབ་ཆེན་པོ་བསྟན་དར་ལྷ་རམས་པས་མཛད་པའི《འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་ལེགས་བཤད་ཉིན་བྱེད་སྣང་བ》ཞེས་པའི་བརྩམས་ཆོས་ལས་ཁོལ་དུ་ཕྱུང་སྟེ་བཀོད་པ་དགེའོ།།
No comments:
Post a Comment