-->

May 8, 2024

བོད་ཡིག་བོད་སྐད་ཀྱང་ཐོགས་པ་མེད་པ་པཎ་ཆེན་དྲན་པ་ཡེ་ཤེས་གྲགས་ཀྱི་ཆེ་བ་སྟོན་པ།



ཇི་སྐད་ཆོས་འབྱུང་མཁས་པའི་དགའ་སྟོན་ལས།

དཱ་ན་ཤཱི་ལ་སྐུ་འདའ་ཀར་ང་ལྟ་བུའི་མཁས་པ་བོད་མཐའ་འཁོབ་ཏུ་འཆི་དགོས་པ་གསུངས་ནས་འདར་མ་བཞེད་པ་ལ་མཁན་པོ་བོ་དྷ་ས་ཏྭ་དང་ཇོ་བོ་རྗེ་དང་དམ་པ་སངས་རྒྱས་རྣམས་ཀྱང་བོད་དུ་འདས་ཞུས་པས་བིཀྵུ་སྡོམ་པ་གཙང་མ་ཡིན་ཨ་ཙ་ར་སེམས་བཟང་པོ་ཡིན་ཛོ་གི་མན་ངག་མང་པོ་ཤེས་གསུངས་སྐད། པཎྜི་ཏ་སྨི་ཏི་ཡང་བོད་དུ་འདས་བྱས་པས། དེ་ལྟ་བུ་མཁས་པ་ཆེན་པོ་ཡིན། འོ་ན་ཁོ་བོའི་འཆི་ས་ལོས་བཏུབ་གསུངས་ནས་གཤེགས་སྐད་ཏོ། །”

དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། (ཏ༡༠ན)

 

[དེ་ཡང་རྒྱ་གར་གྱི་པཎྜི་ཏ་དཱ་ན་ཤཱི་ལ་སྦྱིན་པའི་ངང་ཚུལ་བོད་དུ་སྐུ་གཤེགས་ཁར། བོད་ཡུལ་མཐའ་འཁོབ་འདི་འདྲ་ཞིག་ཏུ་ངེད་འཆི་དགོས་པ་ལས་ངན་པ་ལ་གསུངས་ནས་སྐུ་མྱ་ངན་ལས་འདའ་བར་མ་དགོངས་པ་ལ། བོད་རྣམས་ན་རེ། སྔོན་རྒྱ་གར་གྱི་མཁན་པོ་བོ་དྷི་ས་ཏྭ་བྱང་ཆུབ་སེམས་དཔའ་ཡང་བོད་དུ་སྐུ་གཤེགས་ཚུལ་ཞུས་པར། དཱ་ན་ཤཱི་ལས་འོ་ཁོང་དགེ་སློང་གཙང་མ་ཡིན་གསུངས་ཤིང་། དེ་ཙམ་གྱིས་ང་འདྲ་ཞིག་བོད་དུ་སྐུ་མྱ་ངན་ལས་འདས་བཏུབ་པའི་རྒྱུ་མཚན་མེད་ཚུལ་བསྟན། དེ་ནས་སླར་ཡང་ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་ཀྱང་བོད་ནས་སྐུ་གཤེགས་ཚུལ་ཞུས་པར།  དཱ་ན་ཤཱི་ལ་ན་རེ་འོ་ཨཱ་ཙཱ་རྱ་ཁོང་སེམས་པ་བཟང་བོ་ཞིག་ཡོད་ཚུལ་གསུངས་ཤིང་། དེ་ཙམ་གྱིས་ད་རུང་ཁོང་བོད་དུ་སྐུ་གཤེགས་འོས་པའི་རྒྱུ་མཚན་མེད་ཚུལ་བསྟན།  དེ་ནས་བོད་རྣམས་སླར་ཡང་ན་རེ།  སྔོན་དམ་པ་སངས་རྒྱས་ཀྱང་བོད་དུ་སྐུ་གཤེགས་པ་ཡིན་ཚུལ་ཞུས་པར། ཁོང་ན་རེ་འོ་ཛོ་ཀི་ཁོང་གིས་མན་ངག་མང་བོ་ཤེས་ཞེས་ཙམ་གསུངས་ཏེ། ཁོང་ཉིད་ད་དུང་བོད་དུ་སྐུ་གཤེགས་འོས་སུ་མི་མཐོང་བའི་ཚུལ་བསྟན་པར།  དེ་ནས་བོད་རྣམས་ན་རེ།  སྔོན་པཎྜི་ཏ་སྨྲྀ་ཏི་ཛྙཱན་དྲན་པ་ཡེ་ཤེས་གྲགས་པ་ཡང་བོད་དུ་སྐུ་གཤེགས་ཚུལ་ཞུས་པར། དཱ་ན་ཤཱི་ལ་ན་རེ། འོ། དྲན་པ་ཡེ་ཤེས་གྲགས་པ་ཁོང་ལྟ་བུ་དངོས་གནས་མཁས་པ་ཆེན་པོ་ཡིན།  འོ་ད་ཁོང་ལྟ་བུ་མཁས་པ་ཆེན་པོ་ཡང་བོད་དུ་སྐུ་གཤེགས་མྱོང་ན།  ད་ནི་ང་རང་ཡང་བོད་དུ་མྱ་ངན་ལས་འདར་རུང་ངོ་གསུངས་ནས་བོད་དུ་སྐུ་གཤེགས་སོ་ཞེས་གྲགས་སོ། །]

[པཎ་ཆེན་དྲན་པ་ཡེ་ཤེས་གྲགས་ཀྱི་ཆེ་བ]

No comments:

Post a Comment