ལྷ་མོ་དབྱངས་ཅན་མའི་བསྟོད་པ།
རྒྱ་གར་སྐད་དུ། སྭརསྟོཏྲཿ།
བོད་སྐད་དུ། དབྱངས་ཅན་གྱི་བསྟོད་པ།
སྟོན་ཟླ་རབ་རྒྱས་ཀུ་མུད་དུང་དང་ཆུ་ཤེལ་གངས་རི་ལྟར་དཀར་བས། །
རབ་དཀར་དཀར་གསལ་གཟི་ལྡན་ཡིད་འཕྲོག་ལྷ་མོ་དབྱངས་ཅན་ལ་ཕྱག་འཚལ། །
མི་ཤེས་གཏི་མུག་རྨོངས་པའི་ཚོགས་ནི་ཀུན་ནས་རྣམ་པར་འཇོམས་པ་དང་། །
སྨྲ་ངན་སུན་འབྱིན་ཐོགས་མེད་ཀུན་གཟིགས་སྤོབས་པའི་གཏེར་མཆོག་རྒྱས་པར་མཛོད། །
སྒྲིབ་གཉིས་སྤྲིན་བྲལ་བློ་གྲོས་འོད་ཟེར་སྟོང་ལྡན་རབ་ཏུ་འཆར་ཀ་ཡི། །
ཉི་མའི་ཟེར་གྱིས་ཤེས་བྱའི་པདྨོ་རབ་ཏུ་ཁ་འབྱེད་རྣམ་རྒྱས་པས། །
རབ་ཏུ་དྲི་ཞིམ་བསིལ་མངར་དང་ལྡན་པདྨོའི་ཟེའུ་འབྲུའི་ངོས་དག་ལ། །
བདག་བློའི་བུང་བས་འཐུངས་པས་བློ་གྲོས་ཆེར་རྒྱས་སྦྲང་རྩིས་འགྲོ་རྣམས་སྐྱོང་། །
གསེར་གྱི་རི་དང་ཀུན་མཁྱེན་ཆུ་གཏེར་ལྟ་བུར་ཀུན་ནས་ལྷུན་ཆགས་པས། །
རྩོད་པ་ཕྱེ་མ་ལྷེབ་དང་བདུད་སྡེ་དུས་ཀྱི་རླུང་གིས་བསྐྱོད་མ་ཡིན། །
བཅུ་དྲུག་ན་ཚོད་ལྟ་བུའི་བུ་མོ་རབ་མཛེས་སྒེག་པའི་ཉམས་དང་ལྡན། །
ལྷ་ཡི་རྒྱན་རྣམས་དུ་མས་ཁྱོད་ཀྱི་ལུས་དང་ཡན་ལག་མཛེས་པ་ཡིས། །
ཆུ་གཏེར་གནས་ནས་མགྲིན་སྔོན་དགའ་བསྐྱེད་རྒྱ་མཚོའི་ལྷ་མོ་དབྱངས་ཅན་མ། །
ཁྱོད་ལ་ཕྱག་འཚལ་བརྩེ་བས་བདག་བློའི་མི་ཤེས་མུན་པ་མྱུར་དུ་སོལ། །
རབ་ཏུ་སྙན་པའི་དབྱངས་ལྡན་དྲི་ཟའི་བུ་མོ་རབ་མཛེས་ཡིད་འཕྲོག་མ། །
ལག་གི་འདུ་བྱེད་རབ་ཏུ་བསྒྱུར་བས་ཚངས་པའི་གསུང་དབྱངས་རྣམས་འབྱུང་བས། །
ཁྱེད་ལ་ཕྱག་འཚལ་སྙན་པའི་གསུང་གིས་བདག་ལ་བློ་གྲོས་མཆོག་ཚོགས་སྩོལ། །
རབ་ཏུ་སིལ་སིལ་སྙན་པའི་ཡན་ལག་དྲུག་ཅུའི་དབྱངས་དང་རབ་ལྡན་པས། །
སྙན་པར་གྲགས་པ་འཇིགས་བྱེད་ཀྱང་ནི་དགའ་བ་རབ་ཏུ་བསྐྱེད་མཛད་མ། །
རྣ་བར་རབ་ཏུ་ཚིམས་པའི་དབྱངས་དང་རིག་བྱེད་རབ་སྙན་གླུ་རྣམས་ཀུན། །
ཕ་རོལ་ཡིད་འཕྲོག་འཛིན་པར་ནུས་པ་ཅི་ཕྱིར་བདག་ལ་མི་སྩོལ་ལགས། །
ཁྱེད་ཀྱི་ཐུགས་ནི་ཀུན་དུ་མི་གཡོ་རྒྱ་མཚོ་ཆེན་པོ་ལྟ་བུ་སྟེ། །
ཐུགས་རྗེའི་རྦ་རླབས་ཤུགས་དྲག་བསྐྱོད་པས་འགྲོ་བའི་གདུང་བ་རབ་ཏུ་སེལ། །
དབང་གི་རྒྱལ་བོའི་འབྱུང་གནས་ཡིད་བཞིན་རེ་སྐོང་དབྱངས་ཅན་རྒྱ་མཚོ་ཡིས། །
རྨོངས་པའི་གདུང་བས་[རབ་ཏུ་]གདུངས་པའི་སྐྱེ་བོ་རིང་བར་བསྐྱངས་པ་དང་། །
གཏི་མུག་དག་གིས་དཀྲིས་གྱུར་བློ་དམན་སྐྱེ་བོའི་རེ་བ་མྱུར་དུ་སྐོངས། །
བདག་བློའི་ཀུ་མུ་ཏ་ནི་རབ་ཏུ་ཁ་ཟུམ་རྣམ་པར་གནས་པ་ལ། །
བསིལ་ཟེར་བྱེད་པ་རབ་ཏུ་སྤྲིན་བྲལ་དཀྱིལ་འཁོར་རྣམ་པར་རྒྱས་པ་ཡིས། །
ཀུ་མུད་ཁ་འབྱེད་རབ་རྒྱས་ཟེའུ་འབྲུའི་བསིལ་མངར་རྣམ་པར་སྤེལ་བར་མཛོད། །
རབ་ཏུ་དྲི་བྲལ་རྐྱེན་གྱི་གྲིབ་མས་དམ་པ་མ་འགགས་ཁྱོད་ཀྱི་སྐུ། །
ཀུན་དུ་ཚངས་པའི་དབྱངས་ཅན་ཅ་ཅོའི་དྲི་བྲལ་འགལ་མེད་ཁྱོད་ཀྱི་གསུང་། །
ཤེས་བྱ་ཀུན་ལ་ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་ཁྱོད་ཀྱི་ཐུགས།
བསྟོད་པ་འདི་ཡིས་བསྟོད་ལ་དབྱངས་ཅན་མ་ཡིས་བློ་གྲོས་མཆོག་རབ་སྩོལ། །
དབྱངས་ཅན་གྱི་བསྟོད་པ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་མཁས་པ་ཆེན་པོ་པཎྜི་ཏ་ནག་མོ་ཁོལ་གྱིས་དབྱངས་ཅན་ཞལ་གཟིགས་པའི་དུས་སུ་མཛད་དེ་དགྱེས་ནས་བསྟོད་པའོ། །གང་ཞིག་འདོན་པ་དེ་ལ་ཤེས་རབ་སྩོལ་བར་ཁས་བླངས་སོ། །རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཛྙཱ་ན་ཤཱི་ལ་དང་། ལོ་ཙྪ་བ་དགེ་སློང་ཆོས་འབར་གྱིས་བསྒྱུར་བའོ། །
ཟླ་བ་གཞོན་ནུས་ལག་བྲིས་མ་ལས་ཁོལ་དུ་ཕྱུང་སྟེ་གཅིག་ཞུས་པ་དགེའོ། །
No comments:
Post a Comment