-->

Nov 7, 2020

ཀླུ་ཀུན་དུ་དགའ་བ་ཞེས་བྱ་བའི་ཟློས་གར་བཞུགས་སོ།། (མཚན་མ་དང་བོ)

 

ཀླུ་ཀུན་དུ་དགའ་བ་ཞེས་བྱ་བའི་ཟློས་གར་བཞུགས་སོ།།



རྒྱ་གར་སྐད་དུ། ནཱ་གཱ་ནནྡ་ནཱ་མ་ནཱ་ཊ་ཀ

བོད་སྐད་དུ། ཀླུ་ཀུན་དུ་དགའ་བ་ཞེས་བྱ་བའི་ཟློས་གར།

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།

མཚན་མ་དང་བོ

དགའ་མ་དགའ་བའི་ཟོལ་ལས་སྐྱེས་པའི་སྤུ་ལངས་དག་གིས་བསྒྲིབས་པའི་ལུས་འཛིན་ཞིང་།།

འཛུམ་དང་ལྡན་པས་རྒྱལ་བའི་བྱང་ཆུབ་དག་ལ་བཀོད་པ་མེ་ཏོག་སྙིམ་པ་ནི།།

གཤོག་རྩལ་རབ་བསྐྱོད་སྒྲ་སྒྲོགས་སྦྲང་རྩི་བྱེད་རྣམས་སྦྲང་རྩི་རེ་བས་བསྟེན་ཞིང་དེའི།།

རྐང་ས་བསྣུན་པས་ཁ་ཟུམ་ཚོགས་ཕྱེ་གེ་སར་གསར་ར་གྱུར་བས་ཁྱེད་ལ་སྲུངས།།


བསམ་གཏན་ཟོལ་དག་ཉེ་བར་བཟུང་ནས་སྐད་ཅིག་མིག་ཕྱེ་སུ་ལ་སེམས་པར་བྱེད།།

སྐྱོབ་པ་ཡིན་ཡང་ལུས་མེད་མདས་གཟིར་སྐྱེ་བོ་འདི་དག་སྲུང་བ་མིན་ལ་ལྟོས།།

སྙིང་རྗེར་ལྡན་པ་རྫུ་ཏེ་ཁྱོད་ལས་གཞན་པའི་བརྩེ་མེད་སྐྱེས་བུ་ག་ལ་ཡོད།།

བདུད་མོ་རྣམས་ཀྱིས་བྱང་ཆུབ་ལ་འདི་ཕྲག་དོག་གིས་བརྗོད་རྒྱལ་བས་ཁྱེད་ལ་སྲུངས།།

གཞན་ཡང་།

གཞུ་བཀང་འདོད་པ་དང་ནི་རྔ་གསང་རྡུང་ཞིང་སྒྲ་སྒྲོགས་བདུད་ཀྱི་དཔའ་བོ་དང་།།

སྨིན་འཁྱོག་རབ་འདར་གླལ་འཛུམ་ལོགས་སུ་ལྟ་བ་མཐོ་རིས་བུ་མོའི་སྐྱེ་བོ་དང་།།

གྲུབ་པ་ཡན་ལག་མཆོག་བཏུད་རྣམས་དང་མཚར་བས་སྤུ་ལངས་ལུས་ཅན་ནོར་ལྷ་ཡིས།།

བྱང་ཆུབ་ཐོབ་ལ་བསམ་གཏན་གཡོ་མེད་ཅེས་བལྟས་ཐུབ་པའི་དབང་བོས་ཁྱེད་ལ་སྲུངས།།

 

མདོ་འཛིན་པ།   ཤིན་ཏུ་མང་བར་འགྱུར་བས(དགའ་བར་བྱས་ཏེ་མདོ་འཛིན་པའོ) དི་རིང་དབང་བོའི་དགའ་སྟོན་ལ་ཕྱོགས་སྣ་ཚོགས་ནས་འོངས་པ་དཔལ་ལྡན་དགའ་བའི་ལྷའི་ཞབས་ཀྱི་པདྨ་ཉེ་བར་བསྟེན་པའི་རྒྱལ་བོའི་ཚོགས་རྣམས་ཀྱིས་གུས་པ་དང་ལྡན་པར་བོས་ཏེ། བདག་ལ་སྨྲས་པ། ཇི་ལྟར་ཁོ་བོ་ཅག་གི་རྗེ་དཔལ་ལྡན་དགའ་བའི་ལྷས། སྔར་མེད་པའི་དངོས་པོའི་རྒྱན་རྣམ་པར་བཀོད་པ་རིག་པ་འཛིན་པའི་སྐྱེས་རབས་ལས་བརྩམས་པ། ཀླུ་ཀུན་དུ་དགའ་བ་ཞེས་བྱ་བའི་ཟློས་གར་མཛད་པ་ནི་ཁོ་བོ་ཅག་རྣམས་ཀྱིས་ཉན་པ་བོའི་བརྒྱུད་པ་ལས་ཐོས་ཏེ། སྦྱོར་བ་དག་ནི་མ་མཐོང་ངོ་། །དེའི་ཕྱིར་རྒྱལ་བོ་དེ་ཉིད་ལ་གུས་པ་དང་། ཁོ་བོ་ཅག་རྗེས་སུ་གཟུང་བའི་བློས་སྦྱོར་བ་ཇི་ལྟ་བུ་བཞིན་དུ་ཁྱོད་ཀྱིས་ཟློས་གར་དག་བྱོས་ཤིགཅེས་སོ། །དེའི་ཕྱིར་རེ་ཞིག་ཚོན་གྱི་བཀོད་པ་དག་བྱས་ནས་ཇི་ལྟར་མངོན་པར་འདོད་པ་བཞིན་ཡོངས་སུ་རྫོགས་པར་བྱའོ། །འདུས་པའི་སྐྱེ་བོ་འདི་དག་གི་ཡིད་ནི་ཀུན་དུ་ཚིམ་པར་གྱུར་རོ་ཞེས་བྱ་བར་བདག་གིས་ངེས་ཏེ། གང་གི་ཕྱིར།

དཔལ་ལྡན་དགའ་བ་སྙན་དངགས་མཁན་པོ་མཁས་་འདུས་པ་འདི་དག་ཡོན་ཏན་འཛིན། །

འཇིག་རྟེན་དུ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིད་འཕྲོག་ཟློས་གར་བདག་ཅག་མཁས། །

འདིར་ནི་དངོས་པོ་རེ་རེ་དག་ཀྱང་འདོད་པའི་འབྲས་བུ་ཐོབ་པའི་གནས་ཡིན་ན། །

བདག་གི་སྐལ་བ་རྒྱས་པས་ཡོན་ཏན་ཀུན་གྱི་ཚོགས་འདུས་འདི་ལ་སྨོས་ཅི་དགོས།།

དེས་ན་རེ་ཞིག་ཁྱིམ་པ་མོ་བོས་ཏེ་གླུ་དག་ལ་གནས་པར་བྱའོ།། (ཡོངས་སུ་བགྲོད་ཅིང་ཕྱིར་མངོན་པར་ཕྱོགས་ཏེ་བལྟས་ནས)

འཕགས་མ་རེ་ཞིག་འདིར།།

(དེ་ནས་གར་མཁན་མ་ངུ་ཞིང་ཞུགས་སོ)

མདོ་འཛིན་པ།   (མཐོང་ནས) འཕགས་མ། ཀླུ་ཀུན་དུ་དགའ་བ་ཞེས་བྱ་བའི་ཟློས་གར་བྱ་བ་ཡིན་ན་ཅིའི་དོན་དུ་རྒྱུ་མེད་པ་ཉིད་དུ་ངུ་བར་བྱེད།

གར་མཁན་མ།   ཇོ་བོ་ཇི་ལྟར་མི་ངུ་སྟེ། གང་གི་ཕྱིར། རེ་ཞིག་ཡབ་ནི་ཡུམ་དང་འགྲོགས་ནས་རྒན་པོའི་དངོས་པོས་ཡིད་བྱུང་སྟེ། ད་ནི་ཁྱོད་ཀྱིས་གཉེན་ཚན་གྱི་ཁུར་དག་འཛིན་པར་བཟོད་དོ་ཞེས་ཐུགས་ལ་བཞག་ནས་དཀའ་ཐུབ་ཀྱི་ནགས་སུ་གཤེགས་སོ།།

མདོ་འཛིན་པ།   བདག་ཀྱང་ཡོངས་སུ་བཏང་ནས་ཇི་ལྟར་ཡབ་ཡུམ་ནགས་སུ་གཤེགས། (རྣམ་པར་བསམས་ནས) དེ་ལ་ད་ནི་ཅི་ཞིག་རིགས་པར་འགྱུར། ཡང་ན་བདག་བླ་མའི་ཞབས་ཀྱི་རིམ་གྲོ་བྱེད་པའི་བདེ་བ་ཡོངས་སུ་བཏང་ནས་ཇི་ལྟར་ཁྱིམ་དུ་འདུག་པར་བྱེད། གང་གི་ཕྱིར།

ཇི་ལྟར་སྤྲིན་གྱི་བཞོན་པ་བཞིན། །དབང་ཕྱུག་རིམ་པས་འོངས་བཏང་སྟེ། །

ཕ་མའི་སྲི་ཞུ་བསྒྲུབ་པའི་ཕྱིར། །བདག་ཀྱང་ནགས་སུ་འགྲོ་བར་བྱ།།

(སོང་བར་གྱུར་ཏོ)

སྐབས་དབྱེ་བའོ།།

(དེ་ནས་སྤྲིན་གྱི་བཞོན་པ་དང་། བཞད་གད་པ་དག་ཞུགས་ཏེ)

འདྲེན་པ།    ཆགས་པའི་གནས་ཞེས་བྱ་བར་བདག་གིས་རིག།།འཇིག་ཅེས་བྱ་བར་བདག་གིས་མ་རྟོགས་མིན། །བྱ་དང་བྱ་མིན་རྣམ་པར་དཔྱད་རྣམས་ལ། །ཕྱིར་ཕྱོགས་གྱུར་བར་ས་ལ་སུས་མ་རིག།།ཕ་མའི་སྲི་ཞུ་བྱེད་པ་བདག་གི་ནི། །ལང་ཚོ་དབང་པོའི་དབང་དུ་གྱུར་པ་འདི། །གལ་ཏེ་གུས་པས་འདི་ལྟར་ཉིད་གྱུར་ན། །དེ་ལྟར་སྨད་པར་འོས་ཀྱང་དགའ་བྱེད་འགྱུར།།

བཞད་གད་པ།   (ཁྲོས་པ་དང་བཅས་པར) ཀྱེ། གང་གི་ཚེ་གསོན་བཞིན་དུ་ཤི་བའི་རྒན་རྒོན་འདི་དག་འདི་ལྟར་ནགས་ན་འདུག་པ་ལ་འདི་སྙེད་ཀྱི་དུས་སུ་སྡུག་བསྔལ་ཉམས་སུ་མྱོང་ཡང་ཁྱོད་ནི་ཡིད་བྱུང་བར་མ་གྱུར་རོ། །དེས་ན་རབ་ཏུ་དང་བས་ད་དུང་ཡང་རེ་ཞིག་བླ་མའི་ཞབས་ཀྱི་སྲི་ཞུ་ལ་ཆགས་པ་ལས་ཕྱིར་བཟློག་ལ་རྒྱལ་སྲིད་ཀྱི་བདེ་བ་ཉམས་སུ་མྱོང་བར་བྱོས་ཤིག

འདྲེན་པ།    ཇི་ལྟར་ཡབ་ཀྱི་མདུན་དུ་སར་འདུག་མཛེས་པ་དེ་ལྟ་སེང་གེའི་ཁྲི་ལ་ཡོད་དམ་ཅི། །ཡབ་ཀྱི་ཞབས་དག་ཉེད་པ་ལས་བྱུང་བདེ་བ་དེ་ནི་རྒྱལ་སྲིད་དག་ལའང་ཡོད་དམ་ཅི། །བླ་མའི་ལྷག་མ་སྤྱད་པའི་དགའ་བ་གང་འདིས་ས་གསུམ་སྤྱད་པ་དག་ལ་ཡོད་དམ་ཅི། །བླ་མས་བཏང་བའི་རྒྱལ་སྲིད་ངེས་པར་གདུང་བྱེད་དག་སྟེ་དེས་ན་ཡོན་ཏན་ཅི་ཞིག་ཡོད།།

བཞད་གད་པ།   (བདག་ཉིད་ཀྱིས་རྟོགས་པར)  ཨེ་མ་འདི་ནི་སྐྱེ་བོ་བླ་མའི་སྲི་ཞུ་ལ་ཆགས་པ་ཞིག་གོ (རྣམ་པར་བསམས་ནས) དེས་ན་འདིར་ཡང་རེ་ཞིག་བརྗོད་པར་བྱའོ།། (གསལ་བར) ཀྱེ། གྲོགས་པོ་ངེས་པར་རྒྱལ་སྲིད་ཀྱི་བདེ་བ་འབའ་ཞིག་གི་ཆེད་དུ་བདག་གིས་འདི་བརྗོད་པ་མ་ཡིན་ཏེ། གཞན་ཡང་ཁྱོད་ལ་བྱ་བ་དག་ཡོད་པ་ཉིད་དོ།།

འདྲེན་པ།   (འཛུམ་དང་བཅས་པར) བྱ་བ་བདག་གིས་བྱས་པ་ཉིད་མ་ཡིན་ནམ། ལྟོས་ཤིག །

རིགས་པར་འོས་པའི་ལམ་ལ་བློན་པོ་རྣམས་སྦྱར་དམ་པ་རྣམས་ནི་བདེ་ལ་བཞག །དེ་བཞིན་གཉེན་གྱི་སྐྱེ་བོ་བདག་མཚུངས་ཉིད་བྱས་རྒྱལ་སྲིད་དག་ཀྱང་བསྲུངར་བྱས། །ཡིད་ལ་རེ་བ་ལས་ལྷག་འབྲས་སྟེར་དཔག་བསམ་ཤིང་ཡང་སློང་བ་རྣམས་ལ་བྱིན། །འདི་ལས་གཞན་པའི་བྱ་བ་ཅི་ཞིག་ཁྱོད་ཀྱི་སེམས་ལ་གང་ཞིག་གནས་པ་སྨྲོས།།

བཞད་གད་པ།   ཀྱེ། གྲོགས་པོ། ཤིན་ཏུ་ཐུབ་ཆོད་ལྡན་ཞིང་ཉམས་པར་བྱེད་པའི་ལྷ་མ་ཏང་ག་འདི་མི་མཐུན་པའི་ཕྱོགས་སུ་ཉེ་བར་གནས་པ་ལ། གཙོ་བོ་དང་གཉེན་དག་ཡང་དག་པར་གནས་ཀྱང་ཁྱོད་མེད་ན་བདག་ནི་རྒྱལ་སྲིད་ལེགས་པར་གནས་པར་མི་རྟོག་གོ།

འདྲེན་པ།   མ་ཏང་གས་རྒྱལ་སྲིད་ལེན་པར་འགྱུར་རོ་ཞེས་བྱ་བའི་དོགས་པ་ཡོད་དམ་ཅི།

བཞད་གད་པ།   དེ་ལས་ཅི།       

འདྲེན་པ།   གལ་ཏེ་དེ་ལྟར་གྱུར་ན་དེ་ལས་ཅིར་འགྱུར། བདག་གི་ལུས་ལ་སོགས་པ་ཐམས་ཅད་གཞན་གྱི་དོན་ཉིད་དུ་ཡོངས་སུ་བསྲུངས་པ་མ་ཡིན་ནམ། གང་ཡང་རང་གིས་མ་བྱིན་པ་དེ་ནི་ཡབ་ཀྱི་ངོར་ཡིན་ནོ། །དེས་ན་དོན་མེད་པའི་བསམ་པ་འདིས་ཅི་ཞིག་བྱ། ཡབ་ཀྱིས་རྗེས་སུ་བསྟན་པ་ཉིད་ལྷུར་བསྒྲུབ་པར་བྱའོ།།

བཞད་གད་པ།   ཀྱེ། ཡབ་ཀྱིས་ཅི་ཞིག་བསྟན།

འདྲེན་པ།   ཇི་ལྟར བུ། སྤྲིན་གྱི་གཞོན་པ། ཉི་མ་མང་བོར་ཡོངས་སུ་སྤྱད་པས་དཀའ་ཐུབ་ཀྱི་ནགས་འདི་ཡམ་ཤིང་དང་། ཀུ་ཤ་དང་། མེ་ཏོག་དང་། ཉེ་བར་མཁོ་བའི་རྩ་བ་དང་། འབྲས་བུ་དང་། སྡོང་བུ་དང་། དྲི་ཞིམ་པ་དང་། རྔད་མང་བ་དག་རིང་དུ་བྱས་པར་གྱུར་གྱིས། དེའི་ཕྱིར། མ་ལ་ཡའི་རི་ལ་སོང་ལ་བསྟི་གནས་འགའ་ཞིག་རྟོགས་ཤིགཅེས་ཡབ་ཀྱིས་བདག་ལ་རྗེས་སུ་བསྟན་ཏོ། །དེའི་ཕྱིར་རེ་ཞིག་མ་ལ་ཡ་ཉིད་དུ་འགྲོའོ།།

བཞད་གད་པ།   ཇི་ལྟར་ཁྱོད་ཀྱིས་བཀའ་བསྩལ་བ་བཞིན་ནོ། ། འགྲོའོ།།

(ཞེས་ཏེ་གཉི་ག་སོང་བར་གྱུར་ཏོ)

བཞད་གད་པ།   (མདུན་དུ་བལྟས་ནས) ཀྱེ། གྲོགས་པོ། ལྟོས་ཤིག །ལྟོས་ཤིག །རླན་དང་བཅས་ཤིང་སྟུག་པོའི་ཙན་དན་གྱི་ནགས་ཀྱི་ཁྲོད་ནས་ཡོངས་སུ་བསྐྱོད་པ་དྲི་བཟང་རྒྱ་ཆེན་པོས་བསྒོས་པ་ཅན་རིའི་ངོས་མི་བཟད་པ་ལས་བབས་པས་དུམ་བུར་གྱུར་བའི་ཆུ་རྒྱུན་ལས་འཐོར་བའི་ཐིགས་པ་བསིལ་བོ་འཛིན་པ་མ་ལ་ཡའི་རླུང་འདི་ནི་ངེས་པར་ལམ་གྱིས་ཡོངས་སུ་དུབ་པ་དག་སེལ་ཞིང་། དངབོར་འགྲོགས་པར་འདོད་པའི་དགའ་མ་ལ་མགྲིན་པ་ནས་བཟུང་བ་བཞིན་དུ་གྲོགས་པོ་མཛའ་བོ་ལ་སྤུ་ལོང་རྒྱས་པར་བྱེད་པ་འདྲའོ།།

འདྲེན་པ།   (ཀུན་དུ་བལྟས་ནས) ཨ་ཡེ། བདག་ཅག་རི་མ་ལ་ཡར་སླེབས་པར་གྱུར་ཏོ།། (བརྟགས་ནས) ཨེ་མ་འདི་ནི་དགའ་བར་བྱ་བ་ཞིག་སྟེ། དེ་ལྟར་ཡང་། དགའ་ལྡན་ཕྱོགས་ཀྱི་གླང་བོ་འགྲམ་པའི་ངོས་བདར་ཙན་དན་དག་ནི་ཆག་ཅིང་ཟག། །ཆུ་གཏེར་རླབས་རྣམས་རབ་ཏུ་བསྣུན་པས་ཕུག་དང་ལུང་་དག་ནི་ཆོ་ངེས་སྒྲོགས། །གྲུབ་པའི་བུད་མེད་བགྲོད་པ་རྣམས་ཀྱི་རྐང་འི་སྨུག་རྩིས་དམར་་མུ་ཏིག་རྡོ། །བསྟེན་བྱ་རི་བོ་མ་ལ་ཡ་འདིས་བདག་གི་སེམས་ནི་ཅི་ཡང་སྲེད་ལྡན་བྱེད།།

དེས་ན་ཚུར་ཤོག  །འདི་ལ་འཛེགས་ཏེ་འདུག་པར་འོས་པའི་བསྟི་གནས་དག་རྟོག་པར་བྱའོ།།

བཞད་གད་པ།   འུ་བུ་ཅག་དེ་བཞིན་བྱེད་དོ། (མདུན་དུ་ལངས་ཏེ) གཤེགས་ཤིག །

(གཉི་ག་འཛེགས་པའི་གར་བྱེད་དོ)

འདྲེན་པ།   (མིག་གཡོན་པ་གཡོ་བ་གསལ་བར་བྱས་ནས) ཨ་ཡི། བདག་གི་མིག་ནི་གཡས་པ་གཡོ། །འབྲས་བུ་འདོད་པ་འགའ་ཡང་མེད། །ཐུབ་པའི་གསུང་ཡང་རྫུན་མ་ཡིན། །འདི་ནི་ཅི་ཞིག་འཆད་འགྱུར་ཀྱེ།།

བཞད་གད་པ།   ཀྱེ་གྲོགས་པོ། དགའ་བ་འགའ་ཞིག་ཉེ་བར་སྟོན་ནོ།།

འདྲེན་པ།    ངེས་པར་ཇི་ལྟར་ཁྱོད་ཀྱིས་སྨྲས་པ་དེ་བཞིན་ནོ།།

བཞད་གད་པ།   ཀྱེ་གྲོགས་པོ། ལྟོས་ཤིག །ལྟོས་ཤིག  །ཁྱད་པར་དང་བཅས་པར་སྟུག་ཅིང་སྣུམ་པའི་རྐང་འཐུང་གིས་ཉེ་བར་མཛེས་ཤིང་། བའི་མར་གྱི་དྲིའི་སྙིང་བོ་ཅན་གྱི་དུ་བ་དྲག་ཏུ་འཕྱུར་ལ། རི་དྭགས་ཀྱི་ཚོགས་འཇིགས་པ་མེད་ཅིང་ལམ་དུ་བག་ཕབ་སྟེ་གནས་པ་འདི་ནི་དཀའ་ཐུབ་ཀྱི་ནགས་ཚལ་བཞིན་དུ་མཚོན་ནོ།།

འདྲེན་པ།    གྲོགས་པོ། ཡང་དག་པར་མཚོན་ནོ།། འདི་དག་ནི་དཀའ་ཐུབ་ཀྱི་ནགས་ཚལ་ཉིད་དེ། གང་གི་ཕྱིར། གོས་ཀྱི་དོན་དུ་ཤིང་ཤུན་རྣམས་བཅད་བརྩེ་བ་ཉིད་ཀྱིས་ཤིན་ཏུ་ཆེ་བ་མིན། །རིལ་བ་རྙིང་ཚོགས་པས་མཚན་པའི་ཆུ་རྒྱུན་དག་ནི་མཁའ་ལྟར་རབ་ཏུ་དྭངས། །འའ་ཞིག་དག་ན་མུཉྫའི་སྐེ་རགས་ཁྱེའུས་བཅད་ཅིང་དོར་བར་གྱུར་་མཐོང་། །རྟག་ཏུ་ཐོས་པས་ནེ་ཙོ་དག་ཀྱང་རིག་བྱེད་ཚིག་འདི་རབ་ཏུ་སྒྲོགས་པར་བྱེད།།དེས་ན། ཚུར་གཤེགས་རབ་ཏུ་ཞུགས་ཏེ། ཉེ་བར་མཚོན་པར་བྱའོ།།

(རབ་ཏུ་ཞུགས་པའི་གར་དག་བྱེད་དོ)

འདྲེན་པ།   (ཡ་མཚན་དང་བཅས་རྣམ་པར་བལྟས་ནས) ཨེ་མ་ཐུབ་པའི་སྐྱེ་བོ་རབ་ཏུ་དགའ་བ་རྣམས་ནི་རིག་བྱེད་ཀྱི་ཚིག་རྒྱས་པ་ལ་ཐེ་ཚོམ་རྣམ་པར་དཔྱོད་པར་བྱེད་ལ། ཁྱེའུའི་སྐྱེ་བོ་རྣམས་ནི་ཇི་ལྟར་གཤེར་བ་གཤེར་བའི་ཡམ་ཤིང་དག་གཅོད་ཅིང་། དཀའ་ཐུབ་པའི་གཞོན་ནུ་མ་རྣམས་ནི་ལྗོན་པ་གསར་འི་སྐྱོ་ར་འགེངས་པར་བྱེད་པའི་དཀའ་ཐུབ་ཀྱི་ནགས་ཚལ་ནི་རབ་ཏུ་ཞི་བ་དང་དགའ་བར་བྱེད་པ་ཉིད་དོ། །

འདི་ཉིད་ན།

བུང་བའི་སྒྲ་ཡིས་ལེགས་པར་འོངས་སམ་ཞེས་ནི་བརྗོད་པ་བཞིན། །འདི་དག་མགོ་ནི་འབྲས་བུ་དུད་པས་འདུད་པར་བྱེད་པ་བཞིན། །

མེ་ཏོག་ཆར་་འཐོར་ཞིང་བདག་ལ་མཆོད་ཡོན་སྟེར་བ་བཞིན། །ཡལ་ག་ལྡན་པ་ཡིས་ཀྱང་མགྲོན་གྱི་བསྙེན་བཀུར་ཇི་ལྟར་བསླབས། །

དེའི་ཕྱིར། དཀའ་ཐུབ་ཀྱི་ནགས་ཚལ་འདིར་ནི་འདུག་པར་འོས་པ་ཞིག་སྟེ། འདིར་གནས་ན་བདག་ཅག་གི་སེམས་བདེ་བར་འགྱུར་རོ་སྙམ་མོ།།

བཞད་གད་པ།   ཀྱེ་གྲོགས་པོ། འོན་ཀྱང་ངེས་པར་རི་དྭགས་འདི་དག་མགྲིན་པ་ཅུང་ཟད་འཁྱོགས་ཏེ་གཡོ་བ་མེད་པའི་ཁ་ལས་ཅུང་ཟད་ཟོས་པའི་རྩྭ་ཁམ་ནང་ན་གནས་པ་ཟག་ཅིང་རྣ་བ་གཅིག་རབ་ཏུ་བསླངས་ཏེ་གཏད་ནས་མིག་ཟུམ་པ་དང་བཅས་པས་ཉན་པར་བྱེད་པ་ལྟ་བུར་མཚོན་ནོ།།

འདྲེན་པ།   (རྣ་བ་གཏད་ནས) གྲོགས་པོ། ལེགས་པར་མཚོན་པར་བྱས་སོ། །དེ་ལྟར་ཡང་། གནས་ཐོབ་རབ་ཏུ་གསལ་བའི་འགྲོས་ཅན་གདངས་སྙན་དག་གིས་རྣམ་པར་ཞག་པ་འཛིན་བྱེད་པ། །བུང་བའི་སྒྲ་བཞིན་ངེས་པར་ཡིད་འཕྲོག་རྒྱུད་མངས་དག་གི་རྒྱུད་མངས་སྒྲ་དང་ལྡན་པ་ཡིས། །གསལ་ཞིང་རོལ་སྒེག་ཚིག་ལྡན་གླུ་ནི་ཀུན་དུ་འཁྱོག་པའི་ལུས་ཅན་རི་དྭགས་འདི་དག་རྣམས། །སོ་ཡི་བར་ན་གནས་པ་རྩྭ་ཡི་ཁམ་ནི་གཅོད་པའི་སྒྲ་དག་བསྡམས་ནས་ཉན་པར་བྱེད།།

བཞད་གད་པ།  ཀྱེ་གྲོགས་པོ། དཀའ་ཐུབ་ཀྱི་ནགས་ཚལ་འདི་ན་སུ་ཞིག་གླུ་ལེན་པར་བྱེད།

འདྲེན་པ།   ཇི་ལྟར་སོར་མོ་འཇམ་པའི་འདབ་མས་མངོན་པར་བསྣུན་པའི་རྒྱུད་མངས་ཤིན་ཏུ་གསལ་བ་མ་ཡིན་པར་སྒྲོགས་ཤིང་། གླུ་ཡང་སྙན་ཅིང་ཕྲ་བ་གཙོར་ལེན་པ་དེ་ལྟར་བདག་རྟོག་པ་ནི་གནས་འདི་ན་ལྷ་དག་མཉེས་པར་བྱེད་ཅིང་ལྷའི་བུད་མེད་རྒྱུད་མངས་དང་ལྡན་པའི་གླུ་ལེན་པར་བྱེད་དོ།།

བཞད་གད་པ།   ཀྱེ་གྲོགས་པོ། ཚུར་ཤོག ཡུ་འུ་ཅག་ཀྱང་ལྷའི་གནས་བལྟ་བར་བྱའོ།།

འདྲེན་པ།   ལེགས་པར་བརྗོད་དེ། ངེས་པར་ལྷ་ནི་ཕྱག་བྱ་བར་འོས་པའོ།། (ཉེ་བར་སོང་སྟེ་འཕྲལ་ལ་འདུག་ནས) གྲོགས་པོ། གལ་ཏེ་ན་སྐྱེ་བོ་འདི་ལྟ་བར་མི་འོས་པ་སྲིད་དོ།། དེ་ནས་རེ་ཞིག་ཏ་མ་ལའི་གེལ་བ་འདིའི་ནང་དུ་འདུག་སྟེ་ལྷ་ལྟ་བའི་སྐབས་བཙལ་བར་བྱའོ།། (དེ་ལྟར་བྱས་སོ)

(དེ་ནས་མ་ལ་ཡ་ཅན་མ་དང་། འབངས་མོ་ཞུགས་ཏེ་ས་ལ་འདུག་ནས་རྒྱུད་མངས་སྦྲེང་བར་བྱེད་དོ)

འདྲེན་མ།   (གླུ་ལེན་པ) གཽ་རཱི་རབ་རྒྱས་པདྨའི་གེ་སར་གྱི། །དངུལ་ལྟར་དཀར་བའི་འོད་ཅན་བཅོམ་ལྡན་མ། །ཁྱོད་ཀྱི་བཀའ་དྲིན་དག་གིས་བདག་གི་ནི། །མངོན་པར་འདོད་པ་རབ་ཏུ་གྲུབ་པར་མཛོད།།

འདྲེན་པ།   (རྣ་གཏད་ནས) ཨེ་མ་ཧོ། གླུ། ཨེ་མ་ཧོ། རོལ་མོ། འདི་ལ་གསལ་བྱེད་ཀྱི་དབྱངས་རྣམ་པ་བཅུ་བོ་འདིས་གསལ་བ་ཐོབ་ཅིང་། མྱུར་བ་དང་། བར་མ་དང་། དལ་བའི་སྟབས་རྣམ་པ་གསུམ་རབ་ཏུ་གསལ་བར་ཡོངས་སུ་བཅད་དེ། བ་ལང་གི་རྔ་མ་ལ་སོགས་པ་རྣམ་པ་གསུམ་གྱི་རིམ་པས་ངལ་བསོ་བར་བྱས་པ་དེ་ཁོ་ནའི་ཚོགས་ཀྱི་རྗེས་སུ་འབྲང་བའི་རོལ་མོའི་ཆོ་ག་ཡང་དག་པ་གསུམ་བསྟན་ནོ།།

འབངས་མོ།   རྗེའི་སྲས་མོ། ངེས་པར་ཡུན་རིང་དུ་གླུ་དག་བླངས་ནས་ཁྱོད་ཀྱི་ལག་རྩེ་དག་ཡོངས་སུ་མི་ངལ་ལམ།

འདྲེན་མ།    གྲུང་མོ། བཅོམ་ལྡན་མའི་མདུན་དུ་རྒྱུད་མངས་སྒྲོགས་པར་བྱེད་པ་ལ་བདག་ག་ལ་ངལ།

འབངས་མོ།   (སྨོད་པ་དང་བཅས་པར) ཀྱེ། བརྩེ་མེད་མ་འདིའི་མདུན་དུ་རྒྱུད་མངས་བསྒྲགས་པས་ཅི་ཞིག་བྱ་ཞེས་བདག་སྨྲའོ། །གང་ཞིག་འདི་སྙེད་ཀྱི་དུས་སུ་སྐྱེ་བོ་གཞོན་ནུ་མའི་དཀའ་ཐུབ་བསྙེན་གནས་ངེས་པ་ལ་གནས་པས་བསྟེན་ཡང་ད་དུང་ཁྱོད་ལ་དང་བར་མི་སྟོན་ནོ།།

བཞད་གད་པ།  (ཐོས་ནས) ཀྱེ་གྲོགས་པོ། འདི་ནི་ངེས་པར་གཞོན་ནུ་མ་སྟེ། ཅིའི་ཕྱིར་མི་ལྟ།

འདྲེན་པ།   སྐྱོན་ཅི་ཡོད། གཞོན་ནུ་མ་ལྟ་བ་ནི་སྐྱོན་མེད་པ་ཉིད་དོ། །འོན་ཀྱང་གལ་ཏེ་ན་བདག་ཅག་མཐོང་ནས་འཇིགས་ཏེ། ངོ་ཚ་བ་གཞོན་ནུ་མ་ལ་རྙེད་སླ་བས་འདིར་ཡུན་རིང་དུ་མི་སྡོད་པ་སྲིད་དོ། །དེས་ན་རེ་ཞིག་འཁྲི་ཤིང་གི་དྲ་བ་འདིས་བསྒྲིབས་ཏེ་བལྟ་བར་བྱའོ།། 

(གཉི་གས་བལྟས་ཏེ)

བཞད་གད་པ།   (ཡ་མཚན་དང་བཅས་པར) ཀྱེ་གྲོགས་པོ། ལྟོས་ཤིག །ལྟོས་ཤིག །ངོ་མཚར་རོ། །ངོ་མཚར་རོ། །རྒྱུད་མངས་ཀྱི་སྒྲས་རྣ་བའི་བདེ་བ་སྐྱེད་པར་བྱེད་པ་འབའ་ཞིག་ཏུ་མ་ཟད་དེ། རྣམ་པར་ཤེས་པའི་རྗེས་སུ་མཐུན་པའི་གཟུགས་འདིས་མིག་གི་ཡང་བདེ་བ་སྐྱེད་པར་བྱེད་དོ། །དེའི་ཕྱིར་འདི་ནི་སུ་ཞིག་ཡིན། ཅི་ལྷ་མོའམ། ཀླུའི་བུ་མོའམ། ཡང་ན་རིག་པ་འཛིན་པའི་བུ་མོ་འམ། ཡང་ན་གྲུབ་པའི་རིགས་ལས་འཁྲུངས་པ་ཞིག་གོ།

འདྲེན་པ།   (རྣམ་པར་བལྟ་ཞིང་ཆགས་པ་དང་བཅས་པར) གྲོགས་པོ། འདི་སུ་ཞིག་ཡིན་ཞེས་བདག་གིས་མ་རྟོགས་སོ། །བདག་གིས་འདི་ཙམ་ཤེས་ཏེ།

གལ་ཏེ་མཐོ་རིས་བུ་མོ་ཡིན་ན་འཕྲོག་བྱེད་མིག་སྟོང་ལྡན་དེས་དོན་བྱས་གྱུར། །

གལ་ཏེ་ཀླུ་ཡི་བུ་མོ་ཡིན་ནའང་འདིའི་གདོང་ཡོད་ཚེ་ས་འོག་ཟླ་བས་སྟོང་མ་ཡིན། །

གལ་ཏེ་རིག་འཛིན་མ་ཡིན་གཞན་རིགས་ལས་རྒྱལ་བདག་ཅག་རིགས་ནི་འབྲས་དང་བཅས། །

གལ་ཏེ་གྲུབ་རིགས་ལས་སྐྱེས་དེ་ཕྱིར་གྲུབ་པ་འཇིག་རྟེན་གསུམ་དུ་གྲགས་པར་འགྱུར།།

བཞད་གད་པ།   (འདྲེན་པ་ལ་བལྟས་ནས་དགའ་བ་དང་བཅས་ཤིང་རང་གིས་རྟོགས་པར) ཨེ་མའོ། །ཡུན་རིང་བོ་ཞིག་ནས་ཡིད་སྲུབས་ཀྱི་སྤྱོད་ཡུལ་དུ་ལྷུང་བར་གྱུར་རོ།། (བདག་ཉིད་ལ་སྟོན་ཞིང) ཡང་ན་མ་ཡིན་ཏེ། བྲམ་ཟེ་བདག་གིའོ།།

འབངས་མོ།   (མཛའ་བ་དང་བཅས་པར) ཀྱེ། བདག་སྨྲའོ། །བརྩེ་མེད་མ་འདིའི་མདུན་དུ་རྒྱུད་མངས་བསྒྲགས་པས་ཅི་ཞིག་བྱ། (ཞེས་ཏེ་རྒྱུད་མངས་འཕངས་སོ)

འདྲེན་མ།    བུ་མོ། བཅོམ་ལྡན་མ་གཽ་རཱི་ལ་མ་སྨད་ཅིག །ཀྱེ། དིང་བཅོམ་ལྡན་མས་བཀའ་དྲིན་མཛད་པ་བཞིན་ནོ།།

འབངས་མོ།   རྗེའི་སྲས་མོ། རེ་ཞིག་ཅི་འདྲ་བ་དག་སྨྲོས་ཤིག

འདྲེན་མ།   བུ་མོ། ངེས་པར་དིང་རྨི་ལམ་དུ་བདག་འདི་བཞིན་ཉིད་དུ་རྒྱུད་མངས་སྦྲེང་བ་ལ་བཅོམ་ལྡན་མས་གསུངས་པ། བུ་མོ། ཁྱོད་ཀྱིས་རྒྱུད་མངས་སྦྲེང་བ་མཁས་པ་ཁྱད་པར་དུ་འཕགས་པ་འདི་དང་། བདག་ལ་ཐུན་མོང་མ་ཡིན་པའི་གུས་པ་བུ་མོའི་དངོས་པོ་ལ་རྙེད་དཀའ་བ་འདིས་བདག་ཤིན་ཏུ་ཚིམ་པར་གྱུར་རོ། །དེའི་ཕྱིར་ཡུན་རིང་བོ་མ་ཡིན་པ་ན་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བས་ལག་པ་འཛིན་པར་འགྱུར་རོཞེས་སོ།།

འབངས་མོ།  (དགའ་བ་དང་བཅས་པར) རྗེའི་སྲས་མོ། གལ་ཏེ་དེ་ལྟར་ཡིན་ན་རྨི་ལམ་དུ་ཞེས་ཅིའི་ཕྱིར་བརྗོད། ལྷ་མོས་སྙིང་ལ་འདོད་པའི་མཆོག་བྱིན་པ་ཉིད་ཡིན་ནོ།།

བཞད་གད་པ།  ངེས་པར་བདག་ཅག་ལྷ་མོ་ལྟ་བའི་སྐབས་སུ་བབ་བོ། །དེའི་ཕྱིར་ཚུར་ཤོག །  ཉེ་བར་འགྲོ་བར་བྱའོ།། (ཞེས་ཏེ་ཉེ་བར་བཏུད་དོ)

འདྲེན་པ།   རེ་ཞིག་བདག་ཞུགས་པར་མི་བྱའོ།།

བཞད་གད་པ།  (མི་འདོད་བཞིན་དུ་ཁྱེར་ནས) ཇོ་མོ་གྲུང་མོ་བདག་བདེན་པར་སྨྲ་སྟེ། འདི་ནི་མཆོག་བྱིན་པ་ཉིད་དོ།།

འདྲེན་མ།   (འཇིགས་པ་དང་བཅས་པར་འདྲེན་པ་ལ་མཚོན་ཏེ) བུ་མོ། འདི་སུ་ཞིག

འབངས་མོ།  གཞན་དང་ཐུན་མོང་མ་ཡིན་པའི་རྣམ་པ་འདིས་ན། འདི་ཉིད་བཅོམ་ལྡན་མས་བཀའ་དྲིན་མཛད་པ་ཡིན་ནམ་སྙམ་མོ།།

འདྲེན་མ།   (ཆགས་པ་དང་བཅས་ཤིང་ངོ་ཚ་བ་དང་བཅས་པར་བལྟས་སོ)

འདྲེན་པ།   གཡོ་ཞིང་ཡངས་པའི་མིག་ལྡན་དབུགས་འབྱིན་ཞིང་། །འདར་ཞིང་མཁྲེགས་སྟུག་ནུ་ལྡན་འཁྲུལ་བྱེད་མ། །ལུས་འདི་དཀའ་ཐུབ་ཉིད་ཀྱིས་ཤིན་ཏུ་ནི། །ངལ་གྱུར་སླར་ཡང་ཅི་སླད་གདུང་བར་བྱེད།།

འདྲེན་མ།   བུ་མོ། ཤིན་ཏུ་འཇིགས་པས་འདི་ལ་མངོན་དུ་ཕྱོགས་ཏེ་འདུག་པར་མི་ནུས་སོ།། (ཞེས་ཏེ་ལོགས་ལ་བལྟས་ནས་འཁོད་དོ)

འབངས་མོ།  རྗེའི་སྲས་མོ། འདི་ཅི།

འདྲེན་མ།   གྲུང་མོ། བདག་འདིའི་འཁྲིས་སུ་འདུག་པར་མི་ནུས་སོ། །དེ་བས་གཞན་དུ་འགྲོ་བར་བྱའོ།། (ལངས་པར་འདོད་དོ)

བཞད་གད་པ།  ཀྱེ། འདི་ངེས་པར་སྐྲག་གོ། བདག་གི་བསླབ་པའི་རིག་པ་བཞིན་དུ་ཡུད་ཙམ་ཞིག་ལ་གཟུང་བར་བྱའོ།།

འདྲེན་པ།  སྐྱོན་ཅི།

བཞད་གད་པ།  ཇོ་མོ། ཁྱོད་ཀྱི་དཀའ་ཐུབ་ཀྱི་ནགས་ཚལ་འདི་ན་གང་ཞིག་འགྲོན་པོ་འོངས་པ་ལ་ཚིག་ཙམ་གྱིས་ཀྱང་ཕེབས་པར་སྨྲ་བ་མ་ཡིན་པ་འདི་འདྲ་བའི་ཀུན་དུ་སྤྱོད་པ་ཡོད་དམ་ཅི།

འབངས་མོ།  (འདྲེན་མར་བལྟས་ནས་བདག་ཉིད་ཀྱིས་རྟོགས་པར) འདིའི་མིག་འདི་ལ་རྗེས་སུ་ཆགས་པ་བཞིན་དུ་མཚོན་ནོ།། (གསལ་བར) རྗེའི་སྲས་མོ། བྲམ་ཟེ་རིགས་པ་དག་སྨྲའོ། །འགྲོན་པོ་ལ་བསྙེན་བཀུར་བྱ་བ་རིགས་པ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་མཐུ་ཆེན་པོ་དང་ལྡན་པ་འདི་དག་ལ་གུས་པར་བྱ་བ་ལ་རྨོངས་པར་གནས། ཡང་ན་ཁྱོད་བཞུགས་ཤིག །ཁོ་མོ་ཉིད་ཀྱིས་ཇི་ལྟར་རིགས་པ་དག་བྱའོ།། (འདྲེན་པ་ལ་མཚོན་ཏེ) ཇོ་བོ། ལེགས་པར་འོངས་སམ། ཇོ་བོས་སྟན་ཡོངས་སུ་བཟུང་བས་ཕྱོགས་འདི་བརྒྱན་པར་མཛོད་ཅིག

བཞད་གད་པ།  ཀྱེ། གྲོགས་པོ། འདི་ནི་ལེགས་པར་སྨྲའོ། །ཡུད་ཙམ་ཞིག་འདུག་སྟེ་ངལ་གསོ་བར་བྱའོ།།

འདྲེན་པ།  ཁྱོད་ནི་རིགས་པར་སྨྲའོ།། (གཉི་ག་འཁོད་དོ)

འདྲེན་མ།  ཀྭ་ཡེ། བཞད་གད་ཀྱི་ངང་ཚུལ་ཅན་མ། དེ་ལྟར་མ་བྱེད། གལ་ཏེ་དཀའ་ཐུབ་པ་འགའ་ཞིག་གིས་མཐོང་ན་འདི་ལས་བདག་དུལ་བ་མ་ཡིན་པ་དང་ལྡན་པར་དོགས་པར་འགྱུར་རོ།།

(དེ་ནས་དཀའ་ཐུབ་པ་ཞུགས་ཏེ)

དཀའ་ཐུབ་པ།  རིགས་ཀྱི་བདག་པོ་ཀཽ་ཤི་ཀས་བདག་ལ་བཀའ་བསྒོས་པ། མཉེས་གཤིན་ཤཱ་ཎྜི་ལྱ། ཡབ་ཀྱི་བཀས། རྒྱལ་ཚབ་བཤེས་གཉེན་གྱི་དབྱིག་གཞོན་ནུ་སྤྲིན་གྱི་བཞོན་པ་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་བ་དག་རི་མ་ལ་ཡ་འདི་ཉིད་ཀྱི་ཕྱོགས་འགའ་ཞིག་ན་གནས་པ་སྲིང་མོ་མ་ལ་ཡ་ཅན་གྱི་ཁྱིམ་ཐབ་ཀྱི་སླད་དུ་བལྟ་བའི་ཕྱིར་དི་རིང་འོངས་ཏེ། གལ་ཏེ་དེ་བལྟ་ཞིང་མ་ལ་ཡ་ཅན་གྱི་ཉི་མ་གུང་གི་མཆོད་སྦྱིན་གྱི་དུས་ཡོལ་བར་འགྱུར་སྲིད་དོ། །དེས་ན་དེ་བོས་ལ་ཤོག་ཅིགཅེས་སོ། །དེས་ན་བདག་རེ་ཞིག་གཽ་རཱིའི་ཁང་་ཉིད་དུ་འགྲོའོ།། (འགྲོ་ཞིང་ས་ལ་རྣམ་པར་བལྟས་ནས) ཨ་ཡི། རྡུལ་དང་ལྡན་པའི་ཕྱོགས་ན་རབ་ཏུ་གསལ་བའི་འཁོར་ལོས་མཚན་པའི་རྗེས་ཀྱི་ཕྲེང་བ་དག་སྣང་བ་འདི་སུ་ཞིག་གི་ཡིན། (མདུན་དུ་བལྟས་ཏེ་སྤྲིན་གྱི་བཞོན་པ་ལ་ངེས་པར་བརྟགས་ནས) འདི་ནི་སྐྱེས་བུ་ཆེན་པོ་འདི་ཡི་ཡིན་ནམ་སྙམ་མོ།། གཞན་ཡང་།

མགོ་ལ་གཙུག་ཏོར་འདི་གསལ་སྨིན་མའི་བར་ན་མཛོད་སྤུ་འདི་ནི་རྣམ་པར་མཛེས། །

མིག་ནི་པདྨའི་རྗེས་སུ་མཐུན་ཞིང་བྲང་གདེངས་འཕྲོག་བྱེད་དག་ལ་འགྲན་པར་བྱེད། །

ལག་པ་འཁོར་ལོས་མཚན་པ་ཇི་ལྟར་དེ་ལྟར་སྐྱེས་བུ་དག་ནི་སུ་ཞིག་འདི། །

རིག་པ་འཛིན་པའི་འཁོར་ལོས་སྒྱུར་བའི་གནས་དག་མ་ཐོབ་འདུག་པ་ཡིན་ནམ་སྙམ།།

ཡང་ན། ཐེ་ཚོམ་གྱིས་ཅི་ཞིག་བྱ་སྟེ། ཤིན་ཏུ་གསལ་བརའདི་ནི་སྤྲིན་གྱི་བཞོན་པ་ཡིན་པར་ངེས་སོ།། (མ་ལ་ཡ་ཅན་མ་ལ་བལྟས་ནས) ཨ་ཡེ། འདི་ཡང་རྒྱལ་བོའི་བུ་མོའོ།། (གཉི་ག་ལ་བལྟས་ནས) གལ་ཏེ་ཕན་ཚུན་རྗེས་སུ་འཚམས་པ་འདི་དག་འབྲེལ་ར་བྱེད་ན་བྱེད་པ་བོ་ནི་ཡུན་རིང་བོ་ཞིག་ན་རིགས་པ་བྱེད་པར་གྱུར་ཏོ།། (འདྲེན་པ་ལ་ཉེ་བར་བཏུད་ནས) ཁྱོད་ནི་དགེ་བར་གྱུར་ཅིག

འདྲེན་པ།   བཅོམ་ལྡན། སྤྲིན་གྱི་བཞོན་པ་ཕྱག་བགྱིད་དོ།། (ཞེས་ཏེ་ལྡང་བར་འདོད་དོ)

དཀའ་ཐུབ་པ།  མངོན་དུ་ལྡང་མི་དགོས་སོ།། ཀྱེ། མངོན་འོངས་ཀུན་གྱི་བླ་མ་ཉིད་ཅེས་པས། ཁྱོད་ཉིད་བདག་ཅག་གི་བླ་མ་ཡིན་ནོ།། དེས་ན་ཇི་ལྟར་བདེ་བར་བཞུགས་ཤིག

འདྲེན་མ།   ཇོ་བོ་ལ་ཕྱག་འཚལ་ལོ།།

དཀའ་ཐུབ་པ།  (དེ་མཐོང་ནས) རྗེས་སུ་འཚམ་པའི་བདག་པོའི་སྐལ་བ་དང་ལྡན་པར་གྱུར་ཅིག རྒྱལ་བོའི་བུ་མོ། ཁྱོད་ལ་རིགས་ཀྱི་བདག་པོ་ཀཽ་ཤི་ཀས་བཀའ་བསྩལ་ཁྱོད་ཀྱི་མཆོད་སྦྱིན་གྱི་དུས་ཡོལ་བར་འགྱུར་གྱིས་མྱུར་དུ་ཤོག་ཅིགཅེས་སོ།།

འདྲེན་མ།  (མི་དགའ་བ་དང་བཅས་པར) གང་བླ་མས་བཀའ་བསྩལ་་ཉིད་དོ།། (རང་གིས་རྟོགས་པར) གཅིག་ནི་བླ་མའི་གསུང་དང་གཞན། །མཛའ་བོ་བལྟ་བའི་རྩེ་དགའ་བཟང་། །འགྲོ་འམ་མི་འགྲོ་འགལ་བ་ལ། །བདག་སྙིང་འཕྱང་མོ་ཡུག་པར་འགྱུར།།

(ཤུགས་ཕྱུང་ཞིང་ལངས་ཏེ་ངོ་ཚ་བ་དང་བཅས་ཤིང་ཆགས་པ་དང་བཅས་པར་འདྲེན་པ་ལ་ལྟ་ཞིང་དཀའ་ཐུབ་པ་དང་ལྷན་ཅིག་སོང་བར་གྱུར་རོ)

འདྲེན་པ།   (སྲེད་པ་དང་བཅས་པར་ཤུགས་ཕྱུང་ནས་འདྲེན་མ་ལ་ལྟ་ཞིང)

ཚང་རའི་ཁྱོན་གྱི་ཁུར་ལྡན་ཞིང་། །དམན་པ་དག་ཏུ་འགྲོ་མ་འདི། །གཞན་དུ་འགྲོ་ཡང་བདག་གི་ནི། །སྙིང་ལ་གོམ་པ་བཀོད་པར་གྱུར།།

འབངས་མོ།  ཚུར་ཤོག །ཚུར་ཤོག །རྗེའི་སྲས་མོ། (ཞེས་ཏེ་མ་ལ་ཡ་ཅན་མ་འཁོར་དང་བཅས་པ་སོང་བར་གྱུར་ཏོ)

བཞད་གད་པ།  ཀྱེ། གང་ཞིག་བལྟ་བར་བྱ་བ་དག་མཐོང་ངོ་། །ད་ནི་ཉི་མ་གུང་གི་ཉི་མའི་གདུང་བ་ཉིས་འགྱུར་དུ་བྱས་པ་བཞིན་དུ་བདག་གི་ལྟོ་བའི་མེ་དག་ལྷབ་ལྷབ་བྱེད་དོ།། དེའི་ཕྱིར་འདི་ནས་སོང་སྟེ། གང་གིས་བྲམ་ཟེ་དག་གི་མགྲོན་དུ་འགྱུར་བར་བྱས་ནས་ཐུབ་པའི་སྐྱེ་བོ་ལས་དངོས་སུ་རྙེད་པའི་རྩ་བ་དང་ཆུ་བ་ལ་སོགས་པས་སྲོག་གཟུང་བར་བྱའོ།།

འདྲེན་པ།   (སྟེང་དུ་བལྟས་ནས) ཨ་ཡེ། བཅོམ་ལྡན་འོད་ཟེར་སྟོང་ཕྲག་ལྡན་ནི་ནམ་མཁའི་དཀྱིལ་ན་འཛེགས་ཏེ་བཞུགས་སོ། །དེ་ལྟར་ཡང་།

གདུང་བས་དེ་དུས་ཙན་དན་ལ་བདར་ཐང་ཆུས་དཀར་བའི་འགྲམ་པ་འཛིན་བྱེད་ཅིང་། །

རང་གི་རྣ་བ་བསྐྱོད་པའི་རླུང་ནི་ཡང་དག་ཆགས་པས་བཞིན་ལ་གཡོབ་བྱེད་ཅིང་། །

ལག་པས་གཏོར་བའི་ཆུ་ཐིགས་སྙིང་ཁར་ཁྱད་པར་དུ་འདྲེན་གླང་བོའི་བདག་པོ་འདི། །

ད་ནི་བཟོད་དཀའ་ཟུག་རྔུ་དྲག་པོས་ཟུག་པ་ལྟ་བུའི་གནས་སྐབས་འཛིན་པར་བྱེད།།

(ཅེས་ཏེ་གཉི་ག་སོང་ངོ)

མཚན་མ་དང་བོའོ།།

 

 *མཆན།

འཇིག་རྟེན་དབང་ཕྱུག་ཟླ་བའི་བསྲེས་པོ་(जगदीशचन्द्रमिश्र)དང་མཁན་པོ་སྟོབས་ཀྱི་ལྷ་(बलदेवोपाध्याय)གཉིས་ཀྱིས་བསྒྲིགས་པའི་རྒྱ་དཔེ་གཉིས་དང་གཏུགས་ཤིང་། མཱ་དྷ་བ་ཙནྡྲ་གྷོ་ཥས་(माधव चन्द्र घोष)བསྒྲིགས་པའི་རྒྱ་དཔེ་དང་ཡང་ཟུར་ལྟ་བྱས་ཏེ། བསྟན་འགྱུར་དུ་འབྱུང་བའི་ཤོང་འགྱུར་གྱི་སྣོད་ཀྱི་མིང་མཐའི་བྱེད་པའི་སྒྲ་རྣམས་དགོས་དབང་གིས་བསྡུས། བི་དཱུ་ཥ་ཀ་ཞེས་པ་བཞད་གད་པ་རང་དུ་གྲགས་པས་བཞད་གད་པར་བཅོས། དེ་བཞིན་སྣོན་འཕྲི་དང་། གོང་འོག་སྣོར་དགོས་པ་འགའ་བསྣོར་བ་སོགས་འགྱུར་བཅོས་ཅུང་ཟད་དང་བཅས་རང་སྣང་ལ་དག་པར་ཞུས་ཏེ་གཏན་ལ་ཕབ་པས་ཡོངས་སུ་རྫོགས་པ་ཀུན་ལ་ཕན་པར་གྱུར་ཅིག །

ཟླ་བ་གཞོན་ནུའམ་སི་ནཱི་བཱ་ལཱིའམ་རྡོ་རྗེ་སྐྱབས་ཀྱིས་ ༢༠༡༩ ལོའི་ཟླ་ ༦ པའི་ཚེས་ ༢༥ ཉིན་རྫོགས་པར་བགྱིས་པ་དགེའོ།།


༈ *ཀླུ་ཀུན་དགའི་ཁྲིད་ལ་གསན་འདོད་ན་འདིར་ཕེབས།  མཆོད་བརྗོད་ཀྱི་ཤུ་ལོག་ཁག་གི་རྣམ་བཤད་ལ་གཟིགས་ན་འདིར་ཕེབས། 

 

སྐད་བརྡ་རིག་པའི་གལ་གནད་འགའ།

 

སྐད་བརྡ་རིག་པའི་གལ་གནད་འགའ།

 


སྤྱིར་སྐད་བརྡ་རིག་པ་ནི་སྐད་དང་བརྡའི་རང་བཞིན་ནམ་ཆོས་ཉིད་ལ་ཚན་རིག་གི་རང་བཞིན་གྱིས་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ལ་བྱ་བ་ཡིན།

སྐད་བརྡ་རིག་པ་ལ་རིགས་གཞུང་སྐད་བརྡ་རིག་པ་དང་། དངོས་བཀོལ་སྐད་བརྡ་རིག་པ་གཉིས་ཡོད་དེ། སྔ་མ་ནི་སྐད་བརྡའི་སྣང་ཚུལ་དང་། ཁྱད་ཆོས། ཆོས་ཉིད་སོགས་ཕྱོགས་གཅིག་ཏུ་བསྡུས་ཤིང་། རིགས་ལམ་ཡང་དག་གིས་གཏན་ལ་ཕབ་པའི་སྐད་བརྡའི་གཞུང་ལུགས་ཀྱི་ཆར་གཏོགས་པ་རྣམས་ཡིན་ཏེ། སྒྲ་དོག་འཇུག་ལྟར་ན། སྤྱིར་བཏང་སྐད་བརྡ་རིག་པ་ཙམ་དང་། སྒྲ་ཡངས་འཇུག་ལྟར་ན། བྱེ་བྲག་སྐད་བརྡ་རིག་པའི་གཞུང་ལུགས་ཀྱི་ཆ་རྣམས་ཀྱང་འདིའི་ཁོངས་སུ་འདུ་བར་བྱེད།

དངོས་བཀོལ་སྐད་བརྡ་རིག་པ་ནི་ལས་སྒོ་སོ་སོ་ནས་སྐད་བརྡའི་བེད་སྤྱོད་རང་བཞིན་དང་། ལག་ལེན་དངོས་ཕན་རང་བཞིན་ལ་དམིགས་ནས་ཞིབ་འཇུག་རྒྱ་ཆེར་གནང་བའི་མཐའ་འབྲས་རྣམས་ཏེ།

མདོར་ན། གོང་གསལ་ལྟར་ཟུར་མི་འདྲ་བ་ནས་སྐད་བརྡ་རིག་པར་རིགས་དང་རྣམ་གྲངས་སོ་སོར་ཕྱེ་བ་མ་གཏོགས། དེ་དག་ཕན་ཚུན་འབྲེལ་མེད་རང་རྐྱ་འཕེལ་བར་མངོན་པར་བསྟན་པ་མ་ཡིན་ཏེ། གཅིག་དང་ཐ་དད་པའམ་སྤྱི་དང་བྱེ་བྲག་ལྟར་སྣང་བ་དང་། ཡང་ན་ཕན་ཚུན་ལྟོས་གྲུབ་དང་བསྣོལ་མར་འབྲེལ་ནས་སྣང་ཕྱིར། དེ་དག་གིས་ཕན་ཚུན་ལ་གཞོགས་འདེགས་དང་ཁ་གསབ་ཀྱི་ནུས་པ་ཐོན་བཞིན་ཡོད། དེ་བཞིན་དུ་སྤྱིར་བཏང་སྐད་བརྡ་རིག་པ་ལའང་བྱེ་བྲག་ཏུ་སྒྲ་གདངས་རིག་པ་དང་། བརྡ་དོན་རིག་པ། ཐ་སྙད་རིག་པ། མིང་ཁུངས་རིག་པ། མིང་མཛོད་རིག་པ། བརྡ་སྤྲོད་རིག་པ། ཚིག་རྒྱན་རིག་པ། ཡི་གེ་རིག་པ། ཡུལ་སྐད་རིག་པ་སོགས་སུ་དགར་རུང་ལ།

སྐད་བརྡ་རིག་པའི་སྤྱི་དོན་ནི་སྤྱིར་བཏང་སྐད་བརྡ་རིག་པའི་འཇུག་སྒོ་ལྟ་བུར་ངེས་ཤིང་། རིག་པ་དེ་དག་གི་རྩ་བའི་རིགས་ལམ་དང་རྨང་གཞིའི་ཤེས་བྱ་རྣམས་ཧྲིལ་གྱིས་བསྟན་པའི་སྐད་བརྡའི་རིག་གཞུང་ཞིག་ཡིན་ནོ། །

༈ཞིབ་འཇུག་བྱེད་ཐབས་མི་འདྲ་བ་ལས་རིགས་དབྱེ་དགར་བ།

སྐད་བརྡ་རིག་པ་ལ་ནང་གསེས་སུ་ལོ་རྒྱུས་སྐད་བརྡ་རིག་པ་དང་། ཞིབ་སྡུར་སྐད་བརྡ་རིག་པ། ལོ་རྒྱུས་ཞིབ་སྡུར་སྐད་བརྡ་རིག་པ། ཞིབ་འབྲི་སྐད་བརྡ་རིག་པ་བཅས་ཡོད་དེ།

ལོ་རྒྱུས་སྐད་བརྡ་རིག་པ་ནི། གཙོ་བོ་ལོ་རྒྱུས་ཞིབ་དཔྱོད་ཀྱི་ཐབས་ལམ་བརྒྱུད་དེ་སྐད་བརྡ་ག་གེ་མོའི་དུས་ཡུན་རིང་ཐུང་ཅི་རིགས་ཀྱི་བྱུང་རིམ་ཁྲོད་ཀྱི་ཁྱད་ཆོས་སྣ་ཚོགས་དང་། འཕེལ་འགྱུར་གྱི་ཆོས་ཉིད་ཇི་བཞིན་འཚོལ་ཞིབ་དང་ཞིབ་འཇུག་བྱེད་པ་ཞིག་སྟེ། དཔེར་ན། ལེགས་སྦྱར་སྐད་ཀྱི་ལོ་རྒྱུས་དང་། བོད་སྐད་ཀྱི་ལོ་རྒྱུས་ལྟ་བུ།

༈སྐད་བརྡ་རིག་པ་གཉིས་ཀྱི་ཐབས་ལམ་སྦྲགས་མར་སྤེལ་བའམ། ལོ་རྒྱུས་ཞིབ་སྡུར་ཀྱི་བྱེད་ཐབས་སྤྱད་ནས་སྐད་བརྡ་གཉིས་སམ་དུ་མའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་ཕན་ཚུན་དོ་མཉམ་ཞིང་། གཞི་མཐུན་གྱི་ཆོས་རྣམས་འཚོལ་ཞིབ་དང་། ཐུན་མོང་བའི་ཆོས་ཉིད་ལ་རྐང་བཙུགས་ནས་དེ་དག་གི་གཉེན་ཚན་གྱི་འབྲེལ་བ་གཏན་ཁེལ་དང་། གདོད་མའི་སྐད་རྒྱུད་ཀྱི་ཁུངས་ཐག་གཅོད་བྱེད་པ་རྣམས་ཡིན།

༈ཞིབ་འབྲི་སྐད་བརྡ་རིག་པ་ལ་མཚོན་ན། ལོ་རྒྱུས་སྐད་བརྡ་རིག་པ་དང་ལྟོས་གྲུབ་ཏུ་སྣང་སྟེ། ལོ་རྒྱུས་ཀྱི་དུས་རིམ་ག་གེ་མོའི་ངོས་ནས་སྐད་བརྡ་ཞིག་གི་སྒྲ་གངས་དང་། མིང་གི་རྣམ་གཞག བརྡ་སྤྲོད་པའི་ཁྱད་ཆོས་བཅས་ལ་སྒོ་ཀུན་ནས་དབྱེ་ཞིབ་དང་དཔྱད་གཞིག་གནང་སྟེ། དེ་དག་གི་རང་བཞིན་ནམ་ཁྱད་ཆོས་དང་ཆོས་ཉིད་ཇི་ལྟར་ཡིན་པ་དེ་ཇི་བཞིན་དུ་ཞིབ་འབྲི་མཛད་པ་ཞིག་སྟེ། དཔེར་ན། གནའ་རབས་རྒྱ་སྐད་ཀྱི་ཞིབ་འབྲི་དང་། དེང་རབས་བོད་སྐད་ཀྱི་ཞིབ་འབྲི་སྣ་ཚོགས་པ་ལྟ་བུའོ། །

༈ཞིབ་འཇུག་བྱ་ཡུལ་ལྟར་དགར་བ།

སྐད་བརྡ་རིག་པ་ལ་བྱེ་བྲག་སྐད་བརྡ་རིག་པ་དང་། སྤྱིར་བཏང་སྐད་བརྡ་རིག་པ་གཉིས་ཡོད་དེ། སྔ་མ་ནི་སྐད་བརྡ་བྱེ་བྲག་ཆེ་གེ་མོ་ཆེད་དུ་ཞིབ་འཇུག་བྱ་ཡུལ་དུ་དམིགས་ནས་དེ་དག་གི་སྣང་ཚུལ་དང་། བྱུང་འཕེལ་གྱི་ཆོས་ཉིད་འཚོལ་ཞིབ་བྱེད་པ་རྣམས་ཏེ། དཔེར་ན། བོད་སྐད་ཀྱི་སྐད་བརྡ་རིག་པ་དང་། དབྱིན་སྐད་ཀྱི་སྐད་བརྡ་རིག་པ་ལྟ་བུ།

ཕྱི་མ་ནི་སྐད་བརྡ་གཉིས་སམ་དུ་མའམ་འགྲོ་བ་མིའི་རིགས་ཀྱི་སྐད་བརྡ་སྤྱི་ཞིབ་འཇུག་བྱ་ཡུལ་དུ་བཟུང་སྟེ། དེ་དག་གི་ཐུན་མོང་གི་ཁྱད་ཆོས་དང་སྤྱིར་བཏང་གི་ཆོས་ཉིད་རྣམས་མཚན་མཚོན་གྱིས་མཐར་དཔྱད་དེ་རིགས་པ་ཡང་དག་གིས་གཏན་ལ་ཕབ་པའི་གཞུང་ལུགས་ཤིག་ཏུ་ངེས་པས། སྔ་ཕྱི་གཉིས་ཀྱི་འབྲེལ་བ་སྤྱི་དང་བྱེ་བྲག་ལྟར་རྟོགས་པར་བྱའོ། །

༈ཞིབ་འཇུག་གི་ཁྱབ་ཁོངས་ལྟར་དགར་བ།

སྐད་བརྡ་རིག་པ་ལ་ཡངས་དོག་གཉིས་ཡོད་དེ། སྔ་མ་ནི་སྐད་བརྡ་རིག་པ་དང་། བསྣོལ་མར་འབྲེལ་བའི་བསྡུས་གྲུབ་རིག་གཞུང་རྣམས་ཏེ། དཔེར་ན། སྤྱི་ཚོགས་སྐད་བརྡ་རིག་པ་དང་། སེམས་ཁམས་སྐད་བརྡ་རིག་པ། རིག་གནས་སྐད་བརྡ་རིག་པ། རྩིས་ལུགས་སྐད་བརྡ་རིག་པ་ལྟ་བུའོ། །

ཕྱི་མ་ནི་སྐད་བརྡ་ནང་ཁུལ་གྱི་སྒྲིག་གཞི་དང་གྲུབ་ཆ་སྣ་ཚོགས་ལ་ཞིབ་འཇུག་བྱེད་པའི་རིག་པ་སྣ་ཚོགས་ཏེ། དཔེར་ན། སྒྲ་གདངས་རིག་པ་དང་། བརྡ་དོན་རིག་པ། བརྡ་སྤྲོད་རིག་པ། ཚིག་རྒྱན་རིག་པ་ལྟ་བུ།

༈ སྐད་བརྡ་རིག་པའི་འཕེལ་རིམ།

·        སྐད་ཡིག་རིག་པ།

·        ལོ་རྒྱུས་ཞིབ་སྡུར་སྨྲ་བ།

·        སྒྲིག་གཞི་སྨྲ་བ།

·        བརྗེ་གྲུབ་བརྡ་སྤྲོད་སྨྲ་བ།

·        བསྡུས་གྲུབ་བརྡ་སྤྲོད་སྨྲ་བ།

༈སྐད་བརྡ་རིག་པའི་དབྱེ་བ་དགར་ཚུལ།

·        ཞིབ་འཇུག་བྱེད་ཐབས།            ལོ་རྒྱུས་ཞིབ་སྡུར། ཞིབ་འབྲི་སྐད་བརྡ་རིག་པ།

·        ཞིབ་འཇུག་གི་དུས་ཚད།             གཞུང་ལྟོས། (དུས་རིམ)  འཕྲེད་ལྟོས། (དུས་མཚུངས)

·        ཞིབ་འཇུག་བྱ་ཡུལ།                  བྱེ་བྲག སྤྱིར་བཏང་།

·        ཞིབ་འཇུག་ཁྱབ་ཁོངས།                ཡངས་པ། དོག་པ།  

·        ཞིབ་འཇུག་གི་གནད་ལ་གཞོལ་ཚུལ།        རིགས་གཞུང་དང་། དངོས་བཀོལ་གཉིས་སོ། །

༈སྐད་བརྡ་རིག་པ་དང་རིག་པ་གཞན་དག་བར་གྱི་འབྲེལ་བ།

སྐད་བརྡ་རིག་པ་ནི་གནའ་དུས་སུ་ཡེ་ཤུའི་ཁ་ཆད་དང་ཡིག་ཚང་སྣ་ཚོགས་པའི་ཞིབ་འཇུག་དང་སྦྲགས་ནས་མངོན་པ་དང་། རང་བཞིན་སྤྱི་ཚོགས་ཀྱི་འཕེལ་འགྲོས་དང་བསྟུན་ནས་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་གི་ཞིབ་འཇུག་སྣ་ཚོགས་ལ་འབྲེལ་བ་དམ་ཟབ་ཏུ་ཡོད་དེ།

སྤྱི་ཚོགས་ཚན་རིག་གི་སྟེང་ནས་བཤད་ན། སྐད་བརྡ་རིག་པ་ནི་མཚན་ཉིད་རིག་པ་དང་། གཏན་ཚིགས་རིག་པ། མིའི་རིགས་རིག་པ། ལོ་རྒྱུས་རིག་པ། གནའ་དཔྱོད་རིག་པ། སྤྱི་ཚོགས་རིག་པ། མི་རིགས་རིག་པ་སོགས་ལ་འབྲེལ་བ་དམ་པོར་སྣང་སྟེ། མཚན་ཉིད་རིག་པའི་གྲུབ་མཐའ་ཕལ་མོ་ཆེ་དག་གི་རྩ་བའི་ལྟ་བ་དང་རིགས་པའི་ཁུངས་གནད་དག་རྒྱུན་པར་སྐད་བརྡའི་ཤེས་རྟོགས་ལ་འབྲེལ་བཞིན་ཡོད་པ་དང་།  གཏན་ཚིགས་རིག་པ་ལྟར་ནའང་སྐད་བརྡ་ནི་བསམ་གཞིག་གི་ཡོ་བྱ་གལ་ཆེན་ཞིག་དང་། འགྲོ་བ་མིའི་སེམས་རྒྱུད་ཀྱི་ཀུན་རྟོག་དང་གཏན་ཚིགས་ཀྱི་རིགས་སྒོ་མཐའ་ཡས་པའི་བརྡ་ཐབས་སུ་མཐོང་ཞིང་། སྐད་བརྡ་སྨྲ་བ་རྣམས་ཀྱིས་ཀྱང་རྟོག་གེ་བའི་གཞུང་གི་རིགས་ལམ་དང་། རྟོགས་ཐབས། བརྡ་ཆད་སོགས་སྤྱད་ནས་སྐད་བརྡའི་སྒྲིག་གཞི་སྦྱོར་སྟངས་སྣ་ཚོགས་ལ་ཞིབ་དཔྱོད་གནང་བཞིན་ཡོད་པས། འདི་དག་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་སྣང་། 

༈གནའ་རབས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རིམ་ཁྲོད་ཀྱི་གནད་དོན་སྣ་ཚོགས་ལ་རྟོག་ཞིབ་གནང་བ་དང་། གནའ་རྫས་རྟོག་ཞིབ་ཀྱི་དཔྱད་འབྲས་ལས་ཀྱང་འགྲོ་བ་མིའི་རིགས་ཀྱི་སྐད་བརྡའི་འབྱུང་ཁུངས་དང་། འཕེལ་རྒྱས་ཀྱི་ཞིབ་འཇུག་ཐད་ཡིད་རྟོན་འཕེར་བའི་རྒྱུ་ཆ་ལེགས་པར་བཏོན་ཡོད།

དུས་མཚུངས་སུ་ལོ་རྒྱུས་མཁན་པོ་རྣམས་ཀྱིས་ཀྱང་སྐད་བརྡའི་རྒྱུ་ཆའམ་ལོ་རྒྱུས་ཀྱི་ཡིག་ཚང་འབོར་ཆེན་ལ་རྐང་བཙུགས་ནས་སྤྱི་ཚོགས་ལོ་རྒྱུས་ཀྱི་འཕེལ་འགྱུར་ལ་ཞིབ་དཔྱོད་གནང་བ་དང་། སྐད་བརྡ་སྨྲ་བ་རྣམས་ཀྱིས་ཀྱང་སྐད་བརྡ་རང་སྟེང་གི་འཕེལ་འགྱུར་དེ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་འབྲལ་ཐབས་མེད་པར་དགོངས་ཤིང་། སྔར་འདས་ལོ་རྒྱུས་ཀྱི་དོན་དངོས་དང་ཡིག་ཚང་ལ་གཞི་བཅོལ་ནས་སྐད་བརྡའི་བྱུང་འཕེལ་གྱི་ཆོས་ཉིད་ལ་འཚོལ་ཞིབ་གནང་བས། འདི་དག་གི་དཔྱད་འབྲས་ཕན་ཚུན་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་སྣང་།

༈སེམས་ཁམས་རིག་པ་ལྟར་ནའང་། སྐད་བརྡ་རིག་པ་དང་དཔུང་ཤུགས་མཉམ་སྦྲེལ་གྱིས་སེམས་ཁམས་ཀྱི་ངོ་བོ་སྣང་ཚུལ་དང་སྨྲ་བརྗོད་ཀྱི་ཡིད་ཀྱི་བྱེད་རྩོལ་དང་ནུས་པ་སོགས་ལ་ཞིབ་དཔྱོད་གནང་ཞིང་། ཚོད་ལྟའི་རྒྱུ་ཆ་དང་ཐབས་ལམ། དཔྱད་འབྲས་གང་ཐད་ནས་ཕན་ཚུན་ལ་གཞོགས་འདེགས་དང་། ར་སྤྲོད་ཁུངས་འདྲེན་གང་ལེགས་བྱས་པའི་ཆ་ནས་སེམས་ཁམས་སྐད་བརྡ་རིག་པ་ཞེས་པ་ཞིག་ཀྱང་གྲུབ་ལ། ནོམ་ཆོམ་སི་ཀི་ལྟ་བུས་སྐད་བརྡ་རིག་པ་མཐར་གཏུགས་ན་སེམས་ཁམས་སྐད་བརྡ་རིག་པ་དང་། དེ་མཐར་དེད་ན་མིའི་སེམས་ཁམས་ལ་ཐུག་ཡོད་ཚུལ་གྱི་དགོངས་ཚུལ་ཡང་བཏོན་ཡོད་པ་དེ། སྒྲ་ནི་བརྗོད་འདོད་རྗེས་འབྲངས་ཕྱིར།། ཞེས་པའི་བརྗོད་འདོད་དམ་ཞེ་འདོད་བྱ་བ་དང་ཆུ་ལ་ཆུ་བཞག་ལྟ་བུར་གྱུར་བར་སྙམ།

༈སྤྱི་ཚོགས་རིག་པ་ལྟར་ན། སྐད་བརྡའི་གནད་དོན་དེ་སྤྱི་ཚོགས་ཡོངས་ཀྱི་གནད་དོན་གལ་ཆེན་ཞིག་ཏུ་མཐོང་ཞིང་། མི་ཡི་སྤྱོད་ལམ་ལ་ཤན་ཞུགས་པའི་རྒྱུ་རྐྱེན་ལ་ཞིབ་དཔྱོད་བྱེད་པའམ། མི་དང་མིའི་འབྲེལ་བ། མི་དང་སྤྱི་ཚོགས་བར་གྱི་འབྲེལ་བར་ཞིབ་འཇུག་བྱེད་པ། སྤྱི་ཚོགས་ཀྱི་སྒྲིག་གཞི་དང་སྤྱི་ཚོགས་ཀྱི་འཕེལ་འགྱུར། སྤྱི་ཚོགས་ཀྱི་འགལ་ཟླ་དང་ཟིང་འཁྲུག་ལ་ཞིབ་འཇུག་བྱེད་པ་སོགས་གང་ལགས་ཀྱང་ཚང་མ་ཚད་མ་མི་འདྲ་བའི་སྒོ་ནས་སྐད་དང་ཡི་གེའི་བཀོལ་སྤྱོད་ལ་འབྲེལ་བ་དམ་པོ་ཡོད།

སྐད་བརྡའི་ཞིབ་འཇུག་ལ་མཚོན་ནའང་། སྐད་བརྡ་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་པ་གཞིར་བྱས་ཏེ། སྐད་བརྡ་དང་མི་རིགས་བར་གྱི་འབྲེལ་བ་དང་། སྐད་བརྡ་དང་རིག་གནས་བར་གྱི་འབྲེལ་བ། སྐད་བརྡའི་སྒྲིག་རིམ་སྦྱོར་སྟངས་ཐད་ཀྱི་སྤྱི་ཚོགས་ཀྱི་དབྱེ་བ། སྤྱི་ཚོགས་བྱེད་ནུས་ཀྱིས་ཚོད་འཛིན་ཐེབས་པའི་སྐད་བརྡའི་སྣང་ཚུལ་གྱི་རྣམ་གྲངས། སྤྱི་ཚོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་དང་འབྲེལ་བའི་སྐད་གཉིས་སམ་སྐད་མང་གི་སྣང་ཚུལ་དང་ཡུལ་སྐད་མང་བའི་སྣང་ཚུལ། དེ་འབྲེལ་གྱི་སྐད་བརྡའི་སྲིད་ཇུས་དང་འཆར་འགོད་སྣ་ཚོགས་བཟོ་བ་སོགས་སྤྱི་ཚོགས་ཀྱི་བདག་རྐྱེན་དང་འབྲལ་ཐབས་མེད་པ་དང་། དེ་དག་ཕན་ཚུན་འབྲེལ་བའི་རྩ་བའི་རིགས་ལམ་ལ་བརྟེན་ནས་སྐད་བརྡ་དང་སྤྱི་ཚོགས་འཚོ་བའི་བར་གྱི་རྒྱུ་རྐྱེན་དང་། ཕན་ཚུན་ལྟོས་གྲུབ་ཀྱི་འབྲེལ་བར་ཞིབ་ཏུ་དཔྱད་པའི་རིག་པ་ཞིག་སྟེ། སྤྱི་ཚོགས་སྐད་བརྡ་རིག་པ་ཞེས་པ་གྲུབ་ཅིང་། སྐད་དང་ཡི་གེ་ལ་འབྲེལ་བའི་སྤྱི་ཚོགས་ཀྱི་གནད་དོན་ཕལ་མོ་ཆེ་རྣམས་མིའི་རིགས་རིག་པ་དང་། སྤྱི་ཚོགས་རིག་པ། སྐད་བརྡ་རིག་པ། སློབ་གསོ་རིག་པ་སོགས་ཀྱི་ཐུན་མོང་གི་དཔྱད་གཞིར་མངོན་པས་ན། རིག་པ་དེ་དག་ཀྱང་ཕན་ཚུན་ལ་ཚྭ་ཆུ་བཞིན་འདྲེས་པ་ལས་རང་རྐྱ་འཕེར་བར་མངོན་པ་ཞིག་མ་ཡིན་ནོ། །

༈མིའི་རིགས་ཀྱི་སྨྲ་བརྗོད་ཀྱི་ནུས་པ་དང་། རྣམ་རྟོག་གམ་རིག་སྟོབས་དང་ཀླད་དབང་གི་རྒྱུད་འཛིན་ལ་ཞིབ་དཔྱོད་གནང་བས་སྐྱེ་ཁམས་སྐད་བརྡ་རིག་པ་བྱུང་བ་དང་། སྐད་བརྡ་རིག་པ་དང་གསོ་བཅོས་ཀྱི་ཐབས་ལམ་སྦྲགས་ནས་མིའི་རིགས་ཀྱི་སྐད་ཆའི་ནུས་པ་དང་། ཀླད་དབང་གི་འབྲེལ་བ་གསེད་བཀྲོལ་དང་སྐད་ཉམས་ན་ཚ་སོགས་ལ་ཞིབ་འཇུག་གནང་བའི་ཆ་ནས་གསོ་དཔྱད་སྐད་བརྡ་རིག་པ་བྱུང་བ་དང་།  གློག་རྡུལ་རྩིས་འཁོར་གྱི་རྣམ་པའི་དཔེ་གཞི་བརྒྱུད་ནས་སྐད་བརྡར་དབྱེ་ཞིབ་དང་། གོ་གསེད། ཐག་གཅོད་གནང་བའི་ཆ་ནས་རྩིས་འཁོར་སྐད་བརྡ་རིག་པ་སོགས་བྱུང་།

མདོར་ན། སྐད་བརྡ་རིག་པ་དང་། གཏན་ཚིགས་རིག་པ། རྩིས་འཁོར་ཚན་རིག མཚན་ཉིད་རིག་པ། མིས་བཟོས་རིག་སྟོབས། རྩིས་རིག་པ། སྡོམ་རྩིས་རིག་པ་བཅས་ཀྱི་ཞིབ་འཇུག་གི་འབྲས་བུ་དྲ་བར་འབྲེལ་ནས་གྲུབ་ཅིང་། ཁྱད་པར་དུ་སྐད་བརྡ་རིག་པ་ནི་གཞན་པའི་རིག་པ་ཀུན་གྱི་གཞི་འཛིན་ཅིང་ཕྱི་མོར་གྱུར་བའམ་སྔོན་འགྲོའི་བསླབ་བྱ་ཞིག་ཏུ་གྱུར་བ་དང་། དེའི་ཞིབ་འཇུག་གི་ལས་ཀ་ལ་ཁྱབ་རྒྱ་ཆེ་ཞིང་སྣ་ཚོགས་པ་དང་སྔོན་སྐྱོད་ཀྱི་འགན་ནུས་ཁྱད་པར་བ་ཞིག་ཀྱང་ལྡན་པས། རིག་པ་སྣ་ཚོགས་པའི་ཞིབ་འཇུག་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད་དོ། །

༈སྐད་བརྡ་རིག་པ་བསླབ་པའི་དགོས་པ།

སྐད་བརྡ་ནི་འགྲོ་བ་མིའི་རིགས་ཀྱི་རྣམ་པར་རྟོག་པ་དང་འབྲེལ་འདྲིས་ཀྱི་ཡོ་བྱད་གལ་ཆེན་ཡིན་ཞིང་། འདུ་ཚོགས་འཚོ་བའི་ཕྱོགས་ཐམས་ཅད་ལ་ཐད་ཀར་གྱི་འབྲེལ་བ་དམ་པོ་ལྡན། སྐད་བརྡ་ལ་ཞིབ་འཇུག་བྱེད་དགོས་ན། ཙོ་བོ་སྐད་བརྡ་དེ་འགྲོ་བ་མིའི་རྣམ་པར་རྟོག་པའམ་བསམ་གཞིག་དང་འབྲེལ་འདྲིས་ཀྱི་བརྡ་ཐབས་སུ་ཇི་ལྟར་བྱུང་བའི་ཚུལ་དང་། སྐད་བརྡ་རིག་པ་དེ་ཧ་ལམ་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་དང་འབྲེལ་བའི་ཞིབ་འཇུག་སྣ་ཚོགས་དང་རིག་པ་མཐའ་དག་ལ་འབྲེལ་བ་དམ་ཟབ་ཏུ་ལྡན་པ་ཤེས་པར་བྱེད་དགོས་སོ། །

༈རྒྱལ་དབང་ལྔ་བས། ཚིག་དོན་ལ་འཁྲུལ་བ་ཚར་གཅོད་པ་བརྡ་སྤྲོད་དང་གཏན་ཚིགས། གཞན་ལ་ཕན་ཞིང་རྗེས་སུ་འཛིན་པར་བྱེད་པར་བཟོ་དང་གསོ་བ། རང་ཉིད་ཆོས་ཀུན་ཤེས་པར་བྱེད་པ་ནང་དོན་རིག་པ་སྟེ། ལྔ་བོ་འདི་ནི་ཁོང་དུ་ཆུད་པ་ལ་འཕགས་པའི་ཡུལ་དུ་མ་ཧཱ་པཎྜིཏ་ཞེས་གྲགས་ཤིང་། ལྔ་བོ་དེའི་ནང་ནང་ཀྱང་ཐོག་མར་བསླབ་པར་བྱ་བ་ནི། ཐོག་མར་སྒྲ་ལ་མཁས་པ་ཡིས། །ཚིག་དོན་རྣམ་པར་ཕྱེ་སྟེ་བསྟན། །དེ་ནས་དོན་ལ་མཁས་པ་ཡིས། །ལྷག་ཆད་འཁྲུལ་བ་མེད་པར་བཤད། ཅེས་གསུངས་པ་དང་།

བོད་ཀྱི་བརྡ་སྤྲོད་ཀྱི་རྩ་བ་ལས་ཀྱང་། བསླབ་པ་ཀུན་གྱི་གཞི་འཛིནད་ཅིང་། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །ཞེས་པ་དང་། བསླབ་པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང་། །ཤེས་རབ་མྱུར་དུ་གྲོལ་བར་འགྱུར། །དེ་ཕྱིར་དང་བོར་འདི་ཉིད་བསླབ། །ཅེས་གསུངས་པ་ནང་བཞིན། འདི་ནི་གཞན་པའི་བསླབ་བྱ་རིག་གཞུང་ཀུན་གྱི་འཇུག་སྒོར་ངེས་པར་མ་ཟད། རིག་བརྒྱའི་སྒོ་འཕར་འབྱེད་པའི་དགེ་མཚན་མཆོག་ཏུ་ལྡན་ནོ། །

སྐད་བརྡ་རིག་པའི་གཞུང་དག་ལས་སྐད་བརྡའི་གོ་དོན་དང་ངོ་བོ། སྐད་བརྡའི་བྱུང་འཕེལ་གྱི་རྒྱུ་རྐྱེན་དང་ཆོས་ཉིད། སྐད་བརྡར་ཞིབ་འཇུག་དང་སྐད་བརྡའི་སྒྲིག་གཞི་ལ་དབྱེ་ཞིབ་བྱེད་པའི་ཐབས་ལམ། སྐད་བརྡའི་ལོ་རྒྱུས་དང་སྐད་བརྡ་ཕན་ཚུན་བར་གྱི་འབྲེལ་བ་ལ་ཞིབ་དཔྱོད་བྱེད་པའི་རྩ་བའི་རིགས་ལམ། སྐད་བརྡ་རིག་པའི་ནང་ཁུལ་གྱི་ཚན་ཁག་སོ་སོའི་གྲུབ་ཚུལ་དང་། དེ་དག་གི་ལྟ་བ་དང་ནང་དོན། ཁྱབ་ཁོངས། རྟོག་ཐབས། ཆེད་སྤྱོད་ཀྱི་བརྡ་དོན་སོགས་རྩ་བའི་ཤེས་བྱ་དང་། གཞུང་ལུགས་རང་གིས་དེང་རབས་ཀྱི་ཚན་རིག་ཁྲོད་དུ་ཟིན་པའི་གོ་གནས་དང་རིག་པ་ཕན་ཚུན་བར་གྱི་འབྲེལ་བ་བཅས་རྩ་བའི་གཞུང་ལུགས་ཀྱི་དོན་གནས་རྣམས་མཐའ་དཔྱད་ནས་ཕྱོགས་གཅིག་ཏུ་བསྡུས་ཤིང་། རིགས་པ་ཡང་དག་གིས་ཆོས་ཉིད་ལྡན་པ་རྣམས་མཚན་མཚོན་གཏན་ལ་ཕབ་ཡོད་པས། རིག་པ་འདི་བསླབས་ན། སྐད་བརྡའི་གཞུང་ལུགས་དང་བེད་སྤྱོད་ཀྱི་ཕན་ནུས་ལ་འབྲེལ་བའི་གནད་དོན་སྐོར་ཞིག་ཐག་གཅོད་པར་བྱེད་ནུས་སོ།

༈མདོར་ན། སྐད་བརྡ་རིག་པ་ནི་མིའི་རིགས་ཀྱི་སྐད་དང་ཡི་གེ་ཆེད་དུ་ཞིབ་འཇུག་བྱེད་པའི་རིག་གཞུང་ཞིག་ཡིན་པར་མ་ཟད། གཞན་པའི་རིག་གཞུང་ཕལ་མོ་ཆེ་རྣམས་ཀྱི་རྨང་གཞིའི་ཤེས་བྱ་ཡིན་ཞིང་། དེ་དག་ལ་འབྲེལ་བ་དམ་ཟབ་ལྡན་པ་དང་། ལྷག་པར་དུ་དེང་རབས་ཚན་རྩལ་གྱི་འཕེལ་རྒྱས་ཁྲོད་དུ་དེ་ལ་སྔར་ལས་ལྷག་པའི་དགེ་མཚན་ཁྱད་པར་བ་ལྡན་པས། རིག་པ་འདི་སློབ་པ་ལ་རིག་བརྒྱའི་སྒོ་འཕར་འབྱེད་པའི་གཞུང་ལུགས་ཀྱི་རིན་ཐང་དང་། ལག་ལེན་དངོས་ལ་ཕན་པའི་བེད་སྤྱོད་ཀྱི་རིན་ཐང་མཆོག་ཏུ་ལྡན་ནོ། །

སྐད་བརྡ་རིག་པ།   

༡། གཞུང་ལུགས་སྐད་བརྡ་རིག་པ། ༢། དངོས་སྤྱོད་སྐད་བརྡ་རིག་པ།

༡།༡ ཆེད་གཉེར་སྐད་བརྡ་རིག་པ། ༡།༢ སྤྱིར་བཏང་སྐད་བརྡ་རིག་པ།

༡།༡།༡འཕྲེད་ངོས་སྐད་བརྡ་རིག་པ། ༡།༡།༢ གཞུང་ངོས་སྐད་བརྡ་རིག་པ།

༡།༡།༡།༡ཞིབ་འབྲི་སྐད་བརྡ་རིག་པ། ༡།༡།༡།༢ཞིབ་སྡུར་སྐད་བརྡ་རིག་པ།

༡།༡།༢།༡ལོ་རྒྱུས་སྐད་བརྡ་རིག་པ། ༡།༡།༢།༢ལོ་རྒྱུས་ཞིབ་སྡུར་སྐད་བརྡ་རིག་པ།

༡།༢།(སྤྱིར་བཏང་སྐད་བརྡ་རིག་པ) སྒྲ་གདངས་རིག་པ། སྐྱེ་གནས་རིག་པ། བརྡ་དོན་རིག་པ། ཐ་སྙད་རིག་པ། མིང་མཛོད་རིག་པ། བརྡ་སྤྲོད་རིག་པ། ཚིག་རྒྱན་རིག་པ། ཡི་གེ་རིག་པ་སོགས།

༢།༡སྒྲ་དོག་འཇུག    སྐད་བརྡའི་སློབ་ཁྲིད་ཀྱི་གཞུང་ལུགས་དང་བྱེད་ཐབས་སྐོར།

༢།༢སྒྲ་ཡངས་འཇུག  བསྡུས་གྲུབ་རིག་གཞུང་སྐོར།

༈སྐད་བརྡའི་འབྱུང་ཁུངས་ཀྱི་གོ་དོན།

༡། གདོད་མའི་འགྲོ་བ་མིའི་རིགས་ཀྱི་སྐད་བརྡའི་འབྱུང་ཁུངས།

༢། ཕྱི་དུས་ཀྱི་སྐད་བརྡ་བྱེ་བྲག་པའི་འབྱུང་ཁུངས། རྒྱ་གར་སྐད། བོད་སྐད།  

༈སྐད་བརྡའི་འབྱུང་ཁུངས། སྐད་བརྡའི་ངོ་བོ། སྐད་བརྡ་དང་སྐད་ཆ། (སྐ་ཅ)

༈སྔ་མ་ནི་ཕྱི་མ་རྣམས་ཀྱི་དངོས་བརྒྱུད་ཀྱི་སྐྱེད་བྱེད་ཡིན་ལ། ཕྱི་མ་ནི་གདོད་མའི་ཚོགས་པའི་གྱེས་འདུམ་དང་རིགས་རུས་མཆེད་ཁུངས་འཕེལ་འགྲོས་དང་བསྟུན་ནས་ཐོག་མའི་སྐད་བརྡ་དང་ཡུལ་སྐད་དུ་མའི་རྨང་གཞི་ལས་རིམ་གྱིས་འཕེལ་འགྱུར་བྱུང་ཞིང་། སྐད་བརྡ་རང་ཚུགས་ཅན་དུ་གྲུབ་པ་ཡིན་པས། སྔ་ཕྱི་དག་ཕན་ཚུན་ལ་དུས་སྔ་ཕྱིའི་ཁྱད་པར་དང་རྒྱུ་དངོས་བརྒྱུད་ཀྱི་འབྲེལ་བ་ངེས་ཅན་ལྡན། འདིར་སྐབས་སུ་བབ་པའི་དོན་སྔ་མ་ལ་མཚོན་ན། ཡ་ཐོག་མིའི་རིགས་ཀྱི་མེས་པོ་རྣམས་ཀྱིས་ཐོག་མར་སྨྲ་བརྗོད་མི་ཤེས་པ་ལས་ལུས་ཉམས་འགུལ་སྟངས་དང་བཞིན་གྱི་ཉམས་འགྱུར་ཅི་རིགས་སུ་སྤེལ་ཏེ། ཕན་ཚུན་བརྡ་དོན་ཙམ་སྟོན་པ་ལྟ་བུ།

༈གཅིག་ནི་སྐད་བརྡ་དེ་དུས་ནམ་ཞིག་ལ་རྒྱུ་རྐྱེན་ཇི་ལྟ་བུ་ཞིག་གི་དབང་གིས་འགྲོ་བ་མིའི་འབྲེལ་འདྲིས་ཀྱི་བརྡ་ཐབས་སུ་གྱུར་བ། ཅིག་ཤོས་ནི་མིའི་རིགས་ཀྱི་སྐད་བརྡ་དེ་ཐོག་མར་དངོས་རྒྱུ་གང་ལས་འཕེལ་འོངས་པའོ། །

སྔ་ཕྱི་གང་ཡིན་ཡང་ཡ་ཐོག་མིའི་རིགས་ཀྱི་བྱུང་རབས་ངེས་ཅན་ལ་འབྲེལ་ཞིང་། མ་མཐའ་ཡང་ལོ་ངོ་ས་ཡའི་སྔོན་གྱི་ལོ་རྒྱུས་ཀྱི་དོན་རྩར་ངེས་པས། ཕྱིས་ཀྱི་མཁས་དབང་རྣམ་པས་དཔྱད་སྟོབས་ཡོད་རྒུ་རྩལ་སྤྲུགས་བྱས་ཏེ། སྐད་བརྡའི་འབྱུང་ཁུངས་ཐད་ལ་ཞིབ་འཇུག་གི་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཏེ། སྐད་བརྡའི་འབྱུང་ཁུངས་སྨྲ་བ་འགའ་ཤས་ཡོད་པ་ནི།

༡། ལྷས་གནང་བར་སྨྲ་བ།

ལྷས་གནང་སྨྲ་བ་རྣམས་ཀྱིས་སྐད་བརྡ་དང་བརྡ་སྤྲོད་པའི་གཞུང་སོགས་སྟོན་པའམ་ལྷ་གོང་མ་རྣམས་ཀྱིས་འཇིག་རྟེན་མི་ཡུལ་དུ་གནང་བར་འདོད་དེ། རྒྱ་གར་གྱི་བྲམ་ཟེའི་རིག་བྱེད་ཀྱི་གཞུང་དུ་རིག་བྱེད་བཞི་ལྷ་ཚངས་པའི་གདོང་བཞི་ལས་བྱུང་བའམ་ཚངས་པའི་བུ་བཞིས་བྱས་པར་འདོད་པ་དང་། ཚངས་པའི་མཚོ་ཞེས་བྱ་བ་ལས་རིག་བྱེད་ཀྱི་ཡི་གེའི་སྒྲ་རྣམས་གདངས་ཀྱི་ཚུལ་དུ་འབྱུང་བར་འདོད་པ་སོགས་སྣང་ལ། ལེགས་སྦྱར་སྐད་ཀྱི་སྒྲ་གཞུང་ལྟར་ནའང་སརྦཛྙ་བྱཱ་ཀ་ར་ཎ་དང་། ཨིནྡྲ་བྱཱ་ཀ་ར་ཎ། ཀ་ལཱ་་བྱ་ཀ་ར་ཎ། དབྱངས་ཅན་བྱཱ་ཀ་ར་ཎ་སོགས་རིམ་པ་བཞིན་ལྷ་ཐམས་ཅད་མཁྱེན་པ་དང་། དབང་བོ། གཞོན་ནུ། དབྱངས་ཅན་མ་སོགས་ཀྱིས་གནང་བར་བཞེད་པ་ལྟ་བུའོ།།

༈ཡེ་ཤུ་ཆོས་ལུགས་ཀྱི་ཁ་ཆད་ནང་དུ་ལྷའི་དབང་བོ་་ཧོ་ས་མིའི་རིགས་ཀྱི་མེས་པོ་ཡ་ཏང་གསར་དུ་བསྐྲུན་ཞིང་། དེས་ཀྱང་བརྟན་གཡོའི་ཤེས་བྱ་ཀུན་ལ་མིང་གདགས་པར་མཛད་པའི་བཞེད་ཚུལ་སོགས་ལས་ཀྱང་སྐད་བརྡ་ལྷས་གནང་བར་ཤུགས་ཀྱིས་བསྟན། མིའི་རིགས་ཀྱི་ངག་རྒྱུན་དུའང་ཡུལ་ལྷ་གཞི་བདག་གིས་མིའི་རིགས་གསར་དུ་བསྐྲུནད་ཅིང་སྐ་ཅའི་བརྡ་ཐབས་སྤེལ་བར་གྲགས་སོ། །

༢། མིས་བསྐྲུན་པར་སྨྲ་བ།

འདི་སྐད་བརྡ་ནི་ལྷས་གནང་བ་མ་ཡིན་པར་མི་རང་ཉིད་ཀྱིས་བསྐྲུན་པར་འདོད་ཅིང་། འདི་ལའང་ནང་གསེས་སུ་རིགས་ལྔ་ཡོད་དེ།

ལད་ཟློས་སྨྲ་བ།

ཁ༽ འབོད་སྒྲོག་སྨྲ་བ།

ལག་བརྡ་སྨྲ་བ།

གན་རྒྱ་སྨྲ་བ།

སྐད་ཅོར་སྨྲ་བའམ་ཧང་ཡོ་སྨྲ་བ།

༈འཛམ་གླིང་སྟེང་གནའ་བོའི་རྒྱ་གར་དང་གྷི་རིག་གམ་རོ་མ། རྒྱ་ནག་བཅས་ནི་སྐད་ཡིག་རིག་པའི་འབྱུང་གནས་གསུམ་དུ་འདོད་དེ།

རྒྱ་གར་འཕགས་ཡུལ་དུ་གནའ་བོའི་དུས་སུ་ལྷའི་དབང་བོས་མཛད་པའི་ཨིནྡྲ་བྱཱ་ཀ་ར་ཎ་ཞེས་པའི་བརྡ་སྤྲོད་ཀྱི་གཞུང་འཇིག་རྟེན་མི་ཡུལ་དུ་དར་བར་བཞེད་པ་དང་། དེའི་རྗེས་སུ་སྤྱི་ལོ་སྔོན་གྱི་དུས་རབས་བཞི་བ་ཡས་མས་སུ་བྱུང་བར་བཞེད་པའི་བྲམ་ཟེ་པ་ཎི་བས་རིག་བྱེད་ཀྱི་བསྟན་བཅོས་ཆེན་པོ་དག་སྒྲིག་དང་། སྔ་རབས་མཁས་པ་རྣམས་ཀྱི་དགོངས་པ་གཅིག་ཏུ་བཏུས་ཤིང་། དགོངས་འགྲེལ་མཛད་པའི་ཞོར་དུ་སྒྲའི་བསྟན་བཅོས་པ་ཎི་བའམ་ལེའུ་བརྒྱད་མ་བརྩམས་པར་གྲགས་པ་དག་ནི་འཛིམ་གླིང་སྟེང་ཆེས་སྔ་བའི་བརྡ་སྤྲོད་པའི་བསྟན་བཅོས་ཡིན།

༈གནའ་བོའི་གྷི་རིག་གི་མཁས་པ་ཨ་རི་སི་ཋར་ཁུ་སིས་རོ་མའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་རྩོམ་སྒྲིག་མཛད་པ་དང་བསྟུན། ཁོང་གི་སློབ་མ་ཏི་ཨེ་ནེ་ཞུས་ཐི་ལ་ཁི་སིས་མཛད་པའི་བརྡ་སྤྲོད་པའི་བསྟན་བཅོས་ནི་གྷི་རིག་གི་ཆེས་ཐོག་མའི་ཚད་ལྡན་གྱི་བརྡ་སྤྲོད་དུ་འདོད། དེ་བཞིན་དུ་གནའ་བོའི་རོ་མའི་མཁས་དབང་རྣམས་ཀྱིས་ཀྱང་གྷི་རིག་གི་ཉམས་མྱོང་ལྟར་ལ་ཋིན་སྐད་ལ་ཞིབ་དཔྱོད་གནང་བ་དང་། ཝ་རོས་མཛད་པའི་<<ལ་ཋིན་སྐད་ཀྱི་རྣམ་བཤད>>དང་། ཏོ་ཎ་ཐུ་སིས་མཛད་པའི་<<བརྡ་སྤྲོད་རིག་འཕྲུལ>>བཅས་ནི་ཀུན་གྱིས་ཁས་འཆེས་ཤིང་། ཡུན་རིང་ལ་བརྡ་སྤྲོད་པའི་ཁྲིད་གཞི་ཚད་ལྡན་དུ་བཀོལ་བ་ལྟར་ཡིན།

༈བོད་དུ་དུས་རབས་བདུན་པར་སློབ་དཔོན་ཐོན་མིས་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་མཛད་པ་ནས་བཟུང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ལོ་ཙཱ་བ་ལྕེ་ཁྱི་འབྲུག་གིས་མཛད་པར་གྲགས་པའི་<<གནས་བརྒྱད་ཆེན་མོ་རྩ་འགྲེལ>>དང་། དྲན་པ་ཡེ་ཤེས་གྲགས་པས་མཛད་པར་བཤད་པའི་<<དག་ཡིག་སྨྲ་སྒོ་མཚོན་ཆ>>དང་། དཔང་ལོས་བརྩམས་པའི་<<ཚོགས་གསུམ་གསལ་བ>>དང་། ས་སྐྱ་བསོད་ནམས་རྩེ་མོ་དང་ས་པཎ་གྱིས་མཛད་པའི་<<ཡི་གེ་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་རྩ་འགྲེལ>>དང་། <<ཡི་གེའི་སྦྱོར་བ>>སོགས་གཙོར་བྱས། མཁས་དབང་དང་ལོ་ཙཱ་བ་རིམ་བྱོན་གྱིས་མཛད་པའི་བརྡ་དག་དང་བརྡ་སྤྲོད་པའི་བསྟན་བཅོས་མཐའ་ཡས་པར་བྱུང་ཞིང་། སུམ་རྟགས་དག་གསུམ་གྱི་རྩ་འགྲེལ་གྱི་གཞུང་ཕལ་མོ་ཆེ་རྣམས་སྐད་ཡིག་རང་སྟེང་གི་ཞིབ་འཇུག་ཙམ་དུ་མ་ཟད། ཆོས་སྲིད་ལུགས་གཉིས་ཀྱི་དགོས་དབང་དང་འགྲོ་བའི་རྣམ་རྟོག་གི་འཕྲོ་འདུའམ་སེམས་ཁམས་རིག་གནས་ཀྱི་འབྲེལ་འདྲིས་རྒྱུན་འཛིན་དང་བསྟུན། སྔ་དོན་ཕྱི་འགྲེལ་དང་སྔར་མེད་གསར་སྟོན་གྱིས་རྒྱས་པར་སྤེལ་བས། འཛམ་གླིང་གི་སྐད་ཡིག་རིག་པའི་ཁྱབ་ཁོངས་སུའང་མཛད་རྗེས་མི་དམན་པ་བཞག་ཡོད།

ཀ༽ ལོ་རྒྱུས་ཞིབ་སྡུར་སྐད་བརྡ་རིག་པ།

དུས་རབས་བཅུ་དགུ་བའི་དུས་མགོར། ནུབ་ཕྱོགས་ཀྱི་མཁས་དབང་རྣམ་པར་ལོ་རྒྱུས་ཞིབ་སྡུར་གྱི་དཔྱད་ཐབས་སྤྱད་དེ་འགྲོ་བ་མིའི་རིགས་ཀྱི་སྐད་ཆའི་བརྡ་ཐབས་ལ་ཞིབ་འཇུག་གནང་བ་ནས་བཟུང་། ལོ་རྒྱུས་ཞིབ་སྡུར་སྨྲ་བའི་སྐད་བརྡ་རིག་པ་བྱུང་བ་དང་། དེ་ནི་གསལ་བོར་བརྗོད་ན། དབྱིན་ཇིའི་མཁས་པ་འཇོན་སིས་གྷི་རིག་གི་སྐད་དང་། ལ་ཋིན་གྱི་སྐད། ལེགས་སྦྱར་གྱི་སོགས་ཕན་ཚུན་ཞིབ་ཏུ་བསྡུར་ནས་ཞིབ་འཇུག་གནང་བ་ལས་དེ་དག་གི་མཚུངས་ཆོས་ཐུན་མོང་བ་མང་དུ་རྟོགས་པ་དང་། ཡང་འཇར་མན་གྱི་མཁས་པ་སི་ལེ་ཀོར་གྱིས་ཀྱང་ལེགས་སྦྱར་སྐད་དང་། ཡོ་རོབ་གླིང་གི་སྐད་བརྡ་མང་ཙམ་ལ་དེ་མཚུངས་ཀྱི་དཔྱད་ཐབས་སྤྱད་དེ་ཕན་འབྲས་གང་ལེགས་བཏོན་པས། ཁོང་རྣམ་གཉིས་ཞིབ་སྡུར་བརྡ་སྤྲོད་ཀྱི་སྲོལ་འབྱེད་མཁན་དུ་གྲགས།

རྗེས་སུའང་རིམ་བྱོན་མཁས་པ་མང་བོ་སྟེ། ཌན་མགི་ལཱ་སི་ཁུ་དང་། འཇར་མན་གྱི་ཕོ་ཕུ་དང་ཀི་ལུན། ཨུ་རུ་སུའི་ཨི་ཐོ་ཁུ་ཧྥུ་བཅས་ཀྱིས་ཀྱང་སྐད་བརྡ་ཞིབ་སྡུར་གྱི་རྟོག་ཐབས་དང་དཔྱད་འབྲས་ལས་ཡོངས་གྲུབ་ཀྱི་ལྟ་ཚུལ་མང་དུ་བཏོན་ཞིང་། ལོ་རྒྱུས་ཞིབ་སྡུར་སྨྲ་བའི་སྐད་བརྡ་རིག་པར་རྨང་གཞི་ལེགས་པོ་བཏིང།

ཁ༽ སྤྱིར་བཏང་སྐད་བརྡ་རིག་པ།

དུས་རབས་བཅུ་དགུ་བའི་བར་སྐབས་སུ། འཇར་མན་གྱི་ཧོང་པོ་ཐི་དང་སུད་སིའི་སི་སོར་རྣམ་གཉིས་ཀྱིས་གཞུང་ལུགས་ཀྱི་ཐད་ནས་འགྲོ་བ་མིའི་རིགས་ཀྱི་སྐད་བརྡའི་སྤྱི་འགྲོས་ཀྱི་ཆོས་ཉིད་ལ་ཞིབ་འཇུག་གནང་བ་ནས་བཟུང་། སྤྱིར་བཏང་སྐད་བརྡ་རིག་པ་དབུ་བརྙེས། ཁྱད་པར་དུ་མཁས་དབང་སུ་སོར་ཉིས་ཀྱིས་<<སྤྱིར་བཏང་སྐད་བརྡ་རིག་པའི་གཞུང>>དུ། སྐད་་དང་སྐ་ཅ། འཕྲེད་ངོས་དང་གཞུང་ངོས། ནང་ཁུལ་དང་ཕྱི་ཁུལ། འཕྲེད་སྦྱོར་དང་གཞུང་འདུས་བཅས་ཀྱི་ཁྱད་པར་དང་འབྲེལ་བ་ལེགས་པར་བསྟན་ཞིང་། ཁོང་ཉིད་ཀྱི་སྐད་བརྡའི་ལྟ་ཚུལ་ཉིང་བསྡུས་སུ་མཚོན་པ་འདིས་སྐད་བརྡ་རིག་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་དགེ་མཚན་མཆོག་ཏུ་ཐོན་ཡོད

  སྒྲིག་གཞི་རིང་ལུགས་ཀྱི་སྐད་བརྡ་རིག་པ།

སུ་སོར་གྱི་སྤྱིར་བཏང་སྐད་བརྡ་རིག་པའི་གཞུང་གི་ཤུགས་རྐྱེན་ལས། སེམས་ཁམས་སྤྱི་ཚོགས་སྨྲ་བ་དང་། སྒྲིག་གཞི་སྨྲ་བ་བཅས་སྐད་བརྡ་རིག་པའི་གྲུབ་མཐའ་གཉིས་བྱུང་ཞིང་། ཕྱི་མ་ལའང་པུ་ལ་ཀིས་གཙོས་བྱེད་ནུས་སྨྲ་བ་དང་། ཁོ་ཕན་ཧེ་རྒན་གྱིས་གཙོས་བརྡ་རྟགས་སྨྲ་བ་དང་། ཨ་རིས་གཙོས་ཞིབ་འབྲི་སྨྲ་བ་བཅས་རིང་ལུགས་གསུམ་ཙམ་བྱུང་། འདི་དག་ལ་སྐད་བརྡ་རིག་པའི་ལོ་རྒྱུས་སྟེང་དུ། སྒྲིག་གཞི་རིང་ལུགས་ཀྱི་སྐད་བརྡ་རིག་པ་ཞེས་གྲགས།

  བརྗེ་གྲུབ་བརྡ་སྤྲོད་སྨྲ་བ།

ཨ་རིའི་མཁས་པ་ཆོམ་སི་ཀིས་རྩིས་རིག་གཏན་ཚིགས་སོགས་ལ་བརྟེན་ནས་བརྗེ་གྲུབ་བརྡ་སྤྱོད་སྨྲ་བའི་སྲོལ་བཏོད་དེ། སྒྲིག་གཞི་སྨྲ་བ་རྣམས་ཀྱི་ཕྱི་ངོས་ཀྱི་སྒྲིག་གཞི་གཙོ་ཞིང་གཏིང་རིམ་གྱི་སྒྲིག་གཞིར་སྣང་ཆུང་བྱས་པའི་ཞན་ཆ་ཁྱད་དུ་བསད་ཅིང་། བརྡ་དོན་གྱི་བརྗེ་སྤོར་དང་གྲུབ་སྟངས་དག་རྣམ་པ་མངོན་གསལ་ཅན་གྱི་བརྡ་རྟགས་ལས་མཚོན་པས་ན། འདི་ལ་རྣམ་པའི་སྐད་བརྡ་རིག་པ་ཞེས་ཀྱང་བྱའོ།།

༈དེང་དུས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས། སྐད་བརྡ་རིག་པ་ནི་གཞན་པའི་སྤྱི་ཚོགས་ཚན་རིག་དང་། རང་བྱུང་ཚན་རིག་ལ་བསྣོལ་མར་འབྲེལ་ནས་བསྡུས་གྲུབ་ཀྱི་རིག་པ་སྣ་ཙོགས་པའི་ཚུལ་མངོན་ཡོད་དེ། དཔེར་ན། སྤྱི་ཚོགས་སྐད་བརྡ་རིག་པ་དང་། སེམས་ཁམས་སྐད་བརྡ་རིག་པ། རིག་གནས་སྐད་བརྡ་རིག་པ། རྩིས་ལུགས་སྐད་བརྡ་རིག་པ་སོགས་མང་བོ་སྣང་བ་རྣམས་བསྡུས་གྲུབ་སྐད་བརྡ་རིག་པའི་དུས་རིམ་དུ་ངེས་སོ། །

མདོར་ན། སྐད་བརྡ་རིག་པའི་འཕེལ་རྒྱས་ཀྱི་གོམ་ཁ་ནི་ནམ་ཡང་འཇགས་མཚམས་མེད་པར་ད་ལྟའི་བར་དུ་སྐད་ཡིག་རིག་པ་དང་། ལོ་རྒྱུས་ཞིབ་སྡུར་སྨྲ་བ། སྒྲིག་གཞི་སྨྲ་བ། བརྗེ་གྲུབ་བརྡ་སྤྲོད་སྨྲ་བ། བསྡུས་གྲུབ་སྐད་བརྡ་རིག་པ་བཅས་དུས་རིམ་ཆེན་པོ་ལྔ་བརྒྱུད་པ་དང་། དུས་རབས་ད་ལྟའང་གཞན་པའི་རིག་གཞུང་སྣ་ཚོགས་དང་སྦྲེལ་ཏེ་འཕེལ་བཞིན་པ་ལྟར་རོ།།


Nov 5, 2020

ལེགས་སྦྱར་གཅེས་པའི་གནད་བསྡུས།

  


ལེགས་སྦྱར་གཅེས་པའི་གནད་བསྡུས་མགྲིན་པའི་ལྕགས་སྒྲོགས་རང་གྲོལ་ཞེས་བྱ་བ་བཞུགས་སོ། །

 

ཀུན་མཁྱེན་འཇམ་དབྱངས་བཞད་པ།

 

ན་མཿ སྭ་ར་སྭ་སྟྱཻ། གང་ཞིག་ཤེས་པ་ཡིས་ཀྱང་སྒྲ་རིག་སྨྲ་རྣམས་ཀྱི། །མགྲིན་པ་འཆིང་བའི་སྒྲོག་ནི་རང་སར་གྲོལ་བྱེད་མཁན། །ཡིག་སོགས་བཅུ་ཕྲག་དོན་འདི་ཐབས་མཁས་ལྡེ་མིག་སྟེ། །ཇི་བཞིན་འཆད་པོ་འདི་ན་ཉེ་བར་བཞུགས་སོ་ཀྱཻ། །བློ་གྲོས་གོམ་གྱིས་བཅལ་ཚེ་ཤེས་བྱའི་ཁྱོན། །རྡུལ་གཅིག་གོ་སར་བསྒྲིལ་བའི་སྒྱུ་མ་མཁན། །རྨོངས་པའི་སྟོབས་ལྡན་ས་འོག་འཆིང་བྱེད་པའི། །ཀུན་ལས་རྣམ་པར་རྒྱལ་བ་འདི་ངོ་མཚར། །

བརྗེད་བྱང་བདུད་རྩིའི་ཐིགས་པའི་སྙིང་བོ་ལས། །སྡོམ་ནི། ཡི་གེ་བྱིངས་དང་རྐྱེན་དང་རྟགས་། །མིང་ཚིག་ཉེར་བསྒྱུར་ཨཱ་ག་མ། །མི་ཟད་རྗེས་འབྲེལ་རྣམ་འགྱུར་དང་། །ཚིག་སྡུད་ཅེས་བྱ་བཅུ་གཉིས་སོ། །

    ༈ དང་བོ་ནི། སྐྱེ་བའི་གནས་ནི། མགྲིན་པ་རྐན་དང་སྤྱི་བོ་སོ། །མཆུ་དང་སྣ་ཡི་གནས་ཏེ་དྲུག །སྨྲ་སྒོ་སོགས་སུ་ཁོག་པ་དང༌། །ལྕེ་སྟེ་བརྒྱད་དུ་འདྲེན་པ་ཡང༌། །ཁོག་པ་ནི་ཐུན་མོང་བ་དང༌། ལྕེ་ནི་སྤྱིའི་བྱེད་པ་འཇུག་པའི་གཞི་ཡིན་གྱི་གནས་སུ་མི་རིགས་སོ་ཞེས་དཔལ་ལྡན་བླ་མ་དམ་པ་གསུངས་སོ། །ཞེས་དང༌། ངོ་བོ་ནི། སྨྲ་སྒོ་ལས། རྣམ་གྲངས་འགྱུར་བ་མེད་པ་དང༌། །མིང་ཚིག་གསལ་བར་བྱེད་པ་དང༌། །དོན་རྣམས་རྗོད་པར་བྱེད་པའི་ཕྱིར། །ཡི་གེ་ཞེས་ནི་བརྗོད་པ་ཡིན། །ཞེས་གསུངས་པའི་དོན། ཨ་ཀྵ་ར། བྱཉྫ། ཝརྞ། ཞེས་པའོ། ། དབྱེ་བ་ནི། ཀ་ལཱ་བར། དབྱངས་གསལ་གཉིས། ཙནྡྲ་བར། ཨཙ྄་དང༌། ཧལ྄་དང་གཉིས་སུ་བྱེད། གཞན་ཡང་གསལ་བྱེད་ཀྱི་ཡི་གེ །མིང་ཡིག། ཕོ་ཡིག། ཕྱི་ཡིག་རྣམས་དོན་གཅིག ། དབྱངས་ཡིག། སྒྲའི་ཡི་གེ། མོ་ཡིག། ནང་ཡིག་རྣམས་དོན་འདྲ་སྟེ། སྨྲ་སྒོ་ལས། ཀ་སོགས་སྡེ་ནས་རིམ་བཞིན་དུ། །སྡེ་ལྔ་དག་དང་ཨནྟ་སྠ། །ཨུཥྨ་ཎ་དང་མཐར་ཟད་དེ། །གནས་ཀྱི་ཡི་གེ་སུམ་བཅུ་བཞི། །མིང་དང་ཕོ་ཞེས་གྲགས་པ་སྟེ། །ཞེས་དང༌། མུན་སྒྲོན་ལས། སྡེ་ཚན་བརྒྱད་དང་ཕོ་ཡིག་དང༌། །མོ་ཡིག་མ་ནིང་ཡི་གེ་རྣམས། །ཞེས་སོ། །འདིའི་དོན་གཅིག་ལུགས་མི་འཐད་པ་འདྲ། ཀྲྀ་ཀྲི། གཉིས་ལ། སྔ་མ་ཁ་ཅིག་ཀ་རྀ་དང་ཀྲི་ཞེས་རིམ་བཞིན་འདོན། སྔ་མ་ཕྲལ་བ་མི་འཐད་པ་དང༌། ཕྱི་མ་ཕྲལ་དགོས་པ་ལ་མ་བྲལ་བའི་སྐྱོན་དང༌། ཡང་ཁ་ཅིག་སྔ་མ་ཀི་རྀ་དང༌། ཕྱི་མ་ཀ་རི་ཞེས་འདོན་པ་ཡང་སྔ་མ་ཕྲལ་མི་རིགས་ཏེ་གསལ་བྱེད་གཅིག་གི་ཁོག་ཏུ་དབྱངས་གཅིག་ལས་མེད་པའི་ཕྱིར་གསུངས་ཤིང༌། གསལ་བྱེད་གཅིག་ལ་ཨཻ་ཀེ་ཤ་ཅན་ཞུགས་ན་ཨེ་ཨེ་ཞེས། ཀློག་མི་རིགས་པར་ཐལ་བ་ལ་མི་མཚུངས་ཏེ། ཨིའི་ཡོན་ཏན་ཨེ་དང་འཕེལ་བ་ཨཻ་ཀེ་ཤ་ཅན་དུ་འགྱུར་ལ། ཨིའི་ཡོན་ཏན་འཕེལ་བ་རྀ་རུ་འགྱུར་བའི་སྐབས་མེད་པའི་ཕྱིར་གསུངས་སོ། །ཏཱ་ར་ནཱ་ཐའི་རྗེས་འབྲང་ཁ་ཅིག། ཨ་ཨི་ཨུ་རྀ་ལྀ་ལྔ་དབྱངས་ཀྱི་ཆར་གྲགས་ཤིང༌། དེ་དག་ལས་ཨ་ཐུང་གི་ཡོན་ཏན་རང་གནས་ཉིད་ཡིན་ཞིང༌། གཞན་རྣམས་ཕ་རོལ་རྐྱེན་ཀྱི་ཁྱད་པར་ལ་བརྟེན་ནས་ཨི་ནི་ཨེ། ཨུ་ནི་ཨོ། རྀ་ནི་ཨར྄། ལྀ་ནི་ཨལ྄་རྣམས་སུ་འགྱུར་བ་ལ་ཡོན་ཏན་གྱི་མིང་ཅན་དང༌། དེ་བཞིན་དུ་ཨ་ནི་ཨཱ་དང༌། ཨི་ནི་ཨཻ། ཨུ་ནི་ཨཽ། །རྀ་ནི་ཨཱར྄་རྣམས་སུ་འགྱུར་བ་ལ་འཕེལ་བ་ཞེས་འདོད་པ་ཡིན་ཞེས་གསུངས། ཡི་གེ་སོང༌།

    ༈ གཉིས་པ་བྱིངས་ནི། སྐད་དོད་དྷཱ་ཏུ་སྟེ། དོན་བརྒྱད་ལ་འཇུག་པ་ནི། འཆི་མེད་མཛོད་ལས། བད་ཀན་སོགས་དང་རོ་དང་ནི། །ཁྲག་སོགས་འབྱུང་བ་ཆེན་པོ་དང༌། །དེ་ཡི་ཡོན་ཏན་དབང་བོ་ལྔ། །རྡོ་ཡི་བྱེ་བྲག་སྒྲ་སྐྱེ་གནས། །དྷཱ་ཏུ་ཡིན་ཏེ་ཁམས་ཞེས་བྱ། །ཞེས་དང༌། གཞན་ཡང༌། ཆོས་དབྱིངས་སོགས་དུ་མ་ལ་འཇུག། དེའི་ངོ་བོ་ནི། བྱ་བ་རྟོགས་བྱེད་ནི་བྱིངས་སོ། །ཞེས་པ་ལྟར། དེ་ཡང་གྲུབ་ཟིན་གྱི་དོན་གང་དང་ཡང་མ་འབྲེལ་བར་བསྒྲུབ་པར་བྱ་བའི་གཞི་ཙམ་ཞིག་གོ་བར་བྱེད་པ་སྟེ། དཔེར་མཚོན་ན། ཌུཔཙཥ྄་འཚེད་པ་ལའོ། །ཞེས་པའི་བྱིངས་ཀྱི་ཐོག་མཐའ་གཉིས་རྗེས་འབྲེལ་ཡིན་པས་ཕྱིས། དེའི་ཚེ་འཚེད་པའི་སྒྲ་དེ་ལས་སུ་བྱ་བ་འབྲས་བུ་དང༌། བྱེད་པ་མེ། བྱེད་པ་བོ་སྐྱེས་བུ་ལྟ་བུ་ལ་འཇུག་པའི་གཞི་གང་ཡང་གོ་བར་མི་བྱེད་པར། འཚེད་པའི་བྱ་བ་ཙམ་ཞིག་གོ་བར་བྱེད་ལ། དེ་ཉིད་རྐྱེན་གྱིས་བསྒྱུར་ན། མིང་ཚིག་མཐའ་ཡས་པའི་ཚོགས་སུ་འགྱུར་ལ། ས་བོན་གྱི་དོན་གྱི་ཁམས་ཞེས་ཀྱང་བྱ། རྐྱེན་སོགས་ཀྱིས་བསྒྱུར་བའི་མིང་ཚིག་རྣམས་ལ་དེ་ལ་ལྟོས་པའི་རྣམ་དབྱེ་ཞེས་བྱའོ། །དབྱེ་བ་ལ། མདོའི། མིང་གི །གླེགས་བམ་གྱི། དེ་ལས་གཞན་པའི་བྱིངས་དང་བཞི། དང་བོ་ནི། མཉྫུ་དང༌། རཏྣ་ལྟ་བུ་བསྒྲུབ་པའི་ཚེ། མཉྫུ་མདོའི་བྱིངས་སོ། །ཞེས་དང༌། ར་ཏི་མདོའི་བྱིངས་སོ། །ཞེས་པ་ལ་སོགས་པའོ། །གཉིས་པ་ནི། བྱིངས་ལས་མིང་དུ་བསྒྲུབ་པའི་ཚེ། ཀྭིཔ྄་བྱིན། རྐྱེན་རང་གི་བྱ་བ་བྱས་འཁོར་བཅས་ཞིག་ནས་རང་རང་གི་ཟླ་མེད་དུ་གནས་པའི་བྱིངས་ལྟ་བུ་སྟེ། སློབ་ཕན་ལས། ཀྭིཔ྄་མཐའ་ཅན་ནི་བྱིངས་མཐའ་ཅན་དུ་གཏོགས་པ་མ་ཡིན་ཞིང༌། རྟགས་ཉིད་དུའང་རྟོགས་པར་བྱེད་དོ། །ཞེས་གསུངས། གསུམ་པ་ནི། ད་ལྟ་ཡོངས་སུ་གྲགས་པ་ཀ་ལཱ་བའི་བྱིངས་མདོ་ལྟ་བུ་སྟེ། དུརྒ་སིངྷས་སྦྱར་བ་ཡི། །དགུ་ཡི་གྲངས་ཀྱི་བྱིངས་ཀྱི་གཞུང༌། དེ་ནི་སུམ་ཅུ་རྩ་ལྔ་ཡིས། །ལྷག་པའི་སུམ་བརྒྱར་ཤེས་པར་བྱ། །ཞེས་གསུངས་པ་ལྟར། བྷཱུ་སོགས་དང༌། ཨད྄་སོགས་དང༌། དིཝ྄་སོགས། སུ་སོགས། རུ་ཏ་སོགས། རུ་དྷ་སོགས། ཏ་ན་སོགས། ཀྲཱི་སོགས། ཙུར྄་སོགས་དང་སྡེ་ཚན་དགུའོ། །དེ་ལྟར་དགུར་བསྡུས་པའི་གཙོ་བོ་ནི། བི་ཀ་ར་ཎ་བདུན་གྱི་འབྱུང་བ་ཤེས་པའི་ཕྱིར་ཡིན་ལ། དེ་ཡང༌། བྷཱུ་སོགས། ཨད྄་སོགས། རུད྄་སོགས། ཙུར྄་སོགས་བཞི་ལ་ཨན྄་བི་ཀ་ར་ཎ་འབྱུང༌། དི་ཝ་སོགས་ལ་ཡན྄། སུ་སོགས་ལ་ནུ། ཏ་ན་སོགས་ལ་ཨུ། ཀྲཱི་སོགས་ལ་ན། རུ་ངྷ་སོགས་ལ་ན་བི་ཀ་ར་ཎ་འབྱུང་ལ་བི་ཀ་ར་ཎ་སྟེར་བ་ཡང༌། བྱིངས་ཐམས་ཅད་པའི་རྣམ་དབྱེ་ལ་ངེས་པར་ལྟོས་དགོས་ཀྱི། རྣམ་དབྱེ་མེད་པས་ནི་མ་ཡིན་ཏེ། བྱིངས་ཐམས་ཅད་པ་ལ་ཡ་ཎའོ། །བྱེད་པ་བོ་ལ་ཨཏ྄་པི་ཀ་ར་ཎའོ། །བྱེད་པ་བོ་མེད་པ་ལ་ཨན྄་སྟེ། ལ་བི་ཀ་ར་ཎའོ། །ཞེས་སོགས་འབྱུང་ལ་བྱིངས་ཐམས་ཅད་པ་ཞེས་པ་ཐོག་མའི་གསལ་བྱེད་ཡིན་པའི་ཕྱིར། སྡེ་ཚན་དགུར་ཕྱེ་བ་ཡང་ཚོགས་ཆེ་བའི་དབང་དུ་བྱས་ཀྱི། བྷཱུ་སོགས་ལྟ་བུ་ནང་ཚན་སོ་སོ་ལ་ཡང༌། ཌུ་ཏ་སོགས། གྷ་ཊ་སོགས། ཛྭ་ལ་སོགས། ཡཛ྄་སོགས་མང་དུ་ཡོད་དོ། །བཞི་བ་ནི། སན྄་སོགས་བདུན་དུ་གྲགས་པ་སྟེ། གུཔ྄། ཏིཔ྄། ཀིཏ྄་རྣམས་ལས་སན྄འོ། །ཞེས་དང༌། མིང་ལས་བདག་ཉིད་འདོད་པ་ལ་ཡིན྄འོ། །ཞེས་སོགས། སན྄། ཡིན྄། ཀཱ་མྱ། ཨཱ་ཡི། ཨིན྄། ཡ་སྒྲ། ཨཱ་ཡ་རྣམས་ཏེ། མདོ་ཉིད་ལས། དེ་རྣམས་བྱིངས་སོ་ཞེས་བཤད་དོ། །

     གསུམ་པ་རྐྱེན་ནི། འགྲེལ་བ་ལས། མངོན་པར་འགྲུབ་པའི་དོན་གྱིས་རྐྱེན་ནོ། །ཞེས་སོ། །དེའི་དོན་ནི། ས་བོན་ལས་མྱུ་གུ་འགྲུབ་པ་རྐྱེན་ཆུ་ལུད་སོགས་ལ་ལྟོས་པ་བཞིན་དུ། ས་བོན་ཁམས་ཀྱི་དོན་ཅན་གྱི་བྱིངས་ལས་མིང་ཚིག་སོགས་མངོན་པར་འགྲུབ་པར་བྱེད་པ་བོ་ལ་རྐྱེན་ཅེས་གདགས་སུ་རུང་ངོ༌། །དབྱེ་ན་རྣམ་དབྱེ་དང་རྣམ་དབྱེ་མིན་པའི་རྐྱེན་གཉིས། དང་བོ་ལ། དངོས་དང༌། མིང་ཅན་གཉིས། དང་བོ་ནི། བྱིངས་དང་རྣམ་དབྱེ་བོར་བའི་དོན་དང་ལྡན་པ་རྟགས་སོ། །ཞེས་མིང་གི་དུས་སུ་དོན་ལྡན་ཙམ་ཡོད་ཀྱང༌། སི་སོགས་ཀྱིས་ཁྱད་པར་དུ་འབྱེད་པས་རྣམ་དབྱེ་ཞེས་དང༌། བྱ་བ་རྟོགས་བྱེད་ནི་བྱིངས་སོ། །ཞེས་བྱིངས་ཀྱི་དུས་སུ་བྱ་བ་ཙམ་མཚོན་ནས་ཀྱང༌། དུས་ལའོ། །ཞེས་ད་ལྟར་བ་སོགས་ཀྱི་བྱེ་བྲག་འབྱེད་པའི་རྣམ་དབྱེ་ཞེས་རྣམ་པ་ཀུན་ཏུ་ཤེས་པར་བྱ་རྒྱུ་ཡིན་ལ། དེ་ཉིད་ལ་སི་སོགས་དང༌། ཏི་སོགས་གཉིས་སུ་ངེས་སོ། །གཉིས་པ་མིང་ཅན་ནི། འདི་ནས་ཕྱི་མར་འཆད་པ་གང༌། །རྣམ་དབྱེའི་མིང་དུ་ཤེས་པར་བྱ། །ཞེས་སོགས་སོ། །གཉིས་པ་རྣམ་དབྱེ་མིན་པའི་རྐྱེན་ལ། མིང་དུ་བསྒྲུབ་པའི་རྐྱེན་དང་། ཏི་སོགས་དང་འབྲེལ་བའི་རྐྱེན་ནོ། །དང་བོ་ལ་མིང་ཙམ་དུ་བསྒྲུབ་པ་ཀྲྀཏ྄འི་རྐྱེན་དང༌། དེའི་སྟེང་དུ་ཁྱད་ཆོས་གཞན་བསྒྲུབ་པ་དེ་ཕན་གྱི་རྐྱེན་དང༌། མོ་རྟགས་ཀྱི་རྐྱེན་རྣམས་སོ། །དང་བོ། བྱིངས་ལས་མིང་བསྒྲུབ་ཀྲྀཏ྄འི་རྐྱེན། །ཞེས་པ་ལྟར། གམླི་འགྲོ་བ་ལའོ། །ཞེས་པའི་བྱིངས་ལ། ག་མི་ལས་ཌོའོ། །ཞེས་པས་ཀྲིཏ྄འི་རྐྱེན་བྱིན་པས་གོ་ཞེས་པའི་མིང་ཙམ་འགྲུབ་བོ། །གཉིས་པ་ནི། མིང་དང་རང་ལས་འབྲེལ་བ་ཡི། །མིང་གཞན་བསྒྲུབ་པ་དེ་ཕན་རྐྱེན། །ཅེས་གསུངས་པ་ལྟར། དངོས་པོ་ལ་ཏ་ཏྭ་དག་གོ །ཞེས་པས་དེ་ཕན་གྱི་རྐྱེན་བྱིན་པས་ཁྱད་ཆོས་གོ་ཉིད་ཅེས་པའི་མིང་འགྲུབ་བོ། །གསུམ་པ་ནི། བུད་མེད་ལས་ཨ་ལས་ཨཱཔ྄འོ། །ཞེས་སོ། །གཉིས་པ་ནི། སན྄་སོགས་བདུན། བི་ཀ་ར་ཎ་བདུན། ཨི་དཾ་སོགས་བདུན་ཡང་རུང༌ངོ་། །

    ༈ བཞི་བ་རྟགས་བཤད་པ་ལ། འཆི་མེད་མཛོད་ལས། ཤེས་བྱ་ཕོ་མོ་མ་ནིང་ལ། །ཕལ་ཆེར་གཟུགས་ཀྱིས་དབྱེ་བ་དང༌། །ཁ་ཅིག་ལྷན་ཅིག་སྤྱོད་ལས་ཀྱང༌། །ལ་ལར་དེ་ཁྱད་སྒྲུབ་ལ་སོགས། །ཞེས་མདོར་བསྡུས་ནས་གསུངས་ལ། དེའི་དོན་ནི། མིང་གཅིག་དོན་མང་སྟོན་པ་དང༌། །དོན་གཅིག་རྣམ་གྲངས་མང་བོ་ཅན། །ཞེས་སོགས་ཀྱི་སྒོ་ནས་མིང་དང་རྟགས་གསུམ་རྣམ་གཞག་རྒྱས་པར་གཏན་ལ་འབེབས་ཤིང༌། དེ་ལ་རྟགས་གསུམ་མ་འདྲེས་པ་དང༌། འདྲེས་པའི་ཚུལ་ལོ། །དང་བོ་ནི། ཕལ་ཆེར་གཟུགས་ཀྱིས་དབྱེ་བ་དང༌། །ཞེས་པའི་རྐང་བ་གསུམ་གྱིས་སྟོན་ཏེ། ཤྲདྡྷཱ་དང༌། ནཱ་དཱ་སོགས་མོ་རྟགས་གཟུགས་ཀྱིས་འབྱེད་པ་དང༌། སྐབས་ཁ་ཅིག་ཏུ། ཟླ་བོའི་སྟོབས་ཀྱིས་ཤེས་ཏེ། པུཥྤཾ་མ་ནིང་གི་རྟགས་སུ་ཤེས་པས། དྷུ་པཾ་སོགས་ཀྱང་མཚོན་ནུས་པ་དང༌། ལ་ལར་རྟགས་ཀྱི་རྣམ་གཞག་ཁྱད་པར་དང་བཅས་ཏེ་རྒྱས་པར་འཆད་དོ། །ཞེས་པའོ། །གཉིས་པ་ནི། རྟགས་གསུམ་པ་ལ་གསུམ་ཞེས་བྱ། །ཞེས་པས་གསུམ་ཞེས་པའི་བརྡས་མཚོན་པ་དང༌། འཁྲིག་པའི་ཚིག་ལ་གཉིས་ཞེས་བྱ། །ཞེས་པས་ཕོ་དང་མོ་འདྲེས་ཞེས་པ་དང༌། རྟགས་བཀག་པ་ལྷག་མའི་དོན་ཡིན་ཞེས་པས་ཕོ་ཡིན་ཞེས་པ་ལྟ་བུ། མོ་མ་ནིང་གཉིས་མཚོན་པར་ནུས་པ་སོགས་སོ། །རྒྱུ་མ་མཐའ་དང་ཞེས་པ་ལ། །རྒྱུ་ནི་དབྱེ་བ་དམིགས་འཛིན་པ། །ཞེས་པ་ལྟར་གོང་འོག་གི་དམིགས་འཛིན་དང༌། ཨ་ཐ་དང་བོ་སྔོན་ཆ་མིན། །ཞེས་པས་གོང་མ་རྣམས་སྤངས་ནས་འདི་མན་ཆད་ཅེས་པ་ལྟ་བུའི་ས་གཅོད་པར་བྱེད་དོ། །

    ༈ ལྔ་བ་མིང་བཤད་པ་ལ། སྨྲ་སྒོ་ལས། ཇི་ལྟར་རྡུལ་ལས་གོང་བུ་བཞིན། །ཡི་གེ་འདུས་པར་གྱུར་བ་ན། །གང་ཞིག་རྣམ་ཆ་འདུས་པ་ཡིས། །དོན་གྱི་ངོ་བོ་ཉིད་བརྗོད་ན། །རྣམ་ཆ་མང་ངམ་ཉུང་གྱུར་ཡང༌། །དེ་ནི་མིང་ཞེས་རབ་ཏུ་བརྗོད། །ཅེས་དང༌། གསལ་བ་ལས་ཀྱང༌། ཡི་གེ་གཉིས་སམ་མང་འདུས་པ། །དོན་གྱི་ངོ་བོ་རྗོད་བྱེད་པ། །མིང་ཡིན་དོན་ལ་བློ་གཞོལ་ཕྱིར། །དེ་ཡང་དངོས་དང་བཏགས་པ། ཞེས་སོ། །འདི་ལ་ཡི་གེ་འདུས་པ་མི་དགོས་ཏེ། ཨ་ཁྱབ་འཇུག །ཨི་བདུད། ཨུ་དབང་ཕྱུག་གི་མིང་ཡིན་པའི་ཕྱིར། །

    ༈ དྲུག་པ་ཚིག་ནི། སྨྲ་སྒོ་ལས། གལ་ཏེ་མིང་གཉིས་འདུས་པའམ། །འོན་ཏེ་མང་བོ་འདུས་ཀྱང་རུང༌། །དེ་དག་ཁྱད་པར་རྗོད་བྱེད་ན། །ཚིག་ཅེས་རབ་ཏུ་བརྗོད་པ་དེ། །ཕྲད་རྣམས་དག་དང་བཅས་པའང་ཡིན། །ཞེས་དང༌། གསལ་བ་ལས། མིང་གཉིས་སམ་ནི་མང་ཡང་རུང༌། །དོན་གྱི་ཁྱད་པར་རྗོད་བྱེད་པ། །དམ་ཆོས་མངོན་པར་གསུངས་པ་ཡི། །ཚིག་ཡིན་ཡི་གེ་འདུས་པ་ཉིད། །ཅེས་ཕྱི་མ་འདིས་མངོན་པའི་ལུགས་ཀྱི་ཚིག་བཤད། བྱཱ་ཀ་ར་ཎའི་ཚུལ་ནི། གསལ་བ་ལས། མིང་ལ་རྣམ་དབྱེ་བརྒྱད་ཕྱེ་བ། །ཉི་ཤུ་རྩ་བཞིར་སྦྱར་བ་དང༌། །བྱིངས་ལ་ཏི་སོགས་སྦྱར་བ་ཡིས། །རང་རང་དོན་རྣམས་སྟོན་བྱེད་ཚིག །ཅེས་སོ། །རྣམ་དབྱེ་བརྒྱད་ཀྱང༌། གསལ་བ་ལས། དངོས་པོ་ལས་དང་བྱེད་པ་ཆེད། །འབྱུང་ཁུངས་འབྲེལ་བ་རྟེན་གཞི་དང༌། །བོད་པའི་དོན་ལ་རྣམ་དབྱེ་བརྒྱད། །རེ་རེའང་གཅིག་གཉིས་མང་ཚིག་གསུམ། །ཞེས་སོ། །ལོ་ཙཱ་བ་ཆེན་པོ་ནམ་མཁའ་བཟང་བོའི་གསུང་ལས། བདུན་པོ་མ་གཏོགས་བརྒྱད་པ་འབོད་པ་ཞེས་པ་ཚད་ལྡན་གྱི་གཞུང་གང་ལས་ཀྱང་མི་འབྱུང་ཞིང༌། བོད་པ་ལའང་དང་བོའི་རྣམ་དབྱེ་འབའ་ཞིག་སྟེར་བར་བཤད་པའི་ཕྱིར། རྣམ་དབྱེ་བརྒྱད་པ་ཟུར་དུ་འཆད་མི་རིགས་སོ། །ཞེས་གསུངས་སོ། །

     ༈ བདུན་པ་ཉེར་བསྒྱུར་ནི། ངོ་བོ་ལ། པྲ། པཱ་ར། ནི། ནིར྄། ཨུཏ྄། དུར྄། སཾ། བི། ཨ་པ། ཨ་ནུ། པ་རི། ཨ་བྷི། ཨ་ངྷི༌། པྲ་ཏི། སུ། ཨཱང྄༌། ཨ་ཏི། ཨ་བ། ཨ་པི། ཨུ་པ་རྣམས་ནི་ངོ་བོའི་གྲངས་སོ། །ཞེས་དང༌། ཏཱ་ར་ནཱ་ཐཱའི་རྗེས་འབྲང་གིས་གསུངས་པའི་ཉེར་བསྒྱུར་ནི་ཉི་ཤུ་འབྱུང་སྟེ།

པྲ་(རབ)པཱ་ར་(མཆོག)ནི་(བྲལ་བ)ནིར྄་(ངེས་པ)ཨུཏ྄་(ཤིན་ཏུ)དུར྄་(ངན་པ)སཾ་(ཡང་དག)།། 

བི་(རྣམ་པར)དང་ཨ་པ་(ངེས་པར)ཨ་ནུ་(རྗེས་སུ)པ་རི་(ཡོངས་སུ)དང༌།།

ཨ་བྷི་(མངོན་པར)ཨ་དྷི་(ལྷག་པར)པྲ་ཏི(སོ་སོ)སུ་(བདེ)དངཨཱང྄(ཀུན)།། 

ཨ་ཧི(ཤིན་ཏུ)ཨ་བ(བྲལ་བ)ཨ་པི(ཀྱང་འང)ཨུ་པ(ཉེ་བ)འོ། ཞེས་སོ། །འདི་ལ་དོགས་པ་ནི། པྲ་སོགས་ཉེར་བསྒྱུར་བརྗོད་དོན་དང་མི་ལྡན་ན་དོན་བཅུ་བདུན་ལ་འཇུག་པ་སོགས་མི་རིགས་ལ། ལྡན་ན་བྱིངས་སམ། རྟགས་སམ། ཚིག་གསུམ་པོ་གང་ཡིན་སྙམ་མོ། །དེ་ལ་བརྡའ་སྤྲོད་པ་ཆེན་པོ་དབང་བོས་བྱིན་གྱིས་མཛད་པའི་འགྲེལ་བ་ལས། གསུམ་པོ་གང་ཡང་མ་ཡིན་ཞིང་མིང་ཚིག་ལ་ཕན་པ་སྦྱོར་བའི་བརྗོད་བྱ་རྒྱ་ཆེ་བ་ཞིག་ཡིན་ཞེས་བཤད་པར་བྱེད་དོ། །དེ་ཉིད་ལས། འཆད་པར་འགྱུར་བའི་ཉེར་བསྒྱུར་རྣམས་ནི་བྱིངས་མ་ཡིན་ཞིང་རྟགས་མ་ཡིན་ལ་ཚིག་མ་ཡིན་ཞིང་མིང་དང་ཀུན་བཤད་ཀྱི་ཁྱད་པར་དག་ལ་དོན་སྣ་ཚོགས་སྨྲ་བ་སྟེ། པྲ་ལ་སོགས་པ་ཉི་ཤུ་བོ་འདི་ཉེར་བསྒྱུར་རྣམས་སུ་འགྱུར་རོ། །ཞེས་མདོར་བསྟན་ནས་དེ་ཉིད་འཆད་པ་ནི། དེ་ཉིད་ལས། དེ་ལ་ལྷག་མ་རྣམས་སམ་དེ་ལྟ་བུ་རྣམས་ཀྱི་ནང་དུ་མ་འདུས་པའི་ཕྱིར་བྱིངས་མ་ཡིན་ནོ། །བུད་མེད་དང༌། སྐྱེས་པ་དང༌། མ་ནིང་གི་རྟགས་རྣམས་ཀྱི་ཕྱི་རོལ་ཏུ་གྱུར་བའི་ཕྱིར་རྟགས་མ་ཡིན་ནོ། །གཅིག་ཉིད་དང༌། མང་བོ་ཉིད་དང༌། གཉིས་ཉིད་དང་མི་ལྡན་པའི་ཕྱིར་ཚིག་མ་ཡིན་ནོ། །མིང་དང་ཀུན་བཤད་ལ་ཉེ་བར་སྦྱོར་ཞིང༌། དོན་དུ་མ་སྟོན་པར་བྱེད་པའི་ཕྱིར། མིང་དང་ཀུན་བཤད་ཀྱི་ཁྱད་པར་རྣམས་སོ། །ཞེས་པས་མིང་དང་ཀུན་བཤད་དེ་བྱིངས་ལ་ཏི་སོགས་ཀྱི་རྣམ་དབྱེ་བྱིན་ནས་ཚིག་ཏུ་བསྒྲུབ་པའི་ཚེ་ཉེར་བསྒྱུར་རྣམས་གོང་དུ་སྦྱར་བས་དེའི་དབང་གིས་བརྗོད་བྱ་མཐའ་ཡས་པ་རྣམས་སུ་འགྱུར་རོ། །ཞེས་པའོ། །

    ༈ བརྒྱད་པ་ཨཱ་ག་མ་ནི། ངོ་བོ་གློ་བུར་བའམ། མགྲོན་ཐབས་ཀྱི་དོན་ཏེ། ལུང་ལ་ཡང་འཇུག་གོ །འབྱུང་བ་ནི། དཔང་ལོའི་ཤོག་གཅིག་མ་ལས། རང་བཞིན་རྐྱེན་ཀྱི་བར་དུ་འམ། །རང་བཞིན་དབྱངས་མཐའི་གཞན་དུ་འང༌། །ཇི་ལྟར་བཤད་བཞིན་ཨཱ་ག་མ། །དཀྱུས་མིན་དགོས་ལྡན་རྟགས་ཀྱི་དོན། །ཞེས་གསུངས་ལ། རང་བཞིན་ནི་མིང་དང་བྱིངས་སོ། །

    ༈ དགུ་བ་མི་ཟད་པ་ནི། གྲངས་མེད་པ་ཞེས་པ་སྟེ་ནི་པཱ་ཏ་དང༌། ཉེར་བསྒྱུར། བསྡུ་བའི་མཐར་གྱུར་བའི་མི་ཟད་པ་སྟེ་ལ་སོགས་པ། མིང་ཙམ་གྱིས་གོ་བར་བྱའོ། །

    ༈ བཅུ་བ་རྗེས་འབྲེལ་ལ། ངོ་བོ་ནི། སྐབས་དེར་དགོས་པའི་དབང་གིས་འོང་ཞིང༌། འོང་བའི་ཡུལ་དེ་དང་ལྷན་ཅིག་ཏུ་སྦྱར་བར་བྱ་བ་མ་ཡིན་པའི་ཆོས་སོ། །དབྱེ་ན། མིང་ངམ་ཁྱད་པར་གྱི་དོན། བརྗོད་པའི་དོན། དབྱངས་ཀྱི་དོན། ངོ་བོའི་དོན། རྣམ་པ་སྣ་ཚོགས་པའི་དོན་རྣམས་སོ། །དང་བོ་ལ། བྱིངས་རྐྱེན་རྟགས་དང་ཨཱ་ག་མ། མི་ཟད་ཚིག་གི་རྗེས་འབྲེལ་དྲུག །དང་བོ་ལ། དབྱངས་ཀྱི་དོན། གསལ་བྱེད་ཀྱི་དོན། བྱིངས་སྲོག་ཅན་གྱི་དོན། དབྱངས་གསལ་སྦྱར་མའི་དོན་རྣམས་སོ། །དང་བོ་ལ། ཨཱ་རིང་བོ། ཨི་རིང་ཐུང༌། ཨེ་རྀ་ལི། ཨོ་ཨུ་རིང་ཐུང་གཉིས་རྣམས་གཞུང་ལས་གསལ་བས་དེར་བལྟ་བར་བྱའོ། །གཉིས་པ་གསལ་བྱེད་རྗེས་འབྲེལ་ནི། ཀ྄་ད྄་ཉ྄་ཊ྄་ཎ྄་པ྄་མ྄་དྲོ་བའི་ཥ྄་རྣམས་ཏེ། དེ་རྣམས་ཀྱང་གཞུང་སོ་སོར་བསྟན་ནོ། །གསུམ་པ་བྱིངས་སྲོག་ཅན་ནི། ཌུ་ཊུ་ཉེ་དང་གསུམ། བཞི་བ་ནི། ཨིཏ྄་འགྲོ་བ་ལ་ཡང་ངོ༌། །ཞེས་པའོ། །གཉིས་པ་རྐྱེན་ཀྱི་རྗེས་འབྲེལ་ལ། ཀྲྀཏ྄་དང༌། མོ་རྟགས། དེ་ཕན་དང༌། སི་སོགས། སན྄་སོགས། ཏི་སོགས། ཏི་སོགས་དང་འབྲེལ་བའི་རྗེས་འབྲེལ་དང་བདུན། དང་བོ་ལ། དབྱངས་གསལ་གཉིས། དང་བོ། ཀྭིཔ྄འི་ཨི་དང༌། རིཏ྄་དང༌། ཨུཏ྄་རྗེས་སུ་འབྲེལ་བ་དག་གི་ཨུའོ། །ཞེས་དང༌། རྀཏ྄་གཉིས་སོ། །གཉིས་པ་ལ། ཀ྄་ཁ྄་ག྄་གྷ྄་ང྄༌། ཉ྄་ཌ྄་ཊ྄་ན྄་སམ྄་ཤ྄་ཥ྄་རྣམས་ཏེ། བཅུ་གཉིས་སོ། །མོ་རྟགས་ལ། ཀ་ལཱ་བར། བུད་མེད་ལ་ཨ་ལས་ཨཱཔ྄འོ། །ཞེས་དང༌། ཙནྡྲ་བར། བུད་མེད་ལ་ཨུ་ཏ྄་ཨད྄་ཨུད྄འོ་ཞེས་པའི་ད་གཉིས་སོ། །དེ་ཕན་ནི། ཏ་ཌ་ཊ་ཎ་དང་བཞིའི་རྗེས་འབྲེལ་ལོ། །སི་སོགས་ལ་གོ་སླའོ། །སན྄་སོགས་ལ་སན྄་གྱི་ན་དང༌། མིང་ལས་བདག་ཉིད་འདོད་པ་ལ་ཡིན྄འོ་ཞེས་པའི་ཨིན྄་དང༌། ཨཱ་ཡིའི་ཨི་དང༌། ཀཱ་རི་ཏའི་ན་རྣམས་སོ། །ཏི་སོགས་ལ། དེའི་ཨི་དང༌། པ་རོ྅ཀྵའི་ཊ་ཐལ་གྱི་གཉིས་སོ། །ཏི་སོགས་དང་འབྲེལ་བའི་རྗེས་འབྲེལ་ལ། པི་ཙིའི་ཨི་དང་ཙ་གཉིས། ཙན྄འི་གཉིས་ཨན྄་འདྲ། ཡན྄འི་ན་གཉིས་རྣམས་སོ། །གཉིས་པ་བརྗོད་པའི་དོན་ལ། བྱིངས་ཀྱི་ཨ་ཐུང་དང་བསྒྱུར་བའི་ཨི་གཉིས་སོ། གསུམ་པ་དབྱངས་ཀྱི་དོན་ལ། ན་ཙ་གཉིས་སོ། (བཞི་བ་ལ་མི་འདུག་གོ །)ལྔ་བ་ས་ཡིག་རྣམ་པ་སྣ་ཚོགས་པའི་དོན་ནོ། 

    ༈ བཅུ་གཅིག་པ་རྣམ་འགྱུར་ནི། སྐད་ཀྱི་དོན་ནི། བི་ཀ་ར་ཎ་ཞེས་པ་ཡིན་ལ། དེ་ཡང་རང་མིང་གིས་བསྟན་པའི་བི་ཀ་ར་ཎ་བདུན་ལས་དངོས་སུ་མ་གསུངས་ཀྱང༌། ལྷན་ཅིག་བྱེད་རྐྱེན་གྱིས་ས་བོན་གནས་སྐབས་གཞན་དུ་སྒྱུར་བར་བྱེད་པས་རྣམ་འགྱུར་ཞེས་བཤད་པ་ལྟར། རྣམ་དབྱེ་དང་རྣམ་དབྱེ་མ་ཡིན་པའི་རྐྱེན་གྱིས། བྱིངས་དང༌། རྟགས་དང༌། གཟུགས་དང༌། བརྗོད་བྱ་གཞན་ཡང་གཞན་དུ་སྒྱུར་བར་བྱེད་པ་ལ་རྣམ་འགྱུར་ཞེས་བྱ་དགོས་སོ། །

    ༈ བཅུ་གཉིས་པ་ཚིག་སྡུད་ནི། སྨྲ་སྒོས་བཅུར་གསུངས་ཏེ། དེ་ལ་ཚིག་གི་སྦྱོར་བ་བཅུ། །འབྲུ་མང་བོ་དང་ཚིག་སྡུད་དང༌། །ཁྱད་པར་དག་དང་ཡན་ལག་དང༌། །གཞི་དང་གཅིག་ཉིད་བསྡུ་བ་དང༌། །གཞི་མཐུན་བསྡུ་དང་དེའི་སྐྱེས་བུ། །ཟླས་དབྱེ་བ་དང་ཕྱོགས་ཙམ་མོ། །ཞེས་གསུངས་སོ། 

 

འདིར་སྨྲས་པ།

སྐྱེས་རབས་མང་བོའི་སྟོང་ཕྲེང་བགྲངས་མིན་ཡང༌། །མདོ་རྒྱུད་བསྟན་བཅོས་ཡོད་དོ་ཅོག་ཀུན་གྱི། །ཚིག་དང་དོན་གྱི་མེ་ཏོག་ཕྲེང་སྤེལ་བར། །ཞག་ཟླ་ལོ་ཡིས་འཁྱུད་མིན་འདི་ཀོ་གཟིགས། །ཕྱོགས་རེའི་རྒྱུ་སྐར་ཕྲེང་ལྡན་སྙེམས་པའི་འོད། །རབ་དཀར་བསིལ་བའི་བློ་གཞོན་ཀུ་མུད་ཁ། །ཕྱེ་བའང་ཀྱེ་མ་མང་ཐོས་གཟའི་བདག་པོའི། །མདུན་སར་མི་སྨྲའི་མུན་པ་ངང་གིས་འཇུག །རྣམ་དཀར་དམར་བོས་རབ་བསྐྲུན་བློ་གྲོས་ཀྱི། །ལྕགས་གོང་སྨོངས་པས་ཚལ་བ་བརྒྱར་གཏུབ་པའི། །ལྷག་ལུས་སྨིན་པ་སྒྲིབ་གཉིས་ཁྱབ་འཇུག་དཔུང༌། །མཐར་བྱས་གཏན་བདེའི་གྲགས་སྙན་འབྱམས་སུ་ཀླས། །དོན་བྲལ་གྲགས་པའི་ཅལ་གྱིས་བླུན་པོའི་མགོ །མགལ་མེའི་རང་བཞིན་ལས་ཀྱིས་བྱས་མོད་ཀྱང༌། །རྣམ་དཔྱོད་གདོང་ལྔའི་རྩལ་རྫོགས་འཇིགས་མེད་ཁྱོད། །མ་བརྟགས་འགྲེལ་བའི་ངལ་བ་འདིས་ཅི་སྙམ། །གང་གི་སྙིང་ནི་ཆོས་ཀྱི་གན་མཛོད་དུ། །ཐུབ་བསྟན་དཔལ་སྡུག་བླ་ན་རབ་མངར་བའི། །ཆོས་སྦྱིན་གཏན་པ་མེད་གཏོང་སླད་དུ་འདིར། ཆེ་ཆུང་ཚིག་སྦྱོར་ནོར་བུ་རྒྱུ་སྐར་བཞིན། །འཇམ་དཔལ་ཐུགས་རྗེའི་ཟེག་མ་སྙིང་པད་དུ། །གསུང་དབང་སྦྲང་རྩིར་མངར་ལ་དབྱངས་ཅན་ལྷའི། །བཞད་པ་འབུམ་དུ་གྱེར་བའི་རྡོ་རྗེའི་གླུ། །འཇིགས་མེད་སྤོབས་ལྡན་རྣམ་པར་རྒྱལ་བའི་སྡེས། །བཀོད་པས་མི་ཤེས་དྲི་མ་མ་ལུས་དྲུངས། །ཕྱུང་སྟེ་ནམ་ཡང་མཁའ་མཉམ་འགྲོ་འདི་དག །རྒུད་པའི་དཔུང་གིས་ནམ་ཡང་མི་བརྫི་བར། །ཀུན་མཁྱེན་རྒྱལ་བོ་མཆོག་དེར་གྱུར་ཅིག་གུ། །མངྒ་ལཾ།


*འདི་ཡང་ཟླ་བ་གཞོན་ནུའམ་སི་ནཱི་བཱ་ལཱིའམ་རྡོ་རྗེ་སྐྱབས་ཀྱིས་གསུང་འབུམ་ཤིང་དཔར་མ་ལས་འཕྲུལ་གྱི་ཡི་གེར་བཀོད་པ་ཀུན་ལ་ཕན་པར་གྱུར་ཅིག་གུ