-->

Jan 22, 2012

བརྡ་རྙིང་བ།


བརྡ་རྙིང་བ།

སྒྲ་སྦྱོར་བམ་པོ་གཉིས་པ་ལག་བྲིས་མ།
སྒྲ་སྦྱོར་བམ་པོ་གཉིས་པ་ལག་བྲིས་མ།

བཀས་བཅད་གཉིས་པའི་སྐབས་སུ་བཅོས་པའི་བརྡ་རྙིང་།

གང་ལ་གལ་དང་། ཅི་ཕྱིར་ལ་ཇི་རོབ་དང་། ཇི་སྙམ་ལ་ཇི་ལྟར་དང་། རྩེ་མོ་ལ་སྤྱི་བོ་དང་། ཤིན་ཏུའམ་རབ་ཏུ་ལ་ཏེ་པོར་དང་། ཡང་། ཝཱ་ཌྷཾ་ཞེས་པ་བསྒྱུར་བའི་ཏེ་པོར་ནི། དམ་པ་དང་། སྲ་བ་དང་། དྲག་པ་དང་། ཚབས་ཆེ་བ་རྣམས་ལ་འཇུག་པ་དང་། རྐྱེན་སྨན་ལ་རྐྱེན་རྩི་དང་། ལྟག་པ་ལ་གླག་པ་དང་། སྤོས་དང་སྤོས་ཕོར་ལ་པོག་དང་པོག་ཕོར་དང་། བསལ་བ་ལ་བསྩལ་བ་དང་། སོགས་པ་ལ་སྩོགས་པ་དང་། བསུ་བ་ལ་བསྩུ་བ་དང་། དྲི་བསུང་ལ་དྲི་བསྩུང་དང་། བསངས་པ་ལ་བསྩངས་པ་དང་། ། རྫོཊ་སོ་ལ་རྫོགས་ཤོ། གཡོགས་པ་ལ་ཡོགས་པ་དང་། གོ་ཆ་ལ་གོ་ཅ་དང་། བྲག་ཆ་ལ་བྲག་ཅ་དང་། རིན་པོ་ཆེ་ལ་རིན་པོ་ཅེ་དང་། དཀོན་མཆོག་ལ་དཀོན་ཅོག་དང་། རིན་ཆེན་ལ་རིན་ཅེན་དང་། ཁྱིམ་ལ་སྡུམ་པ་དང་། དབུས་ལ་དབུང་དང་། འགྲོ་བ་ལ་བགོམ་པ་དང་། གྲུབ་པ་ལ་རེད་པ་དང་། འགྲེལ་བ་ལ་འགྲོལ་བར་བསྒྱུར་བ་ལ་སོགས་པ་མང་། ཡང་། དེ་དག་ཏུ་ད་དྲག་དང་། དཔྱིད་སླ་ར་བ་སོགས་དང་། དེའ་ལའ་ནིའ་ཞེས་པ་ལྟ་བུ་འ་ཡིག་གི་མཐའ་རྟེན་སྦྱར་བ་སོགས་བརྡ་སྤྲོད་པའི་དགོངས་པ་ཡིན་ཀྱང་དོན་ལ་ཐོབ་པ་གཞིར་བཅས་ནས་ཡི་གེ་ཉུང་བའི་སླད་དུ་བཞག་པ་དང་། ཡང་། མྱེད། མྱིན་སོགས་ཡ་བཏགས་པ་དང་། རལ་གྱི་སོགས་ནི་ལོ་ཙཱ་བ་ཁ་ཅིག་གིས་ཡུལ་སྐད་ཤོར་བར་གྲགས་པ་ཡིན་ནོ། །

བཀས་བཅད་གསུམ་པའི་སྐབས་སུ་བཅོས་པའི་བརྡ་རྙིང་།

གཉི་ཟླ་ལ་ཉི་ཟླ་དང་། བསྟན་བཅོས་ལ་བསྟན་ཆོས་དང་། སྟུག་པོ་ལ་འཐུག་པོ་དང་། ཉི་ཤུ་དང་སུམ་ཅུ་དང་སུམ་བརྒྱ་རྣམས་ལ། གཉིས་བཅུ་དང་གསུམ་བཅུ་དང་གསུམ་བརྒྱ་དང་། བསམ་གཏན་ལ་བསམ་བཏན་སོགས་འཆོས་པར་མཛད་ཀྱང་། བཀས་བཅད་བར་པ་བཞིན་དུ་གནས་པ་མང་ཞིང་། དེ་དག་གི་བརྡའི་ཁྱད་པར་གསུང་རབ་རྣམས་སུ་འབྱུང་བ་འདི་སྙེད་ཅིག་མཆིས་ཏེ། ཀྭ་དང་གག___ཀྱེ་དང་གང་། སྐྱོར་སྐྱོར___ཡང་ཡང་། བླ་འོག___སྟེང་འོག། བླ་སྐྱལ་བ___མི་ཟད་པ། རྩ་ལག___གཉེན། གཉའ་བོ___དཔང་པོ། རིད་པ་དང་སྦེག་པ___དངོས་ངན་པ་དང་ཤ་ཆུང་བའམ་སྐེམ་པ། གྱ་བ___ཉམས་པ། གྱག་པ___བརླག་པ། ཡེ་འབྱམ___སྟོང་ཉིད། དབལ___ཏོག་དང་རྩེ་མོ་དང་ཤ་ཉམས་དང་མེའི་དྲོད། ངོ་ག___སྣང་ངོ་། གམ་ཡོ___ཉེ་འཁོར། དམུས་བྱུང___ཚི་ཆད་དམ་ཡི་ཆད། ཐེན་ཆེར___ཅ་རེ། ག་ཞན___བཞད་གད་ཀྱི་སྒྲ། ཡ་ལད___གོ་ཆ་སྤྱི་དང་སྐབས་ཐོབ་ཀྱི་རྨོག་གི་མིང་ལ་འཇུག་པའང་ཡོད། གནའ___ཐོག་མའམ་སྔོན། ཡོད་དོ་ཅོག་དང་འགྱུར་རོ་ཅོག་ལྟ་བུའི་ཅོག___མཐའ་དག་གི་དོན། གྱུར་ཅིག་གུ་ལྟ་བུའི་གུ___སྨོན་པའི་ཚིག། ། སྦྲེབས་པ___སྐེམ་པ། གསང་ཁུང___བཤང་ལམ། མདུང་དོར___རྒྱན་འགྱེད། ཆམ་དུ___གཏན་དུ། ནོད་པ___ཐོབ་པའམ་བཞག་པ། ཐ་ཚིག___ཚིག་གི་དོན། བསྟི་བ___ངལ་གསོ་བ། བརྣག་པ___བསམ་པ། སྨྱང་བ___བརྐྱང་བ། ནམ་ཞར___ནམ་ཡང་། འོན་ཏང___འོན་ཀྱང་། བཀྲི་བ___དྲང་བའམ་འཁྲིད་པ། དབྲག___བར། གཟགས་པ___ཟགས་པ། ཕྱམ་ཕྱད___མཉམ་ཉིད། བགྲོ་བ___གླེང་བ། རྨ་ག་ཆད___ཡང་དག་པའམ་ཕལ་པོ་ཆེ་དང་སྙན་གྱི་གོང་རྒྱན། བསྟར་བ___བྱི་དོར་ལེགས་པ་དང་གཟབས་པ་དང་སྤྲས་པ་དང་། སེམས་ལ་སྒོམ་པ་དང་ཡོད་པ་ལ། གཏིང་ཕྱིན་པ___དཔྱིས་ཕྱིན་པ། བྲོ___མནའ། ཆང་ཁྱུ___ཚོགས་པ། སྤ་ལོ___སྤོབས་པ། ཐ་རམ___ངན་པ། བརྙང་བ___འཁྲུ་བ། དབྱེ___ཐང་། བསྙིལ་བ___དོར་བའམ་ཕྱིར་བསྐྲད་པ། ལག་པ་བསྙལ་བ___ལག་པ་བཀྲུས་པ། མཐོང་ག___བྲང་། གླམ་པ___སྣམ་བུ་འཐུག་པོ། ཁྲ་ཁྲོ་ཅན___སྤྲོ་ཐུང་བ། རུང་ཁུས་ཟ་བ___གཏུམ་པ། མགོ་ནན___ཐོག་མ། ཇེ___དང་པོ་དང་རེ་ཞིག་ཅེས་པ་ལའང་། གཞི་པོ___གཞི་མ། ཇི་འོས___འཚམ་པ། གནོང་མི་བཀུར་བ___ཉེས་པ་ཁས་མི་ལན་པ། བསྒོ་བ་རྣར་གཟོན་པ___བསྒོ་བ་ལ་མི་ཉན་པ། འཆབ་པ___གསང་བའམ་སྦེད་པ། འཛན་དཀའ___སྦྱོར་དཀའ། འཁུ་བ___ཞེ་སྡང་བ། བཅབས་པ___སྦས་པ། གྱ་ཙོམ___མ་བརྟགས་པ། རྣ་བླགས___རྣ་བ་གཏོད་པ། ཐ་ཆད་པ___ངན་པ། སྩེལ་བ___སེལ་བ། འཕྱེ་བ___འགྲོ་བ། སྨྲེང་ཚིག___གསང་ཚིག་དང་སྨྲ་བ་ཙམ་ལའང་། སྨྲེང་བ___སྨྲ་བ། སྨྲེ་བ___ངན་པར་སྨྲ་བ། སྨྲེ་སྔཊ་ཀྱང་དེ་ཉིད། རྨས་པ___དྲིས་པ། མི་འཇབ་པ___རྩུབ་པ། དྲལ་བ___བཅོམ་པའམ་ཞིག་པ། བླ་མཐང___སྟོད་སྨད་དམ་ཕྱི་ནང་། བསོད་པ___བཟང་པོའམ་ལེགས་པ། བསྟབས་པ___བྲིམས་པའམ་བྱིན་པ། སྟོབ་པ___འབྲིམ་པའམ་སྟེར་བ། སྟོབ་པ___མགྲོན་དུ་གཉེར་བ། བྱེར་བ___སོང་བ། བརྟ་བ___རྒྱས་པར་བྱ་བ། བརྟས་པ___རྒྱས་པ། ད་ཀོ___ད་ནི། འདི་ཀོ___འདི་ནི། བཀོན་པ___ཁྲོ་བ། ཇི་ག___བརྟག་པ། ཁྱོ་ཤུག___བཟའ་ཚོ། གཞོལ་བ___འབབ་པ། ཉིས་ན___རྣམ་པ་གཉིས་སུ་ན་ཞེས་པ་ལྟ་བུའམ།

ཡང་ན་ཐ་བ___རེངས་པ། མཐར་གྱིས___རིམ་གྱིས། གཞར་ཡང___སླར་ཡང་ངམ་ནམ་ཡང་། མནོས་པ___བསམས་པ། གྱ་ནོམ___ཕུན་སུམ་ཚོགས་པ། གྱ་ནོམ་སྣང་བ___ཡོད་པ་དང་ལེགས་པའི་དོན་ཡང་ཡིན། ཕྱད་པར___རྒྱུན་པར། བསྣམས་པ___ཐོགས་པ། ཤ་དག___ཤ་སྟག། འཇུད་པ___འཇུག་པ། རྔུབ་པ___འདུས་པའམ་འཇུག་པ། ཚམ་ངམ___འཇིགས་སྟངས། བབ་བབ་བམ་བབ་ཅོལ___མ་བསམ་པར་སྨྲ་བའམ་འཕྲལ་མ། ཕྱང་ཡར___འཕྲིན་ལས། སྣམ་ལོགས___ཟུར་དང་རྒྱབ། སྣྲེལ་ཞི___ལོགས་སམ་འཕྲེད་དམ་འཆོལ་པ་གོ་རིམས་སུ་མི་གནས་པ། ཉོད་པ___ཟས། རོད་པ___གོས། ཡོང་ཡེ___ངེས་པར་རམ་རྣམ་པ་ཀུན་ཏུའམ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཞེས་པ་ལྟ་བུ། བསྟིར་མེད___མནར་མེད་དམ་ངལ་གསོ་མེད་པ། སྤྲིབས་པ___ལྟོགས་པ། བྲུ་བ་ཚ་བ___བཀྲེས་པ། བས་པ___ཟད་པའམ་མཐའ་དག་པ། བརྣན་པ___ངེས་བཟུང་། རམ་ཤག___འབྱོར་བ། མནངས___ནོམ་པའམ་སྲིད། མཐའ་གྲུ་དང་ཐག་གྲུ___རྒྱ་ཁྱོན། མནབ་རྩལ___ཁ་ཟས། གཡེར་པོ___མཁས་པའམ་གྲིམས་པ། ཁོས་རང་ཆབ་མི་འཚལ་བ___མདུན་མ་ཆུད་མི་ཟའོ། བསྐྱུད་པ___བརྗེད་པ། ཁད་ཀྱི___དལ་བུ། བྱུར___མྱ་ངན། ཡོལ་གོ___སྣོད། བསྙེངས་པ___འཇིགས་པ། བསྙེམས་པ___ང་རྒྱལ། ཡུག་པ་དང་ཡོབ་ཡོབ___རྐང་པ། སུག་པ___ལག་པ། ནེམ་ནུར___ཡིད་གཉིས། རྒྱ་ཅང___སྐ་རགས། གུར་བུ___གྲུ་བཞི། གྱི་ན་དང་གྱིན་འདར___དམན་པའམ་དོན་མེད་དམ་རང་བཞིན་པ། བརྟད་པ___གློ་བུར་བ། མི་ཡོགས་པ___མི་ཁེབས་པ། འུབས་པ___འདུས་པ། ཁུད་པ___སྐྱེས་སམ་རྫོངས། སླགས་པ___བཀོད་པ། ཕྱང་ཆད___ཐག་བཅད། ལ་གོར___མགྱོགས་པའམ་སྐྱེན་པ། མུར་འདུག___མུ་སྟེགས། ཅོ་འདྲི___མཐོ་འཚམ། གཞེར་བ___བསྟེན་པ། ཡེལ་འཕྱོས___ཟུང་འཇུག། འཆོས་པ___ཟོས་པ། འདུ་འཕྲོད___ཚོགས་པ། ཕྱ་ལེ་བ___མཉམ་པ། ཆིབ་པ___ཁྱབ་པ། ཁོས་པ___འདུན་པ། ངོ་མཐོན___ནན་གྱི། མོལ་པ___གཏམ་མམ་གྲོས། ཚུད་མོ་མཁན___རྐོས་མཁན། གོ་འདུན___ཚོགས་ཤིང་འདུ་བ། གཞུར་བརྟག___ཟུར་ཟ་བ། ཉེར་བསྡོགས___སྟ་གོན། མྱག་ཕྲན___མདའ། གོར་མ་ཆག་པ___ཐེ་ཚོམ་མེད་པ། གོར་མ་བཀུམ་པའང་དེ་ཉིད། གནམ་རུ___གཞུ། སྤྲུག་པ___ཟད་པ། བཀར་བཏགས___ཁྲིམས་བསྒྲགས་པ། ཕུང་ཀྲོལ___དོན་མེད་པ། ལྷཊ་པ___གཏད་པ། ཕྱར་གཡེང___རྣམ་གཡེང་དང་རང་ཉིད་འདོད་པའི་ཆོས་གཞན་ལ་ངོམ་ཞིང་སྒེག་པའི་དོན་ཡང་ཡིན། སྒམ་པ___ཟབ་པ། བགམ་པ___ཉམས་སད་པ། མནབས་པ___གྱོན་པ། རྩེག་ལོག___ཕྲན་ཚེགས་སམ་སྲེད་ཞེན་ཆེ་བ། ཚར་ཕྱིན___མཐར་ཕྱིན། དབབ་པ___འབེབས་པའམ་བཞག་པ། གཟས་པ___བརྡེག་པར་བརྩམས་པ། ཕོན་པོ___ཚོགས་པ། འཛེར་བ___སྨྲས་པའམ་ཟེར་བ། འཆེལ་བ___ཞེན་པའམ་འཆད་པ། ཐ་རམས___གཏམས་པ། ཕྱིས་བུ___སྣོད། རྩེར་ཕྱིབས___མཐར་ཕྱིན། གླལ་བ___ཁ་གདངས་སམ་རྣམ་པར་བསྒྱིངས་པ། ཀླུབས་པ___ཕུབ་པའམ་གྱོན་པ། གཡེམ་པ___འདོད་པ། མུ་ཅོར___ཁ་ཟེར་བ་དང་ཁ་དྲག། གནམ་པོ___དྲང་པོ། འཇུག་པར། ཀྱེ་མ་གཞན་གྱི་གནམ་པོ་ཉིད། ཅེས་པ་ལྟ་བུའོ། ཁོར་ཟུག___ཁོར་ཡུག། ཆབས་ཅིག་པ___ལྷན་ཅིག་པ། ཆུབ་པ___རྟོགས་པ། གོ་འདུན___སྣ་ཚོགས་སམ་གང་མོས། མོང་དུ་ཆུད་པ___ཁོང་དུ་ཆུད་པ། རླིབས་པ___རྒྱ་ཆེ་བ། མཆིལ་པ___ལྕགས་ཀྱུ། ལྕགས་ཀྱོ་ཞེས་པའང་དེ་ཉིད། འགྱེད་པ___འགྱོད་པ། ཟང་ཟིང___ཤའམ་ཟས། ཟང་ཟིང་སྦྱིན་པའང་གཙོ་བོར་ཤ་སྟེར་བའི་དོན་དུ་བཤད། འགྱེར་བ___སྤོང་བ། གེར་མ___རག་མ། རུམ___ལྟོ་བའམ་ཕག། ཕོམ་པ___བུམ་པ། རྟོན་པ___འདོད་པའམ་རྗེས་སུ་འབྲང་བ། དོན་ལ___མི་རྟོན་ཚིག་ལ་རྟོན། འཕྱོ་བ___ལྡིང་བ། འགེམས་པ___འཇོམས་པ། སྙུགས་སུ___ཡུན་དུ། དབྲོག་པ___འཕྲོག་པ། གླེབས་པ___མནན་པ། རྗེན་པ___གཅེར་བུའམ་རྐྱང་པ། གལ་གྱིས___ནན་གྱིས་སམ་རྒྱལ་གྱིས། འཇེན་པ___ལེན་པ་དང་བཅགས་པ་དང་དངོས་པོ་ཡིད་དང་རྣ་བར་འཐད་པ་ལྟ་བུ་ལའང་ཡོད། རླུགས་པ___ལུག་པ་སྟེ་ཟས་མ་ཞུ་བ་ཕྱིར་བྱུང་བ། ནོངས་པ___ཉེས་པ། འཕྱེ་བོ___གོང་པོའམ་ཡན་ལག་མེད་པར་ལྟོ་བས་འགྲོ་བ། ཚུར་ཤེག___ཚུར་ཤོག། ལྕེ་རྟེན___བརྗོད་པའམ་སྙད་འདོགས་པ། སྲིབས་པ___བསྒྲིབས་པའམ་གྲིབ་རི་དང་མཚན་མོ། སླག་པ___པགས་པའི་གོས། སྡོད་པ___འཕེན་པ། ཁོལ་མའམ་གླང་མིག___སྐར་ཁུང་། འདི་དཀར་གསལ་དང་མུན་དཀར་ཟེར་བ་དང་བསྟུན་ན་དས་འཕུལ་ཐོབ་པར་སྣང་ཡང་། འདུལ་བ་ལ་སྐར་ཚོད་བལྟ་བའི་རི་མིག་བཞག་པ་ལས་བཏགས་པའི་བརྡ་བཙན་པར་བྱས་པའོ། འགྲེམས་པ___འགྱེད་པ། གསེག་ཤང་དང་གསིལ་བྱེད___འཁར་གསིལ། སྤྱི་ཏོར་ཅན___གཙུག་ཏོར་ཅན། གསོང་པོར་སྨྲ་བ___སྔར་སྨྲ་བའམ་དྲང་པོར་སྨྲ་བ། དོ་ཀེར་ཅན___ཐོར་ཅོག་ཅན། དཔེ་མཁྱུད___ཆོས་སྟོན་འོས་པ་ལའང་སྦ་བ། འབེལ་བའི་གཏམ་དང་བཀའ་མཆིད___ཡང་དག་པའི་གཏམ། མཁྱུད་སྤྱད___མན་ངག་ཕྲན་བུ་སྦས་ཏེ་འཆད་པ། མྱུར་ཐུག___མཐར་ཐུག། ཕོལ་བ___རྟོགས་པ། ལ་ཟླས་པ___ཐག་བཅད་པ། ལ་ཟློ་བ___མཐའ་འགེགས་པའམ་ཐག་གཅོད་པ། མི་ཆ་བ___མི་ཤེས་པ། ཆ་མེད___རྒྱུས་མེད། གཏོལ་མེད་པ___ཐབས་མེད་པའམ་རྒྱུས་མེད་པ། ཅི་གར___ཇི་ལྟར། ཅི་ཆིབ___མཐར་ཕྱིན། གར་ཅིག___གང་ཞིག། སྨྱན་ཀ___གཉེན་ཀའབགས་པ___ཉམས་པ། དམུན་པ___བླུན་པོ། ཤོ་བེ___རྫུན། ཤོབ་ཀྱང་དེ་ཉིད། ཤིད་ཟན___རོ་ཟན་ནམ་གཤིན་ཟས་སམ་དད་ཟས། ཤིད___གཤིན་པོ་ལ་དམིགས་པའི་དགེ་བ་བསྒྲུབས་པ། ཕྲུ་མ___ཕོ་བྲང་ངམ་དམག་སྒར། སྤོང་བ___རྩེ་བ། བརྟུན་པ___བརྩོན་པ། སྒོ་འཕར___སྒོ་གླེགས། སྤྱོས་པ___སྡིགས་པའམ་ཁྲོས་པ། སྙེམ་པ___གཡེལ་བའམ་སྙོམས་ལས། དབྱེ་ཚོང___ཚོང་ཁང་། ཐང་ལ___བཀྲམ་པ། བསླན་པ___བསྡུས་པའམ་ཕྱོགས་གཏོགས། ཚོག་ཕོར___རྫོགས་པར། བདར་བ___བཅད་པའམ་གཞོགས་པ། གཟེངས་པ___བརྐྱང་པའམ་གཟི་བྱིན། འཆེག་པ___འཇིག་པ། གློས་པ___རྨོངས་པ། རྨེག་མེད___གཏན་མེད། གཡེན་སྤྱོ་བ___ཅོ་དྲིའམ་སྡང་བར་བྱེད་པ། གཡམ___ཞར། རྨེད་པ___གསོལ་བ། སློང་ཕོར___ལྷུང་བཟེད། བྱ་མ་རྟ___ཉན་རྣའམ་བང་ཆེན། བྲོ་འཚལ་བ___ནད་པ། ད་བུར___སྲེག་གནས། བསེལ་བ___སྐྱེལ་མའམ་འཇིགས་པ་ལས་སྐྱོབ་པ། གཙུག་ལག___སྡེ་སྣོད། བསོད་ཉམས___འདོད་པ་ལ་ལྷག་པར་ལོངས་སྤྱོད་པའི་མིང་། བསྙད་པ___བཤད་པ། གོ་རེ___རྫོགས་པ། བརླང་པོ___རྩུབ་མོ། གཞོགས་སྟེགས___ཟུར་མིག་གམ་སྐེག་ཆོས། ཤུར་བུ___སྐ་རགས། འཛན་མོ___བགྲོད་བྱ་སྟེ་བུད་མེད། འཇུད་མཐུན་དང་འདོད་འགྲོ་དང་གཟུགས་འཚོང___སྨད་འཚོང་། ལག་གི་བླ___ལས་དེ་དང་དེ་ལ་བསྐོས་པ། འཛན་ཕོ___བགྲོད་བྱེད་དེ་སྐྱེས་པ། སྐ་རགས་ཕོག་གུ་ཅན___སྐ་རགས་རྒྱན་ཅན། འཐབ་ཀྲོལ___གནོད་རྒྱུ། འགྲེ་བ___གཡོ་བ། དོ་ཟན___མཆིང་བུ། ལྕགས་ཕོད___སྐ་རགས་ཀྱི་རྒྱན། ཁོད་སྙོམ་པ___ཡིད་མི་དགའ་བའམ་སྒྱིད་ལུག་པ། དཀྱུས་མོ___མགྱོགས་པའམ་རྒྱུག་པ། དང་ལ___རྫིང་བུ། ཀླབ་པ___ལ་བ། དམ་རྒྱ___ཁྲིམས། ཞ་སྒྲེ___རྣ་མེད། ལྟག་སྒྲེ___ལྟག་ཐེར། གོར་མོ___སྡང་སེམས། རྣ་བྲང___མདེའུ། བཤུག་པ___བསླང་བ། པུས་མཁྱུད___སྒོམ་ཐག། གཡར___ཁའམ་གདོང་ངམ་མདུན། ཧྭགས___བུ་རམ་གྱི་དྭངས་མའི་ཤ་ཁ་ར་སྟེ་འགྲེལ་པ་ཟླ་ཟེར་དུ་གལ་ལ་ཞེས་ཀྱང་གྲགས་པ། ཐགས་རན___བཏགས་པ། རྨས་པ___ཉམས་པ། མངན___མཐུ། དངར___གྲལ་ལམ་ཕྲེང་བ། གསུག་པ___རྔན་པ། བརྔན་ཞེས་པ___མཆོད་པ། རྣམ་འདལ___རྣམ་འདུད། འགྱེད་པ___གཏོང་བ། དབྲེས་པ___བརྗེས་པ། བསེན་ཁུས་པ___གཉེན་བསླུས་པ། བརྒྱད་བཀག___ཁ་སྨྲས་སམ་བཀྱོན་པ། འོ___ནི་འདི། བཟླུགས་པ___ཞུས་པའམ་དྲིས་པ། པོ་ཟོས་ཀྱང___ཇི་ལྟར་ཐོགས་ཀྱང་ཞེས་པ་སྟེ་ཡུལ་སྐད་ལ་པོ་མཐོ་ཡང་ཟེར། སྤྱོན་པ___འབོད་པའི་བརྡ་ཚུར་ཤོག་ཅེས་པ་ལྟ་བུའོ། ། བྱོན་ཅེས་པ་སླེབ་ཟིན་པའི་དོན་ཏེ་དིང་སང་བརྡ་ནོར་མང་། འབྲོངས་པ___ཉེ་བར་བསྟེན་པ། བཤེས་སྤྲིང་དུ་མཐོ་རིས་བུ་མོས་འབྲོངས་ཤིང་ཞེས་པ་ལྟ་བུའོ། ། མི་སློན___མི་ཟློགས། སྨག___མུན་པ། གོ་ར___བཙོན་ར། ཡ་མ་བརླ___སྙིང་པོ་མེད་པའམ་མི་བདེན་པ། ཀླད་རོལ___ཕྱི་རོལ། ཆང་ཐུབ___གང་ཟག། དོག་མ___མདུན། གེལ་པ___ཡལ་ག། འཕག་པའམ་ཆ་བ___འཇུག་པ། རན་པ___ལྕུག་ཕྲན། རེང་བུ___འབྲེལ་མེད་དམ་རྐྱང་པ། མི་འགོང___མི་ཞུམ། ཐན་ཀོར___ཉེ་འཁོར། བོག་རེ___བ་གམ། མ་སྟེས་པ___མ་ལེགས་པ། སྟེས་དབང___སྟོབས་ཤུགས། གནའ་བོ___སྔོན། སྣ་བོ___གཙོ་བོ། མི་གུ___མི་ཞུམ། ཉེའུ་གྱི___བཅུད་ཚོར། ཉེན___རྨང་། བེ་ནོ___འཛིན་པ། སྲོ་གང___ཁྲུས། དཀུ་མཉེ། དྲིལ་ཕྱི། མེ། སྟན་རྣམས་ཀྱི་མིང་། འདི་ལ་བསྲོ་ཁང་ཞེས་པའང་སྣང་། ཇེང___རྒྱུད་མངས་སམ་དབྱངས། རྨང་ལམ___རྨི་ལམ། གྱ་ཐོ___རྣ་རྒྱན། ལན་བོན___ལན་སློན། མདོང་མོ___མཇུག་དོའི་ནང་། རྣིལ་ནད___སོ་རྙིལ་གྱི་ནད། རྔུབ་རེ___ཧུབ་རེ། ཆུ་བྲུབ་པ___ཁོལ་བའམ་རྦ་ཀློང་། ཉུག་རུམ___རླིག་ཕྱུང་སྟེ་བཙུན་མོའི་འཁོར་དུ་འབྱུང་བ། ཞོགས་མ___སྟེང་གཡོགས། གཞའ་བ___མགུ་བ། གཞའ་ཚོན___འཇའ་ཚོན། བསྐྱད་པ___བསད་པའམ་འགྲན་པ། ཕྱི་བི___ཕྱི་རོལ། ཕ་བི___ཕ་རོལ། དགོན་དུང___ཆུ་མེད་པ། ཚ་སྒོ་ཅན___བ་ཚྭ་ཅན། མོང་བརྟུལ___བླུན་པོ། ལུང་བོང་དང་བན་ཀླང___བ་གླང་། ཕོལ་མིག___འཁོར་ལོ། མཚུན___ལྷའམ་ཕ་མེས། འཆེས་པ___ཁས་ལེན་པ། འཕེའུ___གསོལ་བ། གཞའ་གསང___གཡུང་དྲུང་ངམ་འཕྲིན་ལས། དམ་དེམ___དམ་བཅའ། ཕྱང་སྤྲུལ___རྒྱན་ནམ་སྤུད་པ། དབུ་རྨོག___དབུ་འཕང་། ཡིད་སྨོ___ཡིད་དགའ། གཉི་ཟེར___ཉི་ཟེར། སྦོན་པ___ཟ་བ། རྙོང་བ___བརྐྱང་བ། འབྱེར་བ___འགྲོ་བ། འདྲིད་པ___སླུ་བ། གཟོད་མ___དང་པོ། རིལ___ཐམས་ཅད། གཟེབ___གུར། ཀློང་དུ་གྱུར་པ___དབང་དུ་གྱུར་པ། བཅིབས་པ___ཞོན་པ། མི་བཟད་པ___དྲག་པོ། དྲག་ཤུལ___མི་སྡུག་པ། གཅམ་བུ___བཅོས་མ། བརྐམ་པ___འདོད་ཞེན། བརྐམ་ཆགས___འདོད་ཆགས་ཆེ་བ། འཆོབས་ཤིག___གསོངས་ཤིག། གཉོད་ཀ___འཁོས་ཀགཡུང་བ___ཞན་པ། བརྟུན་ངེས་པ___གཟུ་ལམ་དང་རང་བཟོ། གཞིབ་པ___འཇིབ་པ། གླགས་པ___འཇུག་པའམ་འགྲོ་འཚམས། དོང་སྟེ___སོང་སྟེ། འདོང་བ___འགྲོ་བ། དཔེན་པ___མཁོ་བའམ་འཕངས་པའམ་ཡིད་དུ་འོང་བ། བཙོག་པོ___ཕོ་བཙོག། རྙོང___གལ། ཇིས་ན___ཅིས་ན། ཏ་ལ་ལ___སྒྲོན་མེ། བསྙུངས་པ___ཉུང་ངུར་བྱས་པ། བསྙེན་སྲིང___ཉེ་རིང་། སྤང་བྱེད___རྡོ་བ། ཀོས་ཐག___ཉམ་ཐག། སྔ་མཁོ___སྔར་བཞིན། སྨྱུར་ཏེ___མྱུར་དུ། འོན་ཅིག___བྱོན་ཅིག། ལྡེམ་པོ___དྲད་པོ་མིན་པ། ཉིང་ཏོར___ངེས་པར། བྱོས་ཤིག___གྱིས་ཤིག། རངས་པ___དགའ་བ་དང་རིལ་པོ། ཁོང་འཁྱིད___ཁོང་འབྱིན། གཏུ་ལུམ___བཟི་བ། གྱུ་བ___བཀུར་བ། ཕོ་ཐེག་ཆེ་བ___ཁེངས་པ་སྟེ་ལྟ་བ་མཐོ་བའི་དོན། ཕོག་སྙ་ཆེ་བ___སྲན་ཆེ་བ། རྨེ་བ___སྨྲ་བ། རྨུན་པོ___བླུན་པོ། འཕན་པ___ཆག་པའམ་ཉམས་པ། ཆུའི་དངོ___ཆུ་ངོགས། གྲིའི་དངོ___གྲིའི་སོ། ཡོན་ཁར་བ___ཡང་དག་མིན་པ། འོར་འགའ___རེས་འགའ། འབྲུས་འགོགས___བརྩོན་འགྲུས། འབོགས་པ___བརྒལ་བ། འབོག་པ___བརྒྱལ་བ། བྱ་རྐོན___བྱ་རྒྱ། གཉིག་ཏུ___གཅིག་ཏུ། བློང་བ___རྨུགས་ཤིང་སོང་བ། བློ་བློང___ཡི་མུག་གམ་རིག་པ་མི་གསལ་བ། བློང་བློང་ཡང་ཟེར། གཞེན་འདེབས་དང་གཞན་བསྐུལ___དྲན་བསྐུལ། ཆད་པའམ་བང་སོ___དུར་གྱི་གནས། ཕོལ་ཏེ___ཕན་ཏེ། འུང་ནས___འདི་ནས། ཉིད་གྲུལ___རིགས་ངན། རྔད་མོ___དམོད་མོ། རང་ཉམས___རང་བཞིན། འགྲན་དོ___འགྲན་ཟླ། ཡིབས་སུ___དབྱིབས་སུ། བླ་ཁྱད___དྲེགས་པ། འུང་ཏེང___འོན་ཀྱང་། འོར་པ___བོར་བ། ཕ་ལོགས___ཕ་རོལ། གྱིམ་ཤིང___རོལ་མོ། ཆོ་ལོ___རྒྱན་པོ། ཟུས་ནས___ཟུག་ནས། བློན་འདེབས___ཆོས་སྟོན་ནམ་ཟུར་ནས་གྲོས་འདེབས། གདས་པ___སྨྲ་བའམ་ཞུས་པའམ་ཞུ་བ། སྣ་རུ___ན་རོ། འགྲོངས___རྨའི་སྒོ། མཆིས་འབྲང___ཆུང་མ། མ་དྲངས་པ___མ་དུལ་བ། གཞོངས___ལྗོངས། བུས་པ___བྱིས་པ། འཇེབས་པ___འགྲོགས་པའམ་ལེགས་པའམ་སྙན་པ། ནན་ཏུར___ཆད་ལས། ཡུས་ཏེ___བདེན་ཏེ། ཞ་འབྲིང་དང་ཞམ་འབྲིང___ཞབས་འབྲིང་། རྨེན་ངན___ལྟས་ངན། གཏི་བ___སྨྲ་བ། སླད་བཞིན___ཕྱི་བཞིན། གཤོར་བ___རྩུབ་པ། འཕྱན་པ___འཁྱམ་པ། གཤོར་བ___སྣོད། ཀླག་ཅོར___ཅ་ཅོ། ཤེན་པ___བཤེན་པ། རྙིས་པ___རྙིངས་པ། སྨྱེ་བ___ཞན་པ། ལེའུ་གློན་པ___ལན་ལྡོན་པ། འདྲག་མཐིལ___ལག་མཐིལ། བུམ་བུ___བུམ་ཆུང་། རྩིག་གུ___རྩིག་པ། བྲུངས་ཀྱང___ཀུན་ཀྱང་། རེ་རྨ___བུད་མེད། ནན་ཐུར___ནན་ཏན། གཡུར་དང་ཡུར___གཉིད། སྒྲེའུ་ཆུང___འཛག་སྣོད། པར་ཏང་དང་དྲེའུ་རྔོག___སྟན་ཁྲ་བོ། སྨྱུགས་ནས___བཅུག་ནས། དཀུ་སྟེ___ལྷག་སྟེ། མ་ལ___ཀྱེ་མའམ་ཀྱི་འུད། ངོག་གོ___ནོན་ནོ། མདུན་བདར་བ___མདུན་ནས་བསྟོད་པའམ་མདུན་དུ་བགྱིས་པ། ཐོང་ཁོར___གར་བུ། ལག་ཏུབ___སྒྱོགས། ལྡོངས་པ___ལོང་བ། དམིགས་བུ___ལོང་ཁྲིད། ངོག་ན___སོང་ན། མོད་མི་དམའ་བ___དཔངས་མཐོ་བའམ་ཕྲ་མོ་མ་ཡིན་པ། རྙོང་ངམ་བྱུག་པའམ་སྐྱང་ནུལ___ཞལ་བ། ཞལ་ཞལ་ཀྱང་དེ་ཉིད། ཐན་སྐོར___ཉེ་སྐོར། ཡུགས་ཤིག___བྱུགས་ཤིག། ཟ་ཕོད་པ___ལྟོ་ཆེ་བ། ལྟུང་རུས___ལྟུང་འབྲས། འཛེར་ཏོ___ཟེར་ཏོ། དུགས་ཁང___ཁྲུས་ཁང་། དཔྱ་བ___འཕྱ་བ། སྔ་ཟ___སྔ་བ། ཚང་མང___ནགས་ཚང་ངམ་མེ་ཁང་། ཁུ་ཤ___ཤ་ཁུ། ཐམ་ལག___མན་ངག། ། ལས་ཀན___ཁ་ཁྱེར་རམ་སྟེགས་བུ། གཞགས་པ___བརྒྱན་པ། འདྲུབ་པ___འཚེམ་པ། དྲུབས་པ___བཙེམས་པ། དེ་མོ___དགོས་པ། རྣམ་ཕྱིས___ཕྱི་ས་ཁང་པ། སྐུན་བུ___གཞོང་བུ། ཡ་གད___རྐང་རྟེན་ནམ་སྐས། ཀ་ཅི་ཆོག___ཅི་ཡོད། ཐ་གི___ཞི་བ། རྒྱུ་ཁུ་ཅན___གཅེར་བུ་པ། གཟར་ཐག___དཔྱང་ཐག། སླས___བཙུན་མོའི་འཁོར། གྱོང་རལ___ས་ཞག། ། བཤུལ___ལམ། མད་པ___བདེན་པ། སྤྱན་པ___བྱ་ར་བ། ཆེམས་པ___འཕྲིན་པ། མདུན་ཁང་ངམ་བཀད་ས___འདུག་ས། འདུག་པ___ཚོགས་པ། ཚིག་གུ___འབྲས་བུའི་སྙིང་པོ། སྐྱེས་ཕྲན___དར་ལ་བབ་པ། ལྕེ་རྟེན___བརྗོད་པའམ་སྙད་འདོགས་པ། རེགས་པ___བྲེགས་པ། སྐྱོས་པ___ཉམས་པ། ཆུ་འདལ་བ___དལ་པོར་འདུག་པའི་ཆུ། ཉུལ་བ___བུལ་བའམ་འགོར་བ། གཞར་བ___མཐུན་པ། ཆན་པ___ཁྱེ་བོའམ་གྲི་གུག། ལྡང་སྐོ་སྐ་དང་བསེ་ཁ་སྒོ___སེང་གེ་ཤ་ར་བྷ་སྟེ་སེང་གེ་རྐང་པ་བརྒྱད་པའི་མིང་། ཆེད་འགའ___རེས་འགའ། སྐྱོ་སྔོགས___འཁྲུག་པ། བགས་ཀྱི___རིམ་གྱི། ནོད་པ___ལེན་པའམ་ཐོབ་པ། བརླ་བརྙན___སྣོན་པ། ཚང་ཐུར___གོས་ཤུབས། བརྙན་པ___གཡར་བ། བརྙས་པ___གཡས་པ། སྐབས་ཐོབ་ཉོས་པ་ལའང་། ཡུ་བུ___རང་རེའམ་བདག་ཅག། ཁོམ་པ___དལ་བ། ཕོ་ལོང___གྲུ་གུ། ཕྱག་ལས་ཁོམ___ར་རོ་བ། དགུམ་པ___གསོད་པ། འགུམ་པ___འཆི་བ། བཀུམ་པ་དང་གུམ་པ___བསད་པའམ་ཤི་བ། རྨེད་དུ___གསོལ་དུ། འཁོབ་པ___ངན་པའམ་མཐའ། ཛི___རླུང་། འཁྲུན་རིང___མཆུ་རིང་ངམ་དཀྱུས་རིང་། བརྣོགས་པ___བསྡམས་པའམ་སྦས་པ། མནགས་པ___བཟོད་པའམ་བསྲན་པ། དྲལ་པོ___མིང་པོ། ཆེ་ཞེ___ཨ་ཆེའམ་སྲིང་མོ། འབྱེས་པ___མཛེས་པའམ་མཚམས་ཕྱེད་པ། སྤུ་ལ་བབ་པ___རུང་བ། མི་ཆོག___མི་ཕོད། ཤིང་ཐགས___ཅོག། རྩང་ནན___བཏུང་བ། འཐམས་པ___བྱམས་པ། འཁམས་པ___བརྒྱལ་བ། སྡུམ་མཚེས___ཁྱིམ་མཚེས། དབང་ཐང་ཆེ་བ___སྐལ་བ་ཆེ་བའམ་དཔལ་ཆེ་བའམ་སྐལ་བ་བཟང་བ། མ་ནངས་པ___མ་ལངས་པ། ནངས་ཀྱི___སྔོན་གྱི། གཡེར་བག___སྣང་གཡེལ་ཅན། བརླམས་པ___བསྐྱོད་པ། སྒྲེ་བོ___ས་རྗེན། འོད་པ___ཡོད་པ། མིག་གི་རྔུ་མ___མིག་གི་དྲི་མའམ་སྐྱོ་མ། སྦལ་དུ___དོང་དུ། ཕྱུགས་ཕྱུང___གཞོན་ནུ་མ། སྣོག་གཟན___འཁུར་བ། བྱ་མོ་ཟབ___མཆོད་རྫས། ལན་ཀན___པུ་ཤུ། རྒྱུན་ལུགས___རྒྱུ་འགྲུལ། གཡར་འདྲེན___སྤྱན་འདྲེན། གཡར་ལེན___ཁས་ལེན། གཡར་དམ___དམ་བཅའ། གཡར་ལམ___མདུན། གཡར་ཁྲལ___ཁ་ཁྲལ་ལམ་ངོ་ཁྲལ། གཡར་ཚ___ངོ་ཚ། གཡར་ཁམས___སྐུ་ཁམས། གཡར་ངོ___གདོང་། སྒེའུ་ཆུང___འགྲོ་བ། སྒེའུ་གཤེར___ཁ་འདམ་སྟེ་བཅའ་སྒ་དང་རོ་ནུས་ཆ་མཐུན་ཞིག་གི་མིང་། དྲུང___རྩ་བ། འགྱུར་བྱེད___པྲ་ཆལ། མི་ངས___མི་ནད་དམ་རིམས་ནད། ཞལ་ཚུས___ཞལ་ཟས། ལོང་བུ___ཤིང་ཏོག། འོས་པ___གཅེར་བུ་པ། རྩེན་པ___རྩེ་བའམ་རོལ་བ། བླ་གབ___སྟེང་གཡོགས། ཐོམས་ཤིག___སོམས་ཤིག། མཐོལ་བ___སྨྲ་བའམ་མི་སྦེད་པ། བཤོས་པ___འཁྲིག་པ། གཏམ་འདྲེས་པ___ཕེབས་པར་སྨྲ་བ། སྨོན་འདྲིན___གྲོགས་པོ། ལྟག་འོག___སྔ་ཕྱིའམ་གོང་འོག། སྤུན་པ___བསྟུན་པ། ཐོག་ཐོག___དང་པོ། རེག་ཟིག___ཟིན་བྲིས། བོན་པ___ཟླས་པ། ནེའུ་ལྡང___ན་ཟླ། སྒོག་པ___སྒོག་སྐྱ་སྟེ་ར་སུ་ནའམ་ལ་ཤུ་ན། ཀུན་དོང___བཙོང་སྟེ་པ་ལཱ་ཎུ། ཀེའུ___རི་སྒོག། ཧབ་ཤང་མཚེའུ___དབང་ལག། ལིག་ཤི་ཝེར___ཛཱ་ཏི་སྟེ་སྣ་མའི་མེ་ཏོག། ཀྲུ་ཀྲུ་ཏྲེས___ཙི་ཏྲ་ཀཇ་ཧོང___བཙོད་མདོག། སླད་ཚ___མི་གཙང་བའམ་བཤང་བ། ཐོབ་ཀྱིས་འཇལ་བ___ཐབས་ཀྱིས་གཞན་ནོར་འགུགས་པ། ཤ་ཆགས་པ___བློ་ལ་ཡོད་པའམ་བབ་ཐོབ་ཡོད་བ་དང་འཐུག་པའམ་བརླིང་བ། ངག་འཁྱལ___འབྲེལ་མེད་དུ་སྨྲ་བ། ཀྱལ་ག___ཀུ་རེའི་ཚིག། བསྟང་བ___མགོན་ནམ་གྲོགས། བསྟིངས་ཚིག___སུན་འབྱིན་པའི་ཚིག་སྟེ་མི་ངན་པ་ལ་མི་ཡ་མཚན་ཅན་ཅེས་བརྗོད་པ་ལྟ་བུ། དུས་པོ་ཆེ___འཛིན་པ་ཆེ་བ། སྟོངས་པ___ཕན་པའམ་གྲོགས། དཀོར་དང་ཀ་ཅ___ནོར་གྱི་སྤྱིའི་མིང་། དཀྱེལ་ཆེ་བ___ཁོང་ཡངས་པ། ཆུ་གང___སྙིང་སྟོབས། བཀྲབས་པ___མང་པོའི་ནང་ནས་འདམས་པ། བསྐྲུན་པ___བསྐྱེད་པའམ་བཙུགས་པ། སྐྲུས་པ___གཅོད་པ། སྒྲུན་པ___འགྲན་པ། བསྐྲུ་བ___གཞན་ལ་ཐབས་ཀྱིས་འབྲིད་པ། བསྐ་བ___གར་བའམ་རོའི་ཁྱད་པར། སྐྱིན་གོར___གངས་སྦལ་ལམ་རྩངས་པ། མི་འགོང་བ___མི་སྐྲག་པ། དབོས་པ___སྦོས་པ། དངན་འཐེན___གཞན་གྱི་ནོར་ཁྱེར་བ་ཕྱིར་མི་གཏོད་པ། ཟིལ་དངར___བདུད་རྩི། བཅོམ་བསྐྱུངས___འཇིགས་ནས་སྐད་ཆུང་ངུར་སྨྲས་པའམ་ཁ་རོག་འདུག་པ། མན___ཚོད་དང་དུས། འཇུངས་པ___ཞེན་ཆགས་ཆེ་བ། ཉིང་ཤ___རང་གི་ཤ། ཇུ་བོ___རྡོ་ལག་ཉ___བྱིན་ལེན་མ་བྱས་པར་ལེན་པ། ཉེ་རེག___ཁྲུས། མཆིག་དང་མཆིག་གུ___མས་གཏུན་དང་ཡས་གཏུན། ཤ་ཀོན་ཞུགས་པ___ཁོན་ཡོད་པ། མཉེལ་བ___ངལ་བ། ཕྱག་བརྙན___འཁོར་གཡོག། སྤྱོ་བ་དང་བརྒྱད་པ___འཐབ་པའམ་སྨད་པ། སྐྲ་བརྙན___སྐྲ་ཚབ། སྒྲ་བརྙན___བྲག་ཆ། གཏམས་པ___ཁེངས་པའམ་བཅོལ་བ། བལྟམས་པ___སྐྱེས་པའམ་འཁྲུངས་པ། རྟུལ་ཕོད___སྙིང་སྟོབས་ཆེ་བ། བརྟུལ___བསྡུས་པའམ་འཇམ་པ། དགུང___གནམ། མཚན་མོ། དགུང་ལོ་སོགས། གདུགས___ཉི་མའམ་ཉིན་པར། འཁྲུན___འཕང་ངམ་སྲིད། ཁོ་ལག___ཞེང་ངམ་སྦོམས་བདའ་བ___ཞིམ་པ། འདྲེན་མ___སྣ་ཚོགས་འདྲེས་མའམ་ཁྲ་བོ། བླ་བརྡོལ___བླ་ཅོལ། མནག་དཀའ་དང་མནོག་ཆུང___སྲན་དཀའ་དང་ཁེ་ཆུང་བ། འཕྲལ་བ___དཔྲལ་བ། ཕྱང་ངེ་བ___འཇོལ་ལེ་བ། བྱུག་རིས___གྲལ། རྩེ་རྒོད___ལྷ་འབངས། ནང་བྱན___གཡོག། མཚག་བཟང་བ___ཉམ་རྒྱས་པའམ་ཡན་ལག་ང་ཉིང་ལག་རྒྱས་པ། མཚལ་ལུ___རྟིང་དཀར། འཚལ་མ___ས་སམ་ལྟོ། འཚལ___ཤེས་པའམ་ཆོག་པའམ་འདོད་པ། འཁུམས་པ___ཐོས་པའམ་ཤེས་པ། ནུ་རྫི___ཉིང་ཁུ། ཞེས་པ___སྡོད་པའམ་བཞུགས་པ། བསྐལ་བ___བར་ཆོད་པའམ་རྒྱང་རིང་བ། གཞིབ་པ___འཇིབ་པ། མ་རྟབས་པ___མི་རིངས་པ། རླམ་ཁྱེར___ཧམ་ཁྱེར། བརྟགས་པ___གུས་པའམ་སྒྲིན་པ། གསུད་པ___སྒྲེགས་པ། གཤུང་བ___ངོས་ཀྱིས་སྐྱོན་བརྗོད་པའམ་ཤུབ་བུས་སྨོད་པ། སྐྱེལ་བདར___སྐྱེལ་གླ། དྲི་དཀུ་བ___དྲི་མི་ཞིམ་པའམ་དྲི་ཚ་བ། འགོང་བ___སྨད་པ། མངག་གཞུག་དང་ཅི་བགྱི___གཡོག་པོ། ཤིན་ཏེ་མ་མེད་པ___སྙིགས་མ་མེད་པའམ་ཆུད་ཟ་བའམ་ཉམ་ཆུང་བ་མེད་པ། སག་རྩ་སྐྱེལ་བ___སྦུངས་སྐྱེད་པའམ་དམ་བཅའ་བརྟན་པ། སྐྱོ་མ___ཕྲ་མ་དང་ཕྱེ་བ། སྲིལ___སྲོག་ཆགས་མུག་པ། སྐྱུ་རུམ___ཚོད་མ། བྱ་ན___ཚོད་མའམ་སྤགས་མ། སྤུན་པ___བསྲེས་པ། སྤེན་ཏོག___རྒྱན། སྤ་བ___མཛེས་པའམ་བྱིན་ཆགས་པ། སྤྱོམས་པ___ངོམ་པའམ་བདག་བསྟོད། ལ་གཅན་པ___ལའི་ཚུགས་པ། ཤོ་གམ་པ___ཡུལ་གྱི་ཚུགས་པ། གྲུ་བཙས་པ___གྲུ་ཚུགས་པ། དོན་མཐུན___ཚོང་པ། འགྲོན་པོའང་དེ་ཉིད། སྟ་ཟུར___དཔྱི་མགོ། སྤོན་པ___གཏོང་བ། སྤུན་པ___རྫུན་པ། རྗེ་བཙན___རྗེ་བཙུན། དངགས___ངག། བླ___རུང་ངམ་བཟོད་དམ་ཆོག། ཀླད___གོང་ངམ་སྟེང་། དབྱིག___ནོར། སོ་སྟོ___སོ་ཟིང་། སྤྱི་ཅེར___སྤྱི་ཐེར། བཟླུམས་པ___བསྡུས་པ། བརྗེད་པ་དང་རིམ་གྲོ་དང་བཙུན་པར་བྱ་བ___བཀུར་སྟི་དང་མཆོད་པའི་མིང་གི་རྣམ་གྲངས། བཀུས་ཏེ་བོར་བ___ཁུ་བ་བཏོན་པའི་སྙིགས་ལྟ་བུ། ཆབ་མི་འཚལ་བ___ཆུད་མི་ཟ་བ། ཕྱིད___དར་ཡོལ་བའམ་རྒན་པོ། སླེ་འདམས་པ___མཚན་མ་ཆད་པ། མཚན་བར་རྡོལ་བ___མོ་མཚན་གྱི་ནད། སྤྱི་བརྟོལ་ཆེ་བ___དཔྲལ་ཀོ་འཐུག་པ། དམུས་པ___ཚི་ཆད་པ། སྨེག་པ___ཉམས་དང་འཁོས་ཀ་ཁ་ཅིག་ཏུ་རྩ་བའམ་ལྷག་མ། སྨྲིག___གོས་ཚོས་མ། ངུར་སྨྲིག___གོས་དམར་སེར་ལ་གྲགས་ཀྱང་ཚོས་སྙིགས་མས་བཙོས་པའི་དོན་ཡིན། ག་གོན་དང་ཚོན་མོ་སྟེང___ཞ་ཉེ། རོ་ཉེ___ཞ་ཉེ་ནག་པོར་ཡན་ལག་བརྒྱད་པའི་འགྲེལ་པ་ཟླ་ཟེར་ལས་བཤད། སྤྲབས་པ___ཟས། བཏོགས་པ___ཕྲོགས་པ། གོ་རེ་ལོང___གད་བྱེད་པ། སྨྲེ་ཞེས་པ___སྡུག་བསྔལ། ཡན་ལག་སྐྱེས___ཕོ་མཚན། རྨྱ་བ___ཉམས་པ། གཏམས་པ___བཤད་པའམ་བསྟན་པ། ཁུད་དུ་བྱས་པ་མང་པོའི་ཡིན་པ་བདག་ཉིད་གཅིག་པུས་དབང་དུ་བྱས་པ། དགའ་འདུན___སྐྱེས་པའམ་བུད་མེད་རྐྱང་པ་དགའ་སྤྲོ་ལ་ཚོགས་པ། ཚོགས་ཅན་མ___སྨད་འཚོང་མའི་ཚོགས་ལ་ཟེར་བའང་སྣང་། མཉེས་པ___ལེགས་པའམ་གྲོས་མཐུན་པ། མི་བཀྱིག་པ___མི་བརྒྱང་བའམ་མྱུར་བ། སྤུ་བསྙལ་བ___ཉེས་པ་བཤགས་པའམ་ཞེ་སྡང་ཞི་བ། སྤུ་སྙོལ་བ___ལུས་ངག་ཡིད་ཀྱི་ཞེ་སྡང་ཞི་བར་བྱེད་པ། ཆགས་རྒྱ___བུ་ལོན་བདའ་བའི་དཔང་རྒྱ་སྟེ་ཡི་གེ་བཅུག་པ། ཁ་ཕྱིན་པ___གྲོས་མཐུན་པ། བྲུ་བ___ལྟོགས་པའམ་བཀྲེས་པ། སྨན་བཏགས་པ___ཕན་བཏགས་པ། རྣལ་དུ་ཕབ་སྟེ___གཞན་གྱི་འཚེ་བ་མེད་པར་རང་དབང་དུ་གནས་པ། བཟེ་རེ་ཅན___སྲན་ཆུང་བའམ་གཞོན་ཤ་ཅན། ཆུམས་པ___ཆགས་པ། འཚལ་མ་འཚལ___ཟན་ཟ་བ། བརྙན་པ___གཡར་བ། བླ་ན___སྨྲ་བའམ་ཟེར། ཁ་དུམ་པ___འཆམས་པའམ་མཐུན་པ། ཆེ་བཞི___བདེན་དཔང་། སྐུགས་སུ་བཙུགས་པ___རྒྱལ་བཙུགས་པ། སྤྱོས་པ___འཐབ་པའམ་ཁ་སྨྲས། གཞོངས་སྤྱོད་པ___ལྗོངས་རྒྱུ་བ། ཆུང་པ___ཞིང་པ། དུས་ཀྱིས་འཆུ་བ___དབང་གིས་འཆུ་བ། བཟང་མཁན___གོས་བཟོ་བ། སྤང་བ___མི་འཇིགས་པ། འགྲོང་གིས་འགྲོང་ལ་སྦྱར་བ___ཕོ་མཚན་གྱིས་ཕོ་མཚན་ལ་སྦྱར་བ། སྨྱུགས་པ___བཅུག་པ། དཀྲེ___ཕོ་མཚན་གྱི་ཏོག། སྤོགས་འགྱིད་པ___ཚོང་ཁེ་བ་ན་རྒྱག་ཅིང་མཉམ་པ་དང་གྱོང་བྱུང་བ་ན་མི་རྒྱག་པ་དང་མོད་ཉོ་དཀོན་ཚོང་ལའང་། ཀོག་རྩེ___རྒྱའམ་རྙི་རྙོང་ངོ་། ཐོར་ཏོ___རྩེ་མོ། བཏུངས་པ___བསད་པ། སྐྲི་ཤིག___ཐོང་ཤིག། བཤེས་གཉེན___ཡོན་ཏན། དཔུང་ཚོགས་ཡན་ལག་བཞི་རྨོངས་བཏབ་བམ། ནམ་སྲོས་ཀྱི་བར་དུ་བྲོངས་ཤིག། ཆུ་ལོན___རགས། མ་རེག་ཙམ་དུ་དྲུང་དུ་བསྙེན་ཏེ___ཉེ་བ། གནས་ནས་སྤེད་པ___གནས་ནས་ཕྱུང་བ། ཉེ་ཞོ་མེད་པ___ལེགས་པའམ་སྐྱོན་མེད་པའམ་བཀྲ་ཤིས་པ་ལ་སོགས་པ།

རེག་ཟིག་ལས་དྲངས།

Dec 28, 2011

ཀླུ་ཀུན་ཏུ་དགའ་བའི་ཟློས་གར། ༢

ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ཞེས་བྱ་བ་བཞུགས་སོ།། དཔལ་ལྡན་དགའ་བའི་ལྷ།
༼དེ་ལྟར་བྱས་སོ།།༽༼དེ་ནས་མ་ལ་ཡ་ཅན་མ་དང་། འབངས་མོ་ཞུགས་ཏེ་ས་ལ་འདུག་ནས་རྒྱུད་མངས་སྦྲེང་བར་བྱེད་དོ།།༽ འདྲེན་མས། ༼གླུ་ལེན་པ༽ གཽ་རཱི་རབ་རྒྱས་པདྨའི་གེ་སར་གྱི།། དངུལ་ལྟར་དཀར་བའི་འོད་ཅན་བཅོམ་ལྡན་མ།། ཁྱོད་ཀྱི་བཀའ་དྲིན་དག་གིས་བདག་གི་ནི།། མངོན་པར་འདོད་པ་རབ་ཏུ་གྲུབ་པར་མཛོད།། འདྲེན་པས། ༼རྣ་གཏད་ནས༽ ཨེ་མ་ཧོ་གླུ། ཨེ་མ་ཧོ་རོལ་མོ། འདི་ལ་གསལ་བྱེད་ཀྱི་དབྱངས་རྣམ་པ་བཅུ་བོ་འདིས་གསལ་བ་ཐོབ་ཅིང་། མྱུར་བ་དང་། བར་མ་དང་། དལ་བའི་སྟབས་རྣམ་པ་གསུམ་རབ་ཏུ་གསལ་བར་ཡོངས་སུ་བཅད་དེ། བ་ལང་གི་རྔ་མ་ལ་སོགས་པ་རྣམ་པ་གསུམ་གྱི་རིམ་པས་ངལ་གསོ་བར་བྱས་པ་དེ་ཁོ་ནའི་ཚོགས་ཀྱི་རྗེས་སུ་འབྲང་བའི་རོལ་མོའི་ཆོ་ག་ཡང་དག་པ་གསུམ་བསྟན་ཏོ།། འབངས་མོས། རྗེའི་སྲས་མོ་ངེས་པར་ཡུན་རིང་དུ་གླུ་དག་བླངས་ནས་ཁྱོད་ཀྱི་ལག་རྩེ་དག་ཡོངས་སུ་མི་ངལ་ལམ།འདྲེན་མས། གྲུང་མོ། བཅོམ་ལྡན་མོ(ལྷ་མོ)འི་མདུན་དུ་རྒྱུད་མངས་སྒྲོགས་པར་བྱེད་པ་ལ་བདག་ག་ལ་ངལ། འབངས་མོས། ༼སྨོད་པ་དང་བཅས་པར༽ རྗེའི་སྲས་མོ་ཀྱེ། བརྩེ་མེད་མ་འདིའི་མདུན་དུ་རྒྱུད་མངས་བསྒྲགས་པས་ཅི་ཞིག་བྱ་ཞེས་བདག་སྨྲའོ།། གང་ཞིག་འདི་སྙེད་ཀྱི་དུས་སུ་སྐྱེ་བོ་གཞོན་ནུ་མའི་དཀའ་ཐུབ་བསྙེན་ནས་ངེས་པ་ལ་གནས་པས་བསྟན་ཀྱང་ད་དུང་ཁྱོད་ལ་དང་བར་མི་སྟོན་ནོ།། བིདཱུཥཀས། ༼ཐོས་ནས༽ ཀྱེ་གྲོགས་པོ། འདི་ནི་ངེས་པར་གཞོན་ནུ་མ་སྟེ་ཅིའི་ཕྱིར་མི་ལྟ།འདྲེན་པས། སྐྱོན་ཅི་ཡོད། གཞོན་ནུ་མ་ལྟ་བ་ནི་སྐྱོན་མེད་པ་ཉིད་དོ།། འོན་ཀྱང་གལ་ཏེ་ན་བདག་ཅག་མཐོང་ནས་འཇིགས་ཏེ། ངོ་ཚ་བ་གཞོན་ནུ་མ་ལ་རྙེད་སླ་བས་འདིར་ཡུན་རིང་དུ་མི་སྡོད་པ་མི་སྲིད་དོ།། དེས་ན་རེ་ཞིག་འཁྲི་ཤིང་གི་དྲ་བ་འདིས་བསྒྲིབས་ཏེ་བལྟ་བར་བྱའོ།།༼གཉི་གས་བལྟས་ཏེ༽ བིདཱུཥཀས། ༼ཡ་མཚན་དང་བཅས་པར༽ ཀྱེ་གྲོགས་པོ། ལྟོས་ཤིག་ལྟོས་ཤིག ངོ་མཚར་རོ།། ངོ་མཚར་རོ།། རྒྱུད་མངས་ཀྱི་སྒྲས་རྣ་བའི་བདེ་བ་སྐྱེད་པར་བྱེད་པ་འབའ་ཞིག་ཏུ་མ་ཟད་དེ། རྣམ་པར་ཤེས་པའི་རྗེས་སུ་མཐུན་པའི་གཟུགས་འདིས་མིག་གི་ཡང་བདེ་བ་སྐྱེད་པར་བྱེད་དོ།། དེའི་ཕྱིར་འདི་ནི་སུ་ཞིག་ཡིན། ཅི་ལྷ་མོའམ། ཀླུའི་བུ་མོའམ། ཡང་ན་རིག་པ་འཛིན་པའི་བུ་མོའམ། ཡང་ན་གྲུབ་པའི་རིགས་ལས་འཁྲུངས་པ་ཞིག་གོ། འདྲེན་པས། ༼རྣམ་པར་ལྟ་ཞིང་ཆགས་པ་དང་བཅས་པར༽ གྲོགས་པོ། འདི་སུ་ཞིག་ཡིན་བདག་གིས་མ་རྟོགས་སོ།། བདག་གིས་འདི་ཙམ་ཤེས་ཏེ། གལ་ཏེ་མཐོ་རིས་བུ་མོ་ཡིན་ན་འཕྲོག་བྱེད་མིག་སྟོང་ལྡན་དེས་དོན་བྱས་འགྱུར།།གལ་ཏེ་ཀླུ་ཡི་བུ་མོ་ཡིན་ནའང་འདིའི་གདོང་ཡོད་ཚེ་ས་འོག་ཟླ་བས་སྟོང་བ་མིན།།གལ་ཏེ་རིག་འཛིན་མ་ཡིན་གཞན་རིགས་ལས་རྒྱལ་བདག་ཅག་རིགས་ནི་འབྲས་དང་བཅས།།གལ་ཏེ་གྲུབ་རིགས་ལས་སྐྱེས་དེ་ཕྱིར་གྲུབ་པ་འཇིག་རྟེན་གསུམ་དུ་གྲགས་པར་འགྱུར།། བིདཱུཥཀས། ༼འདྲེན་པ་ལ་བལྟས་ནས་དགའ་བ་དང་བཅས་ཤིང་རང་ཉིད་ཀྱིས་རྟོགས་པར༽ ཨེ་མའོ།། ཡུན་རིང་བོ་ཞིག་ནས་ཡིད་སྲུབས་ཀྱི་སྤྱོད་ཡུལ་དུ་ལྷུང་བར་གྱུར་ཏོ།། ༼བདག་ཉིད་ལ་སྟོན་ཅིང་།༽ ཡང་ན་མ་ཡིན་ཏེ། བྲམ་ཟེ་བདག་གིའོ།། འབངས་མོས། ༼མཛའ་བ་དང་བཅས་པར༽ཀྱེ། བརྩེ་མེད་མ་འདིའི་མདུན་དུ་རྒྱུད་མངས་བསྒྲགས་པས་ཅི་ཞིག་བྱ། ༼ཞེས་ཏེ་རྒྱུད་མངས་འཕངས་སོ།།༽ འདྲེན་མས། བུ་མོ། བཅོམ་ལྡན་མ་གཽ་རཱི་ལ་མ་སྨད་ཅིག ཀེ དིང་བཅོམ་ལྡན་མས་བཀའ་དྲིན་མཛད་པ་བཞིན་ནོ།། (དེ་རིང་བཅོམ་ལྡན་མས་བདག་ལ་མཆོག་བྱིན་ནོ།།) འབངས་མོས། རྗེས་སྲས་མོ། རེ་ཞིག་ཅི་འདྲ་བ་དག་སྨྲོས་ཤིགའདྲེན་མས། བུ་མོ། ངེས་པར་དེང་རྨི་ལམ་དུ་བདག་འདི་བཞིན་ཉིད་དུ་རྒྱུད་མངས་བསྒྲེང་བ་ལ་བཅོམ་ལྡན་མས་གསུངས་པ། བུ་མོ་ཁྱོད་ཀྱིས་རྒྱུད་མངས་བསྒྲེང་བ་མཁས་པ་ཁྱད་པར་དུ་འཕགས་པ་འདི་དང་། བདག་ལ་ཐུན་མོང་མ་ཡིན་པའི་གུས་པ་བུ་མོའི་དངོས་པོ་ལ་རྙེད་དཀའ་བ་འདིས་བདག་ཤིན་ཏུ་ཚིམ་པར་གྱུར་ཏོ།། དེའི་ཕྱིར་ཡུན་རིང་བོ་མ་ཡིན་པ་ན་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བས་ལག་པ་འཛིན་པར་འགྱུར་རོ་ཞེས་སོ།། འབངས་མོས། ༼དགའ་བ་དང་བཅས་པར༽ རྗེས་སྲས་མོ། གལ་ཏེ་དེ་ལྟར་ཡིན་ན་རྨི་ལམ་དུ་ཞེས་ཅིའི་ཕྱིར་བརྗོད། ལྷ་མོས་སྙིང་ལ་འདོད་པའི་མཆོག་བྱིན་པ་ཉིད་ཡིན་ནོ།།བིདཱུཥཀས། ངེས་པར་བདག་ཅག་ལྷ་མོ་ལྟ་བའི་སྐབས་སུ་བབ་པོ།། དེའི་ཕྱིར་ཚུར་ཤེག ཉེ་བར་འགྲོ་བར་བྱའོ་ཞེས་ཏེ་ཉེ་བར་བཏུད་དོ།།འདྲེན་པས། ( རེ་ཞིག་བདག་ཞུགས་པར་མི་བྱའོ།།) བིདཱུཥཀས། ༼མི་འདོད་བཞིན་དུའང་འདྲེན་པ་ཤུགས་ཀྱིས་ཁྱེར་(འཁྲིད་)ནས་དྲུང་དུ་སླེབས་པར་བྱས༽ ཇོ་མོ་གྲུང་མོ། བདག་བདེན་པར་སྨྲ་སྟེ། འདི་ནི་མཆོག་བྱིན་པ་ཉིད་དོ།།འདྲེན་མས། ༼འཇིགས་པ་དང་བཅས་ཏེ་འདྲེན་པ་མཚོན་ཏེ༽ བུ་མོ། འདི་སུ་ཞིག་ཅེས་སོ།།འབངས་མོས། གཞན་དང་ཐུན་མོང་མ་ཡིན་པའི་རྣམ་པ་འདིས་ན། འདི་ཉིད་བཅོམ་ལྡན་མས་བཀའ་དྲིན་མཛད་པ་ཡིན་སྙམ་མོ།།འདྲེན་མས། ༼ཆགས་པ་དང་བཅས་ཤིང་ངོ་ཚ་བ་དང་བཅས་པར་བལྟས་སོ།།༽ འདྲེན་པས། གཡོ་ཞིང་ཡངས་པའི་མིག་ལྡན་དབུགས་འབྱིན་ཅིང་།། འདར་ཞིང་མཁྲེགས་སྟུག་ནུ་ལྡན་འཁྲུལ་བྱེད་མ།། ལུས་འདི་དཀའ་ཐུབ་ཉིད་ཀྱིས་ཤིན་ཏུ་ནི།། ངལ་གྱུར་སླར་ཡང་ཅི་སླད་གདུང་བར་བྱེད།། འདྲེན་མས། བུ་མོ། ཤིན་ཏུ་འཇིགས་པས་འདི་ལ་མངོན་དུ་ཕྱོགས་ཏེ་འདུག་པར་མི་ནུས་སོ།། ༼ཞེས་ཏེ་ལོགས་ལ་བལྟས་ནས་འཁོད་དོ།།༽ བིདཱུཥཀས། ཇོ་མོ། ཁྱོད་ཀྱི་དཀའ་ཐུབ་ཀྱི་ནགས་ཚལ་འདི་ན་གང་ཞིག་འགྲོན་པོ་འོངས་པ་ལ་ཚིག་ཙམ་གྱིས་ཀྱང་ཕེབས་པར་སྨྲ་བ་མ་ཡིན་པ་འདི་འདྲ་བའི་ཀུན་ཏུ་སྤྱོད་པ་ཡོད་དམ་ཅི།འབངས་མོས། རྗེའི་སྲས་མོ། འགྲོན་པོ་ལ་བསྙེན་བཀུར་བྱ་བ་རིགས་པ་ཡིན་ནོ།། དེའི་ཕྱིར་ཇི་ལྟར་མཐུ་ཆེན་པོ་དང་ལྡན་པ་འདི་དག་ལ་གུས་པར་བྱ་བ་རྨོངས་པར་གནས། ཡང་ན་ཁྱོད་བཞུགས་ཤིག ཁོ་མོ་ཉིད་ཀྱི་ཇི་ལྟར་རིགས་པ་དག་བྱའོ།། ༼འདྲེན་པ་ལ་མཚོན་ཏེ༽ ཇོ་བོ། ལེགས་པར་འོངས་སམ། ཇོ་བོ། སྟན་ཡོངས་སུ་བཟུང་བས་ཕྱོགས་འདི་བརྒྱན་པར་མཛོད་ཅིག བིདཱུཥཀས། ཀྱེ་གྲོགས་པོ། འདི་ནི་ལེགས་པར་སྨྲའོ།། ཡུད་ཙམ་ཞིག་འདུག་སྟེ་ངལ་གསོ་བར་བྱའོ།། འདྲེན་པས། ཁྱོད་ནི་རིགས་པར་སྨྲའོ།། ༼གཉི་ག་འཁོད་དོ༽འདྲེན་མས། ཀྭ་ཡེ། བཞད་གད་ཀྱི་ངང་ཚུལ་ཅན་མ། དེ་ལྟར་མ་བྱེད། གལ་ཏེ་དཀའ་ཐུབ་པ་འགའ་ཞིག་གིས་མཐོང་ན་འདི་ལས་བདག་དུལ་བ་མ་ཡིན་པ་དང་ལྡན་པར་དོགས་པར་འགྱུར་རོ།།༼དེ་ནས་དཀའ་ཐུབ་པ་ཞུགས་ཏེ༽ (དཀའ་ཐུབ་པས།) རིགས་ཀྱི་བདག་པོ་ཀཽ་ཤི་ཀས་བདག་ལ་བཀའ་བསྒོས་པ། མཉེས་གཤིན་ཤཱཎྜི་ལྱ། ཡབ་ཀྱི་བཀས། རྒྱལ་ཚབ་བཤེས་གཉེན་གྱི་དབྱིག་གཞོན་ནུ་སྤྲིན་གྱི་བཞོན་པ་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་བ་དག་རི་མ་ལ་ཡ་འདི་ཉིད་ཀྱི་ཕྱོགས་འགའ་ཞིག་ན་གནས་པ་སྲིང་མོ་མ་ལ་ཡ་ཅན་གྱི་ཁྱིམ་ཐབས་ཀྱི་སླད་དུ་བལྟ་བའི་ཕྱིར་དེ་རིང་འོངས་ཏེ། གལ་ཏེ་དེ་བལྟ་(སྒུག་ཅིང)ཞིང་མ་ལ་ཡ་ཅན་གྱི་ཉི་མ་གུང་གི་མཆོད་སྦྱིན་གྱི་དུས་ཡོལ་བར་འགྱུར་སྲིད་དོ།། དེས་ན་དེ་བོས་ལ་ཤོག་ཤིག་ཅེས་སོ།། དེས་ན་བདག་རེ་ཞིག་གཽ་རཱི་ཁང་བ་ཉིད་དུ་འགྲོའོ།། ༼འགྲོ་ཞིང་ས་ལ་རྣམ་པར་བལྟས་ནས༽ཨ་ཡེ། རྡུལ་དང་ལྡན་པའི་ཕྱོགས་ན་རབ་ཏུ་གསལ་བའི་འཁོར་ལོས་མཚན་པའི་རྗེས་ཀྱི་ཕྲེང་བ་དག་སྣང་བ་འདི་སུ་ཞིག་གི་ཡིན། ༼མདུན་དུ་བལྟས་ཏེ་སྤྲིན་གྱི་བཞོན་པ་ལ་ངེས་པར་བརྟགས་ནས་༽འདི་ནི་སྐྱེས་བུ་ཆེན་པོ་འདི་ཡིན་ནམ་སྙམ་མོ།། གཞན་ཡང་།མགོ་ལ་གཙུག་ཏོར་འདི་གསལ་སྨིན་མའི་བར་ན་མཛོད་སྤུ་འདི་ནི་རྣམ་པར་མཛེས།།མིག་ནི་པདྨའི་རྗེས་སུ་མཐུན་ཞིང་བྲང་གདེངས་འཕྲོག་བྱེད་དག་ལ་འགྲན་པར་བྱེད།།ལག་པ་འཁོར་ལོས་མཚན་པ་ཇི་ལྟར་དེ་ལྟར་སྐྱེས་བུ་དག་ནི་སུ་ཞིག་འདི།།རིག་པ་འཛིན་པའི་འཁོར་ལོས་སྒྱུར་བའི་གནས་དག་མ་ཐོབ་འདུག་པ་ཡིན་ནམ་སྙམ།།ཡང་ན་ཐེ་ཚོམ་གྱིས་ཇི་ཞིག་བྱ་སྟེ། ༼ ཤིན་ཏུ་གསལ་བར༽ འདི་ནི་སྤྲིན་གྱི་བཞོན་པ་ཡིན་པར་ངེས་སོ།།༼མ་ཡ་ལ་ཅན་མ་ལ་བལྟས་ནས་༽ ཨ་ཡེ། འདི་ཡང་རྒྱལ་བོའི་བུ་མོའོ།། ༼གཉིས་ཀ་ལ་བལྟས་ནས ༽ གལ་ཏེ་ཕན་ཚུན་རྗེས་སུ་འཚམ་པ་འདི་དག་འབྲེལ་བར་བྱེད་ན་བྱེད་པ་པོ་ནི་ཡུན་རིང་བོ་ཞིག་ན་རིག་པར་བྱེད་པར་གྱུར་ཏོ།། (འདྲེན་པ་ལ)ཉེ་བར་བཏུད་ནས་༽ཁྱོད་ནི་དགེ་བར་གྱུར་ཅིག འདྲེན་པས། བཅོམ་ལྡན་སྤྲིན་གྱི་བཞོན་པ་ཕྱག་བགྱིད་དོ།།༼ཞེས་ཏེ་ལྡང་བར་འདོད་དོ།།༽ དཀའ་ཐུབ་པས། མངོན་དུ་ལྡང་(ཡར་ལངས་མི་དགོས་ཞེས་པའི་དོན་ནོ་)མི་དགོས་སོ།། ཀྱེ། "མངོན་འོངས་ཀུན་གྱི་བླ་མ་ཉིད་"ཅེས་པས། ཁྱོད་ཉིད་བདག་ཅག་གི་བླ་མ་ཡིན་ནོ།། དེས་ན་ཇི་ལྟར་བདེ་བར་བཞུགས་ཤིགམ་ཡ་ལ་ཅན་མས། ཇོ་བོ་ལ་ཕྱག་འཚལ་ལོ།། དཀའ་ཐུབ་པས། ༼དེ་མཐོང་ནས༽ རྗེས་སུ་འཚམ་པའི་བདག་པོའི་སྐལ་བ་དང་ལྡན་པར་གྱུར་ཅིག རྒྱལ་བོའི་བུ་མོ། ཁྱོད་ལ་རིགས་ཀྱི་བདག་པོ་ཀཽ་ཤི་ཀས་བཀའ་སྩལ་པ། ཁྱོད་ཀྱི་མཆོད་སྦྱིན་གྱི་དུས་ཡོལ་བར་འགྱུར་གྱིས་མྱུར་དུ་ཤོག་ཅིག་ཅེས་སོ།།འདྲེན་མས། ༼མི་དགའ་བ་དང་བཅས་པར༽ གང་བླ་མས་བཀའ་སྩལ་པ་ཉིད་དོ།། ༼རང་གིས་རྟོགས་པར༽ གཅིག་ནི་བླ་མའི་གསུང་དང་གཞན།། མཛའ་བོ་བལྟ་བའི་རྩེ་དགའ་བཟང་།། འགྲོའམ་མི་འགྲོ་འགལ་བ་ལ།། བདག་སྙིང་འཕྱང་མོ་ཡུག་པར་འགྱུར།།༼ཤུགས་ཕྱུང་ཞིང་ལངས་ཏེ་ངོ་ཚ་བ་དང་བཅས་ཤིང་ཆགས་པ་དང་བཅས་པར་འདྲེན་པ་ལ་ལྟ་ཞིང་དཀའ་ཐུབ་པ་དང་ལྷན་ཅིག་སོང་བར་གྱུར་ཏོ།།༽ འདྲེན་པས། ༼སྲེད་པ་དང་བཅས་པར་ཤུགས་ཕྱུང་ནས་འདྲེན་མ་ལ་ལྟ་ཞིང་༽ ཚང་རའི་ཁྱོན་གྱི་ཁུར་ལྡན་ཞིང་།། དམན་པ་དག་ཏུ་འགྲོ་མ་འདི།། གཞན་དུ་འགྲོ་ཡང་བདག་གི་ནི།།སྙིང་ལ་གོམ་པ་བཀོད་པར་གྱུར།། འབངས་མོས། ཚུར་ཤེག ཚུར་ཤེག རྗེའི་སྲས་མོ་༼ཞེས་ཏེ་མ་ལ་ཡ་ཅན་མ་འཁོར་དང་བཅས་པ་སོང་བར་གྱུར་ཏོ།།༽བིདཱུཥཀས། ཀྱེ། གང་ཞིག་བལྟ་བར་བྱ་བ་དག་མཐོང་ངོ་།། ད་ནི་ཉི་མ་གུང་གི་ཉི་མའི་གདུང་བ་ཉིས་འགྱུར་དུ་བྱས་པ་བཞིན་དུ་བདག་གི་ལྟོ་བའི་མེ་དག་ལྷབ་ལྷབ་བྱེད་དོ།། དེའི་ཕྱིར་འདི་ནས་སོང་སྟེ། གང་གིས་བྲམ་ཟེ་དག་གི་མགྲོན་དུ་འགྱུར་བར་བྱས་ནས་ཐུབ་པའི་སྐྱེ་བོ་ལས་དངོས་སུ་རྙེད་པའི་རྩ་བ་དང་ཆུ་བ་ལ་སོགས་པས་སྲོག་གཟུང་བར་བྱའོ།། འདྲེན་པས། ༼སྟེང་དུ་བལྟས་ནས༽ཨ་ཡེ། བཅོམ་ལྡན་འོད་ཟེར་སྟོང་ཕྲག་ལྡན་ནི་ནམ་མཁའི་དཀྱིལ་ན་འཛེགས་ཏེ་བཞུགས་སོ། །དེ་ལྟར་ཡང་། གདུང་བས་དེ་དུས་ཙན་དན་ལ་བདར་ཐང་ཆུས་དཀར་བའི་འགྲམ་པ་འཛིན་བྱེད་ཅིང་།།རང་གི་རྣ་བ་བསྐྱོད་པའི་རླུང་ནི་ཡང་དག་ཆགས་པས་བཞིན་ལ་གཡོབ་བྱེད་ཅིང་།།ལག་པས་གཏོར་བའི་ཆུ་ཐིགས་སྙིང་ཁར་ཁྱད་པར་དུ་འདྲེན་གླང་བོའི་བདག་པོ་འདི།།ད་ནི་བཟོད་དཀའ་ཟུག་རྔུ་དྲག་པོས་ཟུག་པ་ལྟ་བུའི་གནས་སྐབས་འཛིན་པར་བྱེད།། ༼ཅེས་ཏེ་གཉི་ག་སོང་བར་གྱུར་ཏོ།།༽ མཚན་མ་དང་བོ་རྫོགས་སོ།། མཆན། གུག་རྟགས་ནང་ན་ཡོད་པ་དག་ནི་བདག་གིས་རྒྱ་གཞུང་དང་གཏུགས་ཏེ་བསྣན་པ་དང་འགྲེལ་བ། བཅོས་པ་རྣམས་ཡིན་པས་ཐུགས་འཇགས་འཚལ། ཟླ་བ་གཞོན་ནུས།

Nov 29, 2011

ལོ་ཙཱའི་སྐོར་གྱི་དགེ་ཆོས་ཀྱི་གསུང་།

ལོ་ཙཱའི་སྐོར་གྱི་དགེ་ཆོས་ཀྱི་གསུང་གནད་དུ་ཆེ་བ་ཞིག



དེང་སང་མང་པོས་དབྱིན་སྐད་ལ་དང་དོད་བྱེད་པ་སྐབས་སུ་བབས་པ་འདྲ་པོ་ཞིག་རེད། ཡིན་ན་ཡང་སྔོན་ལ་བོད་ཡིག་རང་མཐར་ཕྱིན་པ་ཞིག་སློབས། ང་རང་ཚོས་དངོས་གནས་བྱས་ན་བོད་སྐད་དང་བོད་ཡིག་ཁུངས་འཁྱོལ་ངེས་ཤིག་བསླབ་ན་ཡག་བགྱི་རེད། ཁྱེད་རང་གིས་བོད་ཡིག་མི་ཤེས་ཟེར་བ་མིན་ཡང་། དཔེ་ཆ་བསྐྱར་ཀློག་བརྒྱབ་ནས་དབུ་ཕར་མཛོད་འདུལ་ཚོ་ཞིབ་ཆ་མཇལ། དེའི་ནང་ནས་མངོན་པའི་གཞུང་ནས་བཤད་པའི་གྲངས་འདྲེན་མང་པོ་འདི་ཚོ་ལ་གཡེལ་ཆུང་མ་བྱེད་པར་སེམས་ལ་རྡོ་སྒྲིག་པ་ལྟ་བུ་ཞིག་མ་བྱུང་བར་དུ་བལྟ་དགོས་པ་རེད།

གྲངས་འདྲེན་འདི་ཚོ་རྒྱ་གར་གྱི་པཎྜིཏ་ཚོ་ཉི་མ་མ་འཁྱོལ་བར་བཟོས་པ་མ་རེད། གྲངས་འདྲེན་བཞི་ཚན་ལྔ་ཚན་དྲུག་ཚན་སོགས་གང་འདྲ་ཞིག་འདུག་ཀྱང་རེ་རེ་ལ་སོ་སོའི་ཁྱད་ཆོས་ཤིག་ཡོད་པ་ཤེས་དགོས། དེ་བཞིན་སོ་སོའི་གོ་རིམ་ཡང་མ་འཆུག་པ་བྱས་ན་མ་གཏོགས། གང་ཡིན་ཟེར་ན་གོ་རིམ་སྒྲིག་སྟངས་ཚུན་ལ་གནད་འགག་ཆེན་པོ་ཡོད་པས། གྲངས་ཀ་ལོན་ཙམ་སེམས་ལ་ཁྱད་ཁྱོར་ངེས་པས་འགྲིགས་བསམ་ནས་བསྡད་ན། ཤེས་རྒྱུ་མང་པོ་ཞིག་ལུས་འགྲོ་ཞིང་། དོན་དང་ཐོབ་བྱའི་རིམ་པ་མང་པོ་འཆོལ་བསྡད་པ་ཞིག་སེམས་ལ་འཇགས་ནས་ཕུགས་སྐྱོན་ཆེན་པོ་ཞིག་ཆགས་འགྲོ་བ་ཡིན་པས་གཟབ་དགོས།

ལྷག་པར་རྒྱ་གཞུང་ལ་གོ་བ་གཏིང་ཚུགས་པ་ཨེ་ཆགས་བལྟས་ནས་པོ་ཏི་ལྔ་སོ་སོའི་རྩ་བ་དང་རང་འགྲེལ། སོ་སོའི་ཐད་ཀྱི་རྒྱ་འགྲེལ་ལ་བལྟ་བ་སོགས་བྱས་ན། དང་པོ་ཁག་ཙམ་ཡོང་ངེས་ཀྱང་གང་མཚམས་ནས་གོ་བ་མེ་ནང་དུ་མར་ཁུ་བླུག་པ་ལྟ་བུ་ཡོང་རྒྱུ་འདུག

དེ་བཞིན་བོད་སྐད་དུ་བསྒྱུར་བའི་རྒྱ་གཞུང་ཚོའི་ཚིག་གི་འགྲོ་སྟངས་ལ་ཡང་ཞིབ་ཚགས་བྱེད་དགོས་པས། དེ་ཚོའི་རིགས་ལ་སྐྱེས་རབས་དང་། འདུལ་བ་དང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལ་སོགས་པ་མཇལ་ན། རྒྱ་གཞུང་གི་ཚིག་གི་ཁོག་ལྟ་བུ་ལོན་ནས་ཕན་ཚུན་གཅིག་གྲོགས་གཅིག་ལ་སོང་ནས་ཕན་པ་ཆེན་པོ་ཡོང་འདུག དགེ་བཤེས་ཤེས་རབ་ལགས་བོད་ཀྱི་མཁས་པས་རྩོམ་པའི་བསྟན་བཅོས་ལ་ཐུགས་འདྲིས་ཆེ་བ་མ་གཏོགས། རྒྱ་འགྲེལ་དང་རྩ་བ་སོགས་ལ་གཏུགས་དགོས་ན་དོན་རྩ་མཐིལ་ཕྱིན་ལོན་གནང་བགྱི་མེད།

ཕྱོགས་གཞན་ཞིག་ནས་བལྟས་ན། ང་རང་ཚོའི་སྔར་གྱི་ལོ་ཙཱ་བ་ཚོས་ལུས་སྲོག་འབེན་ལ་བཙུགས། ལོ་ཡུན་མང་པོའི་རིང་ལ་པཎ་གྲུབ་ཚོའི་ཞབས་ལ་གཏུགས། དཀའ་སྤྱད་དེ་ཙམ་མཛད་ནས་སཾསྐྲྀཏ་ནས་སྤར་ལ་སྤར་བཏབ་པ་ལྟ་བུར་བསྒྱུར་གནང་བའི་བཀའ་བསྟན་བཅོས་ཚོ་ལ་མདོ་སྔགས་རིག་གནས་དང་བཅས་པའི་རྨང་གཞི་དེ་ཡིན་བསམ་ནས་མིག་ཟུར་ཙམ་ཡང་མ་བལྟས་པར། ཡིག་ཆ་ཞིག་གི་ཕྱོགས་སུ་ལྷུངས། རྒྱབ་གནོན་ཡོང་ཆེད་ལ་རྗེ་ཡབ་སྲས་ཀྱི་གསུང་ཐོར་བུ་རེའི་ལུང་འདྲེན་བྱེད། ཡིག་ཆ་བདག་པོའི་གསུང་ནས་ལུང་དྲངས་ན། འདོད་ལན་མ་གཏོགས། དགོངས་གཞི་ཙམ་ཡང་ལེན་མི་ཆོག་པ་འདི་འདྲ་ཞིག་གིས། མ་རྟོགས་དང་ལོག་རྟོགས་ཀྱི་མུན་པ་ག་ནས་སེལ་ནུས།

བཀྲས་མཐོང་ཐུབ་བསྟན་ཆོས་དར་གྱིས་བྲིས་པའི་<<དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས>>སུ་གསལ།

Nov 27, 2011

༄༅། །སྔགས་ཀྱི་ཀློག་ཐབས་བསྡུས་པ།

༄༅། །སྔགས་ཀྱི་ཀློག་ཐབས་བསྡུས་པ།

मंत्रस्यपठोपायविचितिनाम

སྣར་ཐང་ལོ་ཙཱ་བས་མཛད།

སྔགས་ཀློག་ཐབས་ལག་བྲིས་མ།

 

རྒྱ་གར་སྐད་དུ། མཾཏྲསྱཔཋོཔཱཡབིཙིཏིནཱམ། (मंत्रस्यपठोपायविचितिनाम)

བོད་སྐད་དུ། སྔགས་ཀྱི་ཀློག་ཐབས་བསྡུས་པ་ཞེས་བྱ་བ། 

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །

ཚོགས་གཉིས་སྤྲིན་དཀར་འཛུམ་པ་ལས་ཐོན་མཚན་དཔེའི་རི་དྭགས་གཟུགས་ཀྱིས་བཀྲ། །ཁྱེད་སྐུ་ཟླ་བ་ཆ་ཤས་ཡོངས་རྫོགས་འཕྲིན་ལས་འོད་དཀར་ཁོར་ཡུག་ཅན། །གང་གིས་མཐོང་ན་སྙིང་མུན་སེལ་བྱེད་གདུལ་བྱའི་མཁར་ཁྱབ་འགྲོས་གཉིས་པ། །དབྱངས་ཅན་ལྷ་མོ་མཚན་མོའི་མགོན་ཁྱོད་དི་རིང་བདག་བློའི་ཀུ་མུད་སྐྱོངས། །གསང་སྔགས་ཆོས་ཚུལ་ཟབ་མོའི་གཞལ་ཡས་སུ། །བདེ་བར་འཇུག་འདོད་གང་བློའི་བུ་མོ་ལ། །སྒྲ་སྦྱོར་སྔགས་ཀྱི་བརྗོད་ཚུལ་མགུལ་རྒྱན་མཆོག །གནད་ཀྱི་ཕྲེང་བ་དི་རིང་ཁོ་བོས་བྱིན། །

༈།དེ་ཡང་འདི་ལྟར་ཡི་གེའི་ངོ་བོ་ནི་གང་། དེའི་ཁམས་གང་གིས་བསྡུས་ཤིང་སྐྱེ་བའི་ཚུལ། དེ་བཀླག་པའི་ཐབས་ནི་ཅི་ཞེ་ན།

ངོ་བོ་ཨཱ་ལི་ཀཱ་ལི་སྟེ། །ཕོ་མོ་མ་ནིང་གསུམ་དུ་གནས། །༈ཨ་ཀུ་ཧ་ྈྐ་ནམ་མཁའི་ཁམས། །མགྲིན་པའི་གནས་ལས་སྐྱེ་བ་ཡིན། །ཨི་ཙུ་ཡ་ཤ་རླུང་གི་ཁམས། །ལྕེ་རྩེ་སོ་རྐན་དག་ལས་སྐྱེ། །རྀ་ཊུ་ར་ཥ་མེ་ཡི་ཁམས། །སྤྱི་བོ་དག་ལས་སྐྱེ་བ་ཡིན། །ཨུ་པུ་ཝ་ྉྤ་ཆུ་ཡི་ཁམས། །མཆུ་ཡི་གནས་ལས་སྐྱེ་བ་ཡིན། །ལྀ་ཏུ་ལ་ས་ས་ཡི་ཁམས། །ལྕེ་རྩེ་སོ་ལས་འབྱུང་བ་ཡིན། །༈འབྱུང་བ་ཆུང་བ་སྡེ་ལྔ་ནི། །ཀ་ཙ་ཊ་ཏ་པ་རྣམས་ས། །ཁ་སོགས་ཆུ་ཡིན་ག་སོགས་མེ། །གྷ་སོགས་རླུང་ཡིན་ང་སོགས་མཁའ། ། ༈ ཨོཾ་དང་ན་མོ་ཏདྱ་ཐཱ། སྤངས་པའི་སྔགས་ཀྱི་ཐོག་མ་དང་། །རང་གི་མིང་ཐོག་གཟུང་བར་བྱ། །གསལ་བྱེད་བརྩེགས་སམ་ཕུལ་བཞག་ཡོད། །དང་པོའི་ཡི་གེ་གཟུང་བར་བྱ། །༈གསལ་བྱེད་དགྲར་གྱུར་ནད་མང་ཞིང་། །དབྱངས་ཡིག་དགྲར་གྱུར་སྲོག་དང་འབྲལ། །ཐ་མལ་གྱུར་ན་འབྲས་བུ་མེད། །གྲོགས་སུ་གྱུར་ན་དངོས་གྲུབ་འབྱུང་། །དེ་ཕྱིར་དགྲ་གྲོགས་བརྩི་བ་གཅེས། །ས་དགྲ་མེ་ཡིན་མེ་དགྲ་ཆུ། །ཆུ་དགྲ་རླུང་ཡིན་རླུང་དགྲ་ས། །༈ས་ནི་མེ་ལ་ནུས་མེད་ཅིང་། །མེ་ནི་ཆུ་ལ་ནུས་པ་མེད། །ཆུ་ནི་རླུང་ལ་ནུས་མེད་དེ། །རླུང་ནི་ས་ལ་ནུས་པ་མེད། །༈ས་ཆུ་ཕན་ཚུན་གྲོགས་པོ་སྟེ། །མེ་རླུང་ཕན་ཚུན་གྲོགས་པོ་ཡིན། །ནམ་མཁའ་ཀུན་གྱི་གྲོགས་ཡིན་ཏེ། །ཀུན་ཀྱང་ནམ་མཁའི་གྲོགས་སུ་འགྱུར། །༈དེ་ལྟར་དགྲ་གྲོགས་ཤེས་པ་ཡིས། །སྔགས་ཀྱི་ཀློག་ཚུལ་འདི་ལྟ་སྟེ། །ཡི་གེ་ཐུང་བ་གཅིག་ཡུན་བཀླག །རིང་བ་གཉིས་ཀྱི་ཡུན་དུ་བཀླག །ཤིན་ཏུ་རིང་བ་གསུམ་ཡུན་བཀླག །༈པླུ་ཏ་ཡང་དེ་བཞིན་ནོ། ། །འབྲེང་བུ་ན་རོ་ཡོད་གྱུར་ན། །རིང་པོ་ཉིད་ཕྱིར་འ་འདོགས་འཁྲུལ། །༈མིང་གི་ཐོག་མར་སྡེ་པ་ཡི། །གསུམ་པ་འས་ཕུལ་ལྟ་བུར་བཀླག །དབུས་མཐར་བྱུང་ན་བོད་དང་མཚུངས། །བཞི་པ་རྣམས་ནི་གསུམ་པ་ལ། །ར་མགོ་ཧ་སྒྲ་ལྡན་པར་བཀླག །ཊ་སོགས་ལོག་སྡེའི་བཀླག་ཚུལ་ནི། །ལྕེ་རྩེ་རྐན་སྦྱར་ལྟེབས་ཀྱིས་བསྒྱུར། །ཥ་ནི་ཁ་དང་ཆ་མཐུན་པར། །རྐན་གྱི་ཕུགས་ནས་སྟོངས་ཀྱིས་འདོན། །ཀྵ་ནི་ཁྱ་དང་ཆ་མཐུན་ཙམ། །ཛ་ལ་ཉ་བཏགས་འགྱ་འམ་གཉའ། །གསལ་བྱེད་མི་འདྲ་དུ་མ་བརྩེགས། །རང་སྒྲ་ཐོན་ཙམ་མྱུར་བར་བཀླག །དབྱངས་དང་ང་རོ་འོག་མ་དབང་། །འདྲ་བའི་གསལ་བྱེད་བརྩེགས་གྱུར་ན། །ཁ་ཁེངས་མཐོན་པོའི་གདངས་ཀྱིས་བཀླག །བརྩེགས་པའི་ཐོག་མ་གོང་མ་དབང་། །དེ་འོག་རྣམས་ནི་དཀྱུས་སུ་བཀླག །ཉ་ཎ་ཡར་སྦྱར་ན་ལྟར་བཀླག །ཤ་ཥ་ཡར་སྦྱར་ས་ལྟར་བཀླག །ཀ་ནི་ག་དང་ཙ་ཛ་ཊ། །ཌ་ཏ་རྣམས་ནི་ད་རུ་བཀླག །པ་ཡིག་རྣམས་ནི་བ་རུ་བཀླག །གྷ་ཛྷ་ཌྷ་དྷ་བྷ་རྣམས་ནི། །ཡི་གེ་གཉིས་གཉིས་འདོད་པ་འཁྲུལ། །དེ་བཞིན་དབྱངས་ཀྱི་རྀ་ལྀ་གཉིས། །ར་དང་ལ་རུ་འདོད་པ་འཁྲུལ། །རྣམ་བཅད་ཕལ་ཆེར་ས་རུ་བཀླག །ཡང་ན་ངྲག་པོར་བཅད་དེ་བཀླག །ཤ་ཥ་ས་གསུམ་ཕ་རོལ་དུ། རྣམ་བཅད་ཡོད་ན་ས་རུ་བཀླག །རྗེས་སུ་ང་རོ་སྡེ་པ་ལ། །རང་རང་སྡེ་པའི་ལྔ་པར་བཀླག །ཡ་སོགས་བརྒྱད་ལ་ང་རུ་བཀླག །ཡང་ན་སྡེ་ལྔའི་ཟླ་ལ་སྦྱར། །ཤད་ཀྱིས་ཆོད་ན་རང་ཉིད་བརྩི། །ཤད་མེད་ན་ནི་འོག་མ་རྩི། །༈ཨོཾ་དང་ཧཱུཾ་གཉིས་མ་དང་ང་། །ཚིག་གྲོགས་དག་ལ་བལྟོས་པ་མིན། །ལྕེ་རྩ་ཅན་དང་མཆུ་ཅན་ནི། །ཨ་ཀ་ཨ་པ་ཞེས་པའམ། །ཀོ་ཝ་པོ་ཝ་ཞེས་པར་བཀླག །ཡ་བཏགས་ཕལ་ཆེར་འགྲེལ་བུ་ནི། །ཡ་སྒྲ་ཅུང་ཟད་ལྡན་པར་བཀླག །ཡ་ལ་ཡ་བཏགས་ཡ་རང་ཉིད། །ཀ་ཁའི་ཡ་བཏགས་བོད་བཞིན་བཀླག །ར་ལ་ཡ་བཏགས་ར་ཡར་བཀླག །ཝ་བཏགས་ཕལ་ཆེར་ན་རོ་ནི། །ཝ་སྒྲ་ཅུང་ཞིག་ལྡན་པར་བཀླག །༈ཀ་སོགས་སྲོག་ཏུ་རྀ་ལྀ་ཞུགས། །གི་གུ་ཕྱིར་ནི་ལོག་གྱུར་ན། །ཀི་རི་ཀི་ལི་ཞེས་མྱུར་བཀླག །ཀ་སོགས་ར་དང་ལ་བཏགས་ནས། །གི་གུ་ཕྱི་ནི་མ་ལོག་ན། །ཀ་རི་ཀ་ལི་ཞེས་པར་བཀླག །༈ཨཻ་དང་ཨཽ་ཡི་བཀླག་ཚུལ་ནི། །ཨེ་ཨི་ཨོ་ཨུ་ཞེས་པར་བཀླག །དེ་བཞིན་ཀ་སོགས་སྲོག་ཞུགས་ན། །ཀེ་ཨི་ཀོ་ཨུ་སོགས་སུ་བཀླག །རྒྱས་པར་སློབ་དཔོན་ངག་ལས་སློབས། །མདོར་བསྡུས་ཙམ་འདི་སྐད་གཉིས་པ། །སྣར་ཐང་ལོ་ཙྪཱ་གང་དེ་ལ། །བཤེས་གཉེས་བློ་གྲོས་དཔལ་འབར་གྱིས། །ཐང་པོ་ཆེ་རུ་བསྐུལ་ཏེ་སྦྱར། །དེ་ལས་བྱུང་བའི་དགེ་བ་ཡིས། །འགྲོ་རྣམས་སྔགས་དོན་རྣམས་གཟིགས་ཤོག །དགེའོ། །

སྔགས་ཀྱི་ཀློག་ཐབས་ཞེས་བྱ་བ་རྫོགས་སོ།། །།

 

ཟླ་བ་གཞོན་ནུས་སྔགས་ཀྱི་ཀློག་ཐབས་ཡིག་ནག་ལག་བྲིས་མ་དང་གཏུགས་ཏེ་ལྟིགས་ཞེས་པ་ལྟེབས་དང་ལྟོངས་ཞེས་པ་སྟོངས་སུ་བསྒྱུར་ཏེ་གཅིག་ཞུས་པ་ཀུན་ལ་ཕན་པར་སྨོན། 

Nov 18, 2011

རྒྱལ་བོ་ཝུ་ཏི་དང་སློབ་དཔོན་བྱང་ཆུབ་འཛིན་གཉིས་ཀྱི་བཀའ་མོལ།



बू-ति-भन्ते, मैंने अनेक विहार आदि का निर्माण कराया है तथा अनेक बौद्ध धर्म संस्कृत ग्रन्थों का अनुवाद कराया है तथा अनेक व्यक्तियों को बौद्ध भिक्षु बनने की अनुमति प्रदान की है। क्या इन कार्यों से मुझे पुण्य-लाभ हुआ है?



ཝུ་ཏིས། བཙུན་པ། བདག་གིས་གཙུག་ལག་ཁང་ལ་སོགས་པ་དུ་མ་བཞེངས་སུ་བཅུག་པ་དང་དེ་བཞིན་སངས་རྒྱས་པའི་ཆོས་ཀྱི་གླེགས་བམ་དུ་མ་ལེགས་སྦྱར་ནས་བསྒྱུར་དུ་བཅུག་པ། དེ་བཞིན་སྐྱེ་བོ་དུ་མར་སངས་རྒྱས་པའི་དགེ་སློང་སྒྲུབ་པའི་རྗེས་སུ་གནང་བ་བྱིན་པ་ཡིན་ཙ་ན། ལས་འདི་དག་ལས་བདག་ལ་བསོད་ནམས་ཅི་ཞིག་འབྱུང་བར་འགྱུར།


बोधिधर्म- बिलकुल नहीं।

བྱང་ཆུབ་འཛིན་གྱིས། ཅི་ཡང་མི་འབྱུང་ངོ་།།


बू-ति- वास्तविक पुण्य क्या है?

ཝུ་ཏིས། དོན་དམ་པའི་བསོད་ནམས་ནི་གང་།


बोधिधर्म- विशुद्ध प्रज्ञा, जो शून्य, सूक्ष्म, पूर्ण एवं शान्त है। किन्तु इस पुण्य की प्राप्ति संसार में संभव नहीं है।

བྱང་ཆུབ་འཛིན་གྱིས། རྣམ་པར་དག་པའི་ཤེས་རབ་སྟེ། གང་སྟོང་བའོ།། གང་ཕྲ་བའོ།། གང་ཡོངས་སུ་རྫོགས་པ་དང་ཞི་བའོ།། འོན་ཏེ། བསོད་ནམས་འདི་འཁོར་བ་རུ་འཐོབ་པ་མི་སྲིད་དོ།།


बू-ति- सबसे पवित्र धर्म सिद्धान्त कौन है?

ཝུ་ཏིས། ཐམས་ཅད་ལས་དྲི་མ་མེད་པའི་ཆོས་ཀྱི་གྲུབ་མཐའ་ནི་གང་།


बोधिधर्म- जहाँ सब शून्यता है, वहाँ पवित्र कुछ भी नहीं कहा जा सकता।

བྱང་ཆུབ་འཛིན་གྱིས། གང་དུ་ཐམས་ཅད་སྟོད་བ་ཉིད་ཡིན་ན། དེ་རུ་དྲི་མ་མེད་པ་ཅི་ཡང་སྨྲ་རུ་མེད་དོ།།


बू-ति- तब मेरे सामने खड़ा कौन बात कर रहा है?

ཝུ་ཏིས། དེས་ན་བདག་གི་དྲུང་དུ་འགྲེང་ནས་བཀའ་གནང་བར་བྱེད་པ་ནི་སུ།


बोधिधर्म- मैं नहीं जानता।

བྱང་ཆུབ་འཛིན་གྱིས། བདག་གིས་མ་རྟོགས་སོ།།



མཆན།

སློབ་དཔོན་བྱང་ཆུབ་འཛིན་ཟེར་བ་འདི་བོད་དུ་བདག་གིས་སྒྲ་བསྒྱུར་བྱས་པ་ཡིན། འགབ་མིན་ད་དུང་དཔྱད་གཞི་ཡིན།

ཝུ་ཏི(武帝)་ཟེར་བ་འདི་སློབ་དཔོན་བྱང་ཆུབ་འཛིན(?~536,གཞན་532、528)ལགས་སྔོན་རྒྱ་ནག་ཏུ་ཕེབས་སྐབས་ཀྱི་ཀྲའོ་ལྷོ་མའི་ལེང་རྒྱལ་ཁབ་ཀྱི་རྒྱལ་བོ་ཡིན།

སློབ་དཔོན་བྱང་ཆུབ་འཛིན་པ་འདི(?~536,གཞན་532、528)་སྔོན་ཝུ་ཏི(武帝)་ཀྲའོ་ལྷོ་མའི་ལེང་གི་རྒྱལ་བོ་ཡིན་དུས་རྒྱ་ནག་ཏུ་ཕེབས་ཤིང་། རྒྱ་ཡུལ་དུ་བསམ་གཏན་གྱི་སྲོལ་ཐོག་མར་འཛུགས་མཁན་ཡིན་འདུག སྤྱིར་བསམ་གཏན་པའི་ཤིང་རྟའི་སྲོལ་འབྱེད་མཁན་ནི་མཉམ་མེད་ཤཱཀྱ་ཐུབ་པའི་སློབ་མ་འོད་སྲུངས་ཆེན་པོ་ཡིན་ལ། བསམ་གཏན་པ་ཤར་ཕྱོགས་རྒྱ་ཡུལ་དུ་དར་སྤེལ་ཤུགས་ཆེར་མཛད་མཁན་ནི་བྱང་ཆུབ་འཛིན་པ་ལགས་ཡིན། འདི་ལ་དེང་སང་ཕྱི་གླིང་དུ་སྙན་གྲགས་རྒྱས་ཀྱིན་པའི་ཨོ་ཤོ(Osho)་ལགས་ཀྱིས་ཁོང་གི་ཕྱག་དེབ་<<བསམ་གཏན་པའི་བྱུང་བ་བརྗོད་པ>>་ཞེས་པར་བསམ་གཏན་པ་ནི་རྒྱ་གར་དུ་ས་བོན་བཏབས་པ་དང་རྒྱ་ནག་གི་ཡུལ་དུ་ཡལ་འདབ་རྒྱས་ཤིང་། ཉི་ཧོང་དུ་འབྲས་བུ་སྨིན་པ་ཡིན་ཞེས་ཐེངས་མང་ལྗགས་གླེང་མཛད་ཡོད།

Nov 17, 2011

ཐེག་པ་ཆེན་པོའི་སློབ་དཔོན།


ཐེག་པ་ཆེན་པོའི་སློབ་དཔོན།


नागार्जुन आचार्य (ནཱགཱརྫུན ཨཱཙཱརྱ) སློབ་དཔོན་ཀླུ་སྒྲུབ།
आर्यदेव आचार्य (ཨཱརྱདེཝ ཨཱཙཱརྱ) སློབ་དཔོན་འཕགས་པ་ལྷ།
बुद्धपालित आचार्य (བུདྡྷཔཱལིཏ ཨཱཙཱརྱ) སློབ་དཔོན་སངས་རྒྱས་བསྐྱངས།
भावविवेक आचार्य (བྷཱཝཝིཝེཀ ཨཱཙཱརྱ) སློབ་དཔོན་ལེགས་ལྡན་འབྱེད།
चन्द्रकीर्ति आचार्य (ཙནྡྲཀཱིརྟི ཨཱཙཱརྱ) སློབ་དཔོན་ཟླ་བ་གྲགས་པ།
असंग आचार्य (ཨསཾག ཨཱཙཱརྱ) སློབ་དཔོན་ཐོགས་མེད།
वसुबन्धु आचार्य (ཝསུབནྡྷུ ཨཱཙཱརྱ) སློབ་དཔོན་དབྱིག་གཉེན།
स्थिरमति आचार्य (སྠིརམཏི ཨཱཙཱརྱ) སློབ་དཔོན་བློ་གྲོས་བརྟན་པ།
दिङ्नाग आचार्य (དིངྣཱག ཨཱཙཱརྱ) སློབ་དཔོན་ཕྱོགས་གླང་།
धर्मकीर्ति आचार्य (དྡྷརྨཀཱིརྟི ཨཱཙཱརྱ) སློབ་དཔོན་ཆོས་ཀྱི་གྲགས་པ།
बोधिधर्म आचार्य (བོདྷིདྷརྨ ཨཱཙཱརྱ) སློབ་དཔོན་བྱང་ཆུབ་འཛིན་པའམ་བྱང་ཆུབ་འཛིན།
शान्तरक्षित आचार्य (ཤཱནྟརཀྵིཏ ཨཱཙཱརྱ) སློབ་དཔོན་ཞི་བ་འཚོ།
कमलशील आचार्य (ཀམལཤཱིལ ཨཱཙཱརྱ) སློབ་དཔོན་པདྨའི་ངང་ཚུལ།
पद्मसंभव आचार्य (པདྨསཾབྷཝ ཨཱཙཱརྱ) སློབ་དཔོན་པདྨ་འབྱུང་གནས།
शान्तिदेव आचार्य (ཤཱནྟིདེཝ ཨཱཙཱརྱ) སློབ་དཔོན་ཞི་བ་ལྷ།
दीपङ्कर श्रीज्ञान आचार्य (དཱིཔཾཀར ཤྲཱིཛྙཱན ཨཱཙཱརྱ) སློབ་དཔོན་དཔལ་ལྡན་མར་མེ་མཛད།

མཆན།
སློབ་དཔོན་བྱང་ཆུབ་འཛིན་ཟེར་བ་འདི་བོད་དུ་བདག་གིས་སྒྲ་བསྒྱུར་བྱས་པ་ཡིན། འགབ་མིན་ད་དུང་དཔྱད་གཞི་ཡིན།
སློབ་དཔོན་བྱང་ཆུབ་འཛིན་པ་འདི(?~536,གཞན་532、528)་སྔོན་ཝུ་ཏི(武帝)་ཀྲའོ་ལྷོ་མའི་ལེང་གི་རྒྱལ་བོ་ཡིན་དུས་རྒྱ་ནག་ཏུ་ཕེབས་ཤིང་། རྒྱ་ཡུལ་དུ་བསམ་གཏན་གྱི་སྲོལ་ཐོག་མར་འཛུགས་མཁན་ཡིན་འདུག སྤྱིར་བསམ་གཏན་པའི་ཤིང་རྟའི་སྲོལ་འབྱེད་མཁན་ནི་མཉམ་མེད་ཤཱཀྱ་ཐུབ་པའི་སློབ་མ་འོད་སྲུངས་ཆེན་པོ་ཡིན་ལ། བསམ་གཏན་པ་ཤར་ཕྱོགས་རྒྱ་ཡུལ་དུ་དར་སྤེལ་ཤུགས་ཆེར་མཛད་མཁན་ནི་བྱང་ཆུབ་འཛིན་པ་ལགས་ཡིན། འདི་ལ་དེང་སང་ཕྱི་གླིང་དུ་སྙན་གྲགས་རྒྱས་ཀྱིན་པའི་ཨོ་ཤོ(Osho)་ལགས་ཀྱིས་ཁོང་གི་ཕྱག་དེབ་<<བསམ་གཏན་པའི་བྱུང་བ་བརྗོད་པ>>་ཞེས་པར་བསམ་གཏན་པ་ནི་རྒྱ་གར་དུ་ས་བོན་བཏབས་པ་དང་རྒྱ་ནག་གི་ཡུལ་དུ་ཡལ་འདབ་རྒྱས་ཤིང་། ཉི་ཧོང་དུ་འབྲས་བུ་སྨིན་པ་ཡིན་ཞེས་ཐེངས་མང་ལྗགས་གླེང་མཛད་ཡོད།