-->

Jan 29, 2021

བོད་དུ་རིག་གནས་དར་ཚུལ་མདོར་བསྡུས་བཤད་པ།


བོད་དུ་རིག་གནས་དར་ཚུལ་མདོར་བསྡུས་བཤད་པ།

མཛད་པ་བོ། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ།


རྨད་བྱུང་ཐུགས་བསྐྱེད་མཚོ་ལས་ལེགས་འཁྲུངས་ཤིང་།།

ལུང་རྟོགས་རིན་ཆེན་རྡུལ་མང་རབ་ཏུ་སྤུངས།།

སྐུ་བཞིའི་བང་རིམ་མཆོག་ཏུ་མཛེས་པ་ཡི།།

བཤེས་གཉེན་ལྷུན་པོ་རྟག་ཏུ་རྒྱལ་གྱུར་ཅིག།

སྔོན་བྱོན་མཁས་པའི་འཕྲིན་ལས་རླབས་ཀྱི་ཕྲེང་།།

བླུན་རྨོངས་བྱིས་པ་སྐྲག་པའི་རྒྱུར་གྱུར་མོད།།

དོན་ལྡན་གཟིགས་པ་རྣོ་བའི་སྐྱེས་བུ་དག།

དགའ་བས་ལག་པད་སྙིང་གའི་ངོས་སུ་ཟུམ།།

དེ་ལྟའི་བྱུང་བ་ཕྱུགས་རྫིའི་གླིང་བུའི་སྒྲ།།

རྒན་པོ་སྐྱོ་བ་སངས་པའི་གྲོགས་སུ་སྦྲན།།

སྐལ་མཉམ་ཁྱོད་ཀྱང་རྣ་བ་ཅུང་གཏོད་ལ།།

དགའ་བའི་འཛུམ་ཞལ་ཅུང་ཟད་སྟོན་ཅིག་ཨང་།།

དེ་ལ་འདིར་བོད་ཀྱི་རིག་གནས་དར་ཚུལ་བཤད་པ་ལ།

 

བསྟན་པ་སྔ་དར་གྱི་སྐབས་སུ་བོད་དུ་རིག་གནས་དར་ཚུལ།


བོད་སྤྱི་ལ་དབང་བའི་རྒྱལ་བོའི་ཐོག་མ་གཉའ་ཁྲི་བཙན་པོ་ཡིན་ལ། དེ་ནས་མུ་ཁྲི་བཙན་པོ། དེང་ཁྲི་བཙན་པོ། ཤོ་ཁྲི་བཙན་པོ(སོ་ཁྲིའང་ཟེར)། མེ་ཁྲི་བཙན་པོ། གདགས་ཁྲི་བཙན་པོ། སྲིབ་ཁྲི་བཙན་པོ་སྟེ་གནམ་གྱི་ཁྲི་བདུན་དུ་གྲགས་པ་འདི་དག་གི་དུས་སུ་རིག་གནས་ སོགས་དར་ཚུལ་གྱི་ལོ་རྒྱུས་མ་མཐོང༌། དེ་ནས་གྲི་གུམ་བཙན་པོ། རྒྱལ་བོ་འདིས་བློན་པོ་དང་འཐབ་པའི་དུས་སུ་ཁྲབ་བླངས་པས་ཁྲབ་སྤྱོད་པའི་ཐོག་མ་ཡིན་ཟེར། དེ་ནས་སྤུ་དེ་གུང་རྒྱལ། དེའི་བློན་པོ་རུ་ལས་སྐྱེས་ནི་འཕྲུལ་བློན་མཛངས་པའི་མི་བདུན་གྱི་ཐོག་མ་ཡིན་ལ། རྒྱལ་བློན་དེ་གཉིས་ཀྱི་རིང་ལ་ཐོང་གཤོལ་བཟོ་བ་དང་ཞིང་ལ་ཆུ་འདྲེན་པ་སོགས་ཞིང་ལས་དར་བའི་མགོ་ཚུགས་པ་དང༌། གསེར་དངུལ་ཟངས་ལྕགས་ཀྱི་རྡོའི་གཏེར་ཁ་ཕུད་དེ་བཞུ་ལེན་སོགས་བཟོ་ལས་ཅུང་དར་བ་དང༌། ཆུ་ལ་ཟམ་འཛུགས་པ་སོགས་འགྲིམ་འགྲུལ་གྱི་ལམ་སོགས་ལའང་ཡར་རྒྱས་ཆེ་ཙམ་བྱུང་བ་དང༌། ཡང་འདིའི་དུས་བོན་སྒྲུང་ལྡེའུ་གསུམ་བྱུང་བ་རིག་གནས་ཀྱི་གྲངས་སུ་བརྩི། བོན་ནིདགེ་སྒྲུབ་ལྷ་མཆོད་འདྲེ་འདུལ་མོ་རྩིས་སོགས་དང༌། སྒྲུང་ནི། རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་དང༌། མ་སངས་སྒྲུང་དང༌། མཆིལ་བའི་སྒྲུང་སོགས་ཉན་བཤད་དང༌། ལྡེའུ་ནི་ཁེད་འཇོག་པ་སྟེ། དཔེར་ན། ཐེམ་གཉེར་ཝ་བ་ཆེ་(སྲང)ཅི་ཡིན་ཞེས་འདྲི་བ་ལྟ་བུའོ།།

དེ་ནས་ཨེ་ཤོ་ལེགས། འདིའི་བློན་པོ་ལྷ་བུ་མགོ་དཀར་ནི། འཕྲུལ་བློན་མཛངས་མི་བདུན་གྱི་གཉིས་པ་ཡིན། ཞིང་ལ་དོར་ཁ་བརྩིས། འབྲོག་ལ་ཐུར་རྩིས་བྱས། ཕུ་ཆུ་མདའ་རུ་དྲངས་ཏེ་མདའ་ཞིང་ཆུ་མ་རྒྱ་ཆེར་བཟོས། ཨེ་ཤོ་ལེགས། དེ་ནས་དེ་ཤོ་ལེགས། ཐི་ཤོ་ལེགས། གུ་རུ་ལེགས། འབྲོང་ཞི་ལེགས། ཨི་ཤོ་ལེགས་ཏེ་སའི་ལེགས་དྲུག་དང༌། དེ་ནས་ཟ་ནམ་ཟིན་ལྡེ། ལྡེ་འཕྲུལ་ནམ་གཞུང་བཙན། སེ་སྣོལ་ནམ་ལྡེ། སེ་སྣོལ་བོ་ལྡེ། ལྡེ་སྣོལ་ནམ། ལྡེ་སྣོལ་བོ། ལྡེ་རྒྱལ་བོ། ལྡེ་སྤྲིན་བཙན་ཏེ་ལྡེ་བརྒྱད་དང༌། དེ་ནས་རྒྱལ་ཏོ་རི་ལོང་བཙན། ཁྲི་བཙན་ནམ། ཁྲི་སྒྲ་དཔུང་བཙན། ཁྲི་ཐོག་རྗེ་བཙན་ཏེ་འོག་གི་བཙན་བཞི། དེ་ནས་ལྷ་ཐོ་ཐོ་རི་ཡིན་ལ། འདིའི་དུས། སྤང་སྐོང་ཕྱག་རྒྱ་བ་དང༌། མདོ་སྡེ་ཟ་མ་ཏོག་གི་གླེགས་བམ་འབྱོར་ཡང་དོན་མ་གོ་བར་གཉན་པོ་གསང་བ་ཞེས་མིང་བཏགས་ནས་ཕྱག་མཆོད་བྱས།

ཡང་རྒྱལ་བོ་འདིའི་དུས། འཕགས་ཡུལ་གྱི་སྨན་པ་སྙན་གྲགས་ཤིན་ཏུ་ཆེ་བ་སྨན་པ་བྲམ་ཟེ་རྒྱུན་ཤེས་ཞེས་བྱ་བའི་སློབ་མ། རྒྱལ་བོ་རྔ་ཆེན་པོའི་བུ་བི་བྱི་དགའ་བྱེད་དང༌། བྲམ་ཟེ་དྲིལ་བཟོ་མའི་བུ་མོ་བི་ལྷ་དགའ་མཛེས་གཉིས་བོད་ཡུལ་དུ་བྱོན་ཏེ་གསོ་དཔྱད་སྨན་གྱི་རིག་པ་སྤེལ་བས། སྙན་གྲགས་རྒྱས་ཏེ་རྒྱལ་བོ་ལྷ་ཐོ་ཐོ་རིས་གསན་ནས། ཕོ་བྲང་ཡུམ་བུ་བླ་སྒང་དུ་སྤྱན་དྲངས། བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས། རྒྱལ་བོའི་བུ་མོ་ལྷ་ལྕམ་ཡིད་ཀྱི་རོལ་ཆ་ཞེས་བྱ་བ། སྨན་པ་བི་བྱི་དགའ་བྱེད་ལ་ཡུམ་དུ་ཕུལ། ལྷ་ལྕམ་ཡིད་ཀྱི་རོལ་ཆ་ལ་སྨན་པ་དུང་གི་ཐོར་ཅོག་ཅན་འཁྲུངས། སྨན་པ་མཁས་པར་གྱུར། སྨན་པ་བི་བྱི་དགའ་བྱེད་དང༌། བི་ལྷ་དགའ་མཛེས་གཉིས་ཀྱིས། རེག་པ་རྩའི་མདོ། འཚོ་བ་ཟས་ཀྱི་མདོ། སྦྱོར་བ་སྨན་གྱི་མདོ། གཏར་སྲེག་དཔྱད་ཀྱི་མདོ། རྨ་ཆས་བཟོའི་མདོ་རྣམས་དང༌། གཞན་ཡང་རྩ་འགྲེལ་འགྲེལ་བཤད་ཁོག་དབུག  དཔྱད་ལག་ལེན་དང་བཅས་པ་གནང་སྟེ། གསོ་རིག་དར་བར་མཛད་ནས་སླར་རྒྱག་ར་དུ་ཕྱིར་བཞུད།

སྨན་པ་དེ་གཉིས། རྒྱ་གར་ཤར་ནུབ། རྒྱ་ནག ལི་ཡུལ། བལ་ཡུལ་རྣམས་སུ་ཕེབས་པའི་རྗེས་སུ། བོད་ཡུལ་དུ་ཕེབས་པར་གཡུ་ཐོག་རྣམ་ཐར་ལས་གསུངས་པས། ཁོང་གཉིས་ཀྱིས་སྐད་ཡིག་མང་བོ་ཞིག་མཁྱེན་པ་འདྲ་ལ། དེ་དུས་བོད་རང་གི་ཡི་གེ་འབྲི་བའི་སྲོལ་མེད་གཤིས། ལེགས་སྦྱར་གྱི་ཡི་གེ་དང༌། ཡིག་རིགས་གཞན་གྱི་སྟེང་ནས་ཀྱང་གསོ་རིག་སྤེལ་བ་ཡིན་འདུག་གོ།

དེ་ནས་ཁྲི་གཉན་གཟུངས་བཙན། སྨན་པ་དུང་གི་ཐོར་ཅོག་ཅན་རྒྱལ་བོ་འདིའི་ཡང་བླ་སྨན་པ་མཛད་དེ་གསོ་རིག་གི་རྒྱུན་འཛིན་སྤེལ་གནང༌། དེ་ནས་འབྲོང་གཉན་ལྡེའུ། རྒྱལ་བོ་འདིའི་སྐུ་ཚེའི་སྨད་ཀྱི་བླ་སྨན་ནི། དུང་གི་ཐོར་ཅོག་གི་སྲས་བློ་གྲོས་ཆེན་པོས་མཛད། དེ་ནས་སྟག་རི་གཉན་གཟིགས། འདི་ཆུང་དུས་དམུས་ལོང་ཡིན་ལ། མིང་ལ་དཀོན་པ་བཀྲ་ཟེར། ཕྱིས་སུ་བོད་ཀྱི་རྒྱལ་ཕྲན་འ་ཞ་ཞེས་པའི་ཁམས་རྒྱལ་འ་ཞ་རྗེ་བྱ་བའི་སྨན་པ་མཁས་པ་ཞིག་ཡོད་པ་བོས་ནས། སྨན་དཔྱད་ཀྱིས་སྤྱན་ལོང་བ་སོས། མིག་ལོང་བ་སོས་ནས་སྟག་མོའི་རི་ལ་རི་དྭགས་གཉན་ཡོད་པ་གཟིགས་པས། སྟག་རི་གཉན་གཟིགས་སུ་གྲགས། དེ་ནས་རྒྱལ་སར་འཁོད་དུས་སྨན་པ་བློ་གྲོས་མཚུངས་མེད་ཀྱི་བུ་བློ་གྲོས་རབ་གསལ་བླ་སྨན་པ་མཛད། འདི་དུས་ཁྲི་ངོར་སྣང་གི་བུས་བློན་བྱས་ཏེ་བྲེ་དང་སྲང་བཅོས། འབྲུ་མར་འཇལ་བྱེད་བཟོས། ལས་སྡེབ་དང་ཚོང་བྱེད་སོགས་དར་རྒྱས་བཏང༌། བློན་འདི་ནི་མཛངས་མི་བདུན་གྱི་གསུམ་པ་ཡིན། དེ་ནས་གནམ་རི་སྲོང་བཙན། འདི་དུས་དཔའ་སྣང་བཞེར་སོགས་ཀྱིས་བློན་བྱས་ཏེ། མི་ཁ་ཤས་རྒྱ་ནག་ཏུ་མངགས་ནས་རྩིས་དང་སྨན་བསླབས། བྱང་གི་ཚྭ་གཏེར་ཕུད། བློ་གྲོས་རབ་གསལ་གྱི་བུ་བློ་གྲོས་རྒྱལ་མཛོད་རྒྱལ་བོ་འདིའི་བླ་སྨན་པ་མཛད། སྨན་རྩིས་ཀྱི་རིག་གནས་དར་རྒྱས་བྱུང་ངོ༌།།

དེ་ནས་སྲོང་བཙན་སྒམ་པོས་རྒྱལ་སྲིད་བཟུང༌། བློ་གྲོས་རྒྱལ་མཛོད་ཀྱི་བུ་བློ་གྲོས་བཤེས་གཉེན་རྒྱལ་བོའི་བླ་སྨན་པ་མཛད། ཐོན་མི་སམ་བྷོ་ཊ་དང༌། སྟག་ལོ་དེ་ཁྲོང་སོགས་མི་བཅུ་དྲུག་ཡི་གེ་སློབ་ཏུ་བཏང༌། དེ་རྣམས་འཕགས་ཡུལ་དུ་སླེབས་ནས། ཐོན་མི་སམ་བྷོ་ཊས་བྲམ་ཟེ་ལི་བྱིན་ཀ་ར་དང་སློབ་དཔོན་ལྷ་རིག་པའི་སེང་གེ་སོགས་པཎྜི་ཏ་མང་བོ་བསྟེན་ནས་སྐད་ཡིག་མང་བོ་དང་སྒྲ་ཚད་སོགས་ཕྱི་ནང་གི་རིག་གནས་མང་བོ་བསླབས། ཕྱིར་བོད་ཡུལ་དུ་ཕེབས་ནས་བོད་ཀྱི་ཡིག་གཟུགས་གསར་བཟོ་གནང་སྟེ། བོད་རང་གི་སྐད་ཀྱི་སྟེང་ནས་ཡི་གེ་འབྲི་བའི་སྲོལ་བཏོད། དབྱངས་གསལ་སྔོན་རྗེས་མགོ་འདོགས་སོགས་ལེགས་པར་གཏན་ལ་ཕབ་སྟེ། བརྡ་སྤྲོད་པའི་གཞུང་བརྒྱད་མཛད་དོ།།

དེ་ནས་བཟུང་སྟེ་ཡོན་ཏན་གྱི་རྩ་བ་བོད་རང་གི་ཡི་གེ་འབྲི་བའི་སྲོལ་ཡོད་པར་གྱུར་ནས། ཡུལ་ཁམས་གཞན་ལ་ཡོད་པའི་རིག་པའི་གནས་དག་བོད་རང་གི་སྐད་ཡིག་ཏུ་བསྒྱུར་བའི་མགོ་བརྩམས་སོ།།

དེ་ནས་རྒྱལ་བོ་ཆེན་པོ་སྲོང་བཙན་གྱིས་གཙུག་ལག་ཁང་མང་བོ་བཞེངས་ནས། ལོ་ཙཱ་བའི་ཐོག་མ་ཐོན་མི་སམ་བྷོ་ཊས་སྤྱན་དྲངས་པའི་ཆོས་དང་རིག་པའི་གནས་མཐའ་དག་བོད་སྐད་ལ་སྒྱུར་ཅིག་གསུངས་པ་བཞིན། རྒྱ་གར་གྱི་སློབདཔོན་ཀུ་ས་ར་དང༌། བྲམ་ཟེ་ཤང་ཀ་ར། སློབ་དཔོན་ལི་བྱིན། བལ་བོའི་སློབ་དཔོན་ཤཱི་ལ་མཉྫུ། ཁ་ཆེའི་སློབ་དཔོན་ཏ་ནུ་ཏ་དང༌། གྷ་ནུ་ཏ། རྒྱ་ནག་གི་སློབ་དཔོན་ཧྭ་ཤང་མ་ཧཱ་དེ་བ་ཚེ་རྣམས་སྤྱན་དྲངས་ཏེ། བོད་ཀྱི་ལོ་ཙཱ་བ་ཐོན་མི་སམ་བྷོ་ཊ་དང༌། དེའི་མཆན་བུ་ངྷརྨ་ཀོ་ཤ ཨ་ལོ་ཀ ཡེ་ཤེས་དཔལ་སོགས་ཀྱིས་ལོ་ཙཱ་བྱས། དེ་རྣམས་ལས་རྒྱ་གར་གྱི་སློབ་དཔོན་ཀུ་ས་རའི་ཡོན་བདག་བལ་བཟའ་ཁྲི་བཙུན་གྱིས་བྱས། ལོ་ཙཱ་བ་ཐོན་མིས་བྱས། བྲམ་ཟེ་ཤང་ཀ་རའི་ཡོན་བདག་རྒྱལ་བོས་བྱས། ལོ་ཙཱ་བ་ངྷརྨ་ཀོ་ཤས་བྱས། རྒྱ་ནག་གི་མཁན་པོའི་ཡོན་བདག་རྒྱ་བཟའ་ཀོང་ཇོས་བྱས། ལོ་ཙཱ་བ་ཡང་ཀོང་ཇོ་ཉིདདང་ལྷ་ལུང་རྡོ་རྗེ་དཔལ་གྱིས་བྱས། བལ་བོ་དང་ཁ་ཆེའི་ཡོན་བདག་བལ་བཟའ་ཁྲི་བཙུན་གྱིས་བྱས། ལོ་ཙཱ་བ་ཡང་ཁྲི་བཙུན་ཉིད་དང་ཐོན་མིས་བྱས་སོ།།

རྒྱལ་བོའི་བཀའ་བཞིན། སློབ་དཔོན་ཀུ་ས་རས་མངོན་པའི་སྡེ་དང༌། ཕ་རོལ་ཏུ་ཕྱིན་པའི་སྐོར་བསྒྱུར། བལ་བོའི་སློབ་དཔོན་སོགས་ཀྱིས་མདོ་སྡེའི་སྡེ་དང༌། ཕལ་ཆེན་དང༌། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་རྣམས་བསྒྱུར། བྲམ་ཟེ་ཤང་ཀ་རས་འདུལ་བའི་སྡེ་དང་ཀྲི་ཡའི་མདོ་རྒྱུད་རྣམས་བསྒྱུར། རྒྱ་ནག་གི་མཁན་པོས་སྨན་དང་དཔྱད་ལ་སོགས་པ་བསྒྱུར། དེ་དག་གི་སྐབས་སུ་ལོ་པཎ་རྣམས་ལ་གསེར་དངུལ་གྱི་འབུལ་བ་སོགས་བསྙེན་བཀུར་རྨད་དུ་བྱུང་བ་བྱས་སོ།།

སྐྱེ་བོ་བློ་དམན་པ་རྣམས་ལ་ལུང་གི་ཆོས་གོ་བར་བྱ་བའི་ཕྱིར་གཟུངས་ཀྱི་སྙེ་མ་སོགས་སྒྲུང་བསླབས། རིགས་པའི་ཆོས་གོ་བར་བྱ་བའི་ཕྱིར་ལྡེའུ་(ཁེད)བསླབས། ཞང་ཞུང་ཡུལ་ནས་བོན་པོ་ཞང་ཞུང་ལྷ་སྡེ་སྤྱན་དྲངས་ནས། བོན་པོ་ཨ་བ་རྣམ་གསལ་ཞེས་བྱ་བ་ལ་སློབ་ཏུ་བཅུག་སྟེ། མོ་རྩིས། ལྷ་གསོལ། འདྲེ་འདུལ་སོགས་ཀྱང་བྱེད་དུ་བཅུག་གོ།

གཞན་ཡང་ཐོན་མིས་དཀོན་མཆོག་སྤྲིན། ཤེར་ཕྱིན་སྟོང་ཕྲག་བརྒྱ་བ་ཡང་བསྒྱུར་བར་བཤད། གཙོ་བོ་ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉི་ཤུ་རྩ་གཅིག་བསྒྱུར་བ་བཀའ་ཆེམས་ཀྱི་ལོ་རྒྱུས་ཆེན་མོ་ལྟར་ཡིན་ཏེ། ༡། ཟ་མ་ཏོག་བཀོད་པ། ༢། ཕྱག་སྟོང་སྤྱན་སྟོང་གི་གཟུངས། ༣། པདྨའི་སྙིང་བོའི་མདོ། ༤། ཞལ་བཅུ་གཅིག་པའི་མདོ། ༥། བཅུ་གཅིག་ཞལ་གྱི་གཟུངས། ༦། དོན་ཡོད་ཞགས་པ། ༧། དོན་ཞགས་ཕྱི་མ། ༨། པད་མ་མཆོག ༩། དབང་བསྒྱུར་འཁོར་ལོ། ༡༠། ཆོ་ག་སྔགས་ཀྱི་རྒྱུད། ༡༡། ཡིད་བཞིན་ནོར་བུའི་གཟུངས། ༡༢། སྙིང་རྗེ་ཆེན་པོ་མི་གཤོལ་བ། ༡༣། འོད་ཟེར་རྣམ་བཀོད། ༡༤། པད་མ་ཅོད་པན་གྱི་རྒྱུད། ༡༥། ཡི་གེ་དྲུག་པའི་མདོ། ༡༦། དམ་ཆོས་པད་དཀར། ༡༧། པུཎ་ཌ་རཱི་ཀའི་མདོ། ༡༨། ཆུ་ཀླུང་སྣ་ཚོགས་པའི་མདོ། ༡༩། སྣང་བ་རོལ་བའི་མདོ། ༢༠། མཚན་བརྒྱ་རྩ་བརྒྱད་པ། ༢༡། མཚན་རབ་ཡོངས་སུ་བསྟན་པའི་མདོ་རྣམས་སོ།།

འདི་དག་ལས། འོད་ཟེར་རྣམ་བཀོད། ཆུ་ཀླུང་སྣ་ཚོགས། སྣང་བ་རོལ་བ། མཚན་རབ་ཡོངས་སུ་བསྟན་པ་རྣམས་དེང་སང་བཀའ་འགྱུར་ན་མི་སྣང་ལ། གཞན་དོན་ཞགས་ཆོ་ག་ཞིབ་མོ་ལ་ཆོ་ག་སྔགས་ཀྱི་རྒྱུད། ཅེས་པ་ལྟ་བུ་འགྱུར་ཁྱད་མ་གཏོགས་དེང་སང་བཞུགས། ཞེས་དེབ་ཐེར་མཁས་པའི་དགའ་སྟོན་ལས་གསུངས་པ་ལྟར་རོ།།

གཞན་ཡང་རྒྱལ་བོའི་བཀའ་ལྟར་ཐོན་མིས་གཉན་པོ་གསང་བ་ཞེས་པའི་སྒྲོམ་གྱི་ཁ་ཕྱེས་ཏེ། དཔང་སྐོང་ཕྱག་རྒྱ་བ། མདོ་སྡེ་ཟ་མ་ཏོག ཙིན་ཏ་མ་ཎིའི་གཟུངས། མདོ་སྡེ་ལས་རྣམ་པར་འབྱེད་པའི་གཟུངས་རྣམས་བླངས་ནས་བསྒྱུར། དཔང་སྐོང་ཕྱག་རྒྱ་བ་ནི། བཀའ་འགྱུར་སྡེ་དགེའི་པར་གྱི་ཡ་པོད་ཀྱི་ཐོག་མར། དཔང་སྐོང་ཕྱག་རྒྱ་བ་ཐོན་མི་སམ་བྷོ་ཊའི་འགྱུར། ཞེས་དཀར་ཆག་ན་ཡོད་པ་དེ་ཡིན། འོན་ཀྱང་སྲོང་བཙན་གྱི་དུས་མ་ཟད། སྔ་དར་དང་ཕྱི་དར་སྐབས་གང་འགྱུར་ཐམས་ཅད་ད་ལྟ་ཡོད་པའི་ངེས་པ་མེད་དེ། གླང་དར་གྱི་བྱེད་སྤྱོད་ཀྱི་དབང་གིས་བརླགས་སྟོར་དང༌། དེ་མིན་དཔེ་རྒྱུན་སྟོར་ནས་མ་རྙེད་པ་ཡང་དུ་མ་ཞིག་ཡོད་པ་བཀའ་བསྟན་གྱི་དཀར་ཆག་དག་ན་གསལ་ལོ།།

དེ་ནས་རྒྱལ་བོ་སྲོང་བཙན་རང་གིས་ཀྱང་ཡི་གེ་དང་སྒྲ་སྙན་སོགས་རིག་པའི་གནས་དང་ཆོས་ལ་བརྩོན་པ་ཆེར་བསྐྱེད་ནས་སྦྱངས་པ་མཛད་པས་མཁས་པ་ཆེན་པོར་གྱུར་ཏེ་བསྟན་བཅོས་མང་བོ་མཛད། དཔེར་ན། བཀའ་ཆེམས་ཀྱི་ལོ་རྒྱུས་ཆེན་མོ་རྣམས་དང༌། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཆོ་གའི་རིམ་པ་བརྒྱད། མདོ་སྐོར་ལེའུ་སུམ་ཅུ་རྩ་དྲུག སྒྲུབ་སྐོར་ཆེ་ཕྲན་གཉིས། ཆེན་མོ་ལ་དྲུག་སྐོར་དང་གསུམ་སྐོར་གཉིས། དེ་གཉིས་ཀྱི་བཤད་ཆོས། སྤྱིའི་ཁོག་དབུག སྒོས་ཀྱི་བཤད་འགྲེལ། ཊཱི་ཀ་དང་བསྡུས་དོན་རྣམས། སྒྲུབ་ཕྲན་ལ་རྒྱས་འབྲིང་བསྡུས་གསུམ། གཞན་ཡང༌། ཐོན་མི་སམ་བྷོ་ཊ་དང༌། ལོ་ཙཱ་བ་ཨརྱ་ཨ་ལོ་ཀས་ཞུས་པ་སོགས་ཞལ་གདམས་བརྒྱ་དང་ལྔ་བཅུ་ཡོད། འདི་དག་མ་ཎི་བཀའ་འབུམ་དུ་བཞུགས་ལ། ལུགས་ཀྱི་བསྟན་བཅོས་མང་བོ་མཛད་པ་རྒྱལ་རབས་དེབ་ཐེར་སོགས་ན་བཞུགས་སོ།།

ཡོན་ཏན་ཀུན་གྱི་གཞི་མ་བྲིས་ཀློག་གིས།།

བོད་ཡུལ་རྨོངས་པའི་མུན་པ་ཀུན་བསལ་ཏེ།།

ཆོས་དང་སྲིད་ཀྱི་རྒྱལ་ཁམས་བདེ་བར་མཛད།།

ཅེས་གསུངས་པ་ལྟར། རིག་གནས་དར་བའི་སྟོབས་ཀྱིས། ཆབ་སྲིད་ཀྱི་བྱ་བའང་དར་ཞིང་རྒྱས་ཏེ། བཀའི་བློན་པོ་སུམ་བརྒྱ། དེའི་ནང་དུ་གཙོ་བོ་འཕྲུལ་བློན་དྲུག འཕྲུལ་གྱི་གནའ་ཆེན་རིགས་བཟང་དང༌། ཞང་བོ་རྒྱལ་གྱི་ཁྲོམ་བཟང་སོགས་ནང་བློན་བརྒྱས་ནང་གི་བྱ་བ་བྱས། བྱང་གི་ཁྱུང་བོ་ཕུན་བཟང་བཙན་དང༌། ལམ་ཁྲི་བདེ་བླག་བཙན་སོགས་ཕྱི་བློན་བརྒྱས་ཕྱི་ཡི་བྱ་བ་ཐམས་ཅད་བྱས་ཏེ། ཤར་ཕྱོགས་རྒྱ་དང་མི་ཉག་གི་ཡུལ་ནས་བཟོ་དང་རྩིས་ཀྱི་རིག་པ་བླངས། ནུབ་ཕྱོགས་སྟག་གཟིག་བལ་བོ་སོགས་ནས་ཟས་ནོར་ལོངས་སྤྱོད་དྲངས། བྱང་ཕྱོགས་ཧོར་དང་ཡུ་གུར་ནས་ཁྲིམས་དང་ལས་ཀྱི་དཔེ་རྣམས་བླངས་ཏེ་ཕྱིའི་བྱ་བ་བྱས། མཁས་པ་ཐོན་མི་སམ་བྷོ་ཊ་དང༌། མགར་སྟོང་བཙན་སོགས་བློན་པོ་བརྒྱས། བར་གྱི་ཁོད་སྙོམས་པ་དང་ཆོས་དང་སྲིད་ཁྲིམས་བསྐྱངས། ཐོན་མི་སམ་བྷོ་ཊ་ནི་བོད་ཀྱི་བློན་པོ་མཛངས་མི་བདུན་གྱི་བཞི་བ་ཡིན་ལ། མཛངས་པའི་ལས་བོད་རང་གི་སྐད་ཀྱི་སྟེང་ནས་ཡི་གེ་འབྲི་བའི་སྲོལ་གསར་དུ་བཏོད་པ་སོགས་རིག་གནས་ཀྱི་བྱ་བ་རྒྱ་ཆེར་སྤེལ། ཁྲི་བཟང་ཡང་སྟོན་སྙགས་ཀྱི་བུ་ནི་མཛངས་མི་བདུན་གྱི་ལྔ་བ་ཡིན་ཏེ། མཛངས་པའི་ལས་སུ། སྔར་བོད་མིའི་ཁང་ཁྱིམ་རི་ལ་ཡོད་པ་ལ། འདིས་ཀླུངས་སུ་ཕབ། མཁར་བརྩིགས་ནས་གྲོང་ཁྱེར་བཅོས་སོ། །

གཞན་ཡང་ཁྲིམས་མེད་ན་འབངས་རྣམས་སྡུག་བསྔལ་བར་དགོངས་ནས། བཀའ་ཁྲིམས་ཡིག་ཆེན་པོ་དྲུག་མཛད་པ་དང༌། འཁོས་དྲུག་ཀྱང་མཛད། གཞན་ཡང་བཀའ་གྲོས་ཆེན་པོ་དྲུག ཡིག་ཚང་དྲུག བཀའི་ཕྱག་རྒྱ་དྲུག རྐྱེན་དྲུག་དཔའ་མཚན་དྲུག དེ་རྣམས་ཀྱི་སྟེང་དུ་ཁྲིམས་ཡིག་དྲུག་པོ་བསྣན་པས་བོད་ཀྱི་འཁོས་སུམ་ཅུ་རྩ་དྲུག་ཅེས་གྲགས་ལ(འཁོས་ཞེས་པ་ཐབས་ཀྱི་དོན་ནོ)། གཞན་ཡང་མཛད་པ་གསུམ། མི་མཛད་པ་གསུམ། བསྟོད་པ་གསུམ། སྨད་པ་གསུམ། མི་མནར་བ་གསུམ་སྟེ་རྒྱལ་ཁྲིམས་བཅོ་ལྔ༌། ཞེས་པ་ཡང་མཛད།

སྲོག་མི་གཅོད་པའི་ཁྲིམས་གཤིན་སྟོང་དང་གསོན་སྟོང༌། མ་བྱིན་པར་མི་ལེན་པའི་ཁྲིམས་བརྒྱ་འཇལ་དང་བརྒྱད་ཅུ་འཇལ་དང་བརྒྱད་འཇལ། ལོག་པར་མི་གཡེམ་པའི་ཁྲིམས་སྨད་འཇལ་དང་བྱི་ཆད(བྱི་ཕྲུག་གསོས་པའི་ཆད་པ)། རྫུན་སྤོང་བའི་ཁྲིམས་ལྷ་སྲུང་དཔང་དུ་བྱས་ནས་མནའ་སྤོབས་པ། ཆང་ལ་ཚོད་ཟིན་པ་དང༌། ཁེང་མི་ལྡོག་པ(གྱེན་རྒོལ་མི་བྱེད་པ)། བང་སོ་མི་འབྲུ་བ་སྟེ་ཁྲིམས་ཆེན་བདུན་དང༌། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་གཉིས་བཅས་ཤིང༌། དང་བོ་ནི། མི་དགེ་བ་བཅུ་སྤོང་བའི་སྟེང་དུ། མ་ལ་མར་འཛིན་པ། ཕ་ལ་ཕར་འཛིན་པ། དགེ་སྦྱོང་ལ་དགེ་སྦྱོང་དུ་འཛིན་པ། བྲམ་ཟེ་ལ་བྲམ་ཟེར་འཛིན་པ(བྲམ་ཟེ་ཞེས་པ་འཕགས་ཡུལ་དུ་རིགས་བཞིའི་ཡ་གྱལ་ལ་གོ་དགོས་ཤིང༌། འདིའི་སྐབས་སུ་ཡོནཏན་ཅན་ལ་ཟེར་བ་ཡིན་ནོ)། རིགས་ཀྱི་རྒན་རབས་ལ་བཀུར་བ། དྲིན་དུ་གཟོ་བ་གཞན་ལ་ངན་གཡོ་སྤང་བ་སྟེ་བཅུ་དྲུག་དང༌། ཕྱི་མ་ནི། དཀོན་མཆོག་ལ་གུས་པ། དམ་ཆོས་སྒྲུབ་པ། ཕ་མ་ལ་བཀུར་བ། ཡོན་ཏན་ཅན་ལ་གོང་དུ་བཀུར་བ། རིགས་མཐོ་དང་རྒན་པ་ལ་ཕུ་དུད(བཀུར་སྟི)། མཛའ་བཤེས་ལ་གཞུང་བསྲིང་བ། ཡུལ་མི་ལ་ཕན་འདོགས་པ། ཡིད་དྲང་བ། མི་ཡ་རབས་ལ་བལྟ་བ། ཟས་ནོར་ལ་སྤྱོད་ཤེས་པ། དྲིན་ཅན་ལ་ཕན་ལན། བྲེ་སྲང་ལ་གཡོ་སྒྱུ་མེད་པ། སྤྱི་སྙོམས་ཆེ་ཞིང་ཕྲག་དོག་མེད་པ། ཚུལ་མིན་བུད་མེད་ཀྱི་ཁ་ལ་མི་ཉན་པ། ངག་འཇམ་ཞིང་སྨྲ་མཁས་པ། ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་སྟེ་བཅུ་དྲུག་གོ །འདི་དག་ནི་སྲིད་ཀྱི་བྱ་བ་ཡིན་མོད། སྤྱི་ཚོགས་དང་རིག་གནས་འཕེལ་བའི་ཚད་ངེས་ཅན་ཞིག་ལ་མ་སླེབས་ན། འདི་ལྟ་བུའི་ཁྲིམས་ཡིག་སོགས་ཀྱང་འབྱུང་མི་སྲིད་པས། འདིར་མདོ་ཙམ་ཞིག་ཞར་བྱུང་དུ་གླེང་བའོ།།

སྲོང་བཙན་གྱི་སྲས་གུང་རུ་གུང་བཙན་རྒྱལ་སར་བཞག་ཀྱང་ལོ་བཅོ་བརྒྱད་ཐོག་གཤེགས་པས་སླར་སྲོང་བཙན་ཉིད་རྒྱལ་སར་བཞུགས། སྲོང་བཙན་དགུང་ལོ་གྱ་གཉིས་པ་ལ་གཤེགས་རྗེས། མང་སྲོང་མང་བཙན་གྱིས་སྲིད་བཟུང༌། སྨནཔ་བློ་གྲོས་བཤེས་གཉེན་གྱི་བུ་འདྲེ་རྗེ་བཛྲ་གྱིས་གུང་སོང་གུང་བཙན་དང་མང་སྲོང་མང་བཙན་གཉིས་ཀའི་བླ་སྨན་པ་མཛད།

དེ་རྗེས་འདུས་སྲོང་མང་རྗེ་རྒྱལ་སར་བཞུགས། སྨན་པ་འདྲེ་རྗེ་བཛྲ་གྱི་བུ་ཁྱུང་བོ་རྡོ་རྗེ་རྒྱལ་བོའི་བླ་སྨན་པ་མཛད། མང་སྲོང་དང་འདུས་སྲོང་གཉིས་ཀའི་དུས་སུ་ཆབ་སྲིད་རིག་གནས་སྔར་བཞིན་དར་ཞིང༌། འདུས་སྲོང་མང་རྗེ་འདིའིདུས་སུ། བོད་དུ་ཇ་འདེབས་པ་དང༌། རོལ་མོའི་རྣམ་གྲངས་མང་བོ་ཞིག་དར་ལ། རྩལ་བོ་ཆེའི་མི་བདུན་བྱུང་སྟེ། རྔོག་རིང་ལ་ནག་པོས་གླང་བོ་ཆེ་ཐེག རྔོག་གླིང་ཁམས་ཀྱིས་གཡག་གྲུས་པོ་ཆེ་ཐེག གནོན་རྒྱལ་མཚན་གྱིས་མདའ་སྟེ་ཁ་མས་བྱ་ཁྲའི་སྐེད་པ་བཅད། སྦས་མདོངས་ཅན་གྱིས་མིག་རྒྱང་གསུམ་ལ་མདའ་རྒྱང་སླེབ། མགོས་གཡག་ཆུང་གིསཤ་བའི་རླིད་བུ་བྱེ་མས་བཀང་སྟེ་ཀླད་ལ་བསྐོར། ཅོག་རོ་འབྲོང་གཤོར་གྱིས་འབྲོང་ཐུར་དུ་རྒྱུག་པ་གྱེན་དུ་འཐེན་ནུས། གནོན་ཁྲི་བདུན་གཡུ་བྱིན་གྱིས་རྟ་བཟང་བོ་གཡང་ལ་མཆོངས་པ་གྱེན་ལ་འདྲེན་ནུས་སོ།།

འདི་དག་ལ་དཔག་ན། རྒྱལ་བོ་འདི་དག་གི་རིང་ལ། གླུ་གར་དང་ཟློས་གར། སྒྱུ་རྩལ་སོགས་དར་རྒྱས་ཆེ་བར་སྣང༌། བློན་པོ་མགར་གྱི་བུ་བཙན་གཉན་ལྡེམ་བུ་དང་དབས་ཏ་ར་ཁོང་ལོད་ཀྱིས་བློན་གཙོ་བོ་བྱས་ཏེ་མཐའ་བཞིདབང་དུ་བསྡུས་ཚུལ་དེབ་དམར་སོགས་ན་གསལ་ལོ།།

དེ་ནས་ཁྲི་ལྡེ་གཙུག་བརྟན་རྒྱལ་སར་འཁོད། སྨ་ར་ཡོད་པ་དང་བགྲེས་ཉམས་ཆེ་བས། རྒྱལ་བོ་མེས་ཨག་ཚོམ་ཞེས་གྲགས། སྨན་པ་ཁྱུང་བོ་རྡོ་རྗེའི་བུ་གཡུ་ཐོག་ཡོན་ཏན་མགོན་པོ་གཞོན་དུས། རྒྱལ་བོ་འདིའི་བླ་སྨན་པ་མཛད། འདིའི་རིང་ལ་ལི་ཡུལ་ནས་རབ་ཏུ་བྱུང་བ་མང་བོ་བྱོན་པ་དང༌། རྒྱ་ནག་ནས་ཀྱང་ཧྭ་ཤང་མང་བོ་བྱོན། ཆོས་འགའ་དང་སྨན་དཔྱད་སོགས་བསྒྱུར། བྲན་ཀ་མུ་ལ་ཀོ་ཤ་དང་གཉགས་ཛྙཱ་ན་ཀུ་མ་ར་གཉིས་ཀྱིས་མདོ་སྡེ་ལས་བརྒྱ་བ་དང་གསེར་འོད་དམ་པ་དང་ཀྲི་ཡ་དང༌། སྨན་དཔྱད་སོགས་བསྒྱུར། རྒྱལ་བོས་དེ་དག་བཞུགས་པའི་ལྷ་ཁང་ལྔ་བཞེངས། ཆོསདང་རིག་གནས་སྔར་བཞིན་དར་བར་མཛད། མངའ་ཐང་བླ་ལྷག་ཏུ་འཕེལ་ཏོ།།

དེ་རྗེས་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ། གཡུ་ཐོག་ཡོན་ཏན་མགོན་པོ་སྔ་མ། རྒྱལ་བོའི་བླ་སྨན་པ་མཛད། གཡུ་ཐོག་ཡོན་ཏན་མགོན་པོ་རྒྱ་གར་བལ་བོ་རྒྱ་ནག་སོགས་སུ་ལན་དུ་མར་ཕེབས་ཏེ། བོད་ཡུལ་འདིར་གསོ་བ་རིག་པ་དར་ཞིང་རྒྱས་པར་མཛད། བོད་ཀྱི་མཁས་པ་མི་དགུ་ཞེས་པའི་སྨན་པ་མཁས་པ་གྲགས་པ་ཅན་དགུ་བྱུང༌། རྒྱལ་བོ་འདི་གཞོན་དུས་ཡབ་ཀྱིས་སང་ཤི་དང་མི་བཞི་རྒྱ་ནག་ཏུ་ཆོས་སོགས་རིག་པའི་གནས་ལེན་དུ་མངགས། ཡབ་འདས་ནས་ཁྲི་སྲོང་ལྡེ་བཙན་ནར་མ་སོན་པའི་སྐབས་སུ། བློན་པོ་མ་ཞང་གྲོམ་པ་སྐྱེས་དབང་ཆེ་ཞིང་ཆོས་ལ་གནག་པས། རྒྱའི་ཧྭ་ཤང་རྣམས་རང་ཡུལ་དུ་སྤྱུགས་ཏེ། ཆོས་བྱས་མི་ཆོག་པའི་ཁྲིམས་བུ་ཆུང་མང་བོ་ཞིག་བྱས་སྟབས། སང་ཤིས་རྒྱ་ནག་ནས་གླེགས་བམ་བམ་པོ་སྟོང་ལོངས་པ་ཞིག་ཁྱེར་ནས་བོད་ཡུལ་དུ་སླེབས་ཀྱང༌། མ་ཞང་ལ་སྐྲག་ནས་གླེགས་བམ་རྣམས་མཆིམས་ཕུའི་རྫ་གསེབ་ཏུ་སྦས། ཕྱིས་ཁྲི་སྲོང་ནར་སོན་པའི་ཚེ། རྒྱ་ནག་ནས་ཁྱེར་ཡོང་བའི་དགེ་བ་བཅུའི་མདོ་དང༌། རྡོ་རྗེ་གཅོད་པ། ས་ལུ་ལྗང་བའི་མདོ་ལ་སོགས་པ་སང་ཤི་དང་རྒྱ་མེ་མགོ་དང་ཁ་ཆེ་ཨ་ནན་ཏ་རྣམས་ཀྱིས་བསྒྱུར་ཏོ།།

གཞན་ཡང༌། འདི་དུས་རྒྱ་ནག་ནས་ཧྭ་ཤང་ནེ་ལེ་དང༌། དར་ཆེན་ཧ་ར་དང༌། ཨི་པ་བྷ་བོ་སོགས་རྒྱ་ནག་གི་མཁས་པ་མང་བོ་བོད་ཡུལ་དུ་བྱོན་ཏེ། བོད་ཀྱི་ལོ་ཙཱ་བ་བྷི་ལ་ཤོང་ཀུན་དང༌། དར་ཆེན་དཔལ་སོགས་ཀྱིས་ལོ་ཙཱ་བྱས་ནས་རྩིས་དང་གསོ་བ་རིག་པ་སོགས་ཀྱི་གཞུང་ལུགས་མང་བོ་བོད་སྐད་དུ་བསྒྱུར། གསོ་བ་རིག་པའི་ཕྱོགས་ལ་དེའི་སྐབས་སུ་བོད་འདིར་ཕྱོགས་རིགས་ཀྱི་སྨན་པ་གྲགས་པ་ཅན་དགུ་ཡོད་དེ། རྒྱ་གར་བ་ཤན་ཏི་གར་བྷ། རྒྱ་ནག་པ་སྟོང་གསུམ་གང་བ། ལི་ཡུལ་བ་མ་ཧཱ་དེ་བ། བལ་བོ་བ་ད་ན་ཤི་ལ། ཁ་ཆེ་བ་ཁུ་ན་བཛྲ། སོག་པོ་བ་ན་ལ་ཤན་དིར། དོལ་བོ་བ་ཁྱོམ་རུ་རྩེ། གྲུ་གུ་བ་སེང་གེ་འོད་ཅན། ཁྲོམ་པ་ཤི་ལ་ན་སྟེ་དགུ་ཡོད་ལ། དེ་དག་གིས་རང་རང་གི་ལུགས་ཀྱི་སྨན་དཔྱད་ཀྱི་རིག་གནས་རྣམས་སྤེལ་ཞིང༌། གཡུ་ཐོག་པ་ཆེན་པོ་དང༌། བགྲོ་གླེང་བྱས་ཏེ། གཡུ་ཐོག་པ་རྒྱལ་ནས་ཀུན་གྱིས་གཡུ་ཐོག་པ་ལ་བཀུར་བཟོ་ཆེར་བྱས། གཡུ་ཐོག་པ་ཆེན་པོས། ཀོང་བོའི་ཡུལ་དུ་སྨན་ལུང་ཞེས་བྱ་བའི་ས་ཆར་སྨན་སློབ་པའི་དགོན་པ་བཏབ་སྟེ། དཔོན་སློབ་སྟོང་ཙམ་དེར་བཞུགས་ནས་རྒྱུད་བཞི་རྩ་འགྲེལ་ཆ་ལག་ཁ་སྐོང་དང་བཅས་པ་དང༌། ཕྱོགས་རིགས་ཀྱི་སྨན་པ་དགུས་བསྒྱུར་བའི་སྨན་གཞུང་རྣམས་དང༌། བོད་ཀྱི་མཁས་པ་མི་དགུས་མཛད་པའི་སྨན་གཞུང་རྣམས་དང༌། སྨན་དཔྱད་ཟླ་བའི་རྒྱལ་བོ། བདུད་རྩི་བུམ་པ། ཡན་ལག་བརྒྱད་པའི་སྙིང་བོ་བསྡུས་པ། དྲང་སྲོང་སྙན་བརྒྱུད། ཚིག་དོན་ཟླ་ཟེར་ལ་སོགས་པའི་སྨན་གཞུང་རྣམས་ལ་སྦྱངས་པ་དང་སྤེལ་བར་མཛད་པས་གསོ་བ་རིག་པ་འདི་བོད་ཡུལ་དུ་ཆེས་ཆེར་དར་བ་བྱུང་ངོ༌།།

གཞན་ཡང༌། རྒྱ་གར་ནས་སློབ་དཔོན་ཞི་བ་འཚོ་དང༌། པདྨ་འབྱུང་གནས་རྣམ་གཉིས་སྤྱན་དྲངས། བསམ་ཡས་ཀྱི་གཙུག་ལག་ཁང་ཆེན་པོ་བཞེངས། དེ་ནས་སློབ་དཔོན་ཞི་བ་འཚོས་རྒྱ་གར་ནས་དགེ་སློང་བཅུ་གཉིས་གདན་དྲངས། མཆིམས་ཨ་ནུའི་བུ་ཤཱཀྱ་པྲ་བྷ་དང༌། པ་གོར་ཧེ་འདོད་ཀྱི་བུ་བཻ་རོ་ཙ་ན། སྦ་ཁྲི་བཞེར་གྱི་བུ་སྦ་རཏ་ནའམ་སང་ཤི་ཏའམ་ཁྲི་གཟིགས་ཀྱང་ཟེར། ཞང་ཉང་བཟང་གི་བུ་ལྷ་བུ་ལྷ་བསེ་བཙན། ཤུད་པུ་ཁོང་སླེབ། འཁོན་ཀླུའི་དབང་བོ་བསྲུང་བ། ངན་ལམ་རྒྱལ་མཆོག གཙང་ལེགས་གྲུབ། འཇམ་དཔལ་གོ་ཆ། པྲན་ཀ་མུ་ཏིཀ གླང་ཀ་ཏ་ན། རྩངས་དེ་ཝེན་དྲ། རླངས་ཁམས་པ་གོ་ཆ། འཁོན་ན་གེན། རྨ་རིན་ཆེན་མཆོག ལ་གསུམ་རྒྱལ་བ་བྱང་ཆུབ། སྦ་གསལ་སྣང༌། སྦ་ཁྲི་བཞེར། སྦྲང་རྒྱར་ལེགས་གཟིགས། སེང་གོང་ལྷ་ལུང་གཟིགས། སྣ་ནམ་རྡོ་རྗེ་བདུད་འཇོམས། ཤུད་པུ་དཔལ་གྱི་སེང་གེ། རྩངས་ས་ལེའི་བུ་རིན་ཆེན་ལེགས་གྲུབ་སོགས་ལ་ལེགས་སྦྱར་གྱི་སྐད་ཡིག་དང༌། རྒྱ་ནག་དང་བལ་བོ་ཟ་ཧོར་ཁ་ཆེ་ལི་ཡུལ་སོགས་ཀྱི་སྐད་ཡིག་དང་བརྡ་སྤྲོད་པའི་གཞུང་དང་རིག་པའི་གནས་དུ་མ་བསླབས་པས་ཆེས་མང་ཆེ་བ་མཁས་པ་ཆེན་པོར་གྱུར་ནས་ལོ་ཙཱ་བ་མང་བོ་བྱོན། དེ་དག་ལས་ཐོག་མར་སད་མི་མི་བདུན་རབ་ཏུ་བྱུང་བ་དང༌། དེ་རྗེས་ཡང་རབ་བྱུང་གི་སྡེ་ཆེར་འཕེལ་ཏོ།།

གཞན་ཡང་བོད་རང་དུ་ཀ་ཅོག་ཞང་གསུམ་སོགས་ལོ་ཙཱ་བ་འབོར་ཆེན་བྱུང་སྟེ། བསམ་ཡས་ཀྱི་སྒྲ་བསྒྱུར་ལོ་ཙཱ་གླིང་དུ་ཆོས་བསྒྱུར། འདུད་འདུལ་སྔགས་པ་གླིང་དུ་དབང་བསྐུར། རྣམ་དག་ཁྲིམས་ཁང་གླིང་དུ་སོ་ཐར་གྱི་སྡོམ་ཁྲིམས་འཕོག དགའ་ལྡན་སེམས་བསྐྱེད་གླིང་དུ་བྱང་སྡོམ་འཕོག མི་གཡོ་བསམ་གཏན་གླིང་དུ་རྒྱའི་ཧྭ་ཤང་ལ་སོགས་པས་བསམ་གཏན་བྱེད། བརྡ་སྤྲོད་ཚང་བའི་གླིང་དུ་བརྡ་སྦྱོར། བཻ་རོ་ཙ་ནའི་གླིང་དུ་ཆོས་འཆད། དཀོར་མཛོད་བེ་ཧར་གླིང་དུ་ནོར་བཞག་གོ །རྒྱལ་བོ་འདིའི་རིང་ལ་ཁམས་ཡན་ཆད་དུ་ཆོས་ཀྱི་གྲྭ་ཆེན་པོ་བཅུ་གཉིས་བཙུགས། ཡེར་བ་དང་མཆིམས་ཕུར་སྒོམ་གྲྭ་བཙུགས། རྒྱའི་ཧྭ་ཤང་མ་ཀོ་ལ་སྤྱན་དྲངས་ནས། སྦ་རཏ་ནས་ཤེས་རབ་འབུམ་པ་ཐོག་མར་བསྒྱུར། བྲན་ཀ་ལེགས། ལྷ་ལུང༌། ཀླུ་གོང༌། དབུས་གོང༌། ཆུང་བོ་རྩེ་སོགས་ཀྱིས་རྒྱ་ནག་པོའི་ལོ་ཙཱ་བྱས་སོ།།

གཞན་ཡང༌། རྒྱ་གར་གྱི་སློབ་དཔོན་བི་མ་ལ་མི་ཏྲ་དང༌། སངས་རྒྱས་གསང་བ་དང༌། ཤཱན་ཏི་གར་བྷ་དང༌། བི་ཤུད་ངྷ་སིང་ཧ་ལ་སོགས་པ་དང༌། བོད་ཀྱི་ལོ་ཙཱ་བ་སད་མི་མི་བདུན་དང༌། ཆོས་ཀྱི་སྣང་བ་དང༌། བན་དེ་ནམ་མཁའ་དང༌། སྒྲོན་རིན་ཆེན་སྡེ། རྣམ་པར་མི་རྟོག་པ། ཤཱཀྱ་འོད་ལ་སོགས་པས་ལོ་ཙཱ་བྱས་ཏེ། རྒྱ་གར་རྒྱ་ནག་ཁ་ཆེ་ཟ་ཧོར་ལི་ཡུལ་སོགས་ནས་བཀའ་དང་བསྟན་བཅོས་ཤིན་ཏུ་མང་བོ་བསྒྱུར། དེ་ནས་ཕོ་བྲང་ལྡན་དཀར་ན་བཞུགས་པའི་སྒྲ་བསྒྱུར་ཀ་བ་དཔལ་བརྩེགས་དང༌། ཀླུའི་དབང་བོ་ལ་སོགས་པས་བོད་ཁམས་སུ་འགྱུར་རོ་འཚལ་གྱི་གཞུང་གི་མཚན་བྱང་བཅོས་ཏེ་དཀར་ཆག་བྲིས་པ་ལ་དཀར་ཆག་ལྡན་དཀར་མ་ཟེར་རོ།།

རྒྱལ་བོ་དང་བློན་འབངས་ལོ་ཙཱ་བ་རྣམས་ཀྱིས་ཀྱང་དམ་པའི་ཆོས་སོགས་རིག་པའི་གནས་ལ་སྦྱང་བ་ཆེར་མཛད་པས་མཁས་པ་ཆེན་པོར་གྱུར་ཏེ། རྒྱལ་བོ་ཁྲི་སྲོང་ལྡེ་བཙན་རང་ཉིད་ཀྱིས། བཀའ་ཡང་དག་པའི་ཚད་མ་བམ་པོ་བདུན། དེའི་མདོར་བསྟན་བམ་པོ་གཅིག དེ་བཞིན་གཤེགས་པའི་སྐད་བརྡ་བམ་པོ་ལྔ། བྱམས་པའི་བསྟོད་ཆེན་བམ་པོ་གཅིག་ལྷག་པ་སོགས་བསྟན་བཅོས་གཞུང་ཚད་ཆེ་བ་(འདི་སྡེ་དགེའི་བསྟན་འགྱུར་གྱི་པོ་ཏི་ཅོ་བ་ན་བཞུགས)དང༌། གྲུབ་པའི་མཐའ་དགྲོལ་བ། དབུ་མའི་གཟེར་བུ། བསམ་གཏན་གྱི་དོགས་པ་བརྒྱད་བསལ་བ། ལྷ་བཙན་པོས་བཀས་བཅད་སོགས་དང༌། འཕགས་པ་རྣམ་སྣང༌། ཤཱཀྱ་ཐུབ་པ། འཇམ་དཔལ། བྱམས་པ། མི་གཡོ་མགོན། བྱང་ཆུབ་སེམས་དཔའ་བརྒྱ་ལ་བསྟོད་པ་སོགས་གཞུང་ཚད་ཆུང་བའི་བསྟན་བཅོས་དུ་མ་མཛད་དོ། །ཡུམ་སྟོང་ཕྲག་བརྒྱ་བའི་འགྲེལ་བ་འབུམ་རྐྱང་བའི་གནོད་འཇོམས་སུ་གྲགས་པ་ཡང་ཁྲི་སྲོང་གིས་མཛད་པ་དཀར་ཆག་འཕང་ཐང་མར་བཤད་པ་ལྟར་ཡིན་ལ། དཀར་ཆག་མཆིམས་མ་དང་ལྡན་དཀར་མར་བཤད་པའི་ཡུམ་གྱི་འགྲེལ་བ་གནོད་འཇོམས་སུ་གྲགས་པ་རྒྱ་གར་མ་ཡིན་པར་བཤད་པ་དེ་ནི། དཾཥྜ་སེ་ནའམ་ཁ་ཆེ་མཆེ་བའི་སྡེ་ཡང་ཟེར་བ་དེས་བརྩམས་པའི་ཡུམ་གསུམ་གནོད་འཇོམས་ཡིན་ནོ།།

གཞན་ཡང་མུ་ཏིག་བཙན་པོས་མཛད་པའི་དགོངས་པ་ངེས་འགྲེལ་གྱི་འགྲེལ་པ་དང༌། ཇོ་བོ་བྱང་ཆུབ་རྗེའི་སྨོན་ལམ་སོགས་ལྷ་སྲས་དང༌། བཙུན་མོས་མཛད་པ་དང༌། བཻ་རོ་ཙ་ནས་མཛད་པའི་དོན་གསལ་སྒྲོན་མ(འདི་ཡང་སྡེ་བསྟན་ཅོ་པར་བཞུགས)། རིགས་པ་དྲུག་ཅུ་བ་ལས་མདོར་བསྡུས་ཏེ་བཤད་པ། སྣང་མཐའི་མཚན་བརྗོད་ལ་སོགས་པ་དང༌། དཔལ་དབྱངས་ཀྱིས་མཛད་པའི་གཅེས་པ་བསྡུས་པའི་ཕྲིན་ཡིག ཀ་བ་དཔལ་བརྩེགས་ཀྱིས་མཛད་པའི་གསུང་རབ་རིན་པོ་ཆེའི་གཏམ། ཕྱིའི་ཡུལ་དྲན་རྒྱུད་དུ་ཡོད་པར་འདོད་པ་སེལ་བ། མཚན་ཉིད་གསུམ་མདོར་བསྟན། ཆོས་ཀྱི་རྣམ་གྲངས་རྩ་འགྲེལ་གཉིས་(འདི་སྡེ་བསྟན་སྣ་ཚོགས་སྐོར་དུ་བཞུགས)། ཞང་ཡེ་ཤེས་སྡེས་མཛད་པའི་ལྟ་བའི་ཁྱད་པར། བཟང་སྤྱོད་ཀྱི་འགྲེལ་བ་བཞིའི་དོན་བསྡུས(འདི་ཡང་སྡེ་བསྟན་ཆོ་བར་བཞུགས)། འཇིག་རྟེན་ཕ་རོལ་སྒྲུབ་པ་དགོངས་ལྡེམ་དགོངས་གཞིའི་བརྗེད་བྱང་རྣམས་དང༌། ཅོག་རོ་ཀླུའི་རྒྱལ་མཚན་གྱིས་མཛད་པའི་དགོངས་པ་ངེས་འགྲེལ་གྱི་རྒྱ་ཆེར་འགྲེལ(འདི་ཡང་སྡེ་བསྟན་ཆོ་པར་བཞུགས)། ངེས་པའི་དོན་དབུ་མ། ཤེར་ཕྱིན་མདོར་བསྡུས། ཕྲེང་བའི་རྒྱན། ཆོས་གཏན་ལ་དབབ་པ། དཔལ་བརྩེགས་དང་ཀླུའི་རྒྱལ་མཚན་གྱི་བརྒལ་ལན་བཞི་ཕྲུགས། གཞན་ཡང་དཔལ་བརྩེགས་ཀྱིས་མཛད་པའི་ལྟ་བའི་རིམ་པའི་མན་ངག་དང༌། གསུང་རབ་རིན་པོ་ཆེའི་གཏམ་རྒྱུད་དང་ཤཱཀྱའི་རབས་རྒྱུད(འདི་གཉིས་ཀྱང་སྡེ་བསྟན་དུ་བཞུགས)། སློབ་དཔོན་ཤེས་རབ་སྙིང་བོའི་དགོངས་འགྲེལ་བྱམས་ལེའི་བརྗེད་བྱང༌། པྲ་ཤ་སེ་ནའི་ཤེར་སྙིང་ཊཱིཀ སློབ་དཔོན་བཀྲ་ཤིས་ཀྱི་དབུ་མ་རྒྱན་གྱི་བརྗེད་བྱང་དང༌། སྡོམ་པ་ཉི་ཤུ་པའི་འགྲེལ་བ། དཔལ་གྱི་ལྷུན་པོའི་དགེ་སློང་མའི་སོ་ཐར་གྱི་འགྲེལ་བ། ཨ་ཙཱརྱ་ཀ་ལ་ཡ་ན་དང༌། རིན་ཆེན་ཟླ་འབྱུང་དང༌། ཀོང་ཨུད་པལ་ཀོ་ཥ་སོགས་ཀྱི་དྲིས་ལན། ལྕེ་ཁྱི་འབྲུག་གི་སྒྲའི་གནས་བརྒྱད་རྩ་འགྲེལ་དང་(འདི་ཡང་སྡེ་བསྟན་དུ་བཞུགས)། མ་བྱིན་ལེན་གྱི་སྐབས་ནས་མཁན་པོ་བཞིས་དཔྱད་པ་སོགས་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་ཀྱང་བསྟན་བཅོས་མང་དུ་མཛད།

བཻ་རོ་ཙ་ན། ལྡན་མ་རྩེ་མང༌། ཁ་ཆེ་ཨ་ནན་ཏ་སྟེ་ལོ་ཙཱ་བ་རྒན་གསུམ། གཉགས་ཛྙ་ན་ཀུ་མ་ར། འཁོན་ཀླུའི་དབང་བོ། རྨ་རིན་ཆེན་མཆོག་སྟེ་བར་བ་གསུམ། ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ་གཞོན་གསུམ་བཅས་དགུ་དང༌། ཕྱིས་སུ་བརྒྱ་ཕྲག་ལྷག་བྱུང་ཞིང༌། གཞན་ཡང་སློབ་དཔོན་ཀ་མ་ལ་ཤི་ལ་སོགས་པཎྜི་ཏ་མང་བོ་སྤྱན་དྲངས་ནས་རྒྱ་གར་སོགས་ནས་ནང་དོན་རིག་པ་སོགས་མང་བོ་བསྒྱུར་བས་དམ་པའི་ཆོས་སོགས་རིག་པའི་གནས་དར་ཞིང་རྒྱས་སྟབས་ཆབ་སྲིད་དང་དཔལ་འབྱོར་ཡང་སྔར་ལས་ལྷག་པར་དར་ཏེ་མཐའ་བཞི་དབང་དུ་འདུས་ཚུལ་སོགས་དེབ་ཐེར་རྣམས་སུ་གསལ། བཀའ་གཙིགས་ཀྱི་ཡི་གེ་དང་ཁྲིམས་ཡིག་སོགས་མང་བོ་བཟོས། བློན་ཆེན་མགོས་རྒན་གྱི་བུ་མགོས་ཁྲི་བཟང་ཡབ་ལྷག་གིས། སྔར་ཞལ་ལྕེ་གསོས་ཐང་སྟོང་ཐང་དུ་བཅད་པ་མེད་པ་ལ་ཁྲིམས་སུ་བཅད་ནས་ཁྲིམས་ཡིག་ཆེན་མོ་བཟོས་པས་བློན་པོ་ཕྱི་མ་རྣམས་ལའང་དྲིན་ཆེ་བས། བོད་ཕྲུག་མཛངས་པའི་མི་བདུན་གྱི་དྲུག་པར་འདྲེན་ནོ། །བློན་སྟག་བཙན་གདོང་གཟིགས་གཉེར་གྱི་བུ། གཉེར་སྟག་བཙན་གདོང་གཟིགས་ཀྱིས་ཀྱང༌། འབངས་མི་ཁྱིམ་རེ་ལ་རྟ་གླང་མཛོ་གཡག་སོགས་བགོས་ནས། རྩྭ་སྔོན་དགུན་དུས་སུ་བསྐམ་པ་སོགས་ཀྱི་ལག་རྗེས་བཞག་པས། བོད་ཕྲུག་མཛངས་པའི་མི་བདུན་པ་ཟེར་རོ།།

དེ་རྗེས་ཁྲི་སྲོང་གི་སྲས་ཆེ་བ་མུ་ནེ་བཙན་པོའི་དུས་སུ། ལྷ་ས། ཁྲ་འབྲུག བསམ་ཡས་རྣམས་སུ་མཆོད་པ་ཆེན་པོ་བཙུགས་ཤིང༌། པཎྜི་ཏ་དང་ལོ་ཙཱ་བ་དང་དགེ་འདུན་པ་རྣམས་ལ་བསྙེན་བཀུར་མཛད་དེ་སྔར་བཞིན་དམ་པའི་ཆོས་སོགས་བསྒྱུར་ཞིང་སྤེལ་བར་མཛད། འབངས་ཀྱི་དབུལ་ཕྱུག་སྙོམས་པ་སོགས་མཛད་དོ།།

དེ་རྗེས་ཁྲི་སྲོང་གི་སྲས་ཐ་ཆུང་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་དུ་གྲགས་པ་རྒྱལ་སར་འཁོད།

གཡུ་ཐོག་ཡོན་ཏན་མགོན་པོའི་སྲས། འབུམ་སེང༌། དཔལ་འབུམ། དགའ་དགའ་གསུམ་གྱིས། མུ་ནེ་བཙན་པོ་དང༌། སད་ན་ལེགས་འདི་གཉིས་ཀའི་བླ་སྨན་པ་མཛད་ཅིང་འཕྲིན་ལས་ཀྱང་ཡབ་ཀྱི་གདན་ས་གནོན་པ་བྱུང༌། འདི་དུས་བློན་པོ་གླང་སྣ་ཅན་གྱིས་བོད་ཀྱི་མཁས་པ་རྣམས་ལ་སྐྱོན་ཕབ། གཡུ་ཐོག་པ་བཙོན་དུ་བཅུག དེ་ནས་ཀློ་ཁ་ཁྲའི་ཡུལ་དུ་སྤྱུགས་པ། རྒྱལ་བོ་སད་ན་ལེགས་འདིས་ཀློ་ཡུལ་ནས་གདན་དྲངས། རྒྱལ་བོའི་ཕོ་བྲང་དུ་ཟ་འོག་དགུ་བརྩེགས་ཀྱི་སྟེང་དུ་སྤྱན་དྲངས་ཏེ། རིན་པོ་ཆེའི་འབུལ་བ་མང་བོ་ཕུལ་ཞིང་བོད་ཀྱི་རྒྱལ་བོ་བརྒྱུད་པ་ནས་བརྒྱུད་པར་གཡུ་ཐོག་བརྒྱུད་པར་བཅས་པ་བླ་སྨན་པ་བྱེད་དགོས་པའི་བཀའ་དང་དཔྱ་ཁྲལ་གྱི་འབུལ་བ་དང་བཅས་པ་ཐག་བཅད། གཡུ་ཐོག་པས་ཀྱང་སྔར་བཞིན་གསོ་བ་རིག་པ་རྒྱ་ཆེར་སྤེལ་ཏེ། གསུང་རྩོམ་ཡང་རིག་གནས་ཕྱི་ནང་ཞེས་པའི་གཞུང་ལེའུ་སོ་གསུམ། རྡེ་སྐོར་ཕྱི་ནང་གསང་གསུམ་ཞེས་པར་ལེའུ་ང་ལྔ། རིག་པའི་གནས་བཅོ་བརྒྱད་ཀྱི་འགྲེལ་བ་ཁ་སྐོང་དང་བཅས་པ། རྒྱུད་འགྲེལ་སྟོང་དང་རྩ་གཅིག་ལ་ལེའུ་སྟོང་དང་སུམ་བརྒྱ། མན་ངག་ཕན་བྱེད་དང་གནོད་བྱེད་ཀྱི་གཞུང་ཕྲན་མང་བོ། དམར་འདེད་ཀྱི་མན་ངག་ལེའུ་བརྒྱ་དང་དགུ་བཅུ། རོ་བཀྲ་འཕྲུལ་གྱི་མེ་ལོང་ལ་ལེའུ་ཉེར་ལྔ། བྱང་ཁོག་གསང་དབྱེ་ལེའུ་བརྒྱད། ཐུར་དཔྱད་གནད་ཀྱི་ལྡེའུ་མིག་ལ་ལེའུ་སོ་ལྔ། མངོན་ཤེས་གནད་ཀྱི་འཕྲུལ་འཁོར་ལ་ལེའུ་བཅོ་ལྔ། གསང་ཐིག་རིན་ཆེན་སྒྲོན་མེ་ལ་ལེའུ་བཅོ་བརྒྱད། ནག་རྩིས་འཁོར་འདས་གཏན་འབེབས་ལ་ལེའུ་བརྒྱ་དང་ཉི་ཤུ། འབྲས་རྩིས་ལ་ལེའུ་ཉེར་ལྔ། དཀར་རྩིས་རི་བོ་རྡུལ་འབེབས་ལ་ལེའུ་དྲུག་ཅུ། རྒྱུད་བཞིའི་ཐེམ་ཡིག གབ་པ་གསལ་བྱེད། ཐོ་བྱང༌། རྒྱུད་ཀྱི་ཁ་སྐོང༌། དཀར་ཆག ཆ་ལག མེ་རྩ་མདོ་ཆོད་ནག་པོ། གཏར་ཁ་ལག་ལེན་འཕྱུགས་མེད། གྱེན་འདྲེན་ལྕགས་ཀྱུས་ཉ་འཛིན། ཐུར་འབེབས་རི་བོ་རྦབ་སྒྲིལ། ཉམས་ཡིག་མཐོང་བ་དོན་ལྡན། ཁྲིད་ཡིག་བརྒྱ་དང་ཉེར་གཅིག ནད་པ་ལ་གཅེས་པ་སྲོག་འཚོ་དཔལ་སྐྱེད་ཀྱི་གདམས་པ། སྨན་པ་ལ་གཅེས་པ་བསྐྲད་པ་ལྔ་ལྡན་གྱི་གདམས་པ་ལ་སོགས་པ་མང་བོ་བརྩམས་སོ།།

བསམ་ཡས་ལ་ཞིག་གསོ་དང༌། བསམ་ཡས་སོགས་ཀྱི་མཆོད་པ་མུ་ནེ་བཙན་པོས་བཙུགས་པ་དེ་བར་སྐབས་སུ་རེ་ཞིག་ཉམས་པ་དེ་སླར་གསོས། སྐྱིད་ཤོད་དུ་དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས། པཎྜི་ཏ་བི་མ་ལ་མི་ཏྲ། ཛྙཱ་ན་སེ་ན། བལ་བོ་ཧཱུཾ་ཀ་ར། པྲ་ཛྙཱ་ངྷརྨ། ཤཱཀྱ་སིང་ཧ། སུ་རེན་དྲ་བོ་ངྷི། ཛི་ན་མི་ཏྲ། ད་ན་ཤི་ལ། བུད་ངྷ་སིང་ཧ་སོགས་སྤྱན་དྲངས། སྔར་གྱི་ལོ་ཙཱ་བ་རྣམས་ལའང་བསྙེན་བཀུར་ཆེན་པོ་བྱས་ཏེ། མཚན་ཉིད་དང༌། གསང་སྔགས་ཀྱི་བཀའ་བསྟན་བཅོས་མང་བོ་བསྒྱུར། རྒྱལ་བོ་འདིས་ཡབ་མེས་ཀྱི་དུས་བཞིན་བྱེད་དགོས་པའི་ཐུགས་དམ་བཞེས་ཏེ། དབུ་སྙུང་བོར་ནས། བཀའ་གཙིགས་ཀྱི་ཡི་གེ་སྔ་ཕྱི་ཤོག་གུ་མཐིང་ག་ལ་གསེར་གྱིས་བྲིས་ཏེ། རིན་པོ་ཆེ་ཁྲ་མེན་གྱི་སྒྲོམ་དུ་བཅུག་ནས་བསམ་ཡས་ཀྱི་ཡབ་ཁྲི་སྲོང་གི་བཀའ་གཙིགས་ཆེན་མོའི་འགྲམ་དུ་བཞག་གོ།

དེ་རྗེས་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་ཀྱི་སྲས། ཁྲི་གཙུག་ལྡེ་བཙན་རལ་བ་ཅན་གྱིས་རྒྱལ་སྲིད་བཟུང༌། འདིའི་རིང་ལ་འུ་ཤང་རྡོའི་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས། གཙུག་ལག་ཁང་དུ་པཎྜི་ཏ་དང་ལོ་ཙཱ་བ་རྣམས་བཞུགས་ནས། མཚན་ཉིད་དང་རྡོ་རྗེ་ཐེག་པའི་བཀའ་བསྟན་བསྒྱུར་ཅིང་འཆད་རྩོམ་གྱིས་དུས་འདའ་བར་བྱེད། སྔར་ལྷ་སྲས་ཡབ་ཀྱི་རིང་ལ་ཆོས་ཀྱི་བརྡ་བོད་སྐད་ལ་མ་གྲགས་པ་མང་བོ་ཞིག་བྱུང་ཞིང༌། རྒྱ་ནག་དང་ལི་དང་རྒྱ་གར་ཡུལ་དབུས་དང་ཟ་ཧོར་དང་ཁ་ཆེ་སོགས་སྣ་ཚོགས་ནས་བསྒྱུར་བའི་བརྡ་མི་འདྲ་བ་དག་མང་བོ་མི་གོ་ཞིང་བསླབ་དཀའ་བར་གཟིགས་ནས། དྲིན་ཅན་གྱི་ལོ་པཎ་རྣམ་གསུམ་ཞེས་གྲགས་པ་ཛི་ན་མི་ཏྲ་དང༌། དན་ཤཱི་ལ་དང༌། ཞང་ཡེ་ཤེས་སྡེ་གསུམ་སོགས་ལོ་པཎ་རྣམས་ཀྱིས་སྔར་བསྒྱུར་བ་ཐམས་ཅད་དག་པར་བྱས་ཤིང་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་གོ་བདེ་བར་བྱས། གཞུང་ཚད་རྣམས་ཀྱང་བམ་གྲངས་སོགས་ངེས་པར་བྱས་ཏེ། དཀར་ཆག་ཏུ་བསྣན་ནས། སྤྱིར་ཁྲི་སྲོང་གི་དུས་ཀྱི་དཀར་ཆག་ཕོ་བྲང་ལྡན་དཀར་མ་དང༌། ཕྱིས་ཀྱི་མཆིམས་ཕུ་མ་དང་འཕང་ཐང་མ་སྟེ་གསུམ་བྱུང་བ་དཀོར་མཛོད་ཀྱི་ཟླ་ལ་བཞག་གོ །ཡང་སྐད་གསར་བཅད་ཀྱི་སྐབས་ལོ་པཎ་རྣམས་ཀྱིས་བྱེ་བྲག་རྟོགས་བྱེད་ཆེ་འབྲིང་ཆུང་གསུམ་མཛད། ཆེན་མོ་དང་འབྲིང་བའམ་སྒྲ་སྦྱོར་བམ་གཉིས་སྡེ་དགེའི་བསྟན་འགྱུར་ཅོ་བའི་ནང་སྣ་ཚོགས་སྐོར་དུ་བཞུགས། ཇི་ལྟར་བརྩམས་ཚུལ་སྒྲ་སྦྱོར་བམ་གཉིས་ཀྱི་དབུར་བཤད་པ་ཡོངས་རྫོགས་འདིར་འདྲེན་པར་བྱ་སྟེ་འདི་ལྟར།།

རྟའི་ལོ་ལ་བཙད་པོ་ཁྲི་ལྡེ་སྲོང་བཙན(འདི་ཡི་གེ་ནོར་བ་ཡིན་ཏེ། ཁྲི་གཙུག་ལྡེ་བཙན་ཡིན་ནོ)། ཕོ་བྲང་གིའི་འོན་ཅང་རྡོ་(འུ་ཤང་རྡོ་དང་གཅིག་རེད)ན་བཞུགས། སྟོད་སྨད་ཀྱི་དམག་རྙིད་རྗེད་དང་རྐུན་ཆེན་བཏུལ། གར་ལོག་གི་ཕོ་ཉས་ཕྱག་བཙལ། བློན་ཆེན་པོ་ཞང་ཁྲི་ཟུར་རམ་ཤག་དང༌། མང་རྗེ་ལྷ་འོད་ལ་སོགས་པས་རྒྱལ་ས་གནད་མང་བོ་བཅད་དེ། རྔ་རྟ་དང་བ་མར་མང་བོ་ཕྱག་ཏུ་ཕུལ། ཞང་བློན་སོ་སོར་བྱ་དགའ་བསྩལ་བའི་ལན་ལ། ཉི་འོག་གི་མཁན་པོ་ཨ་ཙཱརྱ་ཛི་ན་མི་ཏྲ་དང༌། སུ་རེནྡྲར་བོ་ངྷི་དང༌། ཤཱི་ལེན་དྲ་བོ་ངྷི་དང༌། ད་ན་ཤཱི་ལ་དང༌། བོ་ངྷི་མི་ཏྲ་དང༌། བོད་ཀྱི་མཁན་པོ་རཏ་ན་ར་ཀྵི་ཏ་དང༌། ངྷརྨ་ཏ་ཤཱི་ལ་དང༌། ལོ་ཙཱ་བ་མཁས་པ་ཆུད་པ་ཛྙཱ་ན་སེ་ན་དང༌། ཛ་ཡ་རཀྵི་ཏ་དང༌། མཉྫུ་ཤྲཱི་ཝརྨ་དང༌། རཏ་ནེན་དྲ་ཤཱི་ལ་ལ་སོགས་པས་ཐེག་པ་ཆེ་ཆུང་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག་ཅེས་བཀའ་བསྩལ་ནས། སྔོན་ལྷ་སྲས་ཡབ་ཀྱི་རིང་ལ། ཨ་ཙཱརྱ་བོ་ངྷི་ས་ཏྭ་དང༌། ཡེ་ཤེས་དབང་བོ་དང༌། ཞང་རྒྱལ་ཉེན་ཉ་བཟང་དང༌། བློན་ཁྲི་བཞེར་སང་ཤི་དང་(འདི་ཡང་ཡི་གེ་ནོར་བ་འདྲ་སྟེ། ཁྲི་བཞེར་གྱི་བུ་སང་ཤི་ཏ་ཡིན་ལ། སང་ཤི་ནི་རྒྱ་ཕྲུག་ཡིན་པར་གསུངས།)། ལོ་ཙཱ་བ་ཛྙཱ་ན་དེ་བ་ཀོ་ཥ་དང༌། ཁྱི་འབྲུག་དང༌། ལྕེ་བྲམ་ཟེ་ཨ་ནན་ཏ་ལ་སོགས་པས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་མང་དག་ཅིག་མཆིས་པའི་ནང་ནས་ཁ་ཅིག་ཆོས་ཀྱི་གཞུང་དང༌། བྱཱ་ཀ་ར་ཎའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས། སྐད་ཀྱི་མིང་གཅེས་སོ་འཚལ་གྱིས་ཀྱང་བསྣན་ནས་ཐེག་པ་ཆེ་ཆུང་གི་གཞུང་ལས་ཇི་ལྟར་འབྱུང་བ་དང༌། གནའི་མཁན་པོ་ཆེན་པོ་ནཱ་གཱ་རྫུ་ན་དང༌། བ་སུ་བན་ངྷེ་ལ་སོགས་པས་ཇི་ལྟར་བཤད་པ་དང༌། བྱཱ་ཀ་ར་ཎའི་སྒྲའི་ལུགས་ལས་ཇི་སྐད་དུ་འདྲེན་པ་དང་ཡང་བསྟུན་ཏེ། མཇལ་དཀའ་བ་རྣམས་ཀྱང་ཚིག་སོ་སོར་ཕྲལ་ནས་གཏན་ཚིགས་ཀྱིས་བཤད་དེ་གཞུང་དུ་བྲིས། སྐད་རྐྱང་བ་བཤད་མི་འཚལ་བ་སྒྲ་བཞིན་དུ་བསྒྱུར་བར་རིགས་པ་རྣམས་ཀྱང་སྒྲ་བཙན་པར་བགྱིས་ཏེ་མིང་དུ་བཏགས། སྐད་ཁ་ཅིག་དོན་བཞིན་དུ་གདགས་པར་རིགས་པ་རྣམས་ཀྱི་དོན་བཙན་པར་བགྱིས་ཏེ་མིང་དུ་བཏགས་ནས། བཙད་པོའི་སྤྱན་སྔར་བན་དེ་ཆེན་པོ་དཔལ་གྱི་ཡོན་ཏན་དང༌། བན་དེ་ཆེན་པོ་ཏིང་ངེ་འཛིན་ལ་སོགས་པ་ཡང་འཚོགས་ཏེ། རྗེ་བློན་གདན་འཛོམས་པ་ལ་ཞུས་ནས་ངྷརྨ་བསྒྱུར་བའི་ཐབས་དང༌། རྒྱ་གར་གྱི་སྐད་ལ་བོད་ཀྱི་སྐད་དུ་མིང་བཏགས་པ་རྣམས་གཏན་ལ་ཕབ་སྟེ། བཀས་བཅད་པ། དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག ངྷརྨ་བསྒྱུར་བ་ལ་རྒྱ་གར་གྱི་སྐད་ཀྱི་གོ་རིམ་ལས་མི་བསྣོར་བ་བོད་ཀྱི་སྐད་དུ་བསྒྱུར་ན་དོན་དང་ཚིག་ཏུ་འབྲེལ་ཞིང་བདེ་ན་མ་བསྣོར་བར་སྒྱུར་ཅིག བསྣོར་ན་བདེ་ཞིང་གོ་བ་བསྐྱེད་པ་ཞིག་ཡོད་ན། ཚིགས་བཅད་ལ་ནི་རྩ་བ་བཞི་བའམ། དྲུག་པའང་རུང་སྟེ། ཚིགས་སུ་བཅད་པ་གཅིག་གི་ནང་ན་གང་བདེ་བ་བསྣོར་ཞིང་སྒྱུར་ཅིག རྐྱང་བ་ལ་ནི་དོན་གང་སྙེགས་པ་ཡན་ཆད་ཀྱི་ཚིག་དང་དོན་གཉིས་ཀ་ལ་གར་བདེ་བར་བསྣོར་ཞིང་སྒྱུར་ཅིག སྐད་གཅིག་ལ་མིང་དུ་མར་འདྲེན་པ་ནི། ལྟག་འོག་དང་བསྟུན་ལ་གར་སྙེགས་པ་བཞིན་དུ་མིང་ཐོགས་ཤིག གཽ་ཏ་མྱ་ལྟ་བུ་གཽའི་སྒྲ་ལས་ཚིག་དང༌། ཕྱོགས་དང༌། ས་དང༌། འོད་དང༌། རྡོ་རྗེ་དང༌། བ་ལང་དང༌། མཐོ་རིས་ལ་སོགས་པ་རྣམ་པ་དུ་མར་སྙེགས་པ་དང༌། ཀཽ་ཤི་ཀ་ལྟ་བུའི་རྩ་ཀུ་ཤ་ཐོགས་པ་དང༌། མཁས་པ་དང༌། པད་མ་ལ་དགའ་བ་དང༌། འུག་པ་དང་། མཛོད་ལྡན་ལ་སོགས་པའི་སྒྲའི་ལུགས་ལས་དྲངས་ཤིང་བསྒྱུར་ན་སྣ་གྲངས་མང་བོ་ཞིག་ཏུ་སྙེགས་ལ། བསྒྱུར་བ་རྣམས་གཅིག་གི་ནང་དུ་ནི་སྣ་གྲངས་དེ་ཀུན་འདུར་ཡང་མི་བཏུབ་སྟེ། གཅིག་ཏུ་ཆད་པར་བྱར་ཡང་གཏན་ཚིགས་ཆེན་པོ་མེད་པ་རྣམས་ནི་མི་བསྒྱུར་བར་རྒྱ་གར་སྐད་སོ་ན་ཞོག་ཅིག གར་ཡང་དྲང་དུ་རུང་བའི་ཚིག་བྱུང་ན། ཕྱོགས་གཅིག་ཏུ་ཆད་པར་མི་བསྒྱུར་བར་སྤྱིར་སྙེགས་སུ་རུང་བར་གྱིས་ཤིག ཡུལ་དང༌། སེམས་ཅན་དང༌། མེ་ཏོག་དང༌། རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང༌། འོལ་ཕྱིར་བསྒྱུར་དུ་རུང་བ་དོན་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ལ། མགོ་ལ་ཡུལ་ཞེའམ། མེ་ཏོག་ཅེས་པ་ལ་སོགས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོན་ལ་རྒྱ་གར་སྐད་སོ་ན་ཞོག་ཅིག གྲངས་ལ་རྒྱ་གར་སྐད་བཞིན་དུ་བསྒྱུར་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་འབྱུང་བ་ལ་སོགས་པ་ནི། སྟོང་ཉིས་བརྒྱ་ལྔ་བཅུ་ཐམ་པར་བོད་ཀྱི་སྐད་བཞིན་བསྒྱུར་ན་དོན་དང་མི་འགལ་བ་བོད་ཀྱི་སྐད་ལ་ཡང་བདེ་བས་གྲངས་བསྡོམ་དུ་རུང་བ་རྣམས་བོད་སྐད་ཀྱི་ལུགས་བཞིན་ཐོགས་ཤིག པ་རི་དང༌། སམ་དང༌། ཨུ་བ་ལྟ་བུ་ལ་སོགས་ཏེ། ཚིག་གི་ཕྲད་དང་རྒྱན་ལྟ་བུར་འབྱུང་བ་རྣམས་བསྒྱུར་ན་དོན་དང་མཐུན་ཞིང་འབྱོར་བའི་ཐབས་ནི། ཡོངས་སུ་ཞེའམ། ཡང་དག་པ་ཞེའམ། ཉེ་བ་ཞེས་སྒྲ་བཞིན་དུ་སྒྱུར་ཅིག དོན་ལྷག་པར་སྙེགས་པ་མེད་པ་རྣམས་ནི་ཚིག་གི་ལྷད་ཀྱིས་བསྣན་མི་དགོས་ཀྱིས་དོན་བཞིན་དུ་ཐོགས་ཤིག རྣམ་གྲངས་སུ་གཏོགས་པའི་ཚིག་རྣམས་ནི་མ་འདོམས་ན་མིང་གང་བོད་སྐད་དུ་སྤྱིར་གྲགས་ཤིང་ཚིག་ཏུ་གར་བདེ་བར་གདགས་སོ། །འདོམས་ན་སོ་སོར་བཏགས་པ་བཞིན་དུ་ཐོགས་ཤིག སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པ་ཞེ་ས་དང་སྐོ་ལོང་གི་ཚིག་གི་རིམ་པ་ནི་སངས་རྒྱས་ལ་ཞེ་སའི་ཚིག་ཏུ་བསྒྱུར། གཞན་ལ་ཚིག་འབྲིང་བོ་མན་ཆད་ཙམ་དུ་བྱས་ཏེ། སྔོན་ལྷ་སྲས་ཡབ་ཀྱི་སྤྱན་སྔར་མཁན་པོ་དང་ལོ་ཙཱ་བ་མཁས་པ་འཚོགས་ནས། ངྷརྨ་དཀོན་མཆོག་སྤྲིན་དང༌། ལང་ཀར་གཤེགས་པ་བསྒྱུར་ཏེ། གཏན་ལ་ཕབ་པའི་ལུགས་བཞིན་སྒྱུར་ཅིག སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་ལས་སོ་སོ་ནས་སུ་ཡང་འཆོས་ཤིང་འོག་ཏུ་མིང་གསར་དུ་འདོགས་སུ་མི་གནང་གིས། བསྒྱུར་བ་དང་འཆད་པའི་གྲྭ་སོ་སོ་ནས་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ཡོད་ན་ཡང༌། སོ་སོའི་གྲྭ་གྲྭར་མིང་ཆད་པར་མི་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལས་ཇི་སྐད་དུ་འབྱུང་བའི་གཏན་ཚིགས་དང༌། ཆོས་ལ་ཇི་སྐད་དུ་གདགས་པ་དཔྱད་དེ། ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་དང༌། ངྷརྨ་ཞུ་ཆེན་འཚལ་བའི་གྲྭར་ཕུལ་ལ། སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ། །གསང་སྔགས་ཀྱི་རྒྱུད་རྣམས་གཞུང་གིས་གསང་བར་བྱ་བ་ཡིན་ཏེ། སྣོད་དུ་མ་གྱུར་བ་རྣམས་ལ་བཤད་ཅིང་བསྟན་དུ་ཡང་མི་རུང་ལ། བར་དུ་བསྒྱུར་ཞིང་སྤྱོད་དུ་གནང་གིས་ཀྱང༌། ལྡེམ་པོ་དག་ཏུ་བཤད་པ་མ་ཁྲོལ་ནས་སྒྲ་ཇི་བཞིན་དུ་འཛིན་ཅིང་ལོག་པར་སྤྱོད་པ་དག་ཀྱང་བྱུང༌། སྔགས་ཀྱི་རྒྱུད་ཀྱི་ནང་ནས་ཐུ་ཞིང་བོད་སྐད་དུ་བསྒྱུར་བ་དག་ཀྱང་བྱུང་ཞེས་གདགས་ཀྱི། ཕྱིན་ཆད་གཟུངས་སྔགས་དང་རྒྱུད་བླ་ནས་བཀའ་བསྩལ་ཏེ། སྒྱུར་དུ་བཅུག་པ་མ་གཏོགས་པ། སྔགས་ཀྱི་རྒྱུད་དང༌། སྔགས་ཀྱི་ཚིག་ཐུ་ཞིང་བསྒྱུར་དུ་མི་གནང་ངོ༌། །སྐད་ཀྱི་མིང་སྔོན་གཏན་ལ་མ་ཕབ་པ་དང་མིང་དུ་མ་ཐོགས་པ་ལས་ཐེག་པ་ཆེ་ཆུང་གི་གཞུང་དང་སྒྲའི་གཞུང་ལས་འབྱུང་བ་སྦྱར་ཏེ་བཤད་པའི་དང་བོའོ། །ཞེས་གསུངས་སོ།།

གོང་གི་མཆན་བུ་དག་བདག་གིས་བཏབ་པ་ཡིན་ལ། བཀས་བཅད་འདི་ལ་དཔག་ན་སྔོན་རིག་གནས་ཇི་ལྟར་དར་བ་ཤེས་པར་འགྱུར་བས། ལུང་ཚིག་འདི་དྲངས་པ་ཡིན་ནོ། །རྒྱལ་བོ་འདིས་བཀས་བཅད་གསུམ་མཛད་དེ། སྐད་གསར་བཅད་ཀྱི་བཀས་བཅད་དང༌། འདུལ་བ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ལས་གཞན་པའི་སྡེ་བ་དག་གི་སྡེ་སྣོད་མི་བསྒྱུར་བར་བཀས་བཅད། གསང་སྔགས་མ་རྒྱུད་རྣམས་མ་བསྒྱུར་ཅིག་ཅེས་བཀས་བཅད་པ་སྟེ་གསུམ་མོ། །བྲེ་སྲང་སོགས་ཀྱང་རྒྱ་གར་ཡུལ་དབུས་འགྱུར་ཚུལ་དང་མཐུན་པར་བཅོས། བོད་འབངས་ཀྱི་ཁྲིམས་ཡིག་དང༌། ཡིག་ཚང་སོགས་ཞིག་གསོ་དང་ལེགས་བཅོས་མཛད་ཅིང༌། མངའ་ཐང་རབ་ཏུ་རྒྱས་ཏེ་ནུབ་ཕྱོགས་སྟག་གཟིག་ཚུན་ཆོད་དབང་དུ་འདུས། བོད་འབངས་རབ་ཏུ་སྐྱིད་པ་བྱུང་ཟེར་རོ།།

ལྷ་ཐོ་ཐོ་རི་ནས་རྒྱལ་བོ་འདིའི་བར་ལ་སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ་ཞེས་ཟེར། མུ་ནེ་བཙན་པོ་ཡུན་ཐུང་བས་ཕྱེད་དུ་བརྩིས། མང་སྲོང་མ་བགྲངས་པར་དེ་ལྟར་གྲགས་ལ། མེས་ཨག་ཚོམ་ནས་འདིའི་བར་ལ་ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ་ཞེས་སྔ་རབས་ལ་གྲགས་སོ།།

དེ་ནས་བློན་གདུག་པ་ཅན་དབས་སྟག་རྣ་ཅན་སོགས་ཀྱིས། རྒྱལ་བོ་དང༌། བློན་བྲན་ཀ་དཔལ་ཡོན་བཀྲོངས་ནས། གླང་དར་མ་འུ་དུམ་བཙན་རྒྱལ་སར་བཞག འདི་ནི་ཆུང་དུས་ནས་གཟུགས་བ་ལང་གི་ཤ་ཚུགས་དང་འདྲ་ཞིང༌། བློ་རྟུལ་ལ་རྒྱུད་གྱོང་བས། འབངས་རྣམས་ཀྱིས་གླང་དར་མ་(གླང་ཕྲུག)ཞེས་བཏགས། མིང་དངོས་ནི། འུ་དུམ་བཙན་ཟེར། རྒྱའི་ལོ་རྒྱུས་རྒྱའི་ལོ་ཙཱ་བ་བ་ཧུ་གྱང་ཇུ་ཟེར་བས་བོད་ཡིག་ཏུ་བསྒྱུར་བ་ལས། རྒྱལ་བོ་འདི་ཆང་ལ་དགའ་ཞིང་སྤྱོད་པ་ངན་པས། བོད་ཀྱི་རྒྱལ་ཁམས་ཐམས་ཅད་འཁྲུགས། སི་ཧ་ཅེའུ་ལ་བོད་དབང་བའི་རི་བརྩིགས་ཡོད་པ་འགྱེལ། ཀླུ་ཆུ་ཞག་གསུམ་གྱེན་ལ་ལོག ལྟས་ངན་བྱུང་ཞིང་རྒྱལ་ཁམས་ཞིག་པ་ཡིན་ནོ། །ཞེས་བཤད་དོ།།

དེ་ནས་གླང་དར་ཁོ་རང་ཡང་བློ་རྨོངས་ཤིང་ཡོན་ཏན་མེད་པར་མ་ཟད། ཡོན་ཏན་ཅན་ལ་སྙིང་ནས་མི་དགའ་བས། ཆོས་བྱས་པ་བཀྲ་མི་ཤིས་ཟེར་ནས། རྨ་རིན་ཆེན་མཆོག་དང་ཉང་ཏིང་འཛིན་སོགས་ལོ་ཙཱ་བ་ཆེན་པོ་མང་བོ་བཀྲོངས། པཎྜིཏ་རྣམས་ས་མཐར་བསྐྲད་པ་དང་ལ་ལ་རང་རང་སོ་སོའི་ཡུལ་དུ་བྲོས། རབ་ཏུ་བྱུང་བ་ལ་ལ་ས་མཐར་བྲོས། མ་ཐར་བ་རྣམས་ཁྱིམ་སར་ཕབ། མི་ཉན་པ་རྣམས་བསད། ལ་ལ་ཁྲིད་ནས་རྒྱལ་བློན་རྣམས་ཀྱིས་རྟ་ལ་འབབ་འཛེག་གི་ཚེ་སྒུར་དུ་བཅུག་ནས་སྟེགས་བྱས། ལ་ལའི་ལག་ཏུ་མདའ་གཞུ་དང་རྔ་གཤང་(རི་དྭགས་དཀྲོག་བྱེད་རྔ་དང་སི་ལི)བཞག་སྟེ་རྔོན་པ་བྱེད་དུ་བཅུག ལྷ་ས་དང༌། བསམ་ཡས་བཤས་ར་བྱས། གཙུག་ལག་ཁང་མང་བོ་བཤིགས། དཔེ་ཆ་རྣམས་མེ་ལ་བསྲེགས་པ་དང་ཆུ་ལ་བསྐུར་བ་དང་ས་འོག་ཏུ་གནོན་པ་སོགས་བྱས། འབངས་རྣམས་ཀྱི་འཚོ་བའང་ཇེ་སྡུག་ཇེ་སྡུག་ལ་སོང༌། བོད་འབངས་རྣམས་སྡུག་བསྔལ་གྱི་གནས་སུ་བཅར་ཏོ།།

དེའི་ཚེ་ལྷ་ལུང་དཔལ་གྱི་རྡོ་རྗེ་ཡེར་བ་བྲག་ལྷ་རི་སྙིང་བོ་ཞེས་བྱ་བ་ན་སྒོམ་གྱིན་ཡོད་པ། ཉིན་གཅིག་སྒོམ་ཁང་ཕྱི་ལ་ཕེབས་ནས་གཟིགས་པས། བཙུན་པའི་མགོ་ལ་བྱ་སྒྲོ་བཙུགས། ལག་ཏུ་རྔ་གཤང་(རྔ་དང་སི་ལི་རི་དྭགས་སྐྲོག་བྱེད)ཐོགས་ཏེ་ལིངས་(རྒྱའམ་རྙི་) བྱེད་པ་མཐོང་བས་རྒྱལ་བོས་བསྟན་པ་བསྣུབས་ཤིང༌། འབངས་རྣམས་སྡུག་བསྔལ་བར་ཤེས་ནས་སྙིང་རྗེ་ཆེན་པོ་སྐྱེས་ཏེ། རྒྱལ་བོ་མ་བསྒྲལ་ན་འབངས་རྣམས་སྡུག་བསྔལ་གྱིས་མནར་ཞིང༌། རྒྱལ་བོ་རང་ཉིད་ཀྱང་ལས་ངན་པ་བསགས་ནས་ཕྱི་མར་དམྱལ་བར་ལྟུང་བར་འགྱུར་སྙམ་ནས། རྟ་བཞོན་མདའ་གཞུ་ཐོགས་ཏེ་རྒྱལ་བོ་གསོད་དུ་ཆས། དེའི་ཚེ་འབངས་ཆེས་མང་བོ་འདུས་ནས་ངུ་འབོད་བྱེད་ཅིང་མྱ་ངན་བྱས། རྒྱལ་བོ་ནུབ་ཕྱོགས་གླ་བའི་ཚལ་ན་མིག་མང་རྩེ་ཞིང་འདུག་པའི་ཐག་ཉེར་སོང་ནས་ངུ་འབོད་(ཁྲོམ་སྐོར་རེད)བྱས་ཏེ། རྒྱལ་བོ་ཆེན་པོ་ལགས་ཁྱེད་ཀྱིས་ཆོས་བསྣུབས་པ་སོགས་འདི་འདྲ་མཛད་པ་ཤིན་ཏུ་ནས་ཀྱང་མི་རིགས་ཏེ། ཡབ་མེས་ཀྱི་ཡིག་ཚང་དང་དཀོར་མཛོད་ཀྱི་སྒྲོམ་བུ་རྡོ་རིང་གི་ཡི་གེ་ཐམས་ཅད་ལ་གཟིགས་ཤིག་ཅེས་མགྲིན་གཅིག་ཏུ་ངུ་འབོད་ཆེན་པོ་བྱས་པའི་འུར་སྒྲ་རྒྱལ་བོས་ཐོས་ནས་སེམས་མི་བདེ་བར། རྡོ་རིང་གི་རྩར་སོང་ནས་ཡི་གེ་ཀློག་གིན་ཡོད་པའི་སྐབས། ལྷ་ལུང་དཔལ་གྱི་རྡོ་རྗེ་སླེབས་ཏེ། རྒྱལ་བོ་ལ་ཕྱག་འབུལ་ཁུལ་གྱིས་ཕུ་དུང་ནང་ནས་མདའ་གཞུ་བླངས་ཏེ་ལྕགས་ཀྱི་མདའ་འཕངས་ཏེ་རྒྱལ་བོའི་སྙིང་ཁར་ཕོག་ནས་ཚེའི་དུས་བྱས་སོ། །འདིས་རྒྱལ་སྲིད་ལོ་དྲུག་ལ་བཟུང༌། འདི་མན་ནས་བོད་སྤྱི་ལ་དབང་བའི་རྒྱལ་བོ་ཞིག་མ་བྱུང་ཟེར་རོ།།

དེའི་བུ་གནམ་ལྡེ་འོད་སྲུང་དང༌། བུ་རྫུན་མ་རེད་ཟེར་རྒྱུའི་ཁྲི་ཡུམ་བརྟན་ལྡེ་གཉིས་ཡོད་པས་མ་འཆམས་པར་ཡུམ་བརྟན་གྱིས་དབུ་རུ། འོད་སྲུང་གིས་གཡོ་རུ་བཟུང་ནས། སྲིད་ཁག་གཉིས་སུ་གྱེས། ཡབ་གླང་དར་གྱི་བྱེད་སྤྱོད་ལ་འབངས་ཁ་ལོག་པ་དང༌། ཆབ་སྲིད་དང་དཔལ་འབྱོར་གང་ཐད་ནས་ཉམས་དམས་སུ་སོང་བ་ཚོར་ནས། རྒྱལ་བློན་ཀུན་གྱིས་གྲོས་ཐོག་ནས་ཇོ་བོ་རྣམ་གཉིས་དང༌། བྱམས་པ་ཆོས་འཁོར་མ་སོགས་ཁྲི་ཐོག་ཏུ་སྤྱན་དྲངས་ནས་མཆོད་པ་བྱས། ལ་ལ་བཙུན་པ་བྱེད་ཁུལ་བྱས་ཏེ། འཆད་ཉན་གྱི་གཟུགས་བརྙན་ཙམ་རེ་བྱས། འོན་ཀྱང༌། འབངས་རྣམས་ཀྱི་སྙིང་ནད་མ་ཞི་བར་ས་གླང་ལོ་ནས་བཟུང་ཁེང་ལོག་(གྱེན་ལོག)རྣམས་རིམ་པར་བྱུང༌། དེ་ཡང༌། དང་བོར། དབས་ཁོ་བཞེར་ལེགས་སྟེང་ཟེར་བས་མགོ་ཁྲིད་དེ་མདོ་ཁམས་སྨད་ནས་ཁེང་ལོག་བྱུང༌། དེ་རྗེས་དབས་ལོ་ཕོ་ལོ་ཆུང་གིས་མགོ་ཁྲིད་དེ་དབུ་རུ་ནས་ཁེང་ལོག་བྱུང༌། དེ་རྗེས་གཡོན་རུར་ཞང་རྗེ་གསས་སྣེ་བཙན་གྱིས་དཔོན་གཡུ་སྣེ་བསད། མཆིམས་ཀོང་མི་དྲུག་གིས་མགོ་ཁྲིད་དེ་འོད་འབར་ཁེང་ལྡོག་(གྱེན་ལོག་)ཏུ་གྲགས་པ་བྱས་པ་སོགས། དེ་ནས་ཁེང་ལོག་ལོ་དགུ་བ་མེ་བྱ་ལ་ཤུད་པུ་སྟག་རྩེ་སོགས་ཀྱིས་གྲོས་བྱས་ནས་བང་སོ་(རྒྱལ་དུར་)རྣམས་བགོ་བཤའ་བྱས། གཉགས་ཀྱིས་དོན་མཁར་མདའི་བང་སོ་བྲུས། ཤུད་པུས་སེང་གེ་ཅན་གྱི་བང་སོ་བྲུས། གྲེང་འཕྱོས་ཁུས་འཕྲུལ་རྒྱལ་བང་སོ་བྲུས་པ་སོགས་ཀྱིས། བོད་རྒྱལ་གདུང་རབས་ཀྱི་བང་སོ་ཐམས་ཅད་མེད་པར་བཟོས། དེ་ནས་བོད་སིལ་བུར་འཐོར་བའི་དུས་སྐབས་བྱུང་ངོ༌།།

གླང་དར་སྐབས་བོད་ཀྱི་མཁས་པ་མི་གསུམ་མདོ་སྨད་དུ་བྱོན་ཚུལ་ནི། ཀློང་ཆེན་ཆོས་འབྱུང་ལས། འཇད་པ་གཙང་རབ་གསལ། བོ་དོང་བ་གཡོ་དགེ་འབྱུང༌། སྟོང་ལུངས་པ་དམར་ཤཱཀྱ་མུ་ནེ་དང་གསུམ། དཔལ་ཆུ་བོ་རི་ལ་སྒོམ་ཞིང་ཡོད་པའི་དུས་སུ། བཙུན་པ་ཁྱི་ཁྲིད་རྔ་གཤང་(རྔ་དང་སི་ལི་)རྡུང་ཞིང་མགོ་ལ་བྱ་སྒྲོ་བཙུགས་ཤམ་ཐབས་སྔ་ལོག་ཕྱི་ལོག་བྱས་ནས་རི་དྭགས་ལ་མདའ་འཕེན་པ་ཐབ་ཁ་བས་མཐོང་བས། མ་བྱན་(ཇ་མ་)ནས་བན་རྒན་འཁྲུལ་ལམ་བཙུན་པ་སྨྱོ་ཟེར་ཞིང་གཟིགས་པས། མཐོང་བ་བཞིན་སྨྲས་སོ། །སློབ་དཔོན་མ་འཁྲུལ་བཙུན་པ་མ་སྨྱོས། རྒྱལ་བོས་ཆོས་བསྣུབས་པའི་ལོ་རྒྱུས་ཞིབ་ཏུ་བསྙད་པས། འོ་ན་བན་དེ་འདིར་བོས་དང་གསུངས་ནས། གཏམ་དྲིས་པས། ཁྱེད་ལ་བཀའ་ཆད་ཀྱིས་མ་ཐོགས་པ་ཁ་རྗེ་ཆེ་ཟེར་ནས་ཞེས་གསུངས། རྒྱལ་རབས་གསལ་མེ་ལས་ཀྱང་འདི་བཞིན་འབྱུང༌། དེང་སང་འགའ་ཞིག་གིས། མགོ་ལ་བྱ་སྤུ་འཛུགས་པའི་རྒྱུ་མཚན་གྱིས་བོད་མ་ཡིན་ནོ་ཟེར་བ་ནི། བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས་མི་ཤེས་པར་བྱུང་རྒྱལ་དུ་སྨྲ་བའོ།།

དེ་ནས་གཙང་རབ་གསལ། གཡོ་དགེ་འབྱུང༌། དམར་ཤཱཀྱ་མུ་ནེ་གསུམ་གྱིས་འདུལ་མངོན་སོགས་ཀྱི་དཔེ་ཆ་དྲེལ་ཁལ་གཅིག་བཀལ་ནས། ཉིན་ཡིབ་མཚན་འགྲོས་ཀྱིས་བྲོས་ནས་མངའ་རིས་སྟོད་དུ་སླེབས། དེར་ཡང་སྡོད་མ་ནུས་པར་བྱང་ལམ་བརྒྱུད་ཧོར་ཡུལ་དུ་བྱོན་ནས། དགེ་བསྙེན་ཤཱཀྱ་ཤེས་རབ་ལ་བརྟེན་ཏེ་རེ་ཞིག་བཞུགས་ཀྱང་སྐད་མི་འདྲ་བས་བསྟན་པ་སྤེལ་མ་ནུས་ལ། དེ་ནས་སླར་མདོ་སྨད་དུ་ཕེབས་ནས་རྨ་ཆུ་དང་ཉེ་བའི་ས་ཆ་རྨ་ལུང་རྡོ་རྗེ་བྲག་ར་ཨན་ཆུང་གནམ་རྫོང། དན་ཏིག་ཤེལ་གྱི་ཡང་དགོན་སོགས་སུ་སྒོམ་གྱིན་བཞུགས། དེ་གསུམ་ལ་བོད་ཀྱི་མཁས་པ་མི་གསུམ་ཟེར་ཞིང་སྙན་གྲགས་བླ་རུ་འཕགས། སྐུ་གདུང་སྔར་ཟི་ལིང་དུ་བཞུགས། དེ་དག་གི་སློབ་མ་བླ་ཆེན་པོ་དགོངས་པ་རབ་གསལ་ནི། བསྟན་པའི་མེ་རོ་སྨད་ནས་གསོ་བ་བོ་ཡིན་ཞེས་སྙན་པ་དབྱར་སྐྱེས་ཀྱི་རྔ་གསང་རབ་ཏུ་ལྡིར་རོ།།

འདི་ཡན་ལ་སྔ་དར་གྱི་སྐབས་སུ་རིག་གནས་ཇི་ལྟར་དར་བའི་ཚུལ་བརྗོད་པ་ཡིན་ལ། ལོ་ཚིགས་སོགས་ལ་དེབ་ཐེར་རྣམས་མི་མཐུན་ས་རེ་ཡོད་མོད། གོང་དུ་བཤད་པ་འདི་དག་ནི་སྤྱིར་བཤད་ན་དེབ་ཐེར་རྣམས་སུ་མི་མཐུན་པ་མེད། དེབ་ཐེར་རྙིང་བའི་བཤད་ཚུལ་གྱི་ཚིག་སྦྱོར་འགའ་ཞིག་དང་བརྡ་རྙིང་འགའ་རེ་སོར་བཞག་བྱས་ཡོད། དེ་ལྟར་མ་བྱས་པར་བརྡ་རྙིང་རྣམས་གཏན་བསྐྱུར་བྱས་ན། ཕྱི་རབས་རྣམས་ཀྱིས་གཏན་ནས་མི་ཤེས་པར་འགྱུར་བས། ཅུང་ཟད་རེ་བེད་སྤྱད་ན་བཟང་སྙམ་པ་ཡིན། སྔ་དར་གྱི་མགོར་མིང་དང་ཚིག་རྣམས་ཀྱི་འབྲི་ལུགས་ལ་དེ་ཙམ་གཏན་ཁེལ་མ་བྱུང་བའི་སྟབས་ཀྱིས། འབྲི་ལུགས་ལ་སྣ་ཚོགས་ཤིག་བྱུང་བ་ཡིན་ཏེ། དཔེར་ན། སྦ་བཞེད་ལ། ས་སྦ་དང་ར་རྦ་དང༌། དཔའ་ཞེས་བྲིས་པ་ཡོད་པ་དང༌། རལ་པ་ཅན་གྱིས་བཞེངས་པའི་གཙུག་ལག་གི་ཕོ་བྲང་ཆེན་པོ་ལ། འུ་ཤང་རྡོ། འོན་ཅང་རྡོ། གཉིས་ཀ་ཡོད་པ་དང༌། གླང་དར་མིང༌། ཨུ་དུམ་བཙན། འུ་དུམ་བཙན་བྲིས་པ་སོགས་མི་འདྲ་བ་མང༌། ཕྱིས་སུ་རིག་གནས་ཕྱི་དར་སྐབས་རིམ་གྱིས་མིང་ཚིག་གི་འབྲི་ལུགས་རྣམས་གཅིག་མཐུན་བྱུང་བ་དང༌། ཁྱད་པར་དུ་རྗེ་ཡབ་སྲས་བྱོན་པའི་སྐབས་སྔ་ཕྱི་ནས། མཁས་ཆེན་མང་དུ་བྱོན་ཞིང་རྩོམ་ལུགས་ཀྱང་བརྡ་སྤྲོད་པའི་གཞུང་དང་མཐུན་ལ་བོད་ཀྱི་སྤྱི་འགྲོས་སྐད་དང་མཐུན་ཞིང༌། ཚིག་སྦྱོར་ལེགས་ལ་གོ་སླ་བ་ཤ་སྟག་བྱུང་བར་མ་ཟད། ཤིང་པར་ཡང་འབོར་ཆེན་དར་སྟབས་མིང་དང་ཚིག་གི་འབྲི་ལུགས་གཞི་རྩའི་ཐོག་ནས་གཅིག་གྱུར་གཏན་ཁེལ་བྱུང་ངོ༌།།

འོན་ཀྱང་བྲིས་ནོར་ལ་བརྟེན་མ་དག་རྒྱུན་འབྱམས་སུ་སོང་བའང་མང་སྟེ། དཔེར་ན། བུ་སྟོན་ཆོས་འབྱུང་དུ་སད་ན་ལེགས་ཀྱི་མཚན་ལ། ཁྲི་ལྡེ་སྲོང་བཙན་ཟེར་རྒྱུ་ལ། ཁྲི་ལྡེ་བཙན། ཞེས་སྲོང་ཆད་པ་དང༌། རལ་བ་ཅན་གྱི་མཚན་ལ་ཁྲི་གཙུག་ལྡེ་བཙན་ཟེར་རྒྱུ་ལ་ཁྲི་ལྡེ་སྲོང་བཙན་ཞེས་བྲིས་པ་ལྟ་བུ། འདི་ནི་ཡིག་ནོར་ཡིན་ཏེ། གོང་དུ་སྡེ་པར་ཤོག་གྲངས་དགུ་བཅུའི་ཉིན་ལ་བོད་ཀྱི་རྒྱལ་བོ་ཁྲི་གཙུག་ལྡེ་བཙན་རལ་བ་ཅན། ཞེས་ཡོད་པ་ལྟར་ཡིན་ནོ། །ཡང་གོང་དུ་རྦ་ཁྲི་བཞེར། སང་ཤི་ཏ་ཞེས་མི་གཉིས་བྱས་པ་དང༌། འོག་ཏུ། འབའ་ཁྲི་བཞེར་སང་ཤི་ཏ། ཞེས་གཅིག་བྱས་པ་ལྟ་བུས་མཚོན། ཡི་གེ་མ་དག་པ་ཡོད་ལ། ཕྱིས་སུ་འགའ་ཞིག་གིས་ཡི་གེ་དག་མ་དག་མ་དཔྱད་པར། ཀུན་མཁྱེན་བུའི་ཆོས་འབྱུང་གི་ཡིག་ནོར་ལྟར་བྲིས་པ་ཡོད། བདག་གིས་ཀྱང་སྔར་བློ་གསལ་དགའ་སྟོན་རྩོམ་དུས་མ་དཔྱད་པར། ཁྲི་ལྡེ་སྲོང་བཙན་རལ་བ་ཅན་ཞེས་བྲིས་པ་ནི་ནོར་བ་ཡིན། ཁྲི་སྲོང་ལྡེ་བཙན་གྱི་ཡབ་མེས་ཨག་ཚོམ་གྱི་མཚན་ལ། ཁྲི་ལྡེ་གཙུག་བརྟན་དང༌། ཁྲི་སྲོང་ལྡེ་བཙན་གྱི་སྲས་སད་ན་ལེགས་ཀྱི་མཚན་ལ་ཁྲི་ལྡེ་སྲོང་བཙན་དང༌། དེའི་སྲས་རལ་བ་ཅན་གྱི་མཚན་ལ་ཁྲི་ལྡེ་གཙུག་ལྡེ་བཙན་ཟེར་བ་ཡིན་ཏེ། འདི་ནི་བུ་སྟོན་ཆོས་འབྱུང༌། དེབ་དམར། དེབ་སྔོན། མཁས་པའི་དགའ་སྟོན། ས་སྐྱའི་བསྟན་པ་སྤྱིའི་ཆོས་འབྱུང༌། ཀློང་ཆེན་ཆོས་འབྱུང༌། བཀའ་གཙིགས་ཆེན་མོ། རྡོ་རིང་གི་ཡི་གེ། ཏུན་ཧོང་གི་གཏེར་ཡིག་སོགས་གཅིག་མཐུན་རེད་དོ།། །།

 

བསྟན་པ་ཕྱི་དར་གྱི་སྐབས་སུ་བོད་དུ་རིག་གནས་དར་ཚུལ།

 

བསྟན་པ་ཕྱི་དར་གྱི་སྐབས་སུ་རིག་གནས་དར་ཚུལ་བཤད་པ་ལ། སྤྱིར་སྔ་དར་དང་ཕྱི་དར་ཟེར་བ་ནི། གླང་དར་མས་དབུས་གཙང་དུ་བསྟན་པ་བསྣུབས་པའི་སྔོན་ལ་སྔ་དར་དང༌། དེས་བསྟན་པ་བསྣུབས་ནས་ལོ་བདུན་ཅུ་ཡར་མར་ཞིག་ལ། རིག་གནས་དང་ཆོས་ལ་སྦྱང་བརྩོན་བྱེད་པ་ཆེར་མེད་ལ། སྟོད་མངའ་རིས་ཀྱི་དཔོན་བཙུན་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རིང་ཡར་མར་ནས་རིམ་གྱིས་རིག་པའི་གནས་དང་མདོ་རྒྱུད་ཀྱི་བསྟན་པ་ཆེས་ཆེར་དར་བ་མན་ལ་ཕྱི་དར་ཟེར། དེ་ཡང་དབུས་གཙང་དུ་ཡིན་གྱི། མདོ་ཁམས་སོགས་ས་མཐའ་དག་བོད་ཀྱི་རྒྱལ་བོ་དང་ས་ཐག་རྒྱང་གཤིས་རིག་པའི་གནས་དང་མདོ་སྔགས་ཀྱི་བཤད་པ་སོགས་ཀྱང་ནམ་དར་བ་ནས་བཟུང༌། ད་ལྟའི་བར་དུ་བར་མ་ཆད་པར་ཡོད་པ་འདི་ཡིན་སྟབས། དེའི་དུས་སུའང་མདོ་སྨད་དུ་བོད་རྒྱལ་གྱིས་གནོད་འཚེ་བྱེད་མི་ཐུབ་སྟབས། བོད་ཀྱི་མཁས་པ་མི་གསུམ་ཡང་མདོ་ཁམས་སྨད་ཀྱི་གནས་དན་ཏིག་ཏུ་བཞུགས། དེའི་སྐབས་ཙོང་ཁ་བདེ་ཁམས་སུ་མུ་ཟུ་གསར་འབར་ཞེས་བྱ་བའི་བྱིས་པ་རིག་པ་ཅན་ཞིག་འཁྲུངས་པ་ནར་སོན་ནས་ཡིག་རྩིས་སོགས་རིག་པའི་གནས་སྦྱངས་ཏེ་མཁས་པར་གྱུར། ནོན་འཇམ་དཔལ་ཞེས་བྱ་བའི་སློབ་དཔོན་ཞིག་ཡོད་པའི་མདུན་ནས་ཆོས་དང་རིག་པའི་གནས་དུ་མ་ཞིག་གསན། ཁང་རིན་ཆེན་རྡོ་རྗེ་ཞེས་བྱ་བའི་བླ་མ་སྙན་གྲགས་ཅན་ཞིག་ཡོད་པ་དེའི་མདུན་ནས་སེམས་བསྐྱེད་ཞུས། སྐྱི་རྒྱལ་བའི་གཙུག་ཏོར་ཞེས་བྱ་བའི་མཁས་པ་ཆེན་པོ་ཞིག་ཡོད་པ་དེའི་མདུན་ནས་དབུ་མ་དང་ཚད་མའི་གཞུང་སོགས་ལ་སྦྱངས། དེ་ནས་ཕྱུགས་རྫི་ཞིག་གིས་བོད་དབུས་ནས་བྱོན་པའི་སྒོམ་པ་བ་གསུམ་(མཁས་པ་མི་གསུམ)ཡོད་ཚུལ་བཤད་པས། དེར་བྱོན་ནས་མཇལ་བས་དད་པ་སྐྱེས་ཏེ་རབ་ཏུ་བྱུང༌། མཚན་དགེ་བ་རབ་གསལ་དུ་བཏགས། ཕྱིས་ཐུགས་རབ་ཤིན་ཏུ་ཆེ་བསདགོངས་པ་རབ་གསལ་ཞེས་གྲགས་སོ།།

རབ་ཏུ་བྱུང་བའི་ཕྱི་ལོར་བསྙེན་པར་རྫོགས། གྲུམ་ཡེ་ཤེས་རྒྱལ་མཚན་དང༌། སྣུབས་བྱང་ཆུབ་རྒྱལ་མཚན་སོགས་མདོ་ཁམས་པ་མང་བོ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་འདུལ་བ་དང་མངོན་པ་ལ་སོགས་པའི་བཤད་པ་མནོས། བླ་ཆེན་པོ་དགོངས་པ་རབ་གསལ་ཞེས་སྙན་གྲགས་ཀྱིས་བོད་ཡུལ་ཁྱབ།

དེ་ནས་མདོ་སྨད་དུ་སངས་རྒྱས་ཀྱི་བསྟན་པ་ཡོད་པའི་གཏམ་དེ་དབུས་གཙང་དུ་ཁྱབ་པས། དབུས་གཙང་ནས་མི་བཅུ་སྔ་ཕྱིར་འོངས་ཏེ་བླ་ཆེན་གྱི་མདུན་ནས་བསྙེན་པར་རྫོགས། མི་བཅུ་ནི། དབུས་ནས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། འབྲིང་ཡེ་ཤེས་ཡོན་ཏན། སྦ་ཚུལ་ཁྲིམས་བློ་གྲོས། རག་ཤི་ཚུལ་ཁྲིམས་འབྱུང་གནས། སུམ་པ་ཡེ་ཤེས་བློ་གྲོས་ཏེ་དབུས་པ་ལྔ། གཙང་གི་མགུར་མོ་རབ་ཁ་བ་ལོ་སྟོན་རྡོ་རྗེ་དབང་ཕྱུག ཤབ་སྒོ་ལྔའི་ཚོང་བཙུན་ཤེས་རབ་སེང་གེ། བོ་དོང་བ་ཨུ་བ་དེ་དཀར་བ་སྟེ་གཙང་བ་གསུམ། མངའ་རིས་པ་འོད་བརྒྱད་སྤུན་གཉིས་ཏེ་བཅུའོ། །ཀླུ་མེས་ཀྱིས་གྲུམ་ཡེ་ཤེས་རྒྱལ་མཚན་ལས་འདུལ་བ་གསན། གཞན་རྣམས་དབུས་གཙང་དུ་བྱོན། ཕྱི་ལོར་ཀླུ་མེས་ཀྱང་ཡར་བྱོན་ནས་རིམ་གྱིས་གནས་གཞི་བཟུང་ཞིང༌། དེ་བཞིན་དུ་གཞན་རྣམས་ཀྱིས་ཀྱང་གཙུག་ལག་ཁང་བརྩིགས་ཏེ་དགེ་འདུན་གྱི་སྡེ་སྤེལ། ཕྱི་ནང་གི་རིག་པའི་གནས་དག་ལ་སྦྱང་བའི་སྲོལ་དབུས་གཙང་མངའ་རིས་སོགས་སུ་ཁྱབ་པར་མཛད། བརྒྱུད་པ་འདི་ལ་སྨད་འདུལ་བ་ཞེས་གྲགས་སོ།། གཞན་ཡང་མངའ་རིས་སྟོད་དུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཐོ་ལིང་གི་དཔེ་མེད་ལྷུན་འགྲུབ་གཙུག་ལག་ཁང་བཞེངས། རྒྱ་གར་ཤར་ཕྱོགས་ནས་པཎྜི་ཏ་ངྷརྨ་པཱ་ལ་དང༌། དེའི་མཁན་བུ་སཱ་དྷུ་པཱ་ལ་དང༌། གུ་ཎ་པཱ་ལ། པྲ་ཛྙཱ་པཱ་ལ་སྟེ་པཱ་ལ་རྣམ་གསུམ་དུ་གྲགས་པ་དང་བཅས་པ་སྤྱན་དྲངས་ནས་མང་བོ་བསྙེན་པར་རྫོགས། ཞང་ཞུང་བ་རྒྱལ་བའི་ཤེས་རབ་ཀྱིས་པཎྜི་ཏ་མང་བོ་བསྟེན་ཏེ། སྒྲ་དང་སྐད་སོགས་རིག་པའི་གནས་མང་བོ་ལ་སྦྱངས་ནས་མཁས་པ་ཆེན་པོར་གྱུར་བ་དེས་ངྷརྨ་པཱ་ལའི་མདུན་ནས་འདུལ་བ་བསླབས། པྲ་ཛྙཱ་པཱ་ལ་ལས་བསྙེན་པར་རྫོགས། ཕྱིས་སུ་ཡང་ཁོང༌། ནེ་པ་ལ་སྟེ་བལ་ཡུལ་དུ་ཕེབས་ནས་འདུལ་འཛིན་བྲེ་ཏ་ཀ་ར་ལས་འདུལ་བའི་ལག་ལེན་ཐམས་ཅད་བསླབས་ཤིང༌། ཁ་ཆེ་ཛྙཱ་ན་ཤྲཱི་དང༌། ཁ་ཆེ་པཎ་ཆེན་དུ་གྲགས་པཤྲཱི་སུ་ཏི་ཤནྟི་དང༌། ས་མནྟ་ཤྲཱི་ཛྙཱ་ན་དང༌། ན་ར་མ་དེ་ཝ་རྣམས་ལས་ཀྱང་འདུལ་བ་གསན་ནས་སྤེལ་བ་ལ་སྟོད་འདུལ་བ་ཞེས་གྲགས་སོ།།

གཞན་ཡང་མངའ་རིས་ཀྱི་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རིན་ཆེན་བཟང་བོ་ལ་སོགས་པའི་བྱིས་པ་ཉི་ཤུ་རྩ་གཅིག་རྒྱ་གར་དུ་སློབ་གཉེར་ལ་བཏང་བ་ལས། རིན་ཆེན་བཟང་བོ་དང་ལེགས་པའི་ཤེས་རབ། ལོ་ཆུང་གྲགས་འབྱོར་གསུམ་མ་གཏོགས་གཞན་རྣམས་ས་མ་ཐུབ་པས་ཤི། ལོ་ཙཱ་བ་རིན་ཆེན་བཟང་བོ་ནི་མེ་མཁའ་རྒྱ་མཚོའི་འདས་ལོ་༢༢༤ས་རྟ་ལོ་(༩༥༨)ལ་འཁྲུངས། ཁོང་ཁ་ཆེར་ལན་གསུམ་བྱོན། པཎྜི་ཏ་བདུན་ཅུ་རྩ་ལྔ་བསྟེན། སྔགས་མཚན་ཉིད་ཀྱི་གཞུང་ལུགས་མང་བོ་ལ་སྦྱངས། མཁྱེན་རབ་ཤིན་ཏུ་ཆེ་བས་མདོ་སྔགས་ཀྱི་ཆོས་མང་བོ་བསྒྱུར། འདི་ནས་བཟུང་སྟེ་བསྒྱུར་བའི་སྔགས་ལ་གསང་སྔགས་གསར་མ་ཟེར། གནས་གཞི་དང་གཙུག་ལག་ཁང་མང་དུ་བཞེངས། གུར་ཤིང་བརྩོན་འགྲུས་ལ་སོགས་པའི་སློབ་མ་མཁས་གྲུབ་མང་བོ་དང༌། ཞུ་ཆེན་ཕེར་བའི་ལོ་ཙཱ་བ་ཡང་བཅུ་ལྷག་བྱུང༌། ཁོང་དགུང་ལོ་གྱ་ལྔ་བཞེས་པའི་དུས། ཇོ་བོ་རྗེ་བོད་དུ་བྱོན། སྤྱིར་ལོ་ཆེན་འདིའི་ཕྱག་རྗེས་གཞན་ལས་ཆེ། དགུང་ལོ་གོ་བརྒྱད་ཐོག་སྐུ་མྱ་ངན་ལས་འདས་སོ། །ལོ་ཆེན་གྱི་སློབ་མ་མཁས་ཆེན་མང་བོ་བྱུང་བ་རྣམས་ཀྱིས་གཞུང་ལུགས་མང་བོ་བསྒྱུར། ཁྱད་པར་དུ་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་དང༌། དེའི་རང་འགྲེལ་དང༌། ལྷ་དབང་བློའི་འགྲེལ་བ་དང༌། ཤཱཀྱ་བློའི་འགྲེལ་བཤད་ལ་སོགས་པ་མང་དུ་བསྒྱུར་ཅིང༌། འཆད་ཉན་གྱིས་གཏན་ལ་ཕབ། དེ་ལས་མཆེད་ནས་དབུས་གཙང་གི་ཕྱོགས་སུ་ཚད་མའི་འཆད་ཉན་བྱུང་ཞིང༌། དེའི་ཚེ་ཁྱུང་བོ་གྲགས་སེ་ཞེས་བྱ་བ་མཁས་པར་གྲགས་པ་དེས་ཚད་མའི་བཤད་པ་མང་དུ་མཛད། ལོ་དག་ལ་ཚད་མ་རྙིང་མ་ཞེས་ཟེར། ཕྱིས་ལོ་ཙཱ་བ་བློ་ལྡན་ཤེས་རབ་ནས་ཚད་མ་གསར་མར་གྲགས་པ་རྣམས་བྱུང་བར་གྲགས་ལ་ཁྱུང་བོ་དེ་བོ་ཏོ་བ་དང་དུས་མཚུངས་པར་སྣང་གསུངས་སོ།།

ཡང་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་པཎྜི་ཏ་སྨྲྀ་ཏི་དང་ཕྲ་ལ་རིང་བ་བྱ་བ་གཉིས་བལ་བོ་པད་མ་རུ་རྩེ་བ་ཞེས་བྱ་བའི་ལོ་ཙཱ་བ་དེས་གདན་དྲངས་འོངས་པས། ལོ་ཙཱ་བ་བལ་བོར་ཕོ་ལོག་གིས་ཤི་སྟེ། པཎྜི་ཏ་གཉིས་པོས་བོད་སྐད་མི་ཤེས་པས་དབུས་གཙང་ན་མར་འཁྱམས་ཏེ། སྨྲྀ་ཏིས་རྟ་ནག་ཏུ་ལུག་རྫི་མཛད། ཕྱིས་དཔྱལ་སེ་ཙ་བསོད་ནམས་རྒྱལ་མཚན་གྱིས་སྨན་ལུང་དུ་སྤྱན་དྲངས་ཏེ་ཆོས་ཞུས། ཁམས་སུ་བྱོན་ནས་འདན་ཀློང་ཐང་དུ་མངོན་པ་མཛོད་ཀྱི་བཤད་པ་བཙུགས། ཕྱིས་བོད་སྐད་མཁས་པར་མཁྱེན་ཏེ། གདན་བཞི་དང་འཇམ་དཔལ་གསང་ལྡན་ལ་སོགས་པ་འགྱུར་མང་བོ་མཛད། ཕྱིས་ལིང་ཆུ་གསེར་ཁབ་ཏུ་བྱོན་ཏེ་སྨྲ་སྒོ་མཚོན་ཆ་ཞེས་བྱ་བའི་བརྡ་སྤྲོད་པའི་གཞུང་དེ་བརྩམས། ལོ་ཙཱ་བ་རིན་ཆེན་བཟང་བོ་དགུང་ལོ་ལྔ་བཅུར་ཉེ་བའི་སྐབས་སུ་འབྲོག་མི་དང་སྟག་ལོ་གཞོན་ནུ་བརྩོན་འགྲུས་གཉིས་རྒྱ་གར་དུ་ཆས། དེ་གཉིས་ཀྱིས་བོད་དུ་བི་ཝར་ཏ་ལ་ཅུང་ཟད་ཀྱང་བསླབས། བལ་བོར་ལོ་གཅིག་བཞུགས་ནས་ཤཱནྟི་བའི་སློབ་མ་བལ་བོའི་པཎྜི་ཏ་ཤཱནྟི་བྷ་དྲ་ལས་སྐད་ལེགས་པར་བསླབས། ཁོང་གིས་ཞལ་བརྡ་མཛད་པ་བཞིན་བི་ཀྲ་མ་ལ་ཤཱི་ལའི་མཁས་པ་སྒོ་དྲུག ཤར་ན་ཤཱནྟི་བ། ལྷོ་ན་ངག་གི་དབང་ཕྱུག་གྲགས་པ། ནུབ་ན་ཤེས་རབ་འབྱུང་གནས་བློ་གྲོས། བྱང་ན་ནཱ་རོ་པཎ་ཆེན། དབུས་ན་རིན་ཆེན་རྡོ་རྗེ་དང༌། ཛྙཱ་ན་ཤྲཱི་རྣམས་བཞུགས་པ་ལས། ཤཱནྟི་བ་ལ་གཏུགས་ཤིང་སྟག་ལོ་རྡོ་རྗེ་གདན་དུ་སྐོར་བ་བྱེད་ཅིང་བཞུགས་ཏེ། སློབ་གཉེར་ཆེར་མ་བྱས། འབྲོག་མིས་པཎྜི་ཏ་མང་བོའི་མདུན་ནས་གཞུང་ལུགས་མང་བོར་སྦྱངས། ལྷོ་བལ་དུ་ལོ་བཅུ་གསུམ་ལ་སློབ་གཉེར་བྱས་ཏེ་སླར་བོད་དུ་ཕེབས། མཁས་པ་ཆེན་པོར་གྱུར་ཡོད་པས་འཆད་སྤེལ་གྱིས་སློབ་མ་ཤིན་ཏུ་མང་བོ་བསྐྱངས་པ་ནི་ས་སྐྱ་འདེབས་པ་བོ་འཁོན་དཀོན་མཆོག་རྒྱལ་བོ་སོགས་སོ།། (ཇོ་བོ་བོད་དུ་ཕེབས་དུས་འབྲོག་མི་ལོ་ལྔ་བཅུ) མངའ་རིས་ཀྱི་རྗེ་བོ་ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་ཀྱི་རིང་ལ་རྒྱ་གར་ནས་པཎྜི་ཏ་མང་བོ་སྤྱན་དྲངས་ཀྱང་བསྟན་པ་སྤྱི་ལ་དག་ཐེར་མཐའ་ཆོད་པ་ཞིག་བྱེད་མཁན་མ་བྱུང་བས། ལོ་ཙཱ་བ་རྒྱ་བརྩོན་སེང་སོགས་མི་ལྔ་རྒྱ་གར་དུ་མངགས་ནས་བི་ཀྲ་མ་ལ་ཤཱི་ལའི་པཎྜི་ཏ་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་མཚན་དངོས་མར་མེ་མཛད་དཔལ་ཡེ་ཤེས་བྱ་བ་སྤྱན་དྲངས། ཁོང་ནི་རྒྱ་གར་ཤར་ཕྱོགས་བྷང་ག་ལའི་ཡུལ་གྱི་ཟ་ཧོར་རྒྱལ་བོའི་སྲས་སུ་རབ་བྱུང་གོང་གི་ཆུ་རྟ་(༩༨༢)ལ་འཁྲུངས། དགུང་ལོ་ཉེར་གཅིག་ཚུན་ལ་ཐུན་མོང་གི་རིག་གནས་སྒྲ་ཚད་བཟོ་གསོ་ལ་མཁས་པར་གྱུར་ནས་ལོ་བཅོ་ལྔའི་དུས་རྟོག་གེ་བ་མཁས་པ་ཞིག་ཀྱང་རྩོད་པས་ཚར་བཅད། དེ་རྗེས་རྒྱལ་སྲིད་སྤངས་ནས་མདོ་སྔགས་ཀྱི་གཞུང་ལ་སྦྱངས། རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས། གསེར་གླིང་བ་སོགས་བླ་མ་མང་བོ་བསྟེན། སྙན་གྲགས་ཀྱིས་འཛམ་གླིང་ཁྱབ་པ་དེ་ཉིད་ལྷ་བླ་མ་བྱང་ཆུབ་འོད་ཀྱི་རིང་ལ་ནག་ཚོ་ལོ་ཙཱ་བ་ཉེར་བདུན་ཐོག་སླར་རྒྱ་གར་དུ་མངགས་ཏེ་སྤྱན་དྲངས། བྱང་ཆུབ་འོད་ཀྱིས་བསྐུལ་ངོར་ཆོས་མཛད་ཡོངས་ཀྱི་ལམ་ཡིག་ལྟ་བུའི་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད། ཁུ་རྔོག་འབྲོམ་གསུམ་སོགས་སློབ་མ་ཤིན་ཏུ་མང་བོ་བསྐྱངས། གསུང་རྩོམ་ཀྱང་སྨན་དཔྱད་འཚོ་བའི་སྙིང་བོ་དང་དྲི་མ་མེད་པའི་ཕྲིན་ཡིག ས་ད་པྱད་ལས་རྣམ་འབྱེད། ལམ་སྒྲོན་དཀའ་འགྲེལ། དབུ་མའི་མན་ངག་སོགས་མང་བོ་བརྩམས། དགུང་ལོ་དོན་གསུམ་ཐོག་སྙེ་ཐང་དུ་གཤེགས་ཏེ་སྐུ་གདུང་དེ་གར་བཞུགས། ཇོ་བོ་ལ་བརྟེན་ནས་ལོ་ཆེན་དང་ལོ་ཆུང་གྲགས་འབྱོར་ཤེས་རབ། ནག་ཚོ་ལོ་ཙཱ་བ། ཤཱཀྱ་འོད། ཡོལ་ལྕགས་རྡོ་རྗེ་དབང་ཕྱུག དགེ་བློ་སོགས་ཀྱིས་གཞུང་ལུགས་མང་བོ་བསྒྱུར་ཏོ། །ཇོ་བོ་རྗེའི་སློབ་མ་གྲགས་ཆེ་བ་ནི། གཙང་ན་འགར་འགོས་ཡོལ་གསུམ། དབུས་ན་ཁུ་རྔོག་འབྲོག་གསུམ་ཟེར། གཙོ་བོ་འབྲོམ་སྟོན་པ་ནི་རྟེན་དགེ་བསྙེན་ཡིན་ལ་རབ་བྱུང་གོང་གི་ཤིང་འབྲུག་(༡༠༠༤)ལ་འཁྲུངས། དགུང་ལོ་བཅུ་དགུའི་ཐོག་ཁམས་འདན་མར་བྱོན་ནས་ཇོ་བོ་སེ་བཙུན་དབང་ཕྱུག་གཞོན་ནུ་ཞེས་པ་ལོ་ཉི་ཤུར་བསྟེན་ནས་གཞུང་ལུགས་མང་བོར་སྦྱངས་ཤིང༌། པཎྜི་ཏ་སྒྲའི་ཚེར་མ་(སྨྲ་སྒོ་རྩོམ་པ་བོ་སྨྲྀ་ཏིའི་མཚན་གཞན)ལས་བི་ཝར་ཏ་སོགས་དང་སྒྲ་ལ་སྦྱངས། འདི་བ་ལོ་སོ་དགུའི་ཐོག་ཇོ་བོ་བོད་དུ་ཕེབས་ཟེར། ལོ་ཞེ་གཅིག་གི་སྟེང་ཇོ་བོ་དང་མཇལ། ལོ་བཅུ་གཅིག་གི་བར་དུ་བསྟེན་ཏེ་ཇོ་བོའི་གདམས་པ་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་ནས་ཇོ་བོའི་ཡོན་ཏན་ཐམས་ཅད་རྫོགས་པར་མཁྱེན་པའི་མཁས་པ་ཆེན་པོར་གྱུར། དགུང་གྲངས་ང་བཞིའི་ཐོག རྭ་སྒྲེང་དགོན་བཏབ་སྟེ་སློབ་མ་མང་བོ་བསྐྱངས་པས་བཀའ་གདམས་སྐུ་མཆེད་གསུམ་སོགས་མཁས་པ་ཤིན་ཏུ་མང་བོ་བྱུང་སྟེ་ཇོ་བོ་བཀའ་གདམས་པ་ཞེས་བྱ་བའི་གྲུབ་མཐའ་དེ་བྱུང༌། རེ་གཅིག་ཐོག་རབ་བྱུང་དང་བོའི་ཤིང་འབྲུག་(༡༠༦༤) ལོར་འདས་སོ།། ཇོ་བོའི་སློབ་མ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་ཀྱང་ཐང་བོ་ཆེར་བཞུགས་ནས་སློབ་མ་ཤིན་ཏུ་མང་བོ་བསྐྱངས། རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་ནེའུ་ཐོག་གི་དགོན་པ་བཏབ། དེའི་དབོན་པོའམ་ཚ་བུ་ནི་རྔོག་ལོ་བློ་ལྡན་ཤེས་རབ་བོ། །ཇོ་བོའི་སློབ་མ་གཙང་སྨད་རྟ་ནག་གི་འགོས་ལོ་ཙཱ་བ་འགོས་ཁུག་པ་ལྷས་བཙས་ཞེས་གྲགས་པ་དེ་དང་བོར་འབྲོག་མི་དང་ཟུར་ཆེན་ལ་གཏུགས་ཤིང་ཐུགས་ཚིམ་པ་ཞིག་མ་བྱུང་བས་རྒྱ་བལ་དུ་ལན་བཅུ་གཉིས་བྱོན། ལོ་མང་བོར་བཞུགས། པཎྜི་ཏ་བདུན་ཅུ་རྩ་གཉིས་བསྟེན་ཏེ་གདམས་པ་མང་བོ་གསན་ནས་བོད་དུ་བྱོན་ཏེ་འདུས་པ་སོགས་དར་བར་མཛད། སློབ་མ་མདར་སེང་རྒྱན་སོགས་དྲུག སྟོད་ལུང་གནམ་གྱི་རྫིང་ཁ་བ་དང་ཡོལ་མཆེད་གསུམ་སོགས་མང་ལ། ས་སྐྱ་བ་འཁོན་དཀོན་མཆོག་རྒྱལ་བོས་ཀྱང་བླ་མར་བསྟེན་ཏེ་འདུས་པའི་སྐོར་སོགས་གསན་ནོ། །བྱང་ཆུབ་འོད་ཀྱི་སྤུན་ཟླ་མངའ་བདག་འོད་སྡེས་པཎྜི་ཏ་སུཎྱ་ཤྲཱི་སྤྱན་དྲངས། དེའི་སྲས་རྩེ་ལྡེས་ཁ་ཆེ་ཛྙཱ་ན་ཤྲཱི་སྤྱན་དྲངས་ཏེ། ཁྱུང་བོ་ཆོས་བརྩོན་གྱིས་ལོ་ཙཱ་བྱས་ནས། ཚད་མ་རྣམ་ངེས། དེའི་ཊཱིཀ་ཁོང་ཉིད་ཀྱི་མཛད་པ་ལ་སོགས་པ་མང་བོ་བསྒྱུར། གཞན་ཡང་ཙནྡྲ་རཱ་ཧུ་ལ་སྤྱན་དྲངས་ཏེ་ལོ་ཙཱ་བ་ཏིང་ངེ་འཛིན་བཟང་བོས་ཚད་མ་ཀུན་ལས་བཏུས་པ་ལ་སོགས་བསྒྱུར། གྱི་ཇོ་ཟླ་བའི་འོད་ཟེར་གྱིས་ཀྱང་དུས་འཁོར་སོགས་མང་བོ་བསྒྱུར། ལྷོ་བྲག་མར་བ་ཆོས་ཀྱི་བློ་གྲོས་རྒྱ་གར་དུ་ལན་གསུམ་ཕེབས་ཏེ་ནཱ་རོ། མཻ་ཏྲི། ཞི་བ་བཟང་བོ། ཕམ་ཐིང་བ་སོགས་བསྟེན་ནས་མན་ངག་མང་བོ་ཞུས་ཤིང་བསྒྱུར་བས་སློབ་མ་ཀ་ཆེན་བཞི་སོགས་བྱུང་བ་གྲགས་ཆེ། འདི་བ་རབ་བྱུང་དང་བོའི་གོང་གི་ཤིང་བྱི་(༡༠༢༤)ལོར་འཁྲུངས། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་ཀྱང་པཎྜི་ཏ་ཁ་ཆེ་དགོན་པ་བ་དང༌། ཏེ་ཛ་དེ་བ། པ་ར་ཧི་ཏ་བྷ་དྲ་ལ་སོགས་པ་བསྟེན་ནས་སྤྱོད་འཇུག་གི་འགྲེལ་ཆེན་དང་ཡོ་ག་སོགས་མང་བོ་བསྒྱུར། གཉན་དར་མ་གྲགས་རྒྱ་གར་དུ་ལོ་བཅུ་གཉིས་བཞུགས་ཏེ་པཎྜི་ཏ་མ་ཏི་བསྟེན། པཎྜི་ཏ་སུཎྱ་ཤྲཱི་སྤྱན་དྲངས་ཏེ་སྤྱོད་འཇུག་འགྲེལ་ཆེན་དང་སྒྲོལ་མ་སོགས་བསྒྱུར། ཁྱེའུ་གད་པ་འཁོར་ལོ་གྲགས་དང༌། སྤང་ཞོ་གསལ་བ་གྲགས། རྩོད་ཀ་མི་ཉག རྩ་མི་སངས་རྒྱས་གྲགས་རྣམས་ཀྱིས་པཎྜི་ཏ་ཨ་བྷ་ཡ་ཀཱ་ར་བསྟེན་ནས་དུས་འཁོར་ཕྲེང་བ་སྐོར་གསུམ། ཐུབ་པ་དགོངས་རྒྱན། མན་ངག་སྙེ་མ་ལ་སོགས་པ་བསྒྱུར། ཀྲེ་བོ་ལོ་ཙཱ་བ་ཤེས་རབ་དཔལ་གྱིས་ཀྱང་ཨ་བྷ་ཡ་ཀཱ་ར་བསྟེན་ནས་གནད་ཀྱི་ཟླ་ཟེར་ལ་སོགས་པ་བསྒྱུར། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ཀྱིས་པཎྜི་ཏ་དོན་ཡོད་རྡོ་རྗེ་སྤྱན་དྲངས་ཏེ་དོན་ཞགས་ལ་སོགས་པ་བསྒྱུར། ཀློག་སྐྱ་ཤེས་རབ་གྲགས་ཀྱིས་མཚན་བརྗོད་དང་དབུ་མ་འཇུག་པ་སོགས་བསྒྱུར་རོ།།

པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་ཁ་ཆེར་ཕེབས་ནས་ལོ་ཉི་ཤུ་རྩ་གསུམ་ལ་གཞུང་ལུགས་མཐའ་དག་ལ་སྦྱངས། བོད་དུ་ཕེབས་ནས་པཎྜིཏ་ཀ་ན་ཀ་ཝརྨ་སྤྱན་དྲངས་ནས་དབུ་མའི་སྐོར་རྣམས་བསྒྱུར། བཤད་པ་རྒྱ་ཆེར་མཛད་པས་སློབ་མ་པ་ཚབ་བུ་བཞི་ལ་སོགས་པ་བྱུང་ངོ༌།།

འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཁ་ཆེར་བྱོན་ཏེ་སློབ་གཉེར་མཛད། པཎྜི་ཏ་ཟླ་བ་མགོན་པོ་སྤྱན་དྲངས་ཏེ་དུས་འཁོར་ཆ་ལག་རྒྱས་པ་དང༌། རྡོ་རྗེ་སྙིང་འགྲེལ། ཕྱག་རྡོར་སྟོད་འགྲེལ་ལ་སོགས་པ་བསྒྱུར། བ་རེག་ཐོས་པ་དགའ། རྨ་བན་ཆོས་འབར། མཚུར་ལོ་ཙཱ་བ་རྣམས་ཀྱིས་རྒྱ་གར་ཕྱག་ན་རྡོ་རྗེ་བསྟེན་ནས་ཆོས་མང་བོ་བསྒྱུར། དཔྱལ་ལོ་ཙཱ་བ་ཀུན་དགའ་རྡོ་རྗེས་བལ་བོ་ཧང་དུ་དཀར་བོ་བསྟེན། པཎྜི་ཏ་སྟོང་ཉིད་ཏིང་ངེ་འཛིན་སྤྱན་དྲངས་ཏེ་མན་ངག་མང་བོ་ཞུས་སོ། །རྭ་རྡོ་རྗེ་གྲགས་ཀྱིས་བལ་བོ་བྷ་རོ་བསྟེན། བལ་བོ་ཐུགས་རྗེ་ཆེན་པོ་ཡང་སྤྱན་དྲངས་ཏེ་གཤེད་སྐོར་དང་ཧེ་རུ་ཀ་མངོན་འབྱུང་གི་སྐོར་སོགས་བསྒྱུར། དེའི་དབོན་པོ་ཆོས་རབ་ཀྱིས་པཎྜི་ཏ་ས་མནྟ་ཤྲཱི་སྤྱན་དྲངས་ཏེ་དུས་འཁོར་སོགས་བསྒྱུར། ཞང་ཤེས་རབ་བླ་མས་པཎྜི་ཏ་ཨ་མོ་གྷ་བཛྲ་སྤྱན་དྲངས་ཏེ་ཆོས་མང་བོ་བསྒྱུར། རྒྱུས་ལོ་ཙཱ་བ་སྨོན་ལམ་གྲགས་ཀྱིས་པཎྜིཏ་གཞན་ལ་ཕན་པ་བསྟེན་ཏེ་སྡོམ་འབྱུང་སོགས་བསྒྱུར། ལོ་ཙཱ་བ་ཞ་མ་སེང་རྒྱལ་གྱིས་པཎྜིཏ་ནོར་བཟང་སྲུང་བ་ལ་སོགས་པ་བསྟེན་ནས་ཚད་མ་ཀུན་ལས་བཏུས་པ་རྩ་འགྲེལ་སོགས་བསྒྱུར་རོ།།

རྔོག་ལེགས་པའི་ཤེས་རབ་ཀྱི་དབོན་པོ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ནི། ལོ་ཆེན་རིན་ཆེན་བཟང་བོ་ལོ་ལྔ་བཅུ་རྩ་བཞིའི་ཐོག་ནག་ཚོ་ལོ་ཙཱ་བ་འཁྲུངས། ནག་ཚོ་ལོ་བཞི་བཅུ་ཞེ་དགུའི་ཐོག་(༡༠༥༩)རྔོག་ལོ་བློ་ལྡན་ཤེས་རབ་འཁྲུངས་པ་ཡིན་གསུངས། ཁོང་གཞོན་ནུའི་དུས་ནས་ཁུ་བོ་ལེགས་པའི་ཤེས་རབ་ཀྱི་དྲུང་ནས་ཡོན་ཏན་ལ་སྦྱངས། ཁོང་ཤེས་རབ་མཆོག་ཏུ་གྱུར་པ་དེ་ལ་ཁུ་བོ་མཉེས་ནས་ལོ་བཅུ་བདུན་ལོན་ཚེ་ཁ་ཆེར་སློབ་གཉེར་ལ་བརྫངས། དེའི་ཚེ་རྭ་ལོ། གཉན་ལོ། ཁྱུང་བོ་ཆོས་བརྩོན། རྔོ་སྟོན། བཙན་ཁ་བོ་ཆེ་རྣམས་དང་འགྲོགས་ནས་ཁ་ཆེར་བྱོན། པཎྜི་ཏ་དྲུག་ཙམ་བསྟེན་ནས་སློབ་གཉེར་གནང༌། བར་སྐབས་སུ་རྒྱགས་ཆད་ནས་མངའ་རིས་སུ་གསེར་སློང་བའི་ཡི་གེ་བཏང༌། རྩེ་ལྡེའི་སྲས་དབང་ལྡེས་གསེར་མང་བོ་བསྐུར། ཚད་མ་རྒྱན་སྒྱུར་ཅིག་ཅེས་བསྐུལ་བས་པཎྜི་ཏ་སྐལ་ལྡན་རྒྱལ་བོ་དང་ཁོང་གཉིས་ཀྱིས་ལེགས་པར་བསྒྱུར། ཁ་ཆེར་ལོ་བཅུ་བདུན་དུ་ཡང་དག་པར་སྦྱངས་ནས་སླར་བོད་དུ་ཕེབས། བོད་དུ་ཡངཔཎྜི་ཏ་འབུམ་ཕྲག་གསུམ་པ་དང་སུ་མ་ཏི་ཀཱིརྟིཿགཉིས་ལ་ཡང་ཆོས་གསན་ཞིང༌། ཡང་བལ་བོར་བྱོན་ཏེ། ཨ་ཏུ་ལྱ་བཛྲ་དང་བ་རེན་དྲ་རུ་ཙི་ལ་སོགས་པ་ལ་གདམས་པ་མང་བོ་གསན། སླར་བོད་དུ་བྱོན། འགྱུར་མང་བོ་མཛད་པ་ཡང་དག་ཅིང་ཤིན་ཏུ་བཟང༌། འགྱུར་མཛད་པའི་ཚད་ནི་གྲོ་ལུང་བའི་གསུང་ལས། དམ་ཆོས་བསྒྱུར་ལ་མངའ་བརྙེས་པས། །རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང༌། །འབུམ་ཕྲག་གཅིག་དང་ཁྲི་ཕྲག་གསུམ། །སྟོང་ཕྲག་བདུན་ནི་ལྷག་བཅས་བསྒྱུར། །ཞེས་པ་ལྟར་རོ། །ཚད་མ། བྱམས་ཆོས། དབུ་མ་སོགས་ཀྱི་རྣམ་བཤད་སོགས་གསུང་རྩོམ་མང༌། སློབ་མ་བུ་ཆེན་བཞི་སོགས་ཤིན་ཏུ་མང༌། བུ་ཆེན་བཞི་ནི། ཞིང་ཚེ་སྤོང་བ་ཆོས་ཀྱི་བླ་མ། ཞིང་གྲོ་ལུང་བ་བློ་གྲོས་འབྱུང་གནས། ཁྱུང་རིན་ཆེན་གྲགས། འབྲི་ཤེས་རབ་འབར་བཞིའོ།།

གྲོ་ལུང་བ་བློ་གྲོས་འབྱུང་གནས་ཀྱི་སློབ་མ་ཆ་བ་ཆོས་ཀྱི་སེང་གེ་ནི་རབ་བྱུང་གཉིས་པའི་ཆུ་མོ་ལུག་(༡༡༠༩)ལ་འཁྲུངས། ཁྱུང་རིན་གྲགས་ཀྱི་སློབ་མ་རྒྱ་དམར་བ་དང་གྲོ་ལུང་བ་ཆེན་པོ་ལ་སོགས་པ་བླ་མ་དུ་མ་བསྟེན། ལུང་རིགས་ཀྱིས་སྒྲོ་འདོགས་བཅད། གཙང་ནེའུ་ཐོག་གི་གདན་ས་ལོ་བཅོ་བརྒྱད་ཀྱི་བར་དུ་མཛད། ཚད་མ་རྣམ་ངེས་ལ་སོགས་པའི་གཞུང་མང་བོ་ལ་འགྲེལ་པ་བརྩམས། མདོ་སྡེ་བའི་རིགས་པ་ལ་བསྟེན་པའི་བསྡུས་གྲྭ་ཞེས་པའི་རིགས་ལམ་གྱི་སྲོལ་འབྱེད་པ་བོ་ཡང་སློབ་དཔོན་འདི་ཡབ་སྲས་ཡིན་ཟེར། ཚད་མའི་བསྡུས་པ་ཡིད་ཀྱི་མུན་སེལ་རྩ་འགྲེལ་ལ་སོགས་པའི་རང་གཞུང་མང་དུ་བརྩམས། སྙན་གྲགས་ཀྱི་གདུགས་དཀར་བོ་བླ་ན་འཁོར་བ་དེའི་སྲས་ཀྱི་གཙོ་བོ་སེང་ཆེན་བརྒྱད་དུ་གྲགས་པ་ནི། གཙང་ནག་པ་བརྩོན་འགྲུས་སེང་གེ། དན་འབག་པ་སྨྲ་བའི་སེང་གེ། འབྲུ་ཤ་བསོད་ནམས་སེང་གེ། རྨ་བྱ་རྩོད་པའི་སེང་གེ། རྩགས་དབང་ཕྱུག་སེང་གེ། ཉིང་བྲན་ཆོས་ཀྱི་སེང་གེ། ལྡན་མ་དཀོན་མཆོག་སེང་གེ། གཉལ་བ་ཡོན་ཏན་སེང་གེ་སྟེ་བརྒྱད། འཁོན་ཇོ་སྲས(ས་སྐྱ་དཀར་བོ་རྣམ་གསུམ་གྱི་གཉིས་པ་ས་སྐྱ་སློབ་དཔོན་བསོད་ནམས་རྩེ་མོ་ཡིན་ལ་ཁོང་གཙང་ནེའུ་ཐོག་གི་གྲྭ་སར་ལོ་བཅུ་གཅིག་ལ་བཞུགས་གསུངས)། རྔོག་ཇོ་སྲས་ར་མོ། ཁུ་ཇོ་སྲས་ནེ་ཙོ། གཉོས་ཇོ་སྲས་དཔལ་ལེ་དང་བཞི་ལ་ཇོ་སྲས་(ཇོ་སྲས་རྣམས་གོས་སྦུ་གུ་ཅན་དེ་རབ་བྱུང་མིན་འདུག)བཞི་ཟེར། འགར་བ་དབང་གྲུབ། ཀོང་བོ་འཇག་ཆུང༌། ལྷོ་བ་སྒོག་ཟན། བར་ཕུ་བ་དང་བཞི་ལ་ཤེས་རབ་ཅན་བཞི་ཟེར། གཞན་ཡང་འཛད་པ་སྟོན་སྐྱབས་དང་རྡོ་རྗེ་འོད་ཟེར་ལ་སོགས་པ་དང༌། ཀརྨ་དུས་གསུམ་མཁྱེན་པ་ཡང་སློབ་མ་ཡིན། ཁོང་ནེའུ་ཐོག་གི་གྲྭ་སར་ལོ་དགུར་བཞུགས། གཞན་ཡང་བླ་མ་ཞང་ཚལ་བ་ལ་སོགས་པ་སློབ་མ་ཤིན་ཏུ་མང་ངོ༌། །ཡང་ཡར་འབྲོག་གི་མར་བ་དོ་བ་ཆོས་ཀྱི་དབང་ཕྱུག་གིས་ཀྱང་གཞུང་མང་བོ་བསྒྱུར། དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་བོ་རྒྱ་གར་དུ་ལོ་བཅུར་བཞུགས། བླ་མ་རྡོ་རྗེ་གདན་པ་དང་ཁ་ཆེ་པཎ་ཆེན་སོགས་བསྟེན། ཆོས་མང་བོ་བསྒྱུར། ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་གྱིས་སྔ་ཕྱིར་ཤྲཱི་ཛཱ་ག་ཏ་མི་ཏྲ་ཨཱ་ནནྡ་ཞེས་པ་མི་ཏྲ་ཛོ་གི་ཞེས་གྲགས་པ་དང་པཎྜི་ཏ་བུད་དྷ་ཤྲཱི་ཛྙཱ་ན། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་རྣམས་སྤྱན་དྲངས་ཏེ་གཞུང་མང་བོ་བསྒྱུར། པཎ་ཆེན་ཤཱཀྱ་ཤྲཱི་ལ་འཁོར་པཎ་ཆུང་བི་བྷཱུ་ཏི་ཙནྡྲར་དང་ད་ན་ཤཱི་ལ་དང་བལ་བོ་སཾ་གྷ་ཤྲཱི་དང་སུ་ག་ཏ་ཤྲཱི་ལ་སོགས་པ་དགུ་བྱོན་ཏེ། བི་བྷུ་ཏི་དང་ད་ན་ཤཱི་ལ་གཉིས་བོད་དུ་ཡུན་རིང་བོར་བཞུགས། བོད་ཀྱི་སྐད་ཡིག་ལ་ཡང་མཁས་པར་གྱུར་ནས་རང་འགྱུར་ཡང་མཛད་དོ། །ཆག་དགྲ་བཅོམ་དང་དེའི་དབོན་པོ་ཆག་ཆོས་རྗེ་དཔལ་གཉིས་ཀྱང་རྒྱ་གར་དུ་བྱོན་པཎྜི་ཏ་མང་བོ་བསྟེན་ནས་སློབ་གཉེར་གནང༌། གསར་འགྱུར་དང་འགྱུར་བཅོས་མང་བོ་བྱས་སོ།།

གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའང་རྒྱ་གར་དུ་ལན་དྲུག་ཕེབས། སྨན་དང་རིག་གནས་སྤེལ་བའི་ལོ་རྒྱུས་ལོགས་སུ་བྲིས་ཡོད་ལ། ཕྱིས་སུ་བྱང་ཟུར་རྣམ་གཉིས་ཀྱིས་ཀྱང་གསོ་རིག་རྒྱ་ཆེར་སྤེལ་བའི་ལོ་རྒྱུས་ལོགས་སུ་འབྲི་འདུན་ཡོད་དོ།།

ས་སྐྱ་པཎ་ཆེན་ནི་རབ་བྱུང་གསུམ་པའི་ཆུ་སྟག་(༡༡༨༩)ལ་འཁྲུངས། ཁ་ཆེ་པཎ་ཆེན་དང་ད་ན་ཤཱི་ལ་ལས་སྒྲ་དང་རྣམ་འགྲེལ་བསླབས་ཏེ་རྣམ་འགྲེལ་ལ་འགྱུར་བཅོས་བྱས། མཁས་པ་ཆེན་པོར་གྱུར་ནས་ཆོས་མ་དག་པ་སུན་ཕྱུང་ངོ༌། །ཁོང་གིས་རིག་གནས་སྦྱངས་པ་ནི། རྣམ་ཐར་ལས། སྡེབ་སྦྱོར་རིན་ཆེན་འབྱུང་གནས་དང༌། །དམར་སེང་དངནི་རྒྱལ་བའི་ལྷ། །བདེ་བར་གཤེགས་པའི་དཔལ་ལ་ཐོས། །རྒྱན་གྱི་བསྟན་བཅོས་དཎ་ཌཱི་དང༌། །དབྱངས་ཅན་མགུལ་རྒྱན་ལ་སོགས་པ། །དགེ་འདུན་དཔལ་ལ་ལེགས་པར་བསླབས། །མངོན་བརྗོད་བསྟན་བཅོས་འཆི་མེད་མཛོད། །དེ་ཡི་རྒྱ་ཆེར་འགྲེལ་བ་བཅས། །མཁས་པ་གསུམ་ལ་ལེགས་པར་གཏུགས། །ནག་མོ་ཁོལ་གྱི་སྙན་ངག་གསུམ། །བདེ་བར་གཤེགས་པའི་དཔལ་གྱིས་བཤད། །བྱང་ཆུབ་སེམས་དཔའི་སྐྱེ་བའི་རབས། །བདག་ཉིད་ཆེན་པོ་གཉིས་ལས་ཐོས། །ཞེས་སོགས་གསུངས། འདི་དག་གི་གཞུང་ནི་དེ་སྐབས་བོད་དུ་མ་འགྱུར་བས་ལེགས་སྦྱར་གྱི་ཡི་གེའི་སྟེང་ནས་བསླབས་ཏེ་དར་བར་མཛད་ནའང་དེ་དག་གི་གཞུང་ཡོངས་རྫོགས་བསྒྱུར་བ་ནི་མེད་དོ། །ཁོང་གི་གསུང་རིག་གནས་ལ་ཡང་དམ་པའི་ཆོས་ཀྱི་ལམ་སྟོན་པ། ས་སྐྱའི་ལེགས་བཤད། སྒྲ་འཇུག སྒྲ་ཉེ་བར་བསྡུ་བ། སྡེབ་སྦྱོར་མེ་ཏོག་ཆུན་པོ། ཚིག་གཏེར། རོལ་མོའི་བསྟན་བཅོས། ཤེས་རབ་འཕྲོ་བ། ཤེས་རབ་ལ་འཇུག་པ། མཁས་འཇུག སྙན་ངག་མཁས་པའི་ཁ་རྒྱན། ཟློས་གར་རབ་དགའི་འཇུག་པ། སྐུ་གཟུགས་ཀྱི་བསྟན་བཅོས། བཟོའི་བསྟན་བཅོས། ས་བརྟག་པ། བསྟན་རྩིས། སྨན་དཔྱད་བསྡུས་དོན། སྨྲ་སྒོའི་བསྡུས་དོན། ཡི་གེའི་སྦྱོར་བ། བྱིས་འཇུག་འགྲེལ་བ། རིགས་གཏེར་སོགས་དང་གཞན་ཡང་མདོ་སྔགས་ཀྱི་བསྟན་བཅོས་མང་བོ་བརྩམས་སོ།།

ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ནི། བལ་ཡུལ་དུ་བྱོན་ནས་པཎྜི་ཏ་མ་ཧེན་དྲ་བྷ་དྲ་ལོ་ལྔར་བསྟེན་ནས་རིག་གནས་ཆུང་བ་ལྔ་ལ་བསླབས། ཁྱད་པར་སྒྲ་རིག་པ་ལ་ཤིན་ཏུ་བྱང་བར་མཛད། པཎྜི་ཏ་ལ་ཥ་ཤྲཱི་སྤྱན་དྲངས་ཏེ་སྙན་ངག་མེ་ལོང༌། དཔག་བསམ་འཁྲི་ཤིང༌། ཀླུ་ཀུན་ཏུ་དགའ་བའི་ཟློས་གར། བསྟོད་པ་བརྒྱ་བ། དུས་འཁོར་སོགས་འགྱུར་དང་འགྱུར་བཅོས་ཀྱང་མཛད་དེ་རིག་པའི་གནས་ཤིན་ཏུ་དར་བར་མཛད། དེའི་གཅུང་བོ་ཤོང་བློ་གྲོས་བརྟན་པས་ཀྱང་གཞིའགྱུར་དང་འགྱུར་བཅོས་ཀྱང་བྱས། ཡར་ལུང་གྲགས་པ་རྒྱལ་མཚན་གྱིས་བྱ་བ་བསྡུས་པ་ལ་སོགས་པ་བསྒྱུར་ཏོ། །བུ་སྟོན་རིན་པོ་ཆེའི་བླ་མ་ཉི་མ་རྒྱལ་མཚན་བཟང་བོས་བལ་བོར་ལོ་བཅུ་བཞིར་སྦྱངས་པ་མཛད། རིའི་ཀུན་ཏུ་དགའ་བའི་མདོ་ལ་སོགས་པ་ལོ་བཅུ་གསུམ་ཙམ་ལ་པཎྜི་ཏ་ཨཱནནྟ་སྤྱན་དྲངས་ཏེ་བསྒྱུར་བ་དང་གཞན་ཡང་འགྱུར་དང༌། འགྱུར་བཅོས་ཀྱང་མང་བོ་མཛད་དོ།།

ཤོང་ལོའི་སློབ་མ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་ནི་རབ་བྱུང་ལྔ་པའི་མེ་བྱི་(༡༢༧༦)ལ་ལ་སྟོད་ལྷོ་རུ་འཁྲུངས། གཞོན་དུས་ནས་སྟག་སྡེ་བ་སོགས་བཤེས་གཉེན་དུ་མ་བསྟེན་ནས་རིག་གནས་དུས་འཁོར་སོགས་ལ་སྦྱངས། ལོ་བཅུ་དགུའི་ཐོག་ལོ་ཙཱ་བ་མཆོག་ལྡན་ལས་སྒྲ་ཀ་ལཱ་པ་དང་ཙན་དྲ་བ་བསླབས། སྙན་ངག་མེ་ལོང་ཡང་གསན། ཨ་ཙ་ར་འཕྲད་ཚད་ལ་འཕྲལ་སྐད་བསླབས། ཡུད་ཙམ་གྱིས་ཞུ་ཆེན་གྱི་ལོ་ཙཱ་བར་གྱུར། བལ་བོར་ལན་གསུམ་བྱོན། རིག་གནས་དང་སྔགས་མཚན་ཉིད་ཀྱི་གཞུང་ཤིན་ཏུ་མང་བོ་ལ་འགྱུར་དང་འགྱུར་བཅོས་མཛད། གཞུང་མང་བོའི་ཊཱི་ཀ་ཡང་མང་དུ་བརྩམས། ཐུགས་རབ་ཤིན་ཏུ་ཆེ་སྟེ་ཁོང་གི་གསུང་ལས། སྔོན་ཚེ་སྦྱངས་པས་སྐྱེ་བ་འདིར། །གཞུང་རྣམས་རྩེད་མོའི་ཞར་ལ་ཤེས། །ཤོང་སྟོན་ལེགས་བཤད་ལྡེ་མིག་བླངས། །ལེགས་སྦྱར་སྐད་ཀྱི་གཏེར་ཁ་ཕྱེ། །སྣ་ཚོགས་གཞུང་ལུགས་རིན་ཆེན་བླངས། །ལེགས་བཤད་དགའ་སྟོན་འབྱེད་ལ་དབང༌། །ཞེས་གསུངས་པ་དང༌། མདོར་ན། ཁོང་ཞལ་བཞུགས་པའི་ཚེ་ཁོང་ལས་མགོ་འཕང་མཐོ་བའི་མཁས་པ་སུ་ཡང་མེད་ཟེར། དེའི་དབོན་པོ་ལོ་ཙཱ་བ་བྱང་ཆུབ་རྩེ་མོས་ཀྱང་བསྒྱུར་བཤད་སོགས་ཀྱིས་ཁུ་བོའི་ལུགས་ལེགས་པར་བསྐྱངས་སོ།།

བུ་སྟོན་རིན་པོ་ཆེ་ནི་རབ་བྱུང་ལྔ་བའི་ལྕགས་སྟག་(༡༢༩༠)ལ་འཁྲུངས། དང་བོར་ཐར་བ་ལོ་ཙཱ་བ་ལས་ཙན་དྲ་བ་བསླབས་ནས་ལོ་ཙཱ་མཁས་པར་མཁྱེན། བླ་མ་རྡོ་རྗེ་རྒྱལ་མཚན་སོགས་ཀྱི་མདུན་ནས་དུས་འཁོར་སོགས་མདོ་རྒྱུད་མཐའ་ཡས་པ་གསན། རྩིས་སོགས་ལའང་ལེགས་པར་སྦྱངས། དབང་མདོར་བསྟན་གྱི་འགྲེལ་བ་སུམ་བརྒྱ་དྲུག་ཅུ་བ་ཡང་བསྒྱུར། དུས་འཁོར་ཤོང་འགྱུར་ལ་འགྱུར་བཅོས་མང་དུ་གནང༌། བོད་དུ་འགྱུར་བའི་གཞུང་མཐའ་དག་ལ་ཞིབ་བརྟག་མཛད། ཆོས་འབྱུང་རིན་པོ་ཆེ་དང་རྩིས་གཞུང་མཁས་པ་དགའ་བསྐྱེད་སོགས་གསུང་རྩོམ་པོད་སུམ་ཅུར་ཉེ་བ་བརྩམས། འདི་བའི་གསུང་འབུམ་གྱི་པར་སྔར་མེད་ལ་རྒྱལ་དབང་བཅུ་གསུམ་པའི་རིང་ལ་རྩེ་པོ་ཏ་ལའི་ཤོད་དུ་པར་གསར་བཞེངས་གནང་སྐབས་དགེ་བཤེས་རིན་པོ་ཆེ་འབྲས་སྒོ་ཤེས་རབ་རྒྱ་མཚོས་ཞུ་ཆེན་མཛད་དོ། །བུའི་སློབ་མ་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་(སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་ཡང་ཟེར)གྱིས་ཀྱང་འགྱུར་དང་འགྱུར་བཅོས་འཆད་སྤེལ་སོགས་ཀྱི་སྒོ་ནས་བུ་རིན་པོ་ཆེའི་རྒྱུན་བསྐྱངས་སོ། །གཞན་ཡང་སྣར་ཐང་ལོ་ཙཱ་བ་སཾ་གྷ་ཤྲཱི། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་བོ(དག་ཡིག་ཟ་མ་ཏོག་རྩོམ་པ་བོ)། སྐྱོགས་སྟོན་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས(སྨིན་གྲུབ་ལོ་ཙཱ་བ་ཡང་ཟེར་ལ་ལི་ཤིའི་གུར་ཁང་རྩོམ་པ་བོ་ཡིན)། ལོ་ཆེན་སྐྱབས་མཆོག་དཔལ། སྟག་ལོ་ཤེས་རབ་རིན་ཆེན་སོགས་རིག་གནས་རྒྱ་མཚོའི་ཕྲེང་བ་འཛིན་པའི་ལོ་ཙཱ་བ་དང་མཁས་པ་ཤིན་ཏུ་མང་བོ་བྱུང་མོད་ཐམས་ཅད་བརྗོད་ཀྱིས་མི་ལང་ངོ༌།།

ཁྱད་པར་དུ་རྗེ་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་བྱོན་ནས་མདོ་སྔགས་རིག་གནས་ཀྱི་བཤད་སྒྲུབ་ལྷག་པར་འཕེལ་ཏེ། བོད་ཡུལ་འདིར་སློབ་གཉེར་བས་ས་སྟེང་ཁྱབ་པ་བྱུང༌། ཁོང་ཤར་ཕྱོགས་ཙོང་ཁའི་ཡུལ་དུ་རབ་བྱུང་དྲུག་པའི་མེ་བྱ་(༡༣༥༧)ལ་སྐུ་འཁྲུངས། དགུང་ལོ་གསུམ་བཞེས་པ་ན་ཀརྨ་པ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་བསྒྲུབས་ཏེ། མཚན་ཀུན་དགའ་སྙིང་བོར་གསོལ། དགུང་ལོ་བརྒྱད་པའི་དུས་ཤར་ཕྱོགས་རིག་པའི་དཔའ་བོ་ཞེས་གྲགས་པའི་མཁས་པ་ཆེན་པོ་ཆོས་རྗེ་དོན་འགྲུབ་རིན་ཆེན་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་བློ་བཟང་གྲགས་པ་ཞེས་པའི་མཚན་གསོལ། བླ་མ་དེ་ཉིད་ལས་ཀློག་དང་རིག་གནས་མདོ་སྔགས་ཀྱི་གདམས་པ་མང་དུ་གསན་ནས། དགུང་ལོ་བཅུ་དྲུག་གི་ཐོག་བོད་དུ་བྱོན། དམ་པ་ཆེན་པོས་གཞན་དོན་བྱེད་པ་ལ་རིག་གནས་མཐའ་དག་སྦྱང་དགོས་དགོངས་ནས་ཚལ་གུང་ཐང་ནས་ཚེ་ཡི་རིག་བྱེད་པ་དཀོན་མཆོག་སྐྱབས་ལས་གསོ་དཔྱད་ཀྱི་གཞུང་ལ་སྦྱངས་ཤིང༌། ཡན་ལག་བརྒྱད་པ་ཐུགས་ལ་བཟུང༌། ལོ་ཙཱ་བ་ནམ་མཁའ་བཟང་བོ་ལས་སྙན་ངག་མེ་ལོང་སོགས་བསླབས། བོ་དོང་ལོ་ཆེན་ཞམ་བཟང་བ་ལས་སྒྲ་ཀ་ལཱ་པ་དང༌། སྒྲ་ཙནྡྲར་བ་དང༌། སྡེབ་སྦྱོར་སོགས་ལ་སྦྱངས། ས་བཟང་མ་ཏི་པཎ་ཆེན་སོགས་ལས་ཀྱང་བསླབས། ཚལ་པ་རྟོགས་ལྡན་ཡེ་ཤེས་རྒྱལ་མཚན་ལས་རྩིས་ཀྱི་ལག་ལེན་མཐར་ཕྱིན་པར་སྦྱངས་སོ།།

རིག་གནས་ཆེ་བ་ལྔའི་ཡ་གྱལ་ཚད་མ་རིག་པ་ལ་ཐོས་པ་མཛད་ཚུལ་ནི། རྗེ་བཙུན་བླ་མ་དམ་པ་རེད་མདའ་བ་དང༌། ལོ་ཙཱ་བ་དོན་བཟང་ལས་ཚད་མའི་གཞུང་རྣམས་ལེགས་པར་གསན་ཏེ་སྡེ་བདུན་མདོ་དང་བཅས་པ་རྣམས་ལ་གཟིགསརྟོག་མཛད་ཅིང༌། གུང་བསྒྲིགས་ནས་ལེགས་པར་གཏན་ལ་ཕབ། བོད་ཀྱི་བཤད་སྲོལ་ཕལ་ཆེར་འགྲེལ་བ་དང་མི་མཐུན་པར་གཟིགས་ནས། ཚད་མ་ཀུན་ལས་བཏུས་ཀྱི་རང་འགྲེལ་འགྲེལ་བཤད་དང་བཅས་པ་དང༌། རྣམ་འགྲེལ་གྱི་འགྲེལ་བ་ལྷ་ཤཱཀ་གཉིས་དང༌། བྲམ་ཟེ་གཉིས་ཀྱི་འགྲེལ་བ་དང༌། རྒྱན་གྱི་འགྲེལ་བ་དང༌། དེའི་འགྲེལ་བཤད་གཉིས་དང༌། རྣམ་ངེས་རང་འགྲེལ་དང༌། དེའི་འགྲེལ་བཤད་སོགས་ཆོས་མཆོག་གིས་མཛད་པ་དང༌། རིགས་ཐིགས་ཀྱི་འགྲེལ་བ་ཆོས་མཆོག་གིས་མཛད་པ་སྟེ། འགྲེལ་བ་འགྲེལ་བཤད་གཞུང་ཕྲན་དང་བཅས་པ་ལེགས་པར་གཏན་ལ་ཕབ་ནས་ཐུགས་སྦྱང་མཛད་པས་ད་པྱིས་ཕྱིན་པར་ཐུགས་སུ་ཆུད་དོ།།

ནང་དོན་རིག་པའི་ནང་ཚན་ཕར་ཕྱིན་ལ་ཐོས་པ་མཛད་ཚུལ་ནི། ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་བྱོན་ནས། སྙེ་ཐང་བ་བཀྲ་ཤིས་སེང་གེ་དང༌། སློབ་དཔོན་ཡོན་ཏན་རྒྱ་མཚོ། བླ་མ་རིན་པོ་ཆེ་ཨུ་རྒྱན་པ་རྣམས་ལས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་དང་བཅས་པ་གསན་པ་དང༌། བླ་མ་འཇམ་རིན་པ་ལས་ཀྱང་བྱམས་ཆོས་རྒྱུད་བླ་མ། མདོ་སྡེ་རྒྱན་དབུས་མཐའ་རྣམ་འབྱེད། ཆོས་ཉིད་རྣམ་འབྱེད་རྣམས་གསན་པ་དང༌། ཉ་དཔོན་ཀུན་དགའ་དཔལ་བའི་དྲུང་ནས་ཕར་ཕྱིན་གྱི་གཟབ་བཤད་ཚར་གཅིག་གསན་པས་ཐུགས་ཡིད་ཤིན་ཏུ་ཚིམ་པ་བྱུང་བ་དང༌། གཞན་ཡང་མངོན་རྟོགས་རྒྱན་གྱི་འགྲེལ་བ་འགྲེལ་བཤད་ཤིན་ཏུ་མང་བོ་ལ་སྦྱངས་པས་མཁས་པའི་མཐར་སོན་ཏེ་འགྲེལ་བ་ལེགས་བཤད་གསེར་གྱི་ཕྲེང་བ་ལྗགས་རྩོམ་མཛད་དོ།།

ནང་དོན་རིག་པའི་གཞུང་དབུ་མ་ལ་སྦྱངས་པ་མཛད་ཚུལ་ནི། རྗེ་བཙུན་རེད་མདའ་བ་སོགས་ཀྱི་མདུན་ནས། ཀླུ་སྒྲུབ་ཀྱི་རིགས་ཚོགས་དྲུག་རྩ་འགྲེལ་དང་བཅས་པ་དང༌། དབུ་མ་བཞི་བརྒྱ་བ་རྩ་འགྲེལ། དབུ་མ་འཇུག་པ་རྩ་འགྲེལ་སོགས་ཀླུ་སྒྲུབ་ལུགས་ཀྱི་གཞུང་མཐའ་དག་ལ་སྦྱངས་པས་དགོངས་པ་མཐར་ཐུག་པ་ཐུགས་སུ་ཆུད་ནས། དབུ་མའི་རྣམ་བཤད་དགོངས་པ་རབ་གསལ། རྩ་ཤེ་ཊཱིཀ་ཆེན་དྲང་ངེས་ལེགས་བཤད་སྙིང་བོ་སོགས་མཛད་དོ།།

གཞན་ཡང༌། ནང་དོན་རིག་པའི་སྡེ་སྣོད་འདུལ་མངོན་དང་གསང་སྔགས་ལ་སྦྱངས་ཤིང་ཉམས་སུ་བླངས་པས། མཁྱེན་རྟོགས་ཀྱི་རྒྱ་མཚོ་བརྡོལ། སྙན་གྲགས་ཀྱིས་འཛམ་གླིང་ཁྱབ་སྟེ་རབ་བྱུང་བདུན་པའི་ས་གླང་(༡༤༠༩)ལ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་མཛད་དོ།།

རྗེའི་གདན་ས་དགའ་ལྡན་ནི། རྒྱལ་ཚབ་དར་མ་རིན་ཆེན་ནས་བཟུང་སྟེ། དགའ་ལྡན་ཁྲི་བ་རིམ་བྱོན་གྱིས་བསྐྱངས་པ་ལས། རྗེ་རིན་པོ་ཆེ་ལ་སྤྲུལ་སྐུ་བླུ་བའི་སྲོལ་མ་བྱུང༌། རྗེའི་སློབ་མ་འཇམ་དབྱངས་ཆོས་རྗེས་རབ་བྱུང་བདུན་པའི་མེ་སྤྲེལ་(༡༤༡༦)ལ་འབྲས་སྤུངས་བཏབ། བྱམས་ཆེན་ཆོས་རྗེས་རབ་བྱུང་བདུན་པའི་ས་ཕག་(༡༤༡༩)ལ་སེ་ར་བཏབ། པཎ་ཆེན་དགེ་འདུན་གྲུབ་ཀྱིས་རབ་བྱུང་བརྒྱད་པའི་མེ་ཡོས་(༡༤༤༧)ལ་བཀྲ་ཤིས་ལྷུན་པོ་བཏབ། དགོན་ཆེན་འདི་བཞི་ལ་གདན་ས་ཆེན་པོ་བཞི་ཟེར་རོ།།

པཎ་ཆེན་དགེ་འདུན་གྲུབ་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་ཡང་དེ་སྐབས་སྤྲུལ་སྐུ་བླུ་རྒྱུའི་སྲོལ་མེད་སྟབས། གདན་ས་སྐྱོང་མཁན་པཎ་ཆེན་བཟང་བོ་བཀྲ་ཤིས། པཎ་ཆེན་ལུང་རིགས་རྒྱ་མཚོ། པཎ་ཆེན་ཡེ་ཤེས་རྩེ་མོ་རྣམས་རིམ་པར་བཞུགས། རྒྱལ་བ་དགེ་འདུན་རྒྱ་མཚོ་རབ་བྱུང་བརྒྱད་པའི་མེ་སྤྲེལ་(༡༤༧༦)ལོར་སྐུ་འཁྲུངས། པཎ་ཆེན་ཡེ་ཤེས་རྩེ་མོའི་དུས་སུ། རྒྱལ་བ་དགེ་འདུན་རྒྱ་མཚོ་རྗེ་དགེ་འདུན་གྲུབ་ཀྱི་སྤྲུལ་སྐུ་ཡིན་རྒྱུ་བྱས་ནས་བཀྲ་ཤིས་ལྷུན་པོར་བཞུགས་པ་ལ། པཎ་ཆེན་ཡེ་ཤེས་རྩེ་མོས་ཕྲག་དོག་གི་རྣམ་པ་མཛད་པས་དེར་མ་བཞུགས་པར་འབྲས་སྤུངས་སུ་ཕེབས། མཁས་ཚུལ་ཆེས་ཆེར་བཞེས། འབྲས་སྤུངས་ཐམས་ཅད་མཁྱེན་པ་ཞེས་གྲགས་ཤིང་སྙན་གྲགས་རྒྱས། དེ་ནས་ཆོས་འཁོར་རྒྱལ་གྱི་དགོན་པ་བཏབ་ཅིང་འཕྲིན་ལས་ཤིན་ཏུ་རྒྱས་པའི་སྐབས། པཎ་ཆེན་ཡེ་ཤེས་རྩེ་མོས་ནན་ཏན་མཛད་པ་བཞིན་བྱོན་ནས་བཀྲ་ཤིས་ལྷུན་པོའི་གདན་སར་ལོ་ཁ་ཤས་ལ་བཞུགས། དེ་ནས་ཕྱིར་འབྲས་སྤུངས་སུ་ཕེབས། དགེ་ལུགས་པའི་སྤྲུལ་སྐུའི་ཐོག་མ་འདི་བ་ཡིན་ཟེར། དེ་ནས་བཀྲ་ཤིས་ལྷུན་པོའི་གདན་སར། མངའ་རིས་ཆོས་ལྷ་བཙུན་བསྟན་པའི་ཉི་མ་བཞུགས། དེ་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་བར་དུ་གདན་རབས་བཅུ་སོང་ལ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་བཀྲ་ཤིས་ལྷུན་པོའི་གདན་སར་སྐུ་མྱ་ངན་ལས་འདས་རེག་གི་བར་དུ་བཞུགས་པས། དེ་ནས་བཟུང་སྟེ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་བཀྲ་ཤིས་ལྷུན་པོའི་གདན་ས་བཟུང་ངོ༌།།

པཎ་ཆེན་བློ་བཟང་ཆོས་རྒྱན་ནི། རབ་བྱུང་བཅུ་བའི་ལྕགས་རྟ་(༡༥༧༠)ལ་འཁྲུངས། དབེན་ས་བ་བློ་བཟང་དོན་འགྲུབ་ཀྱིས་སྤྲུལ་སྐུར་ངོས་འཛིན་བྱས་ནས་བཀྲ་ཤིས་ལྷུན་པོར་སློབ་གཉེར་གནང་སྟེ་གཞོན་དུས་ནས་མཁས་ཆེན་དུ་གྱུར། དབེན་ས་པཎ་ཆེན་ཐམས་ཅད་མཁྱེན་པ་ཞེས་སྙན་གྲགས་ཀྱིས་ས་སྟེང་ཁྱབ། དགེ་ལུགས་པའི་སྤྲུལ་སྐུ་གཉིས་པ་འདི་བ་ཡིན་པར་གྲགས། སྤྱིར་སྤྲུལ་སྐུ་བླུ་བའི་ཐོག་མ་ཀརྨ་པཀྵི་ཆོས་ཀྱི་བླ་མ་ནས་བྱུང་ལ། དགེ་ལུགས་པའི་སྤྲུལ་སྐུའི་ཐོག་མ་རྒྱལ་བ་དགེ་འདུན་རྒྱ་མཚོ་དང༌། དེ་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་ཡིན་འདུག་མོད། འོན་ཀྱང་དེ་རྣམ་པ་གཉིས་ཀའང་འབད་པས་བཙལ་ཏེ་ཨང་གྲངས་བསྒྲིགས་ནས་གསེར་བུམ་དཀྲུག་པ་ལྟ་བུ་དེང་དུས་ཀྱི་སྤྲུལ་སྐུ་ངོས་འཛིན་ལྟ་བུ་མིན་ཏེ། རྒྱལ་བ་དགེ་འདུན་རྒྱ་མཚོ་ནི་བྱིས་པའི་དུས་ནས་ལུང་རྟོགས་ཀྱི་ཡོན་ཏན་ཕྱིར་མངོན་པས། ཀུན་གྱིས་རྒྱལ་བ་དགེ་འདུན་གྲུབ་ཀྱི་སྐྱེ་བར་ཡིད་ཆེས་བྱས་པ་དང༌། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཀྱང་བྱིས་པའི་དུས་ནས་ལུང་རྟོགས་ཀྱི་ཡོན་ཏན་ཕྱིར་མངོན་པས། དབེན་ས་བ་སངས་རྒྱས་ཡེ་ཤེས་ཀྱིས་དབེན་ས་བློ་བཟང་དོན་འགྲུབ་ཀྱི་སྐྱེ་བར་ངོས་བཟུང་ནས་སློབ་གཉེར་ལ་མཐུན་རྐྱེན་བསྒྲུབས་པས་ཕྱིས་སུ་མཁས་གྲགས་ཀྱིས་ས་སྟེང་ཁྱབ་པ་བྱུང་བ་གོང་སྨོས་ལྟར་རོ།།

ན་ནིང༌། ༡༩༨༠ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་བོད་ལྗོངས་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིནཞེས་པའི་དཔེ་དེབ་ཀྱི་ཤོག་གྲངས་བརྒྱ་བར་ཏཱ་ལའི་བླ་མ་ཡང་སྲིད་ཕེབས་པ་དེ་ནི། ཙོང་ཁ་པས་གཏན་ལ་ཕབ་པ་ཞིག་རེད། ཙོང་ཁ་པས་སྲོལ་གཏོད་གནང་བའི་དགེ་ལུགས་པའི་བསྟན་པ་ལྟར་ན་གཉེན་བསྒྲིགས་ནས་བུ་རྒྱུད་སྤེལ་མི་ཆོག་པར་བརྟེན། ཁོང་གིས་སློབ་མ་ཆེན་པོ་གཉིས་ལ་ཡང་སྲིད་ཡོང་སྟེ་ཐེག་ཆེན་གྱི་ཆོས་ལུགས་བཤད་ནས་ཆོས་རྒྱུན་མི་ཆད་པའི་འགན་ལེན་བྱེད་དགོས་པའི་ཞལ་ཆེམས་གནང་ཡོད་པ་རེད།ཅེས་བྲིས་འདུག འདི་ནི་ནོར་བ་རེད། དེ་ལྟ་བུའི་ཞལ་ཆེམས་གཏན་ནས་མེད། རྗེ་ཙོང་ཁ་བ་ཡབ་སྲས་ཀྱི་རིང་ལ་དགེ་ལུགས་པར་སྤྲུལ་སྐུ་བླུ་བའི་སྲོལ་མེད། རྗེ་འདས་ནས། རྒྱལ་བ་དགེ་འདུན་རྒྱ་མཚོ་འཁྲུངས་པའི་བར་ལ་ལོ་ངོ་ང་དྲུག་སོང༌། རྗེ་འདས་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་འཁྲུངས་པའི་བར་ལ་ལོ་ངོ་བརྒྱ་དང་ལྔ་བཅུ་སོང༌། ཏཱ་ལའི་བླ་མའི་ཡང་སྲིད་ཕེབས་པ་ཙོང་ཁ་པས་གཏན་ལ་ཕབ་པ་རེད།ཟེར་མཁན་གྱི་བཤད་ཚུལ་ལ་བལྟས་ན་རྒྱལ་བ་པཎ་ཆེན་གཉིས་རྗེ་ཙོང་ཁ་པའི་སྲས་ཀྱི་ཐུ་བོ་རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེའི་སྤྲུལ་སྐུ་རེད་སྙམ་པ་ཡིན་འདུག དེ་ལྟ་བུའི་ནོར་འཁྲུལ་གྱི་གཏམ་སྔོན་དུས་ནས་རྒྱའི་ཡིག་ཐོག་ལ་ཡོད་ཟེར་བ་ཐོས་མྱོང༌།།

རྗེ་བདག་ཉིད་ཆེན་པོ་དེའི་སློབ་མ་ནི། བླ་མ་ཆོས་འབྲེལ་གསན་པ་བཞི། སྔ་ཚར་བཞི། འཁོར་དག་པ་རྣམ་བརྒྱད། སྲས་ཀྱི་ཐུ་བོ་གཉིས། འཁོར་ཁྱད་པར་དུ་འཕགས་པ་བཞི། ནང་ཐུགས་ཀྱི་སྲས་གཅིག འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞི། དབུས་གཙང་བསྟན་པའི་སྒྲོན་མེ་བཅུ། གཞན་དོན་ལྷུན་གྱིས་གྲུབ་པའི་སེམས་དཔའ་དྲུག མི་དབང་གཙུག་ན་མཛེས་པའི་ཏི་ཤྲཱི་གཉིས། རྒྱ་ཆེན་མང་དུ་ཐོས་པའི་དཔོན་སྲས་གཉིས། སྦྱངས་པའི་ཡོན་ཏན་འཛིན་པའི་ཅོག་ཆེ་ཆུང་གཉིས། རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས། བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་དྲུག སྐད་གཉིས་སྨྲ་བའི་ལོ་ཙཱ་བ་གཉིས། ས་སྐྱོང་ཆོས་རྗེ་དྲུག གསུང་རབ་མང་དུ་མཁྱེན་པའི་བསྟན་འཛིན་བརྒྱད། མདོ་རོང་གི་མཁས་པ་བཞི། མཁའ་སྤྱོད་གྲུབ་པའི་གདུང་རྒྱུད་གཉིས། སྐྱེས་བུ་ཡ་མཚན་ཅན་གཉིས། སྤྱན་སྔ་བརྒྱད། ཁྲི་སྟེང་མཛེས་པའི་བླ་ཆེན་བཞི། ཚོགས་པ་སྐྱོང་བའི་མཁན་པོ་བཞི། སྡེ་དགོན་ཕྲ་མོའི་ཆེན་པོ་ལྔ། ཆོས་སྒོ་བ་གཉིས། འཆད་ཉན་གྱི་རྒྱལ་མཚན་སྒྲེང་བའི་སློབ་དཔོན་བཞི། རིགས་པ་སྨྲ་བའི་དཀའ་བཅུ་བ་བཞི། ཚིག་དོན་འཛིན་པའི་དཀའ་བཞི་བ་བཅུ། རྣམ་པར་དག་པའི་གནས་བརྟན་དྲུག ཚེ་བློས་བཏང་གི་རྟོགས་ལྡན་ལྔ་ལ་སོགས་པ་ལུང་རྟོགས་ཀྱི་ཡོན་ཏན་ལ་མངའ་བརྙེས་པའི་མཁས་པ་ཆེན་པོ་སྙན་གྲགས་ཅན་མཐའ་ཡས་པ་ཡོད་དོ།།

སློབ་མ་དེ་དག་གི་ནང་ནས་ཀྱང་མཁས་གྲུབ་དགེ་ལེགས་དཔལ་བཟང་དང་ཞང་ཞུང་བ་ཆོས་དབང་གྲགས་པ་གཉིས་ནི་སྙན་ངག་གི་ཚིག་རྒྱན་ལ་ཆེད་དུ་མཁས་པར་གྲགས་ཤིང་མཁས་གྲུབ་རྗེས་མཛད་པའི་འཇམ་དབྱངས་སྨྲ་སེང་གི་བསྟོད་པ་ལས། འདི་འདྲའི་སྙན་ངག་མུ་ཏིག་དོ་ཤལ་གང་གི་ཁ་ལས་རབ་འཕྱང་བ། །བདེར་གཤེགས་གསུང་གི་ལེགས་བཤད་ཕྲེང་བས་ལྕེ་རྩེ་རྣམ་པར་བརྒྱན་པ་ནི། །བློ་གྲོས་ཤེས་བྱའི་ཕ་མཐའ་ལ་འགྲན་ཤཱཀྱའི་དགེ་སློབ་དགེ་ལེགས་དཔལ། །བཟང་བོ་ཞེས་བྱ་འཇམ་པའི་རྡོ་རྗེའི་ཞབས་པད་བསྟེན་ལ་མངོན་དགའ་ཡིན། །ཞེས་དང༌། གངས་ཅན་མཁས་པ་ཀུན་གྱི་མགོ་བོ་ལ། །ཚིག་གི་གོམ་པ་འགོད་མཁས་དགེ་ལེགས་དཔལ། །བཟང་བོས་ཚིག་གི་སྦྱོར་བ་སྤངས་ཏེ་སྨྲས། །ཞེས་གསུངས་པ་ལྟར་སྙན་ངག་གི་རྩོམ་ཆེས་མང༌། ཞང་ཞུང་བ་ཆོས་དབང་གྲགས་པས་སྙན་ངག་རཱ་མ་ཎའི་རྟོགས་བརྗོད་སོགས་གཞུང་མང་བོ་བརྩམས་སོ། །དེ་བཞིན་དུ་རྗེའི་སློབ་མ་སློབ་རྒྱུད་དང་བཅས་པས་ནང་དོན་རིག་པར་མ་ཟད་ཐ་སྙད་རིག་གནས་ཀྱང་ཆེས་ཆེར་དར་བར་མཛད་དོ།།

ཇོ་ནང་ཀུན་དགའ་གྲོལ་མཆོག་གི་སྤྲུལ་སྐུ་ཏཱ་ར་ནཱ་ཐ་སྟེ་སྒྲོལ་བའི་མགོན་པོ་ནི་རབ་བྱུང་བཅུ་བའི་ཤིང་ཕག་(༡༥༧༥)ལོར་འཁྲུངས། ཁོང་གིས་ཀྱང་རིག་གནས་སོགས་ཀྱི་བསྟན་བཅོས་མང་བོ་བརྩམས། འཕགས་ཡུལ་ནས་བྱོན་པའི་པཎྜི་ཏ་ཁ་ཤས་བསྟེན་པས། ལེགས་སྦྱར་གྱི་སྐད་དང་སྒྲ་རིག་པ་ལའང་མཁས་པ་ཆེན་པོར་གྱུར། སྒྲ་མདོ་དབྱངས་ཅན་མ་བསྒྱུར་བ་དང༌། འགྲེལ་བ་མཆོག་ཏུ་གསལ་བ། ཞེས་བྱ་བ་བརྩམས་པ་དེ་ལ། ཏཱ་ར་ན་ཐའི་སྒྲ་ཊཱིཀ་ཞེས་གྲགས་ཆེ། གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་སྟེ་སྨིན་གླིང་གཏེར་ཆེན་དུ་གྲགས་པའང་ཀུན་གཟིགས་ལྔ་བ་ཆེན་མོས་རིག་གནས་ཀྱི་སློབ་དཔོན་དུ་བསྟེན། རིག་གནས་རྒྱ་མཚོའི་ཕྲེང་བ་འཛིན་པ་སྨོན་གྲོ་བ་ཡབ་སྲས་ཞེས་བསྔགས་བརྗོད་ཆེར་མཛད། ཁྱད་པར་དུ་གཏེར་ཆེན་གྱི་གཅུང་ལོ་ཆེན་ངྷརྨ་ཤྲཱི་བྱ་བ་མདོ་སྔགས་གསར་རྙིང༌། ཐ་སྙད་རིག་གནས་མཐའ་དག་ལ་མཁས་པ་ཞིག་བྱུང་བས་བསྟན་བཅོས་མང་དུ་བརྩམས་སོ།།

རྒྱལ་དབང་ལྔ་བ་ཆེན་པོ་ནི་རབ་བྱུང་བཅུ་བའི་མེ་སྦྲུལ་(༡༦༡༧)ལ་འཁྲུངས། ཁོང་གིས་མདོ་སྔགས་གསར་རྙིང་དང༌། ཐ་སྙད་རིག་གནས་མཐའ་དག་ལ་སྦྱངས་ཏེ་བསྟན་བཅོས་ཆེས་མང་བོ་བརྩམས། སྙན་འགྲེལ་དབྱངས་ཅན་དགྱེས་གླུ་སོགས་ཐ་སྙད་རིག་གནས་ཀྱི་གསུང་རྩོམ་ཡང་མང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཀྱང་བཻ་དཀར། བཻ་སེར། བཻ་སྔོན་སོགས་རིག་གནས་ཀྱི་གཞུང་མང་བོ་བརྩམས། ཁྱད་པར་དུ་སྨན་ལ་མཁས་པར་གྲགས་སོ།།

རྒྱལ་དབང་ལྔ་བའི་དུས་སུ། འདར་ལོ་ངག་དབང་ཕུན་ཚོགས་ལྷུན་འགྲུབ་ཀྱིས། པཎྜི་ཏ་བཱ་ལ་བྷཱ་དྲ་དང༌། དེའི་གཅུང་པཎྜི་ཏ་གོ་ཀུ་ལ་ནཱ་ཐ་མི་ཤྲ་གཉིས་ལ་བརྟེན་ནས་ལོ་ཙཱ་བ་ཁོང་དགུང་ལོ་ཉེར་ལྔའི་ཐོག་རབ་བྱུང་བཅུ་གཅིག་པའི་ས་ཁྱི་(༡༦༥༨)ལོ་ལ་དཔལ་ལྡན་འབྲས་སྤུངས་སུ་སྒྲ་པཱ་ཎི་བའི་འགྲེལ་ཆེན་ནོར་གྱི་ཤིང་རྟ་ཞེས་བྱ་བ་བརྩམས། དེ་རྗེས་རྒྱལ་དབང་ལྔ་བའི་བཀའ་བཞིན། པཎྜི་ཏ་སྐུ་མཆེད་དང་ལོ་ཙཱ་གསུམ་རྩེ་ཕོ་བྲང་ཆེན་མོར་བཞུགས་ཏེ། སྒྲ་མདོ་དབྱངས་ཅན་མ་དང་འགྲེལ་བ་གསལ་ལྡན་བསྒྱུར་རོ།།

རྒྱལ་དབང་ལྔ་བའི་དངོས་སློབ་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་ནི་རབ་བྱུང་བཅུ་གཅིག་པའི་ས་བྱི་(༡༦༤༨) ལ་སྐུ་བལྟམས། ཁོང་གིས་མདོ་སྔགས་ཐ་སྙད་རིག་གནས་དང་བཅས་པའི་གཞུང་མང་དུ་བརྩམས་ཤིང༌། མདོ་སྨད་ལྷོ་རྒྱུད་དུ་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་བཏབ། ཆོས་སྡེ་འདི་ཉིད་དར་ཞིང་རྒྱས་ཏེ་བོད་གངས་ཅན་གྱི་བཅུ་ཕྲག་རིག་པའི་གནས་ཀྱི་ལྟེ་གནས་སུ་གྱུར། བདག་གིས་ཀྱང་ཆོས་སྡེ་ཆེན་པོ་དེའི་མཐུ་ལ་བརྟེན་ནས་ཕྱི་ནང་གི་རིག་པའི་གནས་དག་ལ་བག་ཆགས་ཅུང་ཟད་ཅིག་འཇོག་ཐུབ་པའི་སྐལ་བ་ཐོབ། རྒྱལ་དབང་བདུན་པའི་དུས་སུ། ཁམས་སྡེ་དགེར་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བ་བྱོན་ཏེ་དཔལ་སྤུངས་དགོན་བཏབ། སྒྲ་དང་སྙན་ངག་སྡེབ་སྦྱོར་སོགས་ཀྱི་གཞུང་གསར་འགྱུར་དང་འགྱུར་བཅོས་ཡང་མང་དུ་མཛད། སློབ་མ་མཁས་པ་མང་བོ་བྱོན།

འཇམ་དབྱངས་བཞད་པའི་ཡང་སྤྲུལ་ཀུན་མཁྱེན་འཇིགས་མེད་དབང་བོས་མདོ་དབུས་ཀུན་ནས་སློབ་དཔོན་མང་བོ་བསྟེན་ཏེ་གསན་སྦྱངས་མཛད་པས་མཁས་གྲགས་ཀྱིས་ས་སྟེང་ཁྱབ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་དངོས་སློབ་དབྱིག་གྱ་པཎྜི་ཏ་དང༌། བྲ་ཏི་རིན་ཆེན་དོན་འགྲུབ་ཀྱི་དངོས་སློབ་དགེ་བཤེས་བློ་བཟང་དགེ་ལེགས་སི་ཏུའི་དངོས་སློབ་ཀུན་དགའ་སངས་རྒྱས་ལས་ཀྱང་གསན་ཏེ་ཐ་སྙད་རིག་གནས་ཀྱང་དར་སྤེལ་མཛད་པས། མདོ་སྨད་ལྷོ་བྱང་སོགས་ས་ཕྱོགས་ཀུན་ཏུ་འདི་བའི་ཁྲིད་རྒྱུན་དང་ཞལ་རྒྱུན་གྱི་རིག་པའི་གནས་ཀྱི་མེ་ཏོག་དགེ་མཚན་གྱི་དྲི་བསུང་འཐུལ་བ་ད་ལྟའི་བར་དུ་གནས་པ་འདི་བཞིན་ལགས་སོ། །དུས་ཕྱིས་ཁམས་སྡེ་དགེ་ཕྱོགས་སུའང་མཁས་པ་ཆེན་པོ་འགའ་ཞིག་བྱོན་ཏེ། རྫོགས་ཆེན་དཔལ་སྤྲུལ། འཇམ་དབྱངས་མཁྱེན་བརྩེའི་དབང་བོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇུ་མི་ཕམ་སོགས་བྱོན་ཏེ་ཕྱི་ནང་རིག་པའི་གནས་ཀྱི་ལེགས་བཤད་ཀྱི་བདུད་རྩིས་སྐལ་བ་དང་ལྡན་པ་དག་ཚིམ་པར་བྱས་སོ། །འདི་དག་ནི་ཆེ་རགས་ཙམ་བཤད་པ་ཡིན་གྱི་རྒྱས་པར་ནི། རྒྱལ་རབས་དེབ་ཐེར་རྣམས་དང༌། མཁས་པ་རང་རང་གི་རྣམ་ཐར་ལས་ཤེས་པར་བྱའོ།།

 

བོད་ཀྱི་རིག་གནས་རྒྱ་ཡུལ་དུ་དར་ཚུལ།

 

བོད་ཀྱི་རིག་གནས་རྒྱ་ཡུལ་དུ་དར་ཚུལ་ནི། ཆོས་རྒྱལ་མེས་དབོན་གྱི་སྐུ་རིང་ལ། རྒྱ་ནག་གི་བཙུན་པ་དང༌། རིག་པའི་གནས་ལ་མཁས་པ་མང་བོ་བོད་ཡུལ་དུ་བྱོན་ནས། ཆོས་དང་རིག་གནས་སྤེལ་བའི་མཛད་རྗེས་རླབས་ཆེ་ལ། དུས་རབས་ཉི་ཤུ་པའི་མགོ་ཙམ་ནས་བོད་ཀྱི་རིག་གནས་རྒྱ་ཡུལ་དུ་དར་བའི་མགོ་བརྩམས། འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་བའི་ཡོངས་འཛིན་གཙང་བ་ཡོངས་འཛིན་ཞེས་གྲགས་པའི་མཁས་པ་ཆེན་པོ་དེ་རྒྱ་ནག་ཏུ་ཕེབས་ཏེ་བྱང་ཆུབ་ཆོས་ཚོགས་ཞེས་པའི་ཚོགས་པ་བཙུགས། ཚོགས་པ་དེ་ལྷོ་ཧྲང་ཧེ་ནས་ཁྲུང་ཆིང་དང་ཁྲིན་ཏུ་བར་དང༌། བྱང་པེ་ཅིན་ནས་ལན་གྲུ་བར་དུ་དར་ཞིང་རྒྱས་ཏེ། ཚོགས་མི་མང་ཆེ་བས་བོད་ཡིག་དང་བོད་ཀྱི་སུམ་རྟགས་སོགས་རིག་གནས་ལ་སྦྱངས། རྒྱའི་བཙུན་པ་དང་མཁས་པ་མང་བོ་དབུས་གཙང་གི་སེ་འབྲས་དང༌། མདོ་སྨད་ཀྱི་བླ་བྲང་སྐུ་འབུམ་སོགས་སུ་ཕེབས་ནས་བོད་ཀྱི་རིག་གནས་ལ་སྦྱངས། དཔེར་ན་བློ་བཟང་ཆོས་འཕགས་ཆོས་ཀྱི་བླ་མ་ཞེས་བྱ་བའི་ལོ་ཙཱ་བ་ཆེན་པོ་དེ་ཉིད་༡༩༠༢ལོར་པེ་ཅིན་གྲོང་ཁྱེར་ཉེ་འདབས་སུ་སྐུ་འཁྲུངས། ཆུང་དུས་ནས་ཡི་གེར་སྦྱངས། དགུང་ལོ་ཉི་ཤུའི་སྐབས་པེ་ཅིན་ཧྥ་ཡོན་དགོན་དུ་བཞུགས། དེ་རྗེས་ཨུ་ཧན་ནང་བསྟན་སློབ་གྲྭར་ཞུགས། དེ་རྗེས་བོད་ཡུལ་ཁམས་སུ་བྱོན་ནས་ལོ་ཤས་ལ་བོད་ཀྱི་སྐད་ཡིག་སྦྱངས། དེ་རྗེས་དབུས་གཙང་དུ་ཕེབས་ཏེ་འབྲས་སྤུངས་སོགས་སུ་བཞུགས། བྲག་དཀར་དགེ་བཤེས་བླ་མར་བསྟེན་ཏེ་བོད་ཀྱི་རིག་པའི་གནས་མང་བོར་སྦྱངས། བསྟན་བཅོས་མངོན་རྟོགས་རྒྱན། ལམ་རིམ་ཆེན་མོ། དྲང་ངེས་རྣམ་འབྱེད་རྒྱ་ཡིག་ཏུ་བསྒྱུར། བོད་རིགས་ཀྱི་ཆོས་སྲིད་ལོ་རྒྱུས་ཞེས་པ་དང་ང་འགྲོ་སའི་བོད་ཡུལ་ཞེས་པ་བརྩམས། ལོ་ངོ་བཅུ་ཕྲག་ལྷག་ལ་བོད་ཡུལ་དུ་བཞུགས། དེ་རྗེས་རྒྱ་ཡུལ་དུ་ཕེབས། ཁྲུང་ཆིང་རྒྱ་བོད་གཞུང་ལུགས་སློབ་གྲྭ་ཆེན་མོ་བཙུགས། སྔ་ཕྱིར་རྣམ་བཤད་དགོངས་པ་རབ་གསལ། སྔགས་རིམ་ཆེན་མོ། རིམ་ལྔ་གསལ་སྒྲོན་སོགས་རྗེའི་གསུང་མང་བོ་དང་དབུ་མ་བཞི་བརྒྱ་བ་སོགས་བསྒྱུར། ཀློང་ཆེན་མཛོད་བདུན་ཡང་བསྒྱུར། དེ་རྗེས་པེ་ཅིན་དུ་ཕེབས་ནས་བཞུགས། བྱེ་བྲག་བཤད་མཛོད་ཆེན་མོ་(大毗婆沙论)བམ་པོ་ཉིས་བརྒྱ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར། ཉེ་ཆར་༡༩༧༩དང་༡༩༨༠ལོ་གཉིས་རིང་ཚད་མ་རྣམ་འགྲེལ་(释量论释)དང་སྤྱི་དོན་རིགས་རྒྱན་ཡང་བསྒྱུར། ཁོང་ལོ་ཙཱ་བ་ཕྱག་རྗེས་ཅན་ཞིག་རེད། ན་ནིང་(༡༩༨༠)ལོའི་ཟླ་༡༢ པའི་ཚེས་༡༤ ལ་སྐུ་འདས། བཙུན་པ་ཀོང་ཁུང(观空)ཞེས་པའང་བོད་ཡུལ་དུ་ལོ་མང་བོར་སྦྱངས་ནས་ཉེ་ཆར་༡༩༧༩དང་ ༡༩༨༠ལོ་གཉིས་རིང་ལ་རྒྱའི་སློབ་དཔོན་ཝེན་ཚེགས་(圆测大师)ཀྱིས་མཛད་པའི་མདོ་དགོངས་འགྲེལ་གྱི་འགྲེལ་བ་རྒྱ་ཡིག་ཏུ་མི་ཚང་བ་བོད་ཡིག་གི་ཐོག་ནས་བསྒྱུར་ཏེ་ཁབ་སྐངས། ལོ་ཙཱ་བ་དེ་ད་ལྟ་པེ་ཅིན་དུ་ཀྲུང་གོ་ནང་བསྟན་སློབ་གྲྭ་ཆེན་མོའི་སློབ་དཔོན་དུ་བཞུགས་ཡོད། གཞན་ཡང༌། ཀྲང་ཡིས་སུན་(张怡荪)ཞེས་པའི་དགེ་རྒན་ཆེན་མོ་དེས། བོད་རྒྱ་ཚིག་མཛོད་ཆེན་མོའི་རྨང་དང་བོད་རྒྱ་ཤན་སྦྱར་དང༌། རྒྱ་བོད་སྐད་ཚོགས་རྣམས་སྐད་གཉིས་ཤན་སྦྱར་དུ་སྒྲིག་རྩོམ་མཛད། ཐུའུ་བཀྭན་གྲུབ་མཐའི་དུམ་གཅིག་ཀྱང་རྒྱ་ཡིག་ཏུ་བསྒྱུར། ཁོང་ད་ལྟ་དགུང་ལོ་གྱ་བརྒྱད་རེད། ལིའུ་ལི་ཆན་(刘立千)གྱིས་མི་ལ་རས་པའི་རྣམ་ཐར་དང༌། ཐུའུ་བཀྭན་གྲུབ་མཐའ། རྒྱལ་རབས་གསལ་བའི་མེ་ལོང་རྣམས་བསྒྱུར། ཁོང་ད་ལྟ་ཁྲིན་ཏུར་ངལ་གསོས་ནས་བཞུགས་ཡོད། གཞན་ཡང་ཁྲིན་ཏུ་དང༌། དར་མདོ། མཚོ་སྔོན། བླ་བྲང་སོགས་སུ་རྒྱའི་མཁས་པ་མང་བོས་བོད་ཡིག་དང་བོད་ཀྱི་རིག་གནས་སྦྱངས་སོ། །ད་ལྟ་བོད་ཡུལ་ཡོངས་ཁྱབ་ཏུ་སློབ་གྲྭ་བཙུགས་ཏེ་རྒྱ་ཡིག་སློབ་བཞིན་པ་ཡིན་པས། རྒྱའི་རིག་གནས་མཐའ་དག་བོད་ཡུལ་དུ་དར་བའི་མགོ་ཚུགས་ཡོད་དོ།།

 

སོག་ཡུལ་དུ་བོད་ཀྱི་རིག་གནས་དར་ཚུལ།

 

སོག་ཡུལ་དུ་བོད་ཀྱི་རིག་གནས་དར་ཚུལ་ནི། རབ་བྱུང་བཞི་བའི་མེ་ཡོས་ལོར། སོག་རྒྱལ་སྟོབས་ལྡན་ཆིངགི་སི་བོད་དུ་བྱོན་ནས་སྟོད་མངའ་རིས་སྐོར་གསུམ། དབུས་གཙང་རུ་བཞི། ལྷོ་ཁམས་སྒང་གསུམ་ཐམས་ཅད་དབང་དུ་བསྡུས། ས་ཆེན་ཀུན་དགའ་སྙིང་བོ་དང་ཡོན་མཆོད་དུ་གྱུར། དེ་རྗེས་ཆིང་གི་སིའི་ཚ་བོ་གུ་ཡུག་དང་གོ་ཏན་གཉིས་ཀྱིས་ལང་ཀྲུའུ་སོགས་ཁམས་ཀྱི་རྒྱལ་བོ་བྱེད་སྐབས་གོ་ཏན་གྱིས་ས་སྐྱ་པཎ་ཆེན་གྱི་སྙན་གྲགས་ཐོས་ནས། མི་སྣ་བཏང་སྟེ་ས་སྐྱ་པཎ་ཆེན་སོག་ཡུལ་དུ་གདན་དྲངས། དེ་ཡན་ཆད་སོག་པོ་ལ་ཡི་གེ་མེད་པས། ས་པཎ་གྱིས་ཡི་གེ་གསར་བ་བཟོ་བར་བཞེད་པ་ན་བུད་མེད་ཅིག་གིས་པགས་པ་མཉེས་པའི་ཤིང་སོག་ལེའི་ཁ་ལྟ་བུ་ཞིག་ཐོགས་པ་གཟིགས་ནས་སོག་ཡིག་དེའི་དབྱིབས་ཅན་བཟོས་ཏེ། ཨ་ཨེ་ཨི། ན་ནེ་ནི། ས་སེ་སི། ཧ་ཀེ་ཁི། གྷ་གྷེ་གྷི། མ་མེ་མི། ལ་ལེ་ལི། ར་རེ་རི། འ་འེ་འི། ཏ་ཏེ་ཏི། ཐ་ཐེ་ཐི། ཙ་ཙེ་ཙི། ཚ་ཚེ་ཚི། ཡ་ཡེ་ཡི། ཝ་ཝེ་ཝི། རྣམས་ཕོ་མོ་མ་ནིང་ངམ་གྲིམ་ལྷོད་ཞན་གསུམ་དུ་བསྡུས་ནས་ཀློག་པའི་སྲོལ་བཏོད། དེ་རྗེས་རབ་བྱུང་ལྔ་བའི་ས་རྟ་ལོར་ཆོས་རྒྱལ་འཕགས་པས་སོག་ཡིག་འཁོར་མ་གྲུ་བཞི་མ་བཟོས། འོན་ཀྱང་འདི་ཐམ་ཀའི་ངོས་ལ་བེད་སྤྱོད་པ་ལས་སོག་ཡིག་དངོས་གཞི་ནི་ས་པཎ་གྱིས་བཟོས་པའི་པགས་ཤད་ཀྱི་སོ་དབྱིབས་ཅན་དེང་སང་གི་བར་བེད་སྤྱོད་བཞིན་པ་དེ་རེད། དེ་རྗེས་ས་སྐྱ་པ་ཆོས་སྐུ་འོད་ཟེར་སོག་ཡུལ་དུ་བྱོན་ནས་སྔར་ས་པཎ་གྱིས་བཟོས་པའི་ཡི་གེ་ལ་ཡི་གེ་མཇུག་མ་ཅན་མང་བོ་ཅན་མང་བོ་བསྣན་ནས་བོད་ཡིག་གི་ཐོག་ནས་གཞུང་ལུགས་སོག་ཡིག་ཏུ་བསྒྱུར་བའི་མགོ་ཚུགས། དེ་རྗེས་ཤི་རེ་ཐུ་གུ་ཤྲཱིས་ཡུམ་གསུམ་བོད་ཡིག་ལས་སོག་སྐད་དུ་བསྒྱུར། ཆ་ཧར་ལེགས་ལྡན་ཧོ་ཐོག་ཐུའི་དུས་སུ། ཀུན་དགའ་འོད་ཟེར་གཙོ་བྱས་པའི་ལོ་ཙཱ་བ་མང་བོས་བཀའ་འགྱུར་ཡོངས་རྫོགས་སོག་སྐད་དུ་བསྒྱུར། ཁང་ཤི་བདེ་སྐྱིད་རྒྱལ་བོའི་དུས་སོག་ཡིག་གི་བཀའ་འགྱུར་ཞུ་དག་མཛད་ནས་པར་དུ་བསྒྲུབས། གོང་མ་ཆེན་ལུང་རྒྱལ་བོའི་དུས་བསྟན་འགྱུར་ཡོངས་སུ་རྫོགས་པ་སོག་སྐད་དུ་བསྒྱུར་ནས་པར་དུ་བསྐྲུན། འདི་དུས་ལྕང་སྐྱ་རོལ་བའི་རྡོ་རྗེས་སོག་སྐད་དུ་བསྒྱུར་ལ་མེད་མི་རུང་གི་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་བོད་སོག་ཤན་སྦྱར་གྱི་མིང་མཛོད་དེ་བརྩམས་སོ། །འོན་ཀྱང་སོག་ཡུལ་དུ་མཚན་ཉིད་ཀྱི་གཞུང་བཀའ་པོད་ཆེན་པོ་ལྔ་དང༌། རྒྱུད་སྡེ་བཞི། སྒྲ་རིག སྨན་རིག སྐར་རྩིས། སྙན་ངག ཟློས་གར་སོགས་བོད་ཡིག་གི་ཐོག་ནས་སློབ་སྦྱོང་བྱེད་པར་མ་ཟད། སུའུ་ལེན་གྱི་མངའ་ཁོངས་པུ་རད་སོགས་སུ་བོད་ཡིག་གི་ཤིང་པར་འབོར་ཆེན་དར་ཏེ། ཧལ་ཧ་(乌兰巴托)རྗེ་བཙུན་དམ་པའི་དགོན་པར་བཀའ་འགྱུར་སོགས་ཀྱི་ཤིང་པར་འབོར་ཆེན་ཡོད་པ་དང༌། དེ་བཞིན་ནང་སོག་མཁར་སྔོན་པོ་(呼和浩特)སོགས་སོག་ཡུལ་དུ་བོད་ཡིག་གི་རིག་གཞུང་མང་བོའི་ཤིང་པར་ཡོད། སོག་པོའི་མཚན་ཉིད་སོགས་རིག་པའི་གནས་སློབ་འདོད་ཀྱི་བཙུན་པ་ཆེས་མང་བོ་དབུས་གཙང་དང༌། བླ་བྲང༌། སྐུ་འབུམ་སོགས་སུ་བྱོན་ནས་སློབ་གཉེར་བྱས་ཏེ་སླར་རང་ཡུལ་དུ་ལོག་ནས་འཆད་ཉན་སྤེལ་བ་ད་ལྟའི་བར་དུ་ཡོད། དེ་ལྟར་སོག་པོ་ལ་རང་གི་ཡི་གེ་ཡོད་མོད། དེ་སྔོན་རིག་གནས་སྣ་ཚོགས་ཀྱི་རྨང་གཞིའི་ཡི་གེ་ནི་བོད་ཡིག་རང་ཡིན་ནོ།།

དེ་བཞིན་དུ་འབྲུག་ཡུལ་(不丹)ཡང་གཞི་རྩའི་ཐོག་བོད་རིགས་ཡིན་གཤིས། ཡི་གེ་ཡང་རྩའི་ཐོག་བོད་ཡིག་རེད། འབྲས་ལྗོངས་(锡金)ཡང་སྔར་བོད་རིགས་ཡིན་གཤིས་སྐད་ཡིག་ཀྱང་བོད་ཀྱི་སྐད་ཡིག་ཡིན་མོད། ད་ལྟ་ཅི་ཡིན་མ་ཤེས། རི་པིན་སོགས་ཡ་གླིང་གི་རྒྱལ་ཁབ་སྟོབས་ལྡན་རྣམས་དང༌། ནུབ་ཕྱོགས་ཀྱི་རྒྱལ་ཁབ་རྣམས་སུའང་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་གྲྭ་མང་བོ་བཙུགས་ཏེ་དར་རྒྱས་འབྱུང་བཞིན་པར་འདུག དེས་ན་བོད་རང་ལ། ལེགས་སྦྱར་དང་སུམ་རྟགས་རྩ་བར་བཟུང་བའི་སྒྲ་རིག་པ་ཕུལ་བྱུང་ཆ་ཚང་རང་ཚུགས་ཐུབ་པ་ཞིག་ཡོད། ཚད་མ་རིག་པའང་སློབ་དཔོན་ཆོས་གྲགས་ཡབ་སྲས་ཀྱི་ཚད་མ་རིག་པ་རྩ་བར་བཟུང་བའི་སྟེང་དུ། བོད་རང་གི་མཁས་པ་རྣམས་ཀྱིས་གསར་བསྐྲུན་གྱི་རིག་པ་བསྡུས་གྲྭ་ལྟ་བུས་ཕུན་སུམ་ཚོགས་པར་བྱས་ཏེ་དར་ཞིང་རྒྱས་ནས་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་མེད་པའི་ཕུན་སུམ་ཚོགས་པ་ཞིག་ཡོད། གསོ་རིག་ཀྱང་ཕྱིའི་གསོ་རིག་དག་གི་ཁར་རང་གི་ཉམས་མྱོང་བསགས་པའི་སྨན་དཔྱད་ལག་རྩལ་བླ་ན་མེད་པ་ཞིག་ཡོད། བར་སྐབས་སུ་ཉམས་མོད། འོན་ཀྱང་ད་ལྟའང་རྨང་འཐུག་པོ་ཡོད། བཟོ་རིག་སྐོར་ལ་བསྟན་འགྱུར་ཁྲོད་ཀྱི་བཟོ་པ་ཊ་དང་མི་ཕམ་གྱིས་མཛད་པའི་བཟོ་པ་ཊ་སོགས་གཞུང་མང་བོ་ཡོད་སྟབས། རྡོ་བཟོ། ཤིང་བཟོ། ལྕགས་བཟོ། དངུལ་བཟོ། གསེར་བཟོ། ལྷ་བཟོ། གོས་ལྷམ་བཟོ་བ། སྣམ་ཕྲུག ས་གདན། ཕྱིང་འཇོག པར་རྐོ། རྡོ་རྐོ། ཤིང་རྐོ་མཁན་སོགས་ལག་ཤེས་བཟོ་ལས་སྣ་ཚོགས་ཡོད། དེ་དག་དེང་དུས་ཀྱི་འཕྲུལ་འཁོར་གྱི་བཟོ་ལས་ལ་བལྟས་ན་རྗེས་ལུས་ཡིན་མོད། མང་ཚོགས་ཀྱི་འཚོ་བའི་ཐད་ལ་འདང་བརྒྱབ་ན་མཐོང་ཆེན་བྱེད་རིན་ཡོད་པ་ཞིག་རེད། ནང་དོན་རིག་པ་རྒྱུད་སྡེ་བཞི་དང་སྡེ་སྣོད་གསུམ་གྱི་འཆད་ཉན་སོགས་དེང་དུས་འཛམ་གླིང་གི་མི་རིགས་གཞན་ལས་ལྷག་པ་ཞིག་ཡོད། དེ་དག་ནི་རིག་གནས་ཆེ་བ་ལྔ་ཡིན་ལ། ཆུང་བ་ལྔའི་སྙན་ངག་ནི། སློབ་དཔོན་དབྱུག་པ་ཅན་གྱི་མེ་ལོང་མའི་ཐོག་ཏུ་བོད་རང་གི་བློ་གྲོས་ཀྱི་ནོར་བསགས་པས་ཕུན་སུམ་ཚོགས་པ་ཞིག་ཡོད། མངོན་བརྗོད་ལ་ནི། འཆི་མེད་མཛོད་དང༌། བོད་རང་གིས་བརྩམས་པའི་མཁས་པའི་རྣ་རྒྱན་སོགས་དགེ་མཚན་ཅན་ཞིག་ཡོད། སྡེབ་སྦྱོར་ནི་རིན་ཆེན་འབྱུང་གནས་ལྟར་ལེགས་སྦྱར་གྱི་སྟེང་ནས་བསྒྲིགས་པ་དང༌། བོད་རང་གི་ཚིག་སྣ་ཚོགས་སྒྲིག་ཚུལ་འཇེབས་ཤིང་ཆ་ཚང་བ་ཞིག་ཡོད། སྐར་རྩིས་ནི། དུས་འཁོར་རྒྱུད་དང་རྒྱ་ནག་གི་རྩིས་རྙིང་དང་རྩིས་གསར་གྱི་སྟེང་དུ་རང་གིས་ཚན་རིག་པའི་དཔྱད་པ་སྣ་ཚོགས་ཀྱི་འབྲས་བུ་བསྣན་པའི་རྩིས་རིག་སྔོན་ཐོན་ཞིག་ཡོད། ཟློས་གར་ནི། དེང་དུས་འཆམ་བཞིན་པའི་ཟློས་གར་ཆེན་པོ་བརྒྱད་གཙོར་བྱས་པའི་སྣ་ཚོགས་ཤིག་དང་གླུ་གར་ཡང་ཀུན་གྱི་རྣ་ལམ་དང་སྤྱན་ལམ་དུ་གྱུར་བ་འདི་བཞིན་ནོ། །དེ་དག་ནི་རིག་གནས་ཆུང་བའོ།།

བོད་དུ་དེང་རབས་ཅན་གྱི་ཚན་རིག་ལག་རྩལ་རྗེས་ལུས་ཡིན་པ་སྨོས་མི་དགོས་མོད། དེ་དག་རྗེས་ལུས་ཡིན་པས་སྔར་གྱི་རྨང་གཞིའི་རིག་གནས་དག་རྒྱང་བསྐྱུར་བྱས་ན། གསར་བ་ཡང་འཛུགས་མི་ནུས་ཏེ་སྔར་ལོ་འགའི་རིང་ལ་བོད་རང་གི་སྐད་ཡིག་རྒྱང་བསྐྱུར་བྱས་ནས་རྒྱ་ཡིག་གི་ཐོག་ནས་རིག་གནས་བསླབས་པ་ཡིན་ཏེ། གྲུབ་འབྲས་རེ་ལོས་ཡོད་མོད་དེ། བུལ་ལ་འབུར་དུ་ཐོན་མི་ཐུབ་པ་འདི་འདྲའོ། །དེས་ན་བོད་རང་གི་སྐད་ཡིག་གི་རྨང་གཞི་ཡོད་པའི་ཐོག་ནས་གསར་བ་བསླབས་ན་སྐྱེད་ཐོན་ཞིང་སྐྱེད་ཐོན་པ་ཅུང་ཟད་མྱུར་བར་འདུག་སྙམ་པས། རྣམ་པར་དཔྱོད་པའི་བློ་གྲོས་ཀྱི་འཇུག་པ་ཡངས་པ་རྣམས་ཀྱིས་དཔྱད་པར་མཛོད་ཅིག་ཅེས་པའང་བསམ་གཏན་རྒྱ་མཚོ་མི་འཇིགས་དབྱངས་ཅན་དགའ་བའི་བློ་གྲོས་སུ་འབོད་པས་རབ་རྒྱལ་ལྕགས་བྱ་(༡༩༨༡)ལོའི་དཔྱིད་ཀར་སུག་ལས་བགྱིས་པ་ཛ་ཡནྟུ།། །།

#ཟླ་ཚེས་བཟང་བོར་སི་ནཱི་བཱ་ལཱིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༢༠༠༩ལོར་པར་དུ་བསྐྲུན་པའི་ཁོང་གི་གསུང་འབུམ་པོད་དྲུག་གི་བདག་ཉིད་ཅན་གྱི་པོད་མཐའ་མ་ལས་ཁོལ་དུ་ཕྱུང་སྟེ་སྤེལ་བ་དགེའོ།།

No comments:

Post a Comment