-->

Sep 3, 2010

བསླབ་བྱའི་སྙིང་བོ།

ཀི་རི་ཤི་ན་མཱུར་ཏིའི་བསླབ་བྱའི་སྙིང་བོ།
  ཛིཌུ། ཀི་རི་ཤི་ན་མཱུར་ཏི་མཆོག ཟླ་བ་གཞོན་ནུས་བསྒྱུར། 

༡༩༨༠ལོར། ཀྲྀཥྞམཱུརྟིས་༼ཀི་རི་ཤི་ན་མཱུར་ཏི༽་ཁོང་གི་རང་རྣམ་འབྲི་བ་བོ་མེ་རི་ལུ་ཊྱིན་སིའི་རེ་སྐུལ་ལ་བརྟེན་ནས་བྲིས་གནང་མཛད། ཀི་རི་ཤི་ན་མཱུར་ཏིའི་བསླབ་བྱའི་སྙིང་བོ་ནི། ཁོང་གིས་༡༩༢༩ལོར་གཏམ་བཤད་གནང་དུས་གསུངས་པའི་བདེན་པ་ནི་བཤུལ་ལམ་བྲལ་བའི་གནས་ཤིག་ཅེས་པའི་ནང་འདུས་ཡོད།
 
མི་ནི་སྒྲིག་འཛུགས་དང༌། ཆོས་དད། ལྟ་བ། བླ་ཆེན་དང་ཆོ་ག་བརྒྱུད་ནས་དེ་ལ་སླེབས་ཐབས་མེད་པར་མ་ཟད། མཚན་ཉིད་རིག་པའི་ཤེས་བྱ་དང་སེམས་ཁམས་རིག་པའི་མན་ངག་སོགས་གང་རུང་ཞིག་བརྒྱུད་ནས་ཀྱང་ལ་སླེབས་ཐབས་མེད།དེ་ནི་ངེས་པར་དུ་མིའི་རིགས་ཀྱི་དངོས་ཡོད་ཀྱི་འབྲེལ་ལམ་དང༌། སོ་སོའི་སེམས་ཀྱི་རང་བཞིན་ལ་གོ་རྟོགས་དང་བརྟག་དཔྱད་སོགས་བརྒྱུད་ནས་འཚོལ་དགོས་པ་ལས། རིག་པས་དབྱེ་ཞིབ་དང་ཕྱིར་རྟོག་གི་བཤག་དཔྱད་བརྒྱུད་ནས་མ་ཡིན། མིས་རང་གི་ནང་སེམས་སུ་ཉེན་སྲུང་དང༌། ཆོས་ལུགས། ཆབ་སྲིད་དང་སྒེར་དབང་སོགས་ཀྱི་ར་བའི་སྣང་བརྙན་རེ་བསྐྲུན་ཡོད་ལ། འདི་དག་ནི་མཚོན་རྟགས་དང༌། འཆར་སྒོ། དད་པ་སོགས་ཀྱི་རྣམ་པས་མངོན་པར་བྱེད་ཅིང༌། སྣང་བརྙན་འདི་དག་གི་ཁུར་པོས་མིའི་བསམ་བློ་དང༌། འབྲེལ་ལམ། ཉིན་རྒྱུན་གྱི་འཚོ་བར་དབང་སྒྱུར་བྱེད་ཀྱིན་ཡོད་ལ། སྣང་བརྙན་འདི་དག་ནི་མི་ཕན་ཚུན་བར་དབྱེ་འབྱེད་ཀྱི་རྙོག་དྲ་སློང་རྐྱེན་ཡིན། མི་ཞིག་གི་མི་ཚེའི་ལྟ་ཚུལ་ལ་ཁོང་གི་སེམས་ནང་དུ་བསྐྲུན་ཟིན་པའི་འཛིན་སྟངས་དེ་དག་གིས་བཟོ་ལྟ་བཏོད་ཀྱིན་ཡོད། ཁོའི་བློ་མོས་ནི་ཁོང་གི་འཚོ་གནས་ཡོད་ཚད་ཡིན་ལ། མི་འདྲ་ས་ཞིག་ཡོད་པ་ནི་ཁོས་སྲོལ་རྒྱུན་རིག་གནས་དང་རང་བྱུང་ཁམས་ལས་བླངས་པའི་མིང་དང་རྣམ་པ། ཕྱི་ཚུལ་གྱི་སྲོལ་རྒྱུན་དག་མི་གཅིག་པ་དེ་ཡིན། 
མིའི་ཁྱད་གཤིས་ནི་ཕྱི་ཚུལ་དུ་མེད་པར་འགྲོ་བ་མིའི་རིགས་ལ་སྤྱི་མཐུན་དུ་ཡོད་པའི་ཁོང་གི་བློ་མོས་ལས་བྱུང་བའི་ཆ་ཚང་བའི་རང་དབང་ལ་ཡོད། རང་དབང་ནི་ཡ་ལན་ཞིག་མིན་ལ། རང་དབང་ནི་གདམ་ག་ཞིག་དེ་བས་ཀྱང་མིན། རང་དབང་ནི་མིའི་ཁ་གཡོར་ས་སྟེ། ཁོང་ལ་ཁོ་རང་རང་དབང་ཡིན་པའི་གདམ་ག་ཡོད་པའི་ཕྱིར་རོ།། 
རང་དབང་ནི་ཁ་ཕྱོགས་མེད་པའི་བརྟག་དཔྱད་རྣལ་མ་དང༌། ཉེས་ཆད་དང་གསོལ་རས་ཀྱི་རེ་དོགས་དང་བྲལ་བ་དེ་རེད། རང་དབང་ནི་རྒྱུ་མཚན་དང་དམིགས་ཡུལ་མེད་པ་ཅན་ཞིག་དང༌། དེ་ནི་མིའི་འཕེལ་འགྱུར་གྱི་མཐའ་སྣེ་དེར་ཡོད་པ་མ་ཡིན་པར་ཁོང་གི་གཞི་གྲུབ་པའི་སྐད་ཅིག་དང་པོ་ནས་ཡོད་པ་ཞིག་ཡིན། 
བརྟག་ཅིང་དཔྱད་པ་ལས་མི་བུ་རང་ཉིད་ཀྱི་རང་དབང་ཉུང་དྲགས་པ་ཚོར་མགོ་རྩོམ་ཞིང༌། རང་དབང་ནི་ང་ཚོའི་ཉིན་རྒྱུན་གྱི་འཚོ་གནས་དང་འགུལ་སྐྱོད་ཀྱི་གདམ་ག་བྲལ་བའི་དོགས་ཟོན་ལས་རྙེད་པ་ཡིན། ལྟ་ཚུལ་ནི་དུས་ཡིན་ལ། ལྟ་ཚུལ་ནི་དུས་དང་འདས་ཟིན་ལ་དབྱེར་མེད་དུ་གནས་པའི་ཉམས་མྱོང་དང་ཤེས་ཡོན་ལས་འཁྲུངས་པ་ལགས། དུས་ནི་མིའི་སེམས་ཁམས་ཀྱི་དགྲ་བོ་ཡིན། ང་ཚོའི་རྣམ་པ་དང་འགྱུར་བ་ནི་ཤེས་ཡོན་ལ་བརྟེན་པའི་རྒྱུ་མཚན་གྱིས་དུས་ལ་བརྟེན་ཡོད་ལ། དེ་བས་མི་ནི་ནམ་ཡང་འདས་ཟིན་གྱི་བྲན་གཡོག་ཅིག་ཡིན། ལྟ་ཚུལ་ནི་དུས་ནམ་ཡང་ཚོད་བཀག་རང་བཞིན་ཅན་ཞིག་ཡིན་པས་ང་ཚོ་དུས་རྟག་ཏུ་རྩོད་རྙོག་དང་འཐབ་རྩོད་ཁྲོད་དུ་འཚོ་བ་རོལ་བཞིན་ཡོད། སེམས་ཁམས་ཀྱི་འཕེལ་འགྱུར་ཡོད་པ་མ་རེད། ནམ་མིས་རང་གི་བསམ་བློའི་འགུལ་སྐྱོད་ཤེས་རྟོགས་བྱུང་དུས། ཁོས་སེམས་མཁན་དང་བསམ་བྱ། དཔྱོད་མཁན་དང་དཔྱད་བྱ། ཉམས་སུ་མྱོང་མཁན་དང་མྱང་བྱ་སོགས་ཀྱི་དབྱེ་བ་རྟོགས་པར་འགྱུར་ཞིང༌། ཁོང་གིས་དབྱེ་བ་འདི་འཁྲུལ་སྣང་ཞིག་ཡིན་པར་རྟོགས་པར་འགྱུར་ལ། དེ་དུས་བརྟག་དཔྱད་རྣལ་མ་སྟེ་འདས་ཟིན་དང་དུས་ཀྱི་གྲིབ་མ་བྲལ་བའི་རྣམ་དཔྱོད་དེ་ཁོ་ན་གནས་པ་ཡིན།དུས་ཀྱི་བཀག་རྒྱས་དབེན་པའི་རྣམ་དཔྱོད་འདི་ཡིས་ནང་སེམས་ལ་གཏིང་ཟབ་ཅིང་རྨང་གཞིའི་འགྱུར་ལྡོག་བསྐྱེད་ཡོང༌བ་ཡིན། ཐ་དག་པའི་དགག་པ་ནི་སྒྲུབ་ཕྱོགས་ཀྱི་སྙིང་བོ་ཡིན། ནམ་བསམ་གཞིགས་ཀྱི་སེམས་ཁམས་ཀྱི་རྣམ་པས་བསྐྱེད་པའི་ཆོས་འདི་དག་གི་འགོག་པ་ཡོད་ན་དེ་དུས་ད་གཟོད་སྙིང་རྗེ་དང་ཤེས་རབ་ཀྱི་བརྩེ་བ་དེ་ཡོད། 

 ༠༩།༡༡།༣༡ལ་རྫོགས་པར་བསྒྱུར།

1 comment:

  1. ལོ་ཙཱ་བྱེད་དུས་མཚམས་མཚམས་ལ་བརྗོད་བབ་ལ་བལྟོས་ནས་མིང་ཚིག་གསར་བཟོ་བྱེད་དགོས་པ་དེ་འདྲ་འཁེལ་བ་དངོས་གནས་རེད།
    གོང་དུ་༼ཕྱིར་རྟོག་གི་བཤག་དཔྱད༽་ཅེས་པ་དེར་རང་གིས་གང་ལྕོགས་ཀྱི་ལན་རེ་ཕུལ་ན།
    དེ་ལས་ཕྱིར་རྟོག་ཅེས་པར་རང་རྟོག ཁ་ནང་ལྟས་སོགས་ཀྱི་དོན་ཡོད་མོད། ཞོགས་དུང་སོགས་ཀྱི་བདག་དཔེ་ཚོགས་དང་བླ་དཔེ་ཚོགས་ལས་ཕྱིར་རྟོག་ཅེས་གང་མང་འབྱུང་བས་ཐ་སྙད་འདི་ལ་འབྲེལ་འདྲིས་མང་ཙམ་ཡོད་པར་བསམས་ནས་འདིར་ཡང་ཕྱིར་རྟོག་ཅེས་བྲིས་པ་ཡིན།
    དེ་ལ་རང་རྟོག་དང་་ཕྱིར་རྟོག ཁ་ནང་ལྟས་སོགས་ཀྱི་ཐ་སྙད་འདོགས་པ་རེད།
    དེ་ལ་དབྱིན་ཡིག་ཏུ་(interospecion)དང་རྒྱ་ཡིག་ཏུ་(反省、内省、自省)འདི་ཟེར་བ་རེད།
    དེའི་དོན་ནི་མི་རང་ཉིད་ཀྱི་བསམ་པའི་འཆར་སྒོ་དང་། བསམ་ཚུལ་དང་ལྟ་ཚུལ། ཚོར་སྣང་སོགས་ལ་བརྟག་ཅིང་དཔྱད་པར་གོ་ཆོག
    དེ་ནས་༼བཤག་དཔྱད༽་ཅེས་པ་ནི་ཚིག་མཛོད་དང་དཔེ་དེབ་སོགས་ནས་མཐོང་བ་ཞིག་བདག་གིས་མི་དྲན་མོད།
    འདི་ང་རང་ཉིད་ཀྱིས་གསར་དུ་བཟོས་པ་ཡིན་ཀྱང་སྲིད།
    འདི་ནི་དབྱིན་ཡིག་ཏུ་(dissect,dissection)དང་། རྒྱ་ཡིག་ཏུ་(剖解、切开)ཟེར་བ་དང་། དེའི་དོན་ནི་སྐྱེ་དངོས་རྩི་ཤིང་གི་རིགས་དང་མི་༼མིའི་ཁོག་པ་བཤགས་ནས་ནང་ཁྲོལ་དང་རྒྱུ་མ་སོགས་བཏོན་ཏེ་དོན་ལྔ་སྣོད་དྲུག་སོགས་ཀྱི་ཆགས་སྟངས་དང་གྲུབ་ཚུལ་སོགས་མིག་ལ་བཤམས་པའི་བརྟག་དཔྱད་ཀྱི་རིག་པ་དེ་ལ་གོ དེ་ཁྱེད་ཀྱིས་གཟིགས་མྱོང་ཡོད་སྲིད།༽ སྲོག་ཆགས་ཀྱི་རིགས་ལ་སྦྱོར་དུས་ནང་སྙིང་དང་གཟུགས་ཕུང་སོགས་བཤགས་ནས་རིག་པ་ཞིམ་མོས་བརྟག་ཅིང་དཔྱད་པར་གོ་བ་དང་།
    དེ་མིན་དེའི་གོ་དོན་ལ་བརྟག་དཔྱད་ཞིབ་མོ་དང་། དབྱེ་ཞིབ་སོགས་ཀྱི་གོ་བའང་བླངས་ཆོག་པ་ཡིན།

    ཀློག་པ་པོ་ཁྱེད་ཀྱིས་འདི་གཉིས་གོ་དོན་ངེས་རྗེས། བསྐྱར་དུ་ཕྱིར་རྟོག་གི་བཤག་དཔྱད་ཅེས་པར་གཟིགས་དུས་གོ་བ་ཞིག་སྟེར་ཐུབ་ན་ཐང་།
    ཡང་ཡང་ཕེབས་རོགས།
    ནོར་འཁྲུལ་གྱི་ཆ་ཡོད་ན་མཛུབ་སྟོན་གནང་རོགས།

    ReplyDelete