-->

Sep 16, 2022

གསེར་ཐང་གི་རྣམ་འགྲེལ་རྒྱ་དཔེའི་སྐོར་ལས་འཕྲོས་པ།

 


གསེར་གྱི་ཐང་མ།

 

གླེང་སློང་བ།

 

དེ་ཡང་གསེར་ཐང་གི་དབུར་ཤེས་རབ་ཅན་གྱི་སྐྱེས་བུ་བློ་གཟུ་བོར་གནས་པ་འགའ་ཞིག་ཁོ་ནའི་ཆེད་དུ་དཀྱུས་མའི་གླེང་མོ་བཞིན་དུ་གང་རྙེད་པ་སྐབས་སྐབས་སུ་བཅུག་སྟེ་གླེགས་བམ་ཞིག་བྱེད་པར་འདོད་དོ་”(དགེ་ཆོསཿ༥)ཞེས་གསུངས་ཏེ་གསེར་ཐང་གི་རྩོམ་པའི་དམ་བཅས་ཤིང་། དེ་ནས་ཁོང་རང་ཉིད་དགུང་ལོ་སོ་གཉིས་སུ་སོན་པ་སྤྱི་ལོ་༡༩༣༤ལོར་རྒྱ་གར་དུ་བརྟོལ་བའི་ཚུལ། དེ་བཞིན་པཎྜི་ཏ་སྒྲ་གཅན་ཞབས་ངོ་ཤེས་ནས་རྒྱ་གར་དུ་འགྲོ་བའི་སྐུལ་མ་མཛད་ཚུལ། ཁོང་ཡང་གཞོན་ནུའི་དུས་ནས་རྒྱ་གར་ལ་ལན་གཅིག་འགྲོ་འདོད་ཤིན་ཏུ་ཆེ་ཚུལ་སོགས་གསུངས་ཤིང་།  པཎྜི་ཏ་ལ་ལེགས་སྦྱར་ཕྲན་བུ་གསན་བསམ་མཛད་པའང་གསལ་ཡོད།  དེ་ནས་སྔགས་ཡིག་རྙིང་མའི་བྲིས་ཀྱི་དཔེ། རྒྱལ་ལྷ་ཁང་གི་རྡོ་རིང་གླིང་བཞི་མ་མི་འགྲེང་ལྷག་ཙམ་ཞིག་ཡོད་པ་དེའི་སྟེང་གི་ཡི་གེ་དང་ནང་དོན། རྡོ་རིང་གི་ངོ་བཤུས་ཧ་ཅང་གལ་ཆེ་ཚུལ་སོགས་གསུངས། རིམ་གྱིས་འཕན་ཡུལ་ཕྱོགས་སུ་སླེབས་ཏེ་ལོ་ཙཱ་བ་ཆེན་པོ་པ་ཚབ་ཀྱི་གདན་ས་མཇལ། སྟག་ལུང་བརྒྱུད་དེ་རྭ་སྒྲེང་དུ་སླེབས་ཤིང་།   དེ་ནས་སླར་ལྷ་སར་ལོག 

 

ཧོར་ཟླ་བདུན་པ་ཙམ་ལ་ཡར་འབྲོག་བརྒྱུད་རྒྱལ་རྩེ་ལ་འབྱོར་ཞིང་། དེ་ནས་བྱང་ངོས་ནས་རྐང་འགྲོས་ཀྱིས་ཉིན་གཅིག་གི་སར་ཡོད་པའི་ཁ་ཆེ་པཎ་ཆེན་གྱི་གདན་ས་ཆོས་ལུང་ཚོགས་པར་ཕེབས་ཏེ་པཎ་ཆན་གྱི་ན་བཟའ་དང་ལྷུང་བཟེད་སོགས་མཇལ། དེར་པཎ་ཆེན་ཉིད་ཀྱི་ཐུགས་དམ་ཕྱག་དཔེ་བརྒྱད་སྟོང་བའི་དུམ་བུ། མངོན་རྟོགས་རྒྱན་དང་། ཆོས་ཉིད་རྣམ་འབྱེད་སོགས་ཀྱང་མཇལ།  དེའ་འཕྲོར་བུ་སྟོན་རིན་པོ་ཆེའི་གདན་ས་ཞྭ་ལུ་དགོན་མཇལ་ཞིང་དེར་རྒྱ་དཔེ་༡༡༢ཙམ་མཇལ་བའི་ཐོ་ཞིབ་པ་དང་།  རིམ་གྱིས་ངོར་ཆོས་ལྡན་དུ་ཕེབས་ཏེ་དེར་བཞུགས་སུ་གསོལ་བའི་རྒྱ་དཔེ་༣༣གྱི་ཐོ་ཞིབ་པ། དེ་ནས་དྲན་པ་ཡེ་ཤེས་གྲགས་པས་ལུག་རྫི་མཛད་པའི་གནས་ཁྱད་པར་ཅན་ཤབ་གཞུང་བརྒྱུད་དེ་དཔལ་ལྡན་ས་སྐྱ་དགོན་པར་འབྱོར་ཞིང་། དེར་རྙེད་པའི་རྒྱ་དཔེ་སོ་ལྔའི་ཐོ་ཞིབ་པ།  དེ་ནས་རྟ་ནག་ཐུབ་བསྟན་རྣམ་རྒྱལ་གླིང་དང་ཀུན་གླིང་བླ་བྲང་། དེ་བཞིན་སྣར་ཐང་དགོན་སོགས་སུ་ཕེབས་ཀྱང་རྒྱ་དཔེ་ཁ་ཐོར་ཙམ་ལས་མ་མཇལ་ཚུལ། བོད་ཡུལ་དུ་བཞུགས་པའི་རྒྱ་དཔེའི་ཁ་གྲངས་དེ་དག་མཇལ་ནས་ཁོང་གིས་འགྲེལ་བ་ཡིད་ཀྱི་ཤིང་རྟ་ལ་དགའ་བ་དང་། ཀརྞ་གོ་མིས་མཛད་པ་སོགས་ནི་བྱང་ཤམ་བྷ་ལའི་དཔེ་མཛོད་དེ་འདྲ་ན་ཡོད་ན་མ་གཏོགས། བོད་ཡུལ་གྱི་གླེགས་བམ་འདི་གཅིག་པུ་ལས་གཞན་ས་སྟེང་ན་དཔེ་རྒྱུན་ཡོད་ཚོད་མི་འདུག་ཅིང་། ཕལ་ཆེན་པའི་འདུལ་བ། ཡེ་ཤེས་དཔལ་གྱི་ཚད་མའི་སྐོར། རྡོ་རྗེ་མཁའ་འགྲོའི་འགྲེལ་བ་སོགས་དང་། གཞན་ཡང་བྱང་ས་དང་རྒྱུད་སྡེ་ལ་སོགས་པའི་རྒྱ་དཔེ་གཞན་མང་པོ་ཡང་དེ་འདྲ་ཤ་སྟག་ཡིན་པས་ཡུལ་གཞན་གྱི་ཧམ་ཆེན་གཡོ་ཐབས་ཅན་སོགས་ལ་མ་ཤོར་ན་ཤིན་ཏུ་གནད་ཆེ་སྟེ་ང་ལྟ་བུའི་དབང་ཆུང་རྣམས་ལ་དོན་མེད་པའི་སེམས་ཁྲལ་ཙམ་མོ། ། རྒྱ་དཔེ་འདི་དག་འགངས་ཆེ་བར་མ་ཟད་ཡུལ་ཀྱང་རང་རེའི་ཡུལ་དུ་ཡོད་པས་ཕན་ཆེ་ཞིང་རྙེད་སླ་བར་བསམ་ནས་ཞིབ་ཏུ་བྲིས།(དགེ་ཆོསཿ༢༨) ཞེས་དང་། ཡང་། གོང་གི་དཔེ་འདི་དག་གི་ཁྲོད་ན་ཤོག་གྱར་རེ་གཉིས་ཙམ་ཡོད་པ་ཤིན་ཏུ་མང་བས་རྒྱུད་སྡེ་རྒྱ་གར་མ་ཡིན་མིན་སོགས་དཔྱོད་པ་དེ་དག་ཀྱང་གནད་ཆེ་སྲིད་”(དགེ་ཆོསཿ༢༨)ཅེས་བོད་ན་བཞུགས་པའི་རྒྱ་དཔེ་འདི་དག་འགངས་ཆེ་ཚུལ་ལེགས་པར་བདམས་པར་མཛད་དོ། །

 

དེ་ནས་རིམ་ས་སྐྱ་ནས་ལྷོ་ངོས་རྨ་བྱ་བརྒྱུད་དེ་བལ་ཡུལ་དུ་ཕེབས་ལ། བལ་ཡུལ་གྱི་ཡུལ་གྱི་བཀོད་པ་རགས་ཙམ་བཀོད་ཅིང་། སྔར་ཁྲི་ལྡེ་གཙུག་བཙན་གྱི་སྐབས་སུ་བལ་ཡུལ་དེ་བོད་ཀྱི་ཆབ་འོག་ཏུ་ཡོད་ཚུལ། མི་རིགས་ཀྱང་བོད་ཀྱི་རིགས་སུ་གཏོགས་ཚུལ་གསུངས་སོ། ། དུས་རབས་བཅུ་གཅིག་པའི་ནང་རྭ་ལོ་ཙཱ་བ་བལ་ཡུལ་དུ་ཕེབས་པའི་ཚེ་བལ་ཡུལ་དུ་ཁང་རྩེག་ལྔ་བརྒྱ་ཙམ་གཟིགས་པ་དེ་དེང་སང་ཆེར་རྒྱས་ཏེ་ཡམ་བུ་རང་ན་ཡང་ཁང་རྩེག་ཉིས་ཁྲི་ལས་ལྷག་པ་ཡོད་ཚུལ་གསུངས་ནས་འོག་ཏུ་དམིགས་སུ་བསྟན་པར་འདོད་པའི་བལ་རྒྱལ་གྱི་མདུན་ན་འདོན་གསེར་རྒྱལ་དང་གླེང་མོ་མཛད་པའི་ཚུལ་གསུངས་སོ། །

 

གཞུང་དངོས། 

 

དེ་ཡང་དགེ་ཆོས་མཆོག་གི་གསེར་ཐང་དུ། (དགེ་ཆོསཿ༣༠-༡)བལ་ཡུལ་རྒྱལ་པོའི་བླ་མ་མུ་སྟེགས་ཀྱི་པཎྜིཏ་ཆེན་པོ་ཧེམ་རཱ་ཛ་གསེར་རྒྱལ་ལ་མཇལ། འདི་ཕྱི་ནང་གི་གཞུང་རྒྱ་མཚོ་ལྟ་བུ་ལ་སྦྱངས་པའི་མཁས་པ་རྒྱ་བལ་གཉིས་ཀར་གྲགས་ཆེ་བ་ཡིན་ཟེར། བལ་ཡུལ་དུ་མུ་སྟེགས་ཀྱི་སྲོག་བཟུང་ནས་སངས་རྒྱས་པ་ཅུང་ཟད་ཅིག་ཡོད་པ་ཟིལ་གྱིས་གནོན་པའི་གཙོ་བོ་ཡང་ཁོང་རེད། རིག་བྱེད་ཀྱི་ཆོ་ག་ཆེན་པོ་དག་ཀྱང་ལག་ལེན་དུ་བྱེད། ལན་གཅིག་རྒྱལ་པོ་ལ་ཚེ་གེགས་འདུག་པས་དེ་སེལ་བའི་ཐབས་སུ་ཤིི་ནས་སླར་སྐྱེས་པའི་ཆོ་ག་བྱ་དགོས་ཟེར་ནས། གསེར་ལས་བྱས་པའི་བུད་མེད་ཀྱི་གཟུགས་ཞིག་[ཤིག]གི་ཁོག་པར་རྒྱལ་པོ་བཅུག་ནས་མངལ་སྒོ་ནས་འཐོན་དུ་བཅུག་ཟེར། གསེར་དེ་སྙེད་ཁོ་རང་གི་ཡོན་དུ་འཁྱེར། ཁོང་གིས་རྣམ་འགྲེལ་ཁ་འཐོར་ཞིག་རྙེད་འདུག་པ། ངེད་ཀྱིས་བོད་དཔེ་བལྟས། ཁོང་རྣམས་རྒྱ་སྐད་ལ་བསྒྱུར་ཏེ་<སྡེ>བས་[ལྡེབས]གོང་འོག་བསྒྲིགས། རིག་བྱེད་འགོག་སྐབས་ཁྱི་ཤ་ཟ་ཞེས་བྱ་བ་ལ། ཁཱད  སམཱིཏི་[ཁཱདེཙྪབམཱཾསམིཏྱེཥ།]སོགས་ཤ་ཟོ་ཞེས་བྱ་བ་ལས། ཁྱི་ཤ་བྱ་བའི་ཚིག་མི་འདུག་པས་ཁྱེད་ཀྱི་བླ་མ་ལོ་ཙཱ་བས་ངེད་ཅག་ལ་སྙིང་ནད་ཀྱིས་སྦྱར་འདུག་ཟེར་ནས་གད་མོ་ཤོར། ཚུལ་དང་ཚུལ་མིན་སོགས་རྒྱ་དཔེ་དེ་ལ་ཡང་མི་སྣང་བས་ས་པཎ་གྱིས་སྦྱར་ཟེར་བ་དེ་བདེན་པ་འདྲ།

ཉིན་ཅིག་ཁོས་དེང་སང་གི་དཔྱོད་ལྡན་རྣམས་ནས་ཤེས་རབ་ཀྱི་ལག་རྗེས་གང་ཡིན་ཀླད་པའི་ནང་དུ་ཡོད་པར་ཤེས། ཀླད་པ་ལ་ལྟོས་ནས་མི་དེ་མཁས་པའམ་བློ་རྩིང་པོའམ་ཆགས་པ་ཅན་ནམ་ཞེ་སྡང་ཆེ་བ་སོགས་དང་། ཐ་ན་ཡོན་ཏན་ཅི་ཡོད་ཙམ་སྦྱངས་པ་ཚུན་ཆད་ཅུང་ཟད་ཀྱང་འཕྲུལ་མེད་དུ་གོ་ནུས། འོན་ཀྱང་ཞོ་ལྟ་བུའི་ཀླད་པ་ཁོ་རང་ནི་བེམ་པོ་ཡིན་པས་ཤེས་པར་ག་ལ་རུང།  དེས་ན་ཀླད་པ་དེ་ལ་བརྟེན་པའི་ཤེས་པ་པོ་དང་ཚོར་བ་པོ་གཞན་ཞིག་ཡོད་པ་ཡིན་སོགས་ཉིན་ཕྱེད་ཀྱི་རིང་ལ་བརྡ་སྤྲད་ནས་གད་མོ་ཅུང་ཟད་དང་བཅས་དེ་ལྟ་བུའི་ཀླད་པའི་ནང་ན་གནས་མཁན་དེ་ལ་འགའ་ཞིག་གིས་ཨཱལཡ་བིཛྙཱཔྟི་[ཝིཛྙཱན]ཀུན་གཞིའི་ཤེས་པ་ཟེར། འགའ་ཞིག་གིས་ཨཱཀཱཤ་ནམ་མཁའ་ཟེར། འགའ་ཞིག་གིས་ཨཱཏམ་[ཨཱཏྨ]བདག་ཟེར། འགའ་ཞིག་གིས་ནིརཱཏམ་[ནཻརཱཏྨྱ]བདག་མེད་ཡིན་ཟེར་བ་སོགས་རེད་སྨྲ་ཡིན་འདུག དོན་ལ་དེ་བདག་གམ་ཨཱཏམ་[ཨཱཏྨ་]ཟེར་བ་རེད། རྒྱ་གར་ན་ཡང་མུ་སྟེགས་གསར་བུ་རྣམས་བདག་ཀླད་པའི་ནང་ན་ཡོད་ཚུལ། དེང་སང་གི་རིགས་གསར་དང་སྦྱར་ནས་རྟག་ཏུ་སྨྲ་བར་བྱེད། ཧེམརཛ་[རཱཛ]དེ་ལོ་བདུན་ཅུ་ཙམ་སླེབས་པ་མགོ་བོ་དུང་ལྟར་དཀར་ཞིང། ཚན་རིག་གསུས་ཁྱིམ་ཆེ་བ་ལེགས་སྦྱར་གྱི་ཚིགས་བཅད་རྣམས་གདངས་འདར་འདུར་དང་བཅས་པ་སྐྱོར་ཚེ་ཡིད་གཡོ་བར་ནུས་པ་ཞིག་འདུག

པཎྜིཏའི་གཡོག་པོ་མི་ཕལ་བ་འདི་ལྟ་བུའི་ཁ་ན་ཡང་རྣམ་འགྲེལ་འདུག་པས་བོད་ཀྱི་མཁས་པ་དངོས་མ་ཞིག་མཇལ་ན་ཅི་འདྲ་བ་ཞིག་ཡིན་ནའང་ཞེས་སྨྲ་ཡིན་འདུག་ཟེར། འདིས་གསུངས་པའི་གཞོན་ནུ་མ་ལེན་གྱི་ལོ་རྒྱུས་ཟུར་དུ་ཡོད། རྣམ་འགྲེལ་ལ་བལྟས་ནས་གཞོན་ནུ་མ་ལེན་གྱི་གཞུང་གི་གནད་མང་པོ་གོ་ཟེར། འདི་ལ་སོགས་པ་རྒྱ་གར་གྱི་རྒྱལ་པོ་རྣམས་ལ་བྲམ་ཟེ་བླ་མ་རེ་ཡོད་པ་ད་དུང་ཡང་ཡུལ་ཕྲན་རང་རྐྱ་བ་དག་ན་དེའི་སྲོལ་འདུག་ཅིང། བྲམ་ཟེ་དེས་རྒྱལ་པོའི་མདུན་དུ་རིག་བྱེད་འདོན་པ་དང་། སྐར་བཅོས་སོགས་བྱེད་པས་མདུན་ན་འདོན་ཏེ་པུརོཧིཏཾ་བྱ་བ་ལས་ཕྱིས་སུ་རང་རེ་རྣམས་ཀྱིས་མདུན་ན་འདོན་བཀའ་བློན་གྱི་མིང་དུ་བྱས་ནས་སྣང།ཞེས་འབྱུང་བའི་གནད་འགར་མཆན་རེ་བཏབ་ན།

 

མཆན་དང་བོ་མོ།

 

རིག་བྱེད་འགོག་སྐབས་ཁྱི་ཤ་ཟ་ཞེས་བྱ་བ་ལ། ཁཱདེཙྪྭམཱཾསམིཏྱེཥ།སོགས་ཤ་ཟོ་ཞེས་བྱ་བ་ལས། ཁྱི་ཤ་བྱ་བའི་ཚིག་མི་འདུག་པས་ཁྱེད་ཀྱི་བླ་མ་ལོ་ཙཱ་བས་ངེད་ཅག་ལ་སྙིང་ནད་ཀྱིས་སྦྱར་འདུག་ཟེར་ཞེས་བལ་རྒྱལ་གྱི་འདུན་ན་འདོན་གསེར་རྒྱལ་དུ་གྲགས་པ་དེས་དགེ་ཆོས་མཆོག་ལ་ཚད་མ་རྣམ་འགྲེལ་དང་སྦྱར་ཏེ་ལབ་གླེང་བྱས་པ་གཞིར་བྱས་ཏེ་ཅུང་ཟད་དཔྱད་ན།

དེ་ཡང་ཚད་མ་རྣམ་འགྲེལ་གྱི་ཚིགས་བཅད་དེ་ནི་འདི་ལྟར།   

དེས་ན་མཐོ་རིས་འདོད་མེ་ལ། །

སྦྱིན་སྲེག་སྦྱིན་ཞེས་ཐོས་པ་ལས། །

ཁྱི་ཤ་ཟ་ཞེས་བྱ་བ་དེ། །

དོན་མིན་ཞེས་འདི་ཚད་མ་གང༌།། རང་དོན་རྗེས་དཔག་གི་ལེའུར་གསལ་(༡༠༦བ༤-)ཞིང་།  ལེགས་སྦྱར་རང་དུ། 

तेनाग्निहोत्रं जुहुयात् स्वर्गकाम इति श्रुतौ। 

खादेच्छवमांसमित्येष नार्थ इत्यत्र का प्रमा।। (श्री दलसुख १९५९:११२ཞེས་གསལ་བ་ལྟར་རོ། །
ཏེནཱགྣིཧོཏྲཾ  ཛུཧུཡཱཏ྄  སྭརྒཀཱམ ཨིཏི  ཤྲུཏཽ།  ཁཱདེཙྪྭབམཱཾསམིཏྱེཥ ནཱརྠ  ཨིཏྱཏྲ  ཀཱ  པྲམཱ། ། ཞེས་པ་ལས་ཁཱདེཙྪྭབམཱཾསམིཞེས་པ་མཚམས་སྦྱོར་ཕྲལ་ན་ཁཱདེཏ྄  ཤྭམཱཾས་བྱ་བ་ཡིན་ཏེ།  ཁཱདེཏ྄་ཞེས་པ་ཟོ་ཞིག་ཅེས་པའི་དོན་དང་། ཤྭམཱཾས་ཞེས་པ་ཤྭན྄་ནི་ཁྱི་དང་། མཱཾས་བྱ་བ་ནི་ཤའི་དོན་ནོ། དེ་ཡང་མཚམས་སྦྱོར་གྱི་དབང་གིས་ཁཱདེཙྪྭབམཱཾས་ཞེས་འབྱུང་བ་ཁྱིའི་དོན་ཚིགས་བཅད་ལ་ཡོད་བཞིན་དུ།  གསེར་རྒྱལ་གྱིས་དགེ་ཆོས་ལ་ཁྱིའི་དོན་མེད་བཞིན་བོད་ཀྱི་བླ་མ་ལོ་ཙཱ་བས་མུ་སྟེགས་པ་རྣམས་ལ་སྙིང་ནད་ཀྱིས་བཅུག་འདུག་ཟེར་བ་རྫུན་དུ་གྱུར་ཏེ།  གཅིག་ཏུ་ན་གསེར་རྒྱལ་དེས་དགེ་ཆོས་ལ་ཁྱིའི་སྐད་དོད་ཀྱི་མཚམས་དེར་མཚམས་སྦྱོར་གྱི་དབང་གིས་རྣམ་པ་འགྱུར་ཡོད་པ་དེའི་གླགས་བཙལ་ཏེ་དགེ་ཆོས་མཆོག་ལ་བསླུ་བྲིད་ཅུང་ཟད་བྱས་པར་སྣང་སྟེ།  ཁྱི་ཤ་ཟོ་ཞེས་པ་ཇི་བཞིན་ཡོད་པའི་ཕྱིར་རོ། ། གཞན་དུ་ན་གསེར་རྒྱལ་གྱིས་རྙེད་པའི་རྣམ་འགྲེལ་གྱི་རྒྱ་དཔེ་ཁ་ཐོར་དེ་ཁྱི་ཤའི་སྐད་དོད་གཟས་ནས་མ་བྲིས་པ་ཞིག་ཡིན་ཀྱང་སྲིད་པའོ། །

དེ་ཡང་རང་དོན་ལེའུ་རང་འགྲེལ་དུ། क्वचिदप्यर्थे प्रत्यासत्तिविप्रकर्षरहितस्य “अग्निहोत्रं जुहुयात् स्वर्गकामः” (मैत्री६.३६.) इत्यादिवाक्यस्य “भूतविशेषे यथाभिमतं घृतादि प्रक्षिपेत” इत्ययमर्थो न पुनः ‘श्वमासं खादेत्’ इति नातिशयं पश्यामः। (श्री दलसुख १९५९:११२དེའི་དོན་ཡང་། རང་འགྲེལ་བོད་འགྱུར་མ་ལས།  དོན་ལ་ལ་ཡང་ཉེ་བ་དང་། བསྐལ་པ་དང་བྲལ་བ་མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན་པར་བྱའོཞེས་བྱ་བ་དག་ལ་འབྱུང་བའི་ཁྱད་པར་ལ་ཇི་ལྟར་མངོན་པར་འདོད་པའི་མར་ལ་སོགས་པ་བླུགས་པར་བྱའོཞེས་བྱ་བའི་དོན་ཡིན་ལ། ཁྱིའི་ཤ་བཟའ་བར་བྱའོཞེས་བྱ་བའི་ཁྱད་པར་མ་མཐོང་ངོ་། །” (༡༧༤--༣༦༠ནཞེས་པ་ལས་སྐབས་འདིར་ཁྱི་ཤ་ཞེས་པ་ཤིན་ཏུ་གསལ་བར་ཡོད་པ་འདི་བཞིན་ནོ། ། 

དེ་ཡང་གསེར་རྒྱལ་གྱིས་རྣམ་འགྲེལ་ཁ་འཐོར་ཞིག་རྙེད་འདུག་པ་དེ་ཁོང་གི་སྒེར་གྱི་གླེགས་བམ་ཁག་གཙོ་བོར་བྱས་ཏེ་སྤྱི་ལོ་༡༩༥༥གསར་བཞེངས་བྱས་པའི་བལ་བོའི་རྒྱལ་ཡོངས་དཔེ་མཛོད་ཁང་དུ་ཡོད་ངེས་པས། དེའི་སྒང་དུ་ཁྱི་ཤའི་སྐད་དོད་ཤྭན྄་ཞེས་པ་ཡོད་མེད་དངོས་སུ་དཔེ་དེ་ཉིད་དུ་ལག་ཏུ་ཐོབ་ན་གསལ་བོ་ཆགས་ངེས།  བལ་རྒྱལ་གྱི་མདུན་ན་འདོན་གསེར་རྒྱལ་ནི་མིང་དངོས་ལ་རྒྱལ་བོའི་དབུ་བླ་པཎྜི་ཏ་ཧེམ་རཱ་ཛ་པཱཎྜེ་ཞེས་ཡིན་པ་རྩད་ཆོད། ཁོ་ནི་སྤྱི་ལོ་༡༨༧༨ལོར་སྐྱེས་པ་དང་། ༡༩༥༣ལོ་སྟེ་མི་ལོ་༧༤སོན་ནས་གྲོངས་འདུག་ཅིང་། དེ་ནི་དགེ་ཆོས་སྐུ་གཤེགས་པའི་ལོ་གཉིས་ཀྱི་རྗེས་ཆགས་ཡོད། ད་སྔ་ཡིག་ཆ་ཁ་གསལ་མ་རྙེད་ཀྱང་། ཁོ་ནི་བལ་རྒྱལ་ཏྲི་བྷུ་བན་ལགས་ཀྱི་དབུ་བླ་ཡིན་པར་སྣང་ངོ་། །

བལ་རྒྱལ་གྱི་དབུ་བླ་གསེར་རྒྱལ། (༡༨༧༨-༡༩༥༣) 

མཆན་གཉིས་པ་མོ།

 

འདིས་གསུངས་པའི་གཞོན་ནུ་མ་ལེན་གྱི་ལོ་རྒྱུས་ཟུར་དུ་ཡོད།” ཞེས་པའི་གཞོན་ནུ་མ་ལེན་འདི་དཔྱོད་པ་བ་སྔ་རབས་པ་དག་གི་ལུགས་འཛིན་པའི་སློབ་དཔོན་མིང་དུ་གྲགས་པ་ཞིག་ཡིན་ལ།  སློབ་དཔོན་ཕྱོགས་གླང་གི་ཚད་མ་སོགས་ནང་བའི་གཞུང་ལ་རྒོལ་བ་ལན་མང་བཏང་བའི་ཕྱི་རོལ་བ་གྲགས་ཅན་ཞིག་ཡིན་ལ། ཁོས་ཤུ་ལོག་རྣམ་འགྲེལ་དང་། རྒྱུད་རྣམ་འགྲེལ། བསྔགས་པའི་འགྲེལ་བ་སོགས་གཞུང་གྲགས་ཅན་གསུམ་བརྩམས་ཏེ་ནང་བའི་རང་རིག་དང་གཞན་སེལ་སོགས་ལ་ལྷག་ཏུ་དགག་ཅིང་། འདི་དཔལ་ནཱ་ལནྡཱར་རིགས་པའི་གསང་ཚིག་བརྐུ་བར་ཡོང་བ་ཡང་ཕྱི་ནང་གཉིས་གར་ཡོངས་སུ་གྲགས།  ཤངྐར་བདེ་བྱེད་དང་འདི་གཉིས་རགས་པ་ཙམ་དུ་དུས་མཉམ་པར་འདོད་ཅིང་། ལར་ཕྱི་རོལ་བ་རྣམས་ཀྱིས་གཞོན་ནུ་མ་ལེན་དང་བདེ་བྱེད་གཉིས་ཀྱིས་ནང་བ་རྣམས་རིགས་པའི་ལམ་ནས་ཚར་བཅད་ཅེས་སྤོབས་པ་དང་བཅས་བཤད་འོང་བ་ཞིག་ཡོད་ཀྱང་།  ཇི་སྐད་དུ། དགེ་ཆོས་མཆོག་(གསེར་ཐངཿ༢༦༩)གིས་ “གཞོན་ནུ་མ་ལེན་གྱི་ལོ་རྒྱུས་བརྫུན་མ་ཡང་ཐོས་རྒྱུ་མི་འདུག་པས་འདི་ཀ་[གསེར་རྒྱལ་གྱིས་བཤད་པ]རང་སོར་བཀོད།  ཆོས་ཀྱི་གྲགས་པ་དང་རྟ་དབྱངས་དང་ཨཱརྱ་དེ་ཝའི་ལོ་རྒྱུས་སོགས་ཕན་ཚུན་དཔེ་གབ་སྟེ་ཕྱི་མོ་གང་ཡིན་མི་ཤེས་པར་བྱས་པ་འདི་ཡང་དེ་འདྲའི་ནང་ནས་གཅིག་ཏུ་འདུག་པས་བདེན་བརྫུན་དཔྱོད་པའི་རྟེན་རྙེད་དཀའ་མོད། མཚར་བསྐྱེད་པའི་ཕྱིར་དུ་བྲིས། ཞེས་གསུངས་པ་ལྟར། དུས་སྐབས་དེའམ་ཡང་ན་ཕྱིས་ཀྱི་གཏམ་ལ་དགའ་བ་དག་གིས་རང་སེམས་གསོ་བའི་སླད་དུ་ལོ་རྒྱུས་འདི་འདྲ་དཔེ་གབ་སྟེ་སྤེལ་བ་ཡིན་སྣང་།  དེ་ཡང་གཞོན་ནུ་མ་ལེན་ཞེས་པ་ཇོ་ནང་ཏཱ་ར་ནཱ་ཐ་མཆོག་(རྒྱ་གར་ཆོས་འབྱུངཿ༡༨༣)གིས་ཀུ་མཱ་རི་ལཱི་ལ་ཞེས་པ་ལོ་ཙཱ་བས་བསྒྱུར་མ་ཤེས་པའམ། ཡི་གེ་ནོར་བ་ལས་བསྒྱུར་བའི་སྐྱོན་ནོ་ཞེས་གསུངས་ཀྱང་། རྒྱ་གར་དུ་ཁོང་གི་དགོངས་པ་ལྟར་ན་ཀུ་མཱ་ར་ལཱི་ལ་གཞོན་ནུ་རོལ་པ་ཞེས་གྲགས་དགོས་རྒྱུ་ལ། རྒྱ་གར་རང་དུའང་ཀུ་མཱ་རི་ལ་སྟེ་གཞོན་ནུ་མ་ལེན་ཞེས་གྲགས་པས་དེ་ནི་ལོ་ཙཱ་བས་བསྒྱུར་མ་ཤེས་པ་མ་ཡིན་ལ། ཡི་གེ་ནོར་བ་ལས་བསྒྱུར་བའང་མ་ཡིན་པས། པཎྜི་ཏ་ཐུགས་མཉམ་མ་བཞག་པའི་འབྲས་བུར་སྣང་ངོ་། ། ཤེས་པར་བྱ་བ་གཅིག་ཡོད་པ་ནི་གཞོན་ནུ་མ་ལེན་བྱ་བའི་མ་ཡིག་འདི་དགག་སྒྲ་མ་ཡིན་པ་དེའོ། ། གཞོན་ནུ་མ་ལེན་གྱི་ལོ་རྒྱུས་གཙང་མ་ཞིག་གང་དུའང་མ་མཇལ་ཡང་། དགེ་ཆོས་མཆོག་གིས་གསུངས་པ་(གསེར་ཐངཿ༢༦༧-༩)དེ་དང་། ཇོ་ནང་ཚང་གིས་གསུངས་པའི་(རྒྱ་གར་ཆོས་འབྱུངཿ༡༨༣-༥)སྒྲོས་དེ་གཉིས་ཀྱི་སྟེང་དུ།  དེང་ཡང་ཞལ་བཞུགས་ཤིང་དགུང་ལོ་གོ་བཞིར་ཕེབས་པའི་རྒྱ་གར་མཁས་པ་ཧིམམཏ་སིཾངྒ་མཆོག་གིས་གསུངས་པའདི་གསུམ་གྱི་སྒྲོས་བསྡོམས་ན་ཅུང་ཟད་གསལ་བར་འགྱུར་བར་མ་ཟད། ཧིམམཏ་མཆོག་ནི་ཕྱི་ནང་གི་ལྟ་གྲུབ་ཀུན་དང་དམིགས་བསལ་གྱིས་དཔྱོད་པ་བའི་གཞུང་ལའང་ཧ་ཅང་མཁས་པས་ཁོང་ལ་དངོས་སུ་བཀའ་འདྲི་ཞུས་ཏེ། ཁོང་གི་གསུང་སྒྲོས་དེའི་ཁུངས་གང་ཡིན་འདྲི་ཐུབ་པའི་རེ་བ་བཅངས་ནས་ཡོད། 

 

མཆན་གསུམ་པ་མོ།

 

བྲམ་ཟེ་དེས་རྒྱལ་པོའི་མདུན་དུ་རིག་བྱེད་འདོན་པ་དང་། སྐར་བཅོས་སོགས་བྱེད་པས་མདུན་ན་འདོན་ཏེ་པུརོཧིཏཾ་བྱ་བ་ལས་ཕྱིས་སུ་རང་རེ་རྣམས་ཀྱིས་མདུན་ན་འདོན་བཀའ་བློན་གྱི་མིང་དུ་བྱས་ནས་སྣང་།  ཞེས་པ་ནི་ཤིན་ཏུ་ཐུགས་མད་དེ། བྱེ་བྲག་ཏུ་རྟོགས་པར་བྱེད་པ་ལས་(༦༢ན༡)ཀྱང་པུ་རོ་ཧི་ཏཿའདུན་ན་འདོན་ཞེས་འབྱུང་བ་ལྟར། མཁས་དབང་དགེ་ཆོས་མཆོག་གིས་དེའི་དོན་ཕྱིས་སུ་བོད་རྣམས་ཀྱིས་མདུན་ན་འདོན་བཀའ་བློན་གྱི་མིང་དུ་བྱས་སྣང་ཞེས་པ་ལྟར། འདི་དང་འདི་ལྟ་བུའི་མ་དག་རྒྱུན་འབྱམས་སུ་གྲས་སུ་སོང་བའི་ཐ་སྙད་འཕེལ་ཏེ། བསམས་ན་ཞེ་མེར་བ་རེ་གཉིས་ཀྱང་སྣང་སྟེ།  དེང་མཁས་བླུན་དུ་མ་ཞིག་གིས་རང་གི་ཨ་མར་ཡང་མ་སྐྱེས་ཨ་མ་ཞེས་པའི་ཐ་སྙད་མ་དག་རྒྱུན་འབྱམས་པ་འབའ་ཞིག་སྤྱོད་པ་མཐོང་་ཞིང་། གླུ་རུ་ལེན་པ་སོགས་རང་ཉིད་ངོ་མི་གནོང་ཡང་གཞན་པ་ཞེ་ཁྲེལ་བའི་རྒྱུ་རུ་འགྱུར་བ་དག་དག་བྱེད་དཔེ།


དེ་ཡང་མདུན་ན་འདོན་གྱི་སྐོར་གསེར་ཐང་དུ་གསལ་བོར་མ་གསུངས་ཀྱང་།  དེབ་དཀར་དུ་གསལ་བོར་གསུངས་ཏེ། མདུན་ན་འདོན་ནི་པུ་ཏོ་ཧི་ར་བྱ་བའི་རྒྱ་སྐད་བསྒྱུར་བ་སྟེ། རྒྱ་གར་གྱི་རྒྱལ་པོའི་ལས་ཙན་ཙམ་ཡིན་ཞིང་། དེ་ཡང་རྒྱལ་པོའི་མདུན་དུ་སྐར་བཅོས་དང་རིག་བྱེད་སོགས་འདོན་པའི་བྲམ་ཟེ་བླ་མཆོད་རེ་ཡོད་པ་དེའི་མིང་ཡིན་མོད་ཀྱི། ཕྱིས་ཀྱི་མཁས་པ་རྣམས་དེ་བཀའ་བློན་ལྟ་བུ་ཞིག་གི་མིང་དུ་འཁྲུལ་ནས་སྣང་། དེས་ན་སྔོན་དུས་བོད་ཀྱི་རྒྱལ་པོ་ལ་སྐུ་བོན་བྱ་བ་ཞིག་འདུག་པ་དེ་མདུན་ན་འདོན་གྱི་ཚོད་ཙམ་ཡིན། ཞེས་མདུན་ན་འདོན་གྱི་མིང་དོན་གསལ་བར་མཛད་ཡོད་དོ། །

 

ཤྲཱིརསྟུ།

 

 

དཔྱད་གཞིའི་རྒྱུ་ཆ། 

  

1.     ཏཱ་རཱ་ནཱ་ཐ།  དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ།།   རྡ་རམ་ས་ལ། ཤེས་རིག་དཔར་ཁང་།  ༢༠༠༡ 

2.     དགེ་འདུན་ཆོས་འཕེལ། དེབ་ཐེར་དཀར་པོ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧

3.     མཁས་དབང་དགེ་འདུན་ཆོས་འཕེལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་བཞུགས་སོ། ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ 

4.     སྡེ་བསྟན། ཚད་མ། ཅེ། ཚད་མ་རྣམ་འགྲེལ་གྱི་འགྲེལ་བ། ཤ ༡༧༤--(༢༦༡བ༡-༣༦༥ན༧)

5.     སྡེ་བསྟན། སྣ་ཚོགས། ཅོ། བྱེ་བྲག་ཏུ་རྟོགས་པར་བྱེད་པ། ཤ ༢༠༤--(༡བ༡-༡༣༡ན༤)

6.     སྡེ་བསྟན།  ཚད་མ། ཅེ། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ། ཤ ༡༧༤--(༩༤ན༡-༡༥༡ན༧)

7.     धर्मकीर्ति. आचार्य धर्मकीर्तिकृत-स्वार्थानुमान-परिच्छेद। संपा०  श्री दलसुख भाई मालवणीया। वाराणसीः हिन्दू विश्वविद्यालय। १९५९.  

Sep 14, 2022

ཆོས་ཀྱི་ཚིགས་སུ་བཅད་པའི་ཚིགས་བཅད་གྲགས་ཅན་ཞིག་འགྲེལ་བ།





ཆོས་ཀྱི་རྐང་བ། 


සබ්‌බපාපස්‌ස අකරණංකුසලස්‌ස උපසම්‌පදා;

සචිත්‌තපරියොදපනං එතං බුද්‌ධාන සාසනං.

 

သဗ္ဗပါပဿ အကရဏံ၊ ကုသလဿ ဥပသမ္ပဒာ။

သစိတ္တပရိယောဒပနံ ဧတံ ဗုဒ္ဓါန သာသနံ။

 

सब्बपापस्स अकरणं  कुसलस्स उपसंपदा।

सचित्तपरियोदपनं  एतं बुद्धान सासनं।।१४।५।।

 

སབྦཔཱཔསྶ  ཨཀརཎཾ  ཀུསལསྶ  ཨུཔསཾཔདཱ། 

སཅིཏྟཔརིཡོདཔནཾ   ཨེཏཾ བུདྡྷཱན  སཱསནཾ། །

 

སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །

རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །

 

སྐད་དོད་ཤན་སྦྱར། 

 

པཱ་ལིའི་སྐད།

བོད་སྐད།

བརྡ་སྤྲོད། 

සබ්‌බ/सब्ब    

  ཐམས་ཅད།

  སྡིག་པ།

  བྱེད་པ།

  མི་བྱེད་པ། 

  དགེ་བ།

  ཕུན་སུམ་ཚོགས་པ།

  རང་གི།

  སེམས།

  ཡོངས་སུ་འདུལ་བ།

  འདི། 

  སངས་རྒྱས། 

  བསྟན་པ། 

 

පාප/पाप

པཱཔསྶ།   ན༦

කරණ/करण        

 

අකරණ/अकरण

 

කුසල/कुसल

ཀུསལསྶ།  ན༦

උපසම්‌පදා /उपसंपदा

 

/स 

 

චිත්‌ත चित्त

 

පරියොදපන/परियोदपन

 

එතං/एतं

 

බුද්‌ධ/बुद्ध

བུདྡྷནཱ།  ན༦

සාසන/सासन

 

 

སངས་རྒྱས་རྣམས་ཀྱི་བསྟན་པ་འདི། །སྡིག་པ་ཐམས་ཅད་མི་བྱ་ཞིང་། །

དགེ་བར་རྫོགས་པར་བསྙེན་པ་དང་། །རང་སེམས་ཡོངས་སུ་སྦྱོང་བའོ། །

 

སངས་རྒྱས་རྣམས་ཀྱི་བསྟན་པ་འདི་ནི་སྡིག་པ་ཐམས་ཅད་མི་བྱེད་པ་དང་། དགེ་བ་ལ་རྫོགས་པར་སྙེན་པ་དང་། རང་གི་སེམས་ཡོངས་སུ་སྦྱོང་བའོ་ཞེས་པའོ། །

Aug 22, 2022

སི་ཏུ་པཎ་ཆེན་གྱིས་བསྒྱུར་བའི་ཕྱི་རོལ་བའི་གཞུང་དུམ་ཞིག

 




श्रीवैशम्पायन उवाच

 

श्रुत्वा धर्मानशेषेण पावनानि च सर्वशः ।

युधिष्ठिरः शान्तनवं पुनरेवाभ्यभाषत ॥ 

 

བི་ཤཾ་པ་ཡ་ནས་སྨྲས་པ། 

 

ཆོས་རྣམས་མ་ལུས་ཐོས་ནས་ནི། །ཐམས་ཅད་དག་པའི་དབང་གིས་ན། །

སླར་ཡང་ཞི་བ་གསར་བ་བཞིན། །མངོན་པར་བཤད་དོ་གཡུལ་ངོར་བརྟན། །

 

 

युधिष्ठिर उवाच

 

किमेकं दैवतं लोके किं वाप्येकं परायणम् ।

स्तुवन्तः कं कमर्चन्तः प्राप्नुयुर्मानवाः शुभम् ॥ 

 

को धर्मः सर्वधर्माणां भवतः परमो मतः ।

किं जपन्मुच्यते जन्तुर्जन्मसंसारबन्धनात् ॥ 

 

གཡུལ་ངོར་བརྟན་པས་སྨྲས་པ། 

 

འཇིག་རྟེན་དུ་ནི་ལྷ་གཅིག་པུ། །དཔུང་གཉེན་གཅིག་པུའང་སུ་ཞིག་ཡིན། །

བསྟོད་འོས་སུ་ཞིག་མཆོད་འོས་སུ། །མི་རྣམས་ཀྱིས་ཐོབ་དགེ་བའོ། །

 

ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་ལས། །མཆོག་ཏུ་འདོད་པའི་ཆོས་ཅི་ཞིག །

སྐྱེ་བོ་འཁོར་བར་འཁོར་བ་ཡི། །འཆིང་བ་ཅི་ཡིས་གྲོལ་བར་འགྱུར། །

 

 

भीष्म उवाच

 

जगत्प्रभुं देवदेवमनन्तं पुरुषोत्तमम् ।

स्तुवन नामसहस्रेण पुरुषः सततोत्थितः ॥ 

तमेव चार्चयन्नित्यं भक्त्या पुरुषमव्ययम् ।

ध्यायन स्तुवन नमस्यंश्च यजमानस्तमेव च ॥ 

 

འཇིགས་སྡེས་སྨྲས་པ། 

 

འགྲོ་བའི་གཙོ་བོ་ལྷ་ཡི་ལྷ། །མཐའ་ཡས་སྐྱེས་བུ་རྣམས་ཀྱི་མཆོག །

རྟག་ཏུ་ལངས་ནས་མཚན་སྟོང་གིས། །སྐྱེས་བུ་རྣམས་ཀྱིས་བསྟོད་པ་ཅན། །

མི་ཟད་སྐྱེ་བུ་དད་པ་ཡིས། །དེ་ཉིད་རྟག་ཏུ་མཆོད་བྱ་དང་། །

བསྟོད་བྱ་ཕྱག་འཚལ་མཆོད་སྦྱིན་དང་། །བསམ་པར་བྱ་བའང་དེ་ཉིད་དོ། །

 

ཞེས་པ་འདི་ཡང་ཀརྨ་བསྟན་པའི་ཉིན་བྱེད་ཀྱིས། བསོད་ནམས་རྒྱལ་མཚན་གྱི་བཞེད་ངོར་ཉམས་མཚར་དུ་རིག་བྱེད་ཀྱི་གཞུང་དུམ་བུ་ལས་བསྒྱུར་བའོ། །ཛ་ག་ཏཾ།  འདི་དག་ནི་ཕྱི་རོལ་བའི་ལྷ་དག་གི་གཞུང་དུ་སྣང་ངོ་། །

 

སི་ཏུའི་བཀའ་འབུམ་པོད་ཇ་བ་ལས་ཟླ་བ་གཞོན་ནུས་ཁོལ་དུ་ཕྱུང་ཞིང་རྒྱ་དཔེ་དང་གཏུགས་པའོ། ། (སི་འགྱུར་ཇི་བཞིན་བཀོད)

 

 

 

 

Apr 8, 2022

གསེར་ཐང་ལེའུ་བཅུ་བའི་གསང་བ་བརྟོལ་བ།


ཆོས་རྒྱལ་མྱ་ངན་མེད་ཀྱི་ཡི་གེ་ན་ག་རེའི་[གིར་ནཱར་གྱི་]བྲག་ངོས་ལ་བརྐོས་པ་བྱ་བར་དཔྱད་པ།

བྷ་ར་བྷ་རའི་ཕུག་པ།


ཟླ་བ་གཞོན་ནུ།

རྩོམ་འདིར་གཙོ་བོར་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མའི་ལེའུ་བཅུ་བ།   ཆོས་རྒྱལ་མྱ་ངན་མེད་ཀྱི་ཡི་གེ་ན་ག་རེའི་[གིར་ནཱར་གྱི་]བྲག་ངོས་ལ་བརྐོས་པ་ཞེས་པ་དེ་ཉིད་ལ་མཆན་བུ་དང་བཅས་ཏེ། ཁོང་གིས་དཀའ་ཚེགས་ཆེན་པོ་དང་བཅས་ཏེ་བཀོད་པར་གསུངས་པའི་བྲག་བརྐོས་དེའི་བོད་འགྱུར་ལ་སྣོན་མའི་ཚུལ་དུ་བྲག་བརྐོས་ཡི་གེ་དེ་དག་དང་དེ་དང་འབྲེལ་བའི་གནས་ཚུལ།  དེ་བཞིན་བྲག་བརྐོས་ཡི་གེ་དེ་དག་དཀྱུས་སུ་བཀོད་དེ། སྤྱིར་མཁས་དབང་གང་ཉིད་ལ་དྲིན་གཟོའི་ཚུལ་དུ་དང་།  དམིགས་ཀྱིས་དེང་གི་ཀློག་མཁན་རྣམས་དང་དོན་གཉེར་ཅན་དག་གི་མིག་གི་དགའ་སྟོན་སླད་དུ་ཞིབ་ཏུ་བསྟར་བར་འདོད་དོ། །

གཞུང་ལ་མ་ཞུགས་སྔོན། ཨ་ཤོ་ཀའི་བྲག་བརྐོས་དང་རྡོ་རིང་སོགས་ཀྱི་ཡི་གེ་དང་འབྲེལ་ཏེ།  རྒྱལ་བོ་ཨ་ཤོ་ཀ་ཁོང་ཉིད་དང་ཁོང་གི་རྒྱལ་སྲིད་བཞེས་སྐབས་ཀྱི་ཡིག་རིགས་གྲགས་ཅན་བྲཱཧྨཱི་ཚངས་པའི་ཡི་གེ་དང་། ཁརོཥྛཱི་ཡིག་རིགས་གཉིས་ཀྱི་སྐོར་རགས་ཙམ་བཤད་འདོད་དོ། །

དེ་ཡང་ཆོས་རྒྱལ་མྱ་ངན་མེད་(ང༣༠༤~༢༣༢)ནི་དུས་ནམ་ཞིག་བྱོན་མིན་ལོ་རྒྱུས་ཁག་ཏུ་མི་གསལ་ཡང་། ཁོང་གི་བརྐོས་ཡིག་དེ་དག་ལས་ཁོང་དང་དུས་མཉམ་པའི་མཐའ་འཁོར་གྱི་རྒྱལ་བོ་དུ་མའི་སྐོར་འཁོད་པ་དཔེར་ན། ཡོ་ན་རཱ་ཛ་ཨནྟི་ཡོ་ཀ (ང༢༦༡-༢༤༦)(Antiochu II – Theos of Syria) དང་། ཏོ་ར་མ་ན་(ང༢༨༥-༢༡༧) (Ptolemy II – Philadelphos of Egypt) དང་། ཨནྟེ་ཀི་ན་(ང༢༧༧-༢༣༩) (Antigonus Gonnats of Macedonia) དང་། མ་ག་(ང༢༨༢-༢༥༨)(Magas of Kyrene in North Africa) དང་།  སི་ཀནྡར་(ང༢༧༢-༢༤༢) (Alexander II of Epirus)སོགས་ཀྱི་མཚན་ཐོན་པ་བརྟེན་ནས། ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཁོང་ནི་སྤྱི་ལོ་སྔོན་གྱི་དུས་རབས་བཞི་བའི་མཇུག་ནས་དུས་རབས་གསུམ་པའི་སྟོད་དུ་བྱོན་པར་བཞེད་[1]པ་ཡིན་ནོ། །

དེ་ཡང་ཚངས་པའི་ཡི་གེར་གྲགས་པ་འདི་དུས་རབས་བཅུ་བཞི་བའི་ནང་སྐྱེས་པའི་ཕི༹་རོ་ཟ༹་ཤཱ་ཏུག་ལག་(༡༣༥༡-༡༣༨༨)གིས་ཀློག་ཐབས་བྱས་མྱོང་སྟེ།  སྤྱི་ལོ་༡༣༥༦ལོར། ཁོས་ཏོ་པྲ་དང་མཱི་རུ་ཏ་ནས་ཨ་ཤོ་ཀའི་རྡོ་རིང་གཉིས་ལྡི་ལིར་དབོར་འོངས་ཤིང་། ལེགས་སྦྱར་ལ་མཁས་པའི་པཎྜི་ཏ་དུ་མ་བཀུག་སྟེ་ཀློག་ཏུ་བཅུག་ནའང་།  སུས་ཀྱང་མ་ཁྲོལ། དེ་ནས་བརྒྱ་ཕྲག་གཉིས་ཙམ་གྱི་རྗེས་རྒྱལ་དབང་ལྔ་བ་ཆེན་པོ་དང་ཡང་རགས་ཙམ་དུས་མཉམ་པའི་རྒྱ་གར་གྱི་མོ་གྷལ་བཙན་རྒྱལ་ཨག་བྷར་(༡༥༥༦-༡༦༠༥)གྱིས་ཀྱང་མཚར་སྣང་དང་བཅས་ཏེ་དེའི་སྟེང་གི་ཡི་གེ་བཀླགས་ཆེད་བཀོད་པ་འདྲ་མིན་འཐེན་ཡང་བཀླག་ནུས་པར་མ་གྱུར་རོ། །

དེ་ཡང་ཚན་རིག་རང་བཞིན་ལྡན་པའི་ཞིབ་འཇུག་ནི། བྷང་གལ་གྱི་ཨེ་ཤི་ཡའི་སྤྱི་ཚོགས་ཚན་རིག་ཁང་བྱ་བ་སྤྱི་ལོ་༡༧༨༤ལོར་སཱར་བི་ལིན་འཇོན་སིས་བཙུགས་པ་ནས་བཟུང་གཞི་ནས་དབུ་བརྩམས། ཐོག་དང་བོར་ཆར་ལིས་བིལ་ཁིན་མཆོག་གིས་བྷང་གལ་ཡུལ་གྱི་ལྡི་ན་ཇ་པཱུར་ཟེར་བའི་ས་གནས་སུ་རྙེད་པའི་རྒྱལ་བོ་ནཱ་རཱ་ཡ་ཎ་པཱ་ལའི་(༨༥༤-༩༠༨)བྷ་དལ་རྡོ་རིང་གི་ཡི་གེ་བཀླགས་ཤིང་།  ཡང་ལོ་དེ་རང་ལ་པཎྜི་ཏ་ར་དྷ་ཀནྟ་ཤརྨས་རྣམ་གནོན་ལོ་༡༢༢༠(སྤྱི་ལོ་༡༡༦༨)ལ་ལྡི་ལིའི་ཏོ་པྲའི་ཨ་ཤོ་ཀའི་རྡོ་རིང་ངོར་བརྐོས་པར་གསལ་བ། ཡུལ་ཅཱ་ཧ་མཱ་ནའི་རྒྱལ་བོ་བཱི་ཤ་ལ་དེ་བའི་སྐབས་ཀྱི་ཡིག་རྙིང་གསུམ་བཀླགས་ནུས་པར་གྱུར་ལ།  དེ་ནས་ཅང་མ་འགོར་བར་ཧ་རིན་ཏོན་ལགས་ཀྱིས་ན་ག་རྗུ་ན་དང་བྷ་རཱ་བྷར་གྱི་བརྐོས་ཡིག་མཽ་ཁ་རཱིའི་རྒྱལ་བོ་ཨནནྟ་བརྨའི་སྐབས་སུ་བརྐོས་པ་དེ་རྙེད་སོན་བྱུང་ནའང་།  ཡིག་རིགས་དེ་གོང་གི་པཱ་ལ་དང་ཅཱ་ཧ་མཱ་ནའི་སྐབས་ཀྱི་ཡི་གེ་ལས་རྙིང་ཤས་ཆེ་བར་ཡོད་པས་ཁོས་བཀླག་མ་ནུས། དེ་ལྟ་ནའང་། ཆར་ལིས་བིལ་ཁིན་ལགས་ཀྱིས་ལོ་ངོ་བཞི་ལྷག་ལ་དཀའ་སྤྱད་འབད་རྩོལ་བྱས་ཏེ་སྤྱི་ལོ་༡༧༨༩ལོར་གཟོད་ཡིག་རིགས་དེ་ཀློག་ནུས་པར་གྱུར་ལ། ཉམས་མྱོང་དེ་དག་ལ་བརྟེན་ནས་ཁོང་གིས་གུཔྟའི་ཡི་གེ་ཕྱེད་ཀ་ཙམ་ཁྲོལ་བར་གྱུར་རོ། །  སྤྱི་ལོ་༡༨༣༤ལོར།  དམག་སྤྱི་ཁྲོ་ཡེར་ལགས་ཀྱིས་ཨ་ལླ་ཧ་བྷ་དའི་རྡོ་རིང་གི་ངོར་བརྐོས་པའི་སྐནྡ་གུཔྟ་སྐེམ་བྱེད་སྦས་པའི་སྐབས་ཀྱི་ཡི་གེའི་ཟུར་འགའ་རེ་ཀློག་ཤེས་ཀྱང་ཆ་ཚང་ཀློག་མ་ནུས།  དེ་ནས་མཁས་པ་མཱིལ་ལགས་ཀྱིས་སྤྱི་ལོ་༡༨༣༧ལོར་སྐེམ་བྱེད་སྦས་པའི་བྷི་ཏ་རིའི་རྡོ་རིང་གི་ཡི་གེ་ཡོངས་རྫོགས་ཀློག་ཐུབ་པར་གྱུར།

དེ་ནས་མཐའ་མར་བྲཱཧྨཱི་ཡི་གེ་ཡོངས་རྫོགས་བདེ་བླག་ཏུ་ཀློག་ནུས་མཁན་ནི་འཇེམ་སི་ཕྲིན་སེབ་(༡༧༩༩-༡༨༤༠)མཆོག་ཡིན་ལ། ཁོང་གིས་ལྡི་ལི་དང་། ཀ་ཧཽམ། སཱཉྕི། ཨ་མ་ར་བ་ཏི། གིར་ནཱར་སོགས་ཀྱི་བརྐོས་ཡིག་སོགས་ལེགས་པར་བཀླགས་ཏེ་གུཔྟའི་སྐབས་ཀྱི་ཡི་གེ་ཆ་ཚང་ཡོངས་སུ་རྫོགས་པར་ཁྲོལ་བར་གྱུར་བ་ཡིན་ལ། ཁོང་གི་སྔོན་དུ་ལ་སེན་མཆོག་ནས་སྤྱི་ལོ་༡༨༣༦ལོར་གྷི་ཧིན་རྒྱལ་བོ་ཨ་གྷ་ཐོ་ཁོལ་མཆོག་གི་ཊམ་ཀའི་སྟེང་གི་གྷི་རིག་དང་ཚངས་པའི་ཡི་གེ་གཉིས་ཀྱི་སྐད་གཉིས་ཤན་སྦྱར་དཔྱད་དེ་ཚངས་པའི་ཡི་གེ་འགའ་ཞིག་ཀློག་ཐུབ་པར་གྱུར་ནའང་།  ཚངས་པའི་ཡི་གེ་ཆ་ཚང་བདེ་བླག་ཏུ་ཀློག་ཐུབ་པར་གྱུར་མཁན་ནི་དབྱིན་ཇིའི་མཁས་པ་འཇེམ་སི་ཉིད་ཡིན་ནོ། ། ཁོང་གིས་སྤྱི་ལོ་༡༨༣༧ལོར་གཙོ་བོར་ཆོས་རྒྱལ་མྱ་ངན་མེད་པའི་སྐབས་ཀྱི་རྡོ་རིང་གི་ཡི་གེ་དག་དང་། ཁྱད་པར་དུ་ཁོང་གིས་སཱཉྕི་ཡུལ་དུ་ཡིག་རྙིང་ཁག་འདྲ་བཤུ་བྱེད་པའི་ཚེ། དེ་ཚང་མའི་མཐར་ཡིག་འབྲུ་འདྲ་བོ་གཉིས་ཡང་དང་བསྐྱར་དུ་བྲིས་འདུག་པར་ཐུགས་སྣང་བྱུང་། རྗེས་ལ་ཡི་གེ་དེ་གཉིས་དཱ་ནཾ་ཞེས་པ་ཡིན་པ་རྟོགས་ཤིང་། བྲཱཧྨཱི་ཡི་གེ་ད་དང་ན་གཉིས་སྔོན་ནས་ཁྲོལ་ཡོད་པས། ཡི་གེ་དེ་གཉིས་ཀྱི་སྔོན་དུ་གང་འབྱུང་བ་དེ་ལ་རྣམ་དབྱེ་དྲུག་པའི་རྐྱེན་ས་[སྶ]སྦྱར་བ་རྟོགས་ནས་སྦྱིན་བདག་གི་མཚན་ཡིན་པར་དཔག་ཅིང་།  རིགས་པ་སྤྱད་དེ་ལྡི་ལི་དང་ལཽ་རི་ཡ་སོགས་སུ་ཡོད་པའི་ཨ་ཤོ་ཀའི་ཡི་གེ་བཀླགས་ཤིང་།  དེ་དག་ཏུ་དེ་བ་ནཱཾ་པི་ཡ་པི་ཡ་ད་སི་(ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བ)ཡང་དང་ཡང་དུ་འབྱུང་བ་དེ་ཉིད་ཆོས་རྒྱལ་མྱ་ངན་མེད་རང་ཉིད་ཀྱིས་རང་ཉིད་འབོད་སྲོལ་ཞིག་ཡིན་པ་རྟོགས་ཤིང་།  རྒྱ་གར་འཕགས་པའི་ནུབ་བྱང་ཕྱོགས་སུ་རྙེད་པའི་གྷི་རིག་གི་རྒྱལ་བོ་དག་[2]གི་ཊམ་ཀ་དག་ཏུ་གྷི་རིག་དང་ཚངས་པའི་ཡི་གེ་སོགས་ཤན་སྦྱར་དུ་བཀོད་པ་དག་ལ་བློ་གྲོས་ཞིབ་མོས་ལེགས་པར་བརྟག་ཅིང་དཔྱད་པ་དང་། སྦས་པའི་སྐབས་ཀྱི་བྲཱཧྨཱི་ཡིག་གཟུགས་ལས་དཔེ་ལེན་པ་སོགས་བྱས་ཏེ་དེ་ལྟར་རིམ་གྱིས་ཡིག་ཕྲེང་ཧ་ཅང་མང་ལ་གལ་གནད་ཤིན་ཏུ་ཆེ་བའི་གིར་ནཱར་གྱི་ཨ་ཤོ་ཀའི་བྲག་བརྐོས་ཡི་གེ་ཡང་བསྒྱུར་ནུས་པ་སོགས་པ་བྱུང་ཞིང་། དེང་སང་བདག་ཅག་གིས་བྲཱཧྨཱི་ཡི་གེ་ཀློག་ཐུབ་ཅིང་དོན་གོ་བ་ནི་མཁས་པ་འཇེམ་སི་ཕྲིན་སེབ་མཆོག་གི་རྣམ་དཔྱོད་ལ་བརྟེན་པ་ཡིན་པས། ཁོང་གི་མཛད་རྗེས་ནི་ཅི་བས་ཀྱང་ཆེ་བ་ཡིན་ནོ། །

དེ་ནས་བཟུང་མཁས་པ་མང་བོས་ཡིག་རིགས་འདི་ཉིད་དུ་བྲིས་ཡོད་པའི་རྡོ་རིང་གི་ཡི་གེ་དང་། བྲག་བརྐོས་ཡི་གེ  དེ་བཞིན་སྐུ་འདྲ་དང་ཊམ་ཀ་དག་ཏུ་ཡོད་པ་ཁག་ལ་ཞིབ་འཇུག་དང་།  དཔྱད་གླེང་བྱས་ཏེ།  སྐབས་དེའི་ལོ་རྒྱུས་དང་སྤྱི་ཚོགས། སྐད་ཡིག་སོགས་ཀྱི་ཚུལ་ལུགས་དཔྱོད་པར་ཕན་ཐོགས་བླ་ལྷག་ཏུ་བྱུང་བ་སྨོས་མ་དགོས་ཤིང་།  དགེ་ཆོས་མཆོག་གིས་(གསེར་ཐང་། ༢༤༡-༤༢) “རྒྱལ་བོ་འདིས་ཆོས་ཀྱི་ཡི་གེ་རྒྱ་གར་གྱི་ཡུལ་གྲུ་དུ་མར་མཆིས་པ་ལས། ཕྱོགས་གཅིག་ཏུ་བྲིས་པ་ལ་འདི་ཉིད་མང་ཤོས་ཡིན་ཞིང་། དོན་འགངས་ཆེན་དུ་མ་ཡང་འདུས། ཆོས་ཀྱི་རྒྱལ་བོ་འདིའི་བཀའ་དྲིན་དྲན་པར་བྱ་བའི་སླད་དུ། མཁས་པ་དུ་མ་ལ་འདྲི་རྟོགས་ཀྱིས་དཀའ་ཚེགས་ཆེན་པོ་དང་བཅས་དགེ་འདུན་ཆོས་འཕེལ་གྱིས་བྲིས་པ་ལགས་”ཞེས་གསུངས་པ་ལྟར། ཆོས་རྒྱལ་མྱ་ངན་མེད་ཀྱི་བཀའ་དྲིན་དྲན་པའི་སླད་དུ་བྲག་བརྐོས་ཡི་གེ་འདི་ཁོང་གིས་མཁས་པ་དུ་མ་ལ་བཀའ་འདྲི་སོགས་དགའ་ཚེགས་ཆེན་པོས་བྲིས་ཚུལ་གསལ་བ་ལྟར། ཡིག་རིགས་འདི་དག་ལ་ཞིབ་འཇུག་བྱེད་པར་སྔོན་གྱི་མཁས་དབང་རྣམ་དཔྱོད་ཅན། དཔེར་ན།  མེསྶ་བྷུར་གྷེས་དང་ཕུ་གྭར། འཇམ་སི་དང་། ཁ་ནིན་ཧམ། སེ་ནཱ། བྷ་ཡུ་ལར། ཧྭེ་ཆ། ཕ༹ླི་ཋ། ཐོམ་མ་སི། ཁརྣ། ལ་སེན། བེ་ནི་སི། བྷུལ་ནར་སོགས་དང་། རྒྱ་གར་མཁས་པ་རཱ་མཱ་བ་ཏཱ་ར་ཤརྨཱ་དང་། བྷཱཎྜཱར་ཀར། རཱདྷཱ་ཀུ་མུད་མུ་ཁརྗི། ཇ་ནཱརྡན་བྷཊྚ་སོགས་ཀྱི་ཞིབ་འཇུག་གི་གྲུབ་འབྲས་ལ་གུས་བརྩི་དང་གདེང་འཇོག་བྱེད་པ་ཚུལ་མཐུན་གྱི་ཚུལ་ལུགས་སུ་འདོད་ཅིང་། དེ་ཡང་མཁས་དབང་དགེ་ཆོས་མཆོག་གིས་མཁས་དབང་དུ་མ་ལ་འདྲི་རྟོག་གནང་ཚུལ་ཙམ་ལས་མཁས་པ་སུ་དང་སུ་ཡིན་མི་གསལ་བས། དཔྱད་གཞིའི་གནས་སུ་གྱུར་ནའང་། སྤྱིར་ཁ་ནིན་ཧམ་དང་ཧྭེ་ཆ་གཉིས་ཀྱིས་ཆོས་རྒྱལ་མྱ་ངན་མེད་སྐབས་ཀྱི་ཡི་གེ་དག་ལ་ཞིབ་འཇུག་མཐིལ་ཕྱིན་གནང་བའི་དཔྱད་དེབ་གཉིས་རིམ་པ་བཞིན་སྤྱི་ལོ་༡༨༩༩ལོ་དང་༡༩༢༥ལོར་དཔར་འདུག་པ།  དགེ་ཆོས་མཆོག་གིས་མཇལ་ཡོད་ཀྱང་སྲིད། ཡང་ན་ནི་ར་ཧུ་ལ་དང་རོལ་རིག་སོགས་གང་རུང་ཞིག་ལ་འདྲི་རྨེད་གནང་བ་ཡིན་མཆི།

དེ་ཡང་གོང་ཞུས་མཁས་པ་དེ་དག་ལས་ཁ་ནིན་ཧམ་(༡༨༩༩)དང་ཧྭེ་ཆ་(༡༩༢༥)གཉིས་ཀྱི་ཡིག་རིགས་འདི་དང་འབྲེལ་བའི་དེབ་རྒན་གཉིས་ཀ་སྔོན་མ་ནས་མཇལ་མྱོང་ལ།  དེ་དུས་ནས་དགེ་ཆོས་ཀྱི་གསེར་ཐང་གི་བྲག་བརྐོས་ཡི་གེའི་མ་ཡིག་འདི་མཐོང་ནས་མ་ཡིག་རང་དང་བསྟུན་ནས་ཅུང་ཙམ་ཁ་གསལ་བར་བྱས་ན།  གསེར་ཐང་གི་འཕྲིན་ལས་ལའང་ཕན་པ་དང་སྐོམ་པ་དག་གི་མཁོ་ཡང་སོད་པར་འགྱུར་རོ་སྙམ་པ་ཞིག་སྔོན་མ་ནས་ཡོད་ཀྱང་། དུས་དང་ལས་བྲེལ་གྱིས་ད་བར་ནར་འགྱངས་སུ་སོང་ངོ་།། བར་སྐབས་རང་གི་ཞིབ་འཇུག་གི་ཁ་ཕྱོགས་སྔ་མོའི་ཡིག་རིགས་དག་དང་འབྲེལ་བ་དང་གཅིག  གཉིས་ནས་ཉེ་བའི་ཆར་རང་ཉིད་དངོས་སུ་གསེར་ཐང་གི་ལེའུ་དེར་(དགེ་ཆོས། ༢༤༢)  “ག་ཡ་དང་ཉེ་བའི་བརབྷར་ཞེས་བྱ་བའི་རི་”ཞེས་མགོ་ཙམ་སྨོས་པའི་བྷ་རཱ་བྷ་རའི་ཕུག་པར་དངོས་སུ་བསྐྱོད་དེ་ཞིབ་ལྟ་བྱེད་སྐལ་བྱུང་ཞིང་།  འདི་དང་འབྲེལ་བའི་ཡིག་ཆ་ལག་ལ་གང་འཚམས་སྣ་འཛོམས་པོ་བྱུང་བ་སོགས་ཞར་གྱི་རྐྱེན་ལ་བརྟེན། གསེར་ཐང་གི་ལེའུ་བཅུ་བའི་ཞབས་བཏགས་མ་འདི་འབྲི་བའི་ལས་སུ་ཞུགས་སོ། །

བྲཱཧྨཱི་དང་ཁརོཥྛཱི་ཡི་གེ་སྤྱིར་བཤད་པ།

བྲཱཧྨཱི་དང་ཁརོཥྛཱི་གཉིས་ཀ་འཕགས་པ་རྒྱ་ཆེར་རོལ་བའི་མདོར་(སྤྱི་ལོ་༢༠༠~༣༠༠)ཡིག་རིགས་དྲུག་ཅུ་རྩ་བཞི་འབྱུང་བ་དག་ལས་མགོ་མ་གཉིས་ཡིན་ལ། སྤྱི་ལོ་སྔོན་གྱི་ལོ་ངོ་༣༠༠༠གོང་དུ་བྱུང་བར་གྲག་པའི་ཆུ་མོ་སིནྡྷུའི་རྒྱུད་ཀྱི་ཡི་གེ་(ཧ་ར་པན་གྱི་ཡི་གེ)འདྲ་བ་དེ་དག་ད་སྔ་ཡི་གེ་ཡིན་ཐག་ཆོད་མེད་པས་(ཞིབ་འཇུག་པ་འགས་དེ་ཡི་གེ་མིན་ཐག་བཅད་ཡོད་)ཟུར་དུ་བཞག་ནས་བཤད་ན། བྲཱཧྨཱི་དང་ཁརོཥྛཱི་གཉིས་ནི་རྒྱ་གར་ཡིག་རིགས་ཆེས་རྙིང་ཤོས་གཉིས་ཆགས་ཡོད་པ་ཡིན། ལར་ཆོས་རྒྱལ་མྱ་ངན་མེད་དུས་སྐབས་ཀྱི་ཡི་གེ་རྙེད་པ་དག་ལ་སྤྱིར་ཡིག་རིགས་བྲཱཧྨཱི་དང་ཁརོཥྛཱི་དང་གྷི་རིག་དང་ཨ་ར་མེའི་ཡིག་རིགས་བཞི་ག་འབྱུང་ཡང་།  དེའི་ནང་གི་མང་ཤོས་བྲཱཧྨཱི་ཡི་གེ་ཆགས་ཡོད་པས། བྲཱཧྨཱི་འདི་ཉིད་ཆོས་རྒྱལ་མྱ་ངན་མེད་ཀྱི་གཞུང་སྤྱོད་ཡི་གེ་ལྟ་བུར་བརྩི་བ་ཡིན་ལ་འཕགས་ཡུལ་གྱི་འབིགས་བྱེད་རི་བོས་འཕྲེད་དུ་བཅད་པའི་བྱང་ཁུལ་དུ་གནས་གཞན་ལས་ཧ་ཅང་དར་ཁྱབ་ཆེ་བ་རྟོགས་ཐུབ།  ཡང་མཁས་པ་ཁ་ཅིག་ཁརོཥྛཱི་ནི་བྲཱཧྨཱི་ལས་སྔོན་ལ་བྱུང་ཞིང་། བྲཱཧྨཱི་ནི་ཁརོཥྛཱི་ལ་དཔེ་བལྟས་ནས་བཟོས་པར་བཤད་པའང་ཡོད།  སྤྱིར་སྤྱི་ལོ་སྔོན་གྱི་ལོ་༤༠༠༠ནས་༣༠༠༠བར་དུ་བྱུང་བའི་སུ་མེར་གྱི་གཟེར་གཟུགས་ཡི་གེ་ནི་འདྲ་གཟུགས་ཡི་གེ་ཆེས་ཐོག་མ་དང་།  ཕོ༹་ནི་སི་ཡའི་ཡི་གེ་ནི་འཛམ་གླིང་གི་སྒྲ་སྦྱོར་ཡི་གེ་ཡིག་རིགས་འཐུས་ཚང་ཤོས་ཐོག་མར་ལྟ་བུར་མཁས་པ་ཕལ་མོ་ཆེ་བཞེད་ཅིང་། ཡི་གེ་དེ་ནས་ཨ་ར་མེའི་ཡི་གེ་བྱུང་ཞིང་།  དེ་ལ་དཔེ་བླངས་ནས་ཁརོཥྛཱི་དང་། དེ་བཞིན་དེ་ལ་དཔེ་བལྟས་ནས་བྲཱཧྨཱི་བཟོས་པར་བཤད་པ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལ་བལྟས་ན་བདེན་ཁ་ཅུང་ཙམ་ཆེ་བར་འདུག་སྙམ་མོ། །  ཁ་ཅིག་གིས་ཁརོཥྛཱི་ནི་གཡས་ནས་གཡོན་དུ་འབྲི་བས་སེ་མིའི་སྐད་དང་འབྲེལ་བ་ཡོད་པ་བདེན་པར་སྣང་ཡང་། བྲཱཧྨཱི་ནི་གཡས་ནས་གཡོན་དུ་འབྲི་བ་ཡིན་པས་དེ་ཁོ་ནས་ཀྱང་དེ་གཉིས་ཤིན་ཏུ་མི་མཐུན་ཚུལ་བཤད་དེ་བྲཱཧྨཱི་ནི་ཁརོཥྛཱི་ལ་དཔེ་བལྟས་པ་དགག་པར་འདོད་རུང་།  ཊམ་ཀ་དུ་མ་ཞིག་ཏུ་བྲཱཧྨཱི་བྲིས་པ་གཡོན་ནས་གཡས་སུ་ཀློག་དགོས་པ་མཐོང་ནས་བཤད་པ་དེ་རང་ལོག་ཏུ་གྱུར་ཞིང་།  དེ་ལ་བརྟེན་ནས་བྲཱཧྨཱི་ཡང་ཐོག་མར་ཁརོཥྛཱི་ལྟར་གཡས་ནས་གཡོན་དུ་འབྲི་བ་ཡིན་ནའང་།  རྗེས་སུ་དེ་སྲོལ་བརྗེས་ཏེ་གཡོན་ནས་གཡས་སུ་འབྲི་བའི་སྲོལ་གཏན་ཆགས་སུ་བསྐྱངས་པའི་བཞེད་སྲོལ་དམ་པོར་འཛིན་པའི་མཁས་པའང་ཡོད་དོ།།  དེ་བཞིན་གྷི་རིག་གི་ལོ་རྒྱུས་མཁས་པ་མེ་གྷ་སྠན་ནེས་(སྤྱི་ལོ་སྔོན་༣༥༠~༢༩༠)ཨིནྜི་ཀ་ཞེས་པའི་དེབ་ཅིག་བྲིས་པ་དེར་རྨ་བྱའི་རྒྱལ་རྒྱུད་ཀྱི་མགོར་རྒྱ་གར་ལ་ཡི་གེ་མེད་ཚུལ་འཁོད་པ་སོགས་ལས་བྲཱཧྨཱི་འདི་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐབས་སམ་ཡབ་མེས་ཀྱི་རིང་ལ་དར་བར་ཚོད་དཔག་བྱེད་ནའང་། ཉེ་བའི་ཆར་ཤྲཱི་ལངྐ་དང་ཏ་མིལ་ན་ཌུ་ཕྱོགས་སུའང་བྲཱཧྨཱི་ཡི་གེ་རྙེད་པ་སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བ་ནས་དྲུག་པ་བར་གྱི་ཡིན་པར་བཤད་པས། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་དུས་སུའང་བྲཱཧྨཱི་ཡིག་རིགས་འདི་ཡོད་པར་སྣང་ཞེས་ཕྱི་རྒྱལ་མཁས་པ་འགའ་བཞེད་པས། མདོ་སྡེ་སོགས་སུ་སྟོན་པ་ཞལ་བཞུགས་པའི་ཚེ་ཡི་གེ་ཡོད་པའི་ཁུངས་གང་མང་མཇལ་བ་དང་ཤིན་ཏུ་ཐོད་ཐུག་པར་སྣང་ངོ་། །

བྲཱཧྨཱི། (𑀩𑁆𑀭𑀸𑀳𑁆𑀫𑀻 )

ཚངས་པའི་ཡི་གེ་ནི་དབྱངས་གསལ་གྱི་ཡི་གེ་ཡིན་ལ། དེ་སྤྱོད་པའི་དུས་སྐབས་ནི་རྨ་བྱའི་རྒྱལ་རབས་(སྤྱི་ལོ་སྔོན་གྱི་དུས་རབས་༣)ནས་སྦས་པའི་རྒྱལ་རབས་(དུས་རབས་༤)བར་དུ་ཡིན་པར་བཤད་ནའང་། དེ་ནམ་ཞིག་ལ་བྱུང་བ་དང་ཡིག་རིགས་གང་ཞིག་ལ་གཞི་བཞག་ནས་བཟོས་པའི་ཐད་ལ་འདོད་པ་མི་མཐུན་པ་མང་།  ཁ་ཅིག་གིས་ཕྱིའི་ཡིག་རིགས་ཨ་ར་མེ་ལ་དཔེ་བླངས་ཏེ་བཟོས་པ་དང་། ཁ་ཅིག་གིས་རྒྱ་གར་རང་ནས་བཟོས་ཞེས་འདོད་པ་མི་མཐུན་པ་གཙོ་ཆེར་གཉིས་སུ་འདུས།  གང་ལྟར་ཀྱང་ཡིག་རིགས་འདི་རྒྱ་གར་གྱི་རྗེས་བྱུང་གི་ཡིག་རིགས་གང་མང་གི་མ་དཔེ་ལྟ་བུ་ཡིན་ནོ། །

སྐབས་བབ་ཀྱི་བརྗོད་པར་བྱ་བ་གཙོ་བོ་ནི་ཨ་ཤོ་ཀའི་གིར་ནཱར་གྱི་བྲག་ངོས་སུ་བརྐོས་པའི་ཡི་གེའི་སྐོར་ཡིན་ལ། དེ་ཡང་བྲག་དེ་ཉིད་ཡོད་པའི་ས་ཆ་དེར་དུས་རབས་བར་མའི་སྐབས་སུ་གི་རི་ན་ག་ར་རིའི་གྲོང་ཞེས་འབོད་པར་གྲགས་ལ།  བརྐོས་ཡིག་འདི་ཐོག་མར་དུས་རབས་བཅུ་དགུ་བའི་དུས་མགོར་རྙེད་ཅིང་།  དེང་སང་གི་གུ་ཇ་ར་ཐའི་ཇཱུ་ན་ག་ཌྷ་ནས་ལེ་དབར་གཅིག་ཙམ་གྱི་སར་ཡོད་པའི་གིར་ནཱར་སྟེ་རིའི་གྲོང་ཞེས་པ་དེའི་བྲག་ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་ཡི་གེ་བསྟར་མ་བཅུ་བཞི་བོ་འདི་དག་བརྐོས་ཡོད་པ་ཡིན།   ཕ་བོང་དེའི་དཔངས་ལ་ཁྲུ་༡༢དང་། ཕ་བོང་ས་ལ་ནུབ་མཚམས་ཀྱི་མཐའ་སྐོར་རིང་ཚད་ལ་ཁྲུ་༧༥ཡོད་པར་བཤད།  ཕ་བོང་ཆེན་པོ་འདིའི་སྟེང་དུ་ཆོས་རྒྱལ་མྱ་ངན་མེད་ཀྱི་བརྐོས་ཡིག་བསྟར་མ་བཅུ་བཞི་བོ་ལས་གཞན་ད་དུང་ཨུ་ཇྗ་ཡི་ནཱིའི་རྒྱལ་བོ་རུ་དྲ་དཱ་མན་གྱི་བརྐོས་ཡིག་སྔོན་གྱི་རྒྱལ་བོ་ཙནྡྲ་གུཔྟ་མཽརྱས་བསྐྲུན་པའི་སུ་དརྴན་བྱ་བའི་རྫིང་བུ་ཆུ་ལོག་གིས་གནོད་སྐྱོན་ཐེབས་པ་དེ་ཉིད་ལ་ཞིག་གསོ་བྱས་ཚུལ་བཀོད་པ་ཞིག་དང་།   སླད་མར་སྐནྡ་གུཔྟ་སྐེམ་བྱེད་སྦས་པས་ཀྱང་རྫིང་བུ་སུ་དརྴན་བསྐྱར་དུ་བྲུས་ཚུལ་སྐོར་བརྐོས་པ་ལེགས་སྦྱར་སྐད་དུ་བརྐོས་པ་གཉིས་ཀྱང་ཕ་བོང་དེ་ཉིད་ཀྱི་སྟེང་དུ་བརྐོས་ཡོད་པ་ཡིན།

གོང་སྨོས་ཀྱི་ཆོས་རྒྱལ་མྱ་ངན་མེད་ཀྱི་བརྐོས་ཡིག་བཅུ་བཞི་བོ་དེ་དག་ནི་འཇམ་སི་ལྟར་[3]ན་ཕ་བོང་དེའི་བྱང་ཤར་གྱི་ངོས་སུ་བརྐོས་ཡོད་ཅིང་།  དཀྱིལ་ནས་ཐུར་དུ་དྲང་ཐིག་ཅིག་བརྐོས་ཏེ་ཡི་གེ་བསྟར་མ་དེ་དག་གཡས་གཡོན་གཉིས་སུ་བགོས་ཏེ་བརྐོས་ཡོད་པ་སྟེ།  གཡོན་ཕྱོགས་སུ་ཡི་གེ་བསྟར་མ་ཐོག་མ་ལྔ་བོ་བརྐོས་ཡོད་པ་དང་། གཡས་ཕྱོགས་སུ་དྲུག་པ་ནས་བཅུ་གཉིས་པའི་བར་དུ་བརྐོས་ཡོད་ཅིང་། ཡི་གེ་བཅུ་གསུམ་པ་དང་བཅུ་བཞི་བ་གཉིས་རིམ་པ་བཞིན་ལྔ་བ་དང་བཅུ་གཉིས་པའི་གཤམ་དུ་བརྐོས་ཡོད་པར་བཤད།

རྩོམ་ཆ་ཚང་ལྟ་ན་བོད་རིག་པར་ཕེབས།