-->

Jan 25, 2026

མེ་ལོང་མར་གསལ་བའི་གཏམ་དང་བརྗོད་པའི་ཐད་ཀྱི་བརྒལ་བརྟག



ལྷུག་པ་དང་འབྲེལ་ནས་གཏམ་དང་བརྗོད་པའི་སྐོར་བཤད་པ།




རྒྱ་འགྲེལ་རཏྣ་ཤྲཱི་ལས། ཇི་སྐད་དུ། གང་ཞིག་གོང་དུ་སྙན་ངག་གི་ལུས་རྣམ་པ་གསུམ་བསྟན་ཏེ། ལྷུག་པ་དང་། ཚིགས་བཅད་དང་། འདྲེས་མ་ཞེས་པའོ། །དེ་ལ་ཚིགས་བཅད་བསྟན་ཟིན་ཏོ། །ད་ནི་ལྷུག་པའི་སྐབས་བཟུང་སྟེ་སྨྲས་པ།[1]ཞེས་གསུངས་པ་ལྟར།

 

ལྷུག་པའི་མཚན་ཉིད།

 

(དཔག་ཊིག །༡༦ན) གཉིས་པ་ལྷུག་པ་ལ་གཉིས་ལས་(དང་བོ)མཚན་ཉིད་ནི།


༢༣ཀརྐང་བ་མེད་པའི་ཚིག་རྒྱུན་ནི། །༢༣ཁལྷུག་པའོ་


རྐང་པ་མེད་པའི་ཚིག་རྒྱུན་ནི། ལྷུག་པའོ། རྐང་པར་མ་བཅད་པའི་ཚིག་སི་སོགས་དང་ཏི་སོགས་ཀྱི་མཐའ་ཅན་གྱི་རྒྱུན་ངག་ནི་ལྷུག་པ་སྟེ། སྔོན་གྱི་ལོ་ཙ་བ་ཆེན་པོ་རྣམས་ཀྱིས་རྐྱང་པ་ཅེས[ཞེས]་པར་བསྒྱུར་རོ།། (གཉིས་པ)དབྱེ་བ་ལ་བཞི། དབྱེ་བ་མིང་གིས་མདོར་བསྟན། དངོས་པོའི་དབྱེ་བར་རྟོགས་པ་དགག །མིང་ཙམ་གྱི་དབྱེ་བར་བསྟན། དོན་གྱི་དབྱེ་བར་འཇོག་པའི་སྒྲུབ་བྱེད་གཞན་དགག་པའོ། ། 

 

དང་བོ། དབྱེ་བ་མིང་གིས་མདོར་བསྟན་པ།

 

དང་པོ་(དབྱེ་བ་མིང་གིས་མདོར་བསྟན་པ)ནི།


་་་བརྗོད་པ་དག་དང་གཏམ། །༢༣གཞེས་པ་དེ་ཡི་རབ་དབྱེ་གཉིས། ། 


བརྗོད་པ་དང་ནི་གཏམ། །ཞེས་པ་དེ་ཡི་རབ་དབྱེ་གཉིས། །དེ་ཡི་ནི་ལྷུག་པའིའོ། ངག་གི་དབང་ཕྱུག་ནི་ལོའི་སྒྲ་འདིར་ཡང་སྦྲེལ་བར་བྱའོ་འཆད་དོ། །[2]

 

གཉིས་པ། དངོས་པོའི་དབྱེ་བར་རྟོགས་པ་དགག་པ།

 

གཉིས་པ་(དངོས་པོའི་དབྱེ་བར་རྟོགས་པ་དགག་པ)བྷཱ་མ་ཧའི་འདོད་པ་བཀོད་པ།


༢༣ངདེ་ལ་འདྲེན་པ་ཉིད་ཀྱིས་ནི།༢༣༢༤ཀབརྗོད་པར་བྱ་བ་བརྗོད་པ་ལོ[3]། །༢༤ཁགཞན་ནི་འདྲེན་པའམ་གཞན་གྱིས་ཀྱང་། །


དེ་ལ་འདྲེན་པ་ཉིད་ཀྱིས་ནི།།བརྗོད་པར་བྱ་བ་བརྗོད་པ་ལོ།།གཞན་ནི་འདྲེན་པའམ་གཞན་གྱིས་ཀྱང་།།རང་གི་ཡོན་ཏན་བསྒྲགས་སྐྱོན་འདིར།།ཡང་དག་དོན་བསྔགས་ཕྱིར་ཡོད་མིན།། བརྗོད་པ་དང་གཏམ་དེ་དག་ལས་བརྗོད་པ་ནི་འདྲེན་པ་ཁོ་ནས་རང་གི་སྤྱོད་པ་རྗོད་ཀྱི་གཞན་གྱིས་མ་ཡིན་པ་སྟེ་སྨྲ་བ་པོ་ངེས་པའོ།། ལོའི་སྒྲ་ནི་གཞན་གྱི་འདོད་པར་གསལ་བར་བྱེད་པའོ། །བརྗོད་པ་ལས་གཞན་གཏམ་ནི་གཙོ་བོས་བརྗོད་པའམ་གཞན་དེའི་འཁོར་ལས་སོགས་པས་ཀྱང་སྨྲས་པའོ། །

མདོར་ན་སྐྱེ་བོ་ཡ་རབས་རྣམས་རང་གི་བསྟོད་པ་(༡༦ན)བྱེད་པ་མི་རིགས་སོ་[4]ཞེ་ན།


༢༤གརང་གི་ཡོན་ཏན་བསྒྲགས་སྐྱོན་འདིར། །༢༤ངཡང་དག་དོན་བསྔགས་ཕྱིར་ཡོད་མིན།༢༤


རང་གི་ཡོན་ཏན་རིགས་དང་བརྩོན་འགྲུས་ལ་སོགས་པ་སྐབས་ཀྱི་དབང་གིས་བསྒྲགས་པ་ནི་ཚུལ་འདིར་སྐྱོན་མིན་ཏེ། ཡང་དག་པ་ཇི་ལྟ་བའི་དོན་གྱི་རང་གི་སྤྱོད་པ་བསྔགས་ཀྱི་ཕྱིན་ཅི་ལོག་བརྗོད་པ་མ་ཡིན་བ[པ]འི་ཕྱིར་རོ་ཞེས་སྨྲའོ།། དེ་མ་ངེས་པར་སྟོན་པ།


༢༥ཀའོན་ཀྱང་ངེས་པ་མ་མཐོང་སྟེ། །༢༥ཁདེར་ཡང་གཞན་གྱིས་བརྗོད་པའི་ཕྱིར། །

༢༥གགཞན་གྱིས་བརྗོད་དམ་རང་གིས་ཞེས། །༢༥ངདབྱེ་བའི་རྒྱུ་ནི་ཅི་འདྲ་ཞིག༢༥


འོན་ཀྱང་ངེས་པ་མེད་མཐོང་ཏེ[སྟེ]།།དེར་ཡང་གཞན་གྱིས་བརྗོད་པའི་ཕྱིར།།གཞན་གྱི་[གྱིས]བརྗོད་དམ་རང་གིས་ཞེས།།དབྱེ་བའི་རྒྱུ་འདི་ཅི་ཞིག་འདྲ།། དེ་སྐད་ཟེར་མོད་ཀྱང་འདྲེན་པ་ཁོ་ནས་བརྗོད་པར་བྱ་བ་བརྗོད་པའོ་ཞེས་པའི་ངེས་པ་མེད་པར་མཐོང་སྟེ། བརྗོད་པ་དེར་ཡང་འདྲེན་པ་ལས་གཞན་གྱིས་བརྗོད་པ་མཐོང་སྟེ། དགའ་བའི་སྤྱོད་པ་ཞེས་བྱ་བ་ལས་སོགས་པའི་བརྗོད་པར་འདྲེན་པའི་སྤྱོད་པ་གཞན་གྱིས་བརྗོད་བ[པ]་སྣང་བའི་ཕྱིར་དང་འདིར་རྣམ་པ་ཐམས་ཅད་དུ་སྙན་ངགས་མཁན་སྨྲ་བ་པོ་ཡིན་པའི་ཕྱིར་རོ།། ཡང་དེ་ལྟར་སྨྲ་བ་པོ་ངེས་སུ་ཆུག་ཡང[ཀྱང]་དེ་ཙམ་གྱིས་དེ་གཉིས་རིགས་ཐ་དད་དུ་མི་འགྲུབ་སྟེ།བརྗོད[རྗོད]་པ་པོ་གཞན་ཡིན་བ[པ]་གཏམ་དང་། བརྗོད[རྗོད]་པ་པོ་འདྲེན་པ་རང་ཉིད་ཡིན་བ[པ]་བརྗོད་བ[པ]་ཞེས་པ་དེ་དག་རིགས་ཐ་དད་དུ་དབྱེ་བའི་རྒྱུ་མཚན་ཡིན་པ་ཅི་ཏེ[སྟེ]དེ་ལྟ་བུའི་ངེས་པ་མེད་པས་ན་གྱི་ན་ཡིན་པས་དེ་ནི་རིགས་ཐ་དད་ཀྱི་རྒྱུ་མ་ཡིན་ནོ།། དེ་ཙམ་གྱིས་རིགས་ཐ་དད་ན་ཧ་ཅང་ཐལ་བས་ཀྱང་ངོ་།།

 

༢༦ཀགལ་ཏེ་སྒོ་དང་གཞན་སྒོ་དང་། །༢༦ཁདབུགས་མཚམས་བཅས་ཉིད་བརྗོད་པ་ཡི། །

༢༦གཐ་དད་པ་ཡི་རྟགས་ཡིན་ན། །༢༦ངཞར་གྱིས་གཏམ་རྣམས་དག་ལ་ཡང་།༢༦


གལ་ཏེ་སྒོ་དང་གཞན་སྒོ་དང་།།ཡིད་བརྟན་ལྡན་ཉིད་བརྗོད་པ་ནི།།ཐ་དད་པ་ཡི་རྟགས་ཡིན་ན།།སྒོ་དང་གཞན་སྒོ་ཞེས་བྱ་བའི་ཚིགས་བཅད་འབྱུང་གྱུར[འགྱུར]་གྱི་དོན་གསལ་བར་བྱེད་(༡༦བ)པ་དག་ཡོད་པ་དང་། ཡིད་བརྟན་དང་ལྡན་བ[པ]་ཉིད་ཏེ[དེ]་དེ་གསུམ་ནི་བརྗོད་པ་གཏམ་ལས་ཐ་དད་པའི་རྟག[རྟགས]ཡིན་ཏེ།བརྗོད་པ་ལ་ཡོད་ཅིང་གཏམ་ལ་མེད་པའི་ཕྱིར་རོ་[5]ཞེས[ཞེ]་ན།


༢༧ཀའཕགས་པ་སོགས་བཞིན་སྒོ་དང་ནི།།༢༧ཁགཞན་གྱི་སྒོ་དག་ཅིས་མི་འཇུག །

༢༧གལམྦྷ་སོགས་སམ་ཨཱ་ཤྭཱ་སའི།།༢༧ངདབྱེ་བ་མཐོང་ཡང་དེ་ལས་ཅི།༢༧


ཞར་གྱིས་གཏམ་རྣམས་དག་ལ་ཡང་།།འཕགས་པ་སོགས་བཞིན་སྒོ་དང་ནི།།གཞན་གྱི་སྒོ་དག་ཅིས་མི་འཇུག །སྤྱིར་ལྷུག་པའི་སྙན་ངགས་ལའང་ཚིགས་བཅད་ཞར་གྱིས་འཇུག་པ་ཡོད་པས།སྐབས་དོན་དུ་བྱས་ཀྱང་ཞར་གྱིས་གཏམ་ལ་ཡང་ཐ་དད་ཀྱི་རྟགས་སུ་འདོད་པའི་སྒོ་དང་གཞན་སྒོ་དག་འཇུག་པ་ཉིད་ཏེ[དེ]། འཕགས་པ་དང་རྗེས་སུ་བསྔགས་པ་ལ་སོགས་པའི་ཚིགས་བཅད་འཇུག་པ་བཞིན་དུ་འཇུག་པ་ཁོ་ན་ཏེ[སྟེ]་གསུམ་ཀའང་ཚིགས་བཅད་དུ་ཁྱད་པར་མེད་པས་སོ།། བརྗོད་པ་ལའང་དེ་དག་ཞར་གྱིས་འཇུག་གི་སྐབས་དོན་དུ་མ་ཡིན་ཏེ། ལྷུག་པ་སྐབས་སུ་བྱས་པའི་ཕྱིར་རོ།། འོ་ན་ཨཱ་ཤྭཱ་ས་སྟེ་ཡིད་བརྟན་ལྡན་བ[པ]་ནི་ཐ་དད་ཀྱི་རྟགས་ཡིན་ནོ་ཞེ་ན།  ལམ་བྷ་སོགས་པའམ་ཡིད་རྟོན་པའི་དབྱེ་བ་མཐོང་མོད་དེ་ལས་ཅི།  ལམ་བྷ་ནི་གཞོན་ནུ་མ་ལ་སོགས་པ་རྙེད་པའོ།།སོགས་པས་ཚིག་དང་ངལ་གསོ་བ་དང་མ་ཚོགས་པ་ལ་སོགས་པ་བསྡུའོ།། དེ་དང་ཡིད་རྟོན་ཅན་ཡང་རྗོད[བརྗོད]་པ་གཏམ་ལས་ཐ་དད་དུ་བྱེད་པ་པོ་མ་ཡིན་ཏེ་གཏམ་ལའང་མཐོང་བའི་ཕྱིར་རོ།།ཡང་ན་ལམ་བྷ་ལ་སོགས་པའི་དབྱེ་བ་ཡོད་དུ་ཆུག་མོད། དེ་ལས་ཅི་སྟེ་ཐ་སྙད་ཐ་དད་པ་ཙམ་ལས་དེ་དག་རིགས་ཐ་དད་དུ་མི་འགྲུབ་བོ། ། 

 

གསུམ་པ། མིང་ཙམ་གྱི་དབྱེ་བར་བསྟན་པ།

 

གསུམ་པ་(མིང་ཙམ་གྱི་དབྱེ་བར་བསྟན་པ)ནི་དེ་གཉིས་རིགས་ཐ་མི་དད་པ་དེ་(༡༧ན)


༢༨ཀདེ་ཕྱིར་གཏམ་དང་བརྗོད་པ་ཞེས། །༢༨ཁམིང་གཉིས་དག་གིས་རིགས་གཅིག་མཚོན། །


དེའི་ཕྱིར་གཏམ་དང་བརྗོད་པ་ཞེས།།མིང་གཉིས་དག་གིས་རིགས་གཅིག་མཚན།།ལྷུག་པའི་རིགས་གཅིག་གོ། འོ་ན་ལྷུག་པའི་དབྱེ་བ་གཞན་ཡང་མཐོང་ན་དེ་རྣམས་འདིར་མ་བཤད་པ་ཅི་ཞེས[ཞེ]་ན། 


༢༨གལྷག་མ་བརྗོད་པའི་རིགས་རྣམས་ཀྱང་། །༢༨ངའདི་ཉིད་ནང་དུ་འདུས་པར་བཤད།༢༨


ལྷག་མ་བརྗོད་པའི་རིགས་རྣམས་ཀྱང་།།འདི་ཉིད་ནང་དུ་འདུས་པར་འགྱུར།།གཏམ་དང་བརྗོད་པ་ཞེས་པ་འདི་དག་ཉིད་ཀྱི་ནང་དུ་འདུས་པས་ན་དེ་རྣམས་ལོགས་པར་མ་བཤད་དོ། །

 

བཞི་བ། དོན་གྱི་དབྱེ་བར་འཇོག་པའི་སྒྲུབ་བྱེད་གཞན་དགག་པ།

 

བཞི་པ་(དོན་གྱི་དབྱེ་བར་འཇོག་པའི་སྒྲུབ་བྱེད་གཞན་དགག་པ)ནི་བྷཱ་མ་ཧ་ན་རེ་བརྗོད་པ་ནི་བུ་མོ་འཕྲོག་མ[པ]་དང་གཡུལ་དང་མ་ཚོགས་པ་དང་དར་བ་རྣམས་དང་ལྡན་ཅིང་གཏམ་ནི་དེ་ལྟ་མིན་པས་དེ་གཉིས་ཐ་དད་དོ་[6]ཞེས[ཞེ]་ན།

                                                                                                                                                                                                                                    ༢༩ཀབུ་མོ་འཕྲོག་དང་གཡུལ་དང་ནི། །༢༩ཁབསླུ་བ་དར་བ་ལ་སོགས་པ། །

༢༩གསརྒས་བཅིངས་པ་མཚུངས་པ་ཉིད། །༢༩ངདེ་དག་ཁྱད་བྱེད་ཡོན་ཏན་མིན།༢༩


བུ་མོ་འཕྲོག་དང་གཡུལ་དང་ནི། །མ་ཚོགས་དར་བ་ལ་སོགས་པ། །སརྒས་བཅིངས་པ་མཚུངས་པ་ཉིད། །བུ་མོ་འཕྲོག་པ་སྔོན་དུ་བའི་གཡུལ་ཞེས་པར་གྱིས་ཚིག་ཕྱིས་པའི་ཚིག་སྡུད་ཏེ[དེ]་གཡུལ་དགོངས་པ་མ་ཡིན་ནི་ཞེས་ངག་གི་དབང་ཕྱུག་འཆད་ལ། རྒྱ་ཆེ[ཆེར]་འགྲེལ་དུ་ནི་དེའི་རྒྱུ་མཚན་དུའམ་གཞན་གྱི་རྒྱུ་ཅན་གྱིའང་གཡུལ་ཞེས་འཆད་དོ། ། མ་ཚོགས་པ་ནི་བཤད་ཟིན་ཏོ། ། སོགས་པའི་སྒྲས་གྲོས་དང་ཕོ་ཉ་དང་དགའ་བའི་དགའ་སྟོན་ལས་སོགས་པ་གཟུང་། དར་བ་ནི་དགྲ་ཆོམས་པ་ལ་སོགས་པའོ།།ཡོན་ཏན་དེ་རྣམས་ཀྱང་གཏམས[གཏམ]་ལས་རྗོད[བརྗོད]་པ་ཁྱད་པར་སྟེ[ཏེ]་ཐ་དད་དུ་བྱེད་པ་མིན་ཏེ།སརྒས་བཅིངས་པའི་སྙན་ངགས་ཆེན་པོ་ལའང་འདྲ་བར་འདོད་པས་གཏམས[གཏམ]་ལའང་སྐབས་ཇི་ལྟ་བ་བཞིན་འཇུག་པ་དགག་དུ[ཏུ]མེད་པའི་ཕྱིར་རོ། །ཡང་བྷཱ་མ་ཧ་ན་རེ་སྙན་ངགས་མཁན་གྱི་དགོངས་པས་བྱས་པའི་རྟགས་ཅུང་ཟད་པ་བརྗོད་པ་ཡིན་ལ་དེ་ལས་གཞན་(༡༧བ)གཏམ་ཡིན་ནོ་ཞེས་སྨྲའོ། ། དེ་ཡང་མི་འཐད་དེ། 

 

༣༠ཀསྙན་དངགས་མཁན་གྱིས་བསམ་བྱས་རྟགས། །༣༠ཁགཞན་དུ་ཡང་ནི་སྐྱོན་མི་འགྱུར། །

 

སྙན་ངགས་མཁན་གྱི[གྱིས]བསམ་བྱས་རྟགས།།གཞན་དུ་ཡང་ནི་སྐྱོན་མི་འགྱུར།།དེ་འདྲ་དེ་ནི་བརྗོད་པ་ལས་གཞན་གཏམ་དང་ས་རྒ་ཡིས་བཅིངས་པ་ལ་སོགས་པ་ལའང་སྐྱོན་མིན་ནོ། ། དེ་དོན་གཞན་བཀོད་པའི་རྒྱན་གྱིས་སྒྲུབ་པ་ནི། 

 

༣༠གའདོད་དོན་གྲུབ་ལ་སྒོ་རུ་ནི། །༣༠ངམཁས་པ་རྣམས་ལ་ཅིས་མི་འགྱུར།༣༠

 

འདོད་དོན་གྲུབ་ལ་སྒོ་རུ་ནི།།མཁས་པ་རྣམས་ལ་ཅི[ཅིས]་མི་འགྱུར།།སྒོ་ནི་ཐབས་སོ།།མཁས་པ་ནི་བློ་གྲོས་བཟང་པོ་ཅན་ནི།།ཅི་[ཅིས]མི་འགྱུར་ཏེ་ཐབས་མཁས་ཀྱི་བྱེ་བྲག་ལས་ཐམས་ཅད་འདོད་དོན་གྲུབ་པའི་ཐམས་ཅད[ཐབས]་སུ་འགྱུར་བ་ནི། སྙན་ངགས་མཁན་ལ་ཅི་ཡང་རྒྱན།།མཁས་པས་བཤད་ན་ཅི་ཡང་བདེན།།ལྟོ་འདུན་ཅན་ལ་ཅི་ཡང་ཟས།།འདོད་ཆེན་ཅན་ལ་ཅི་ཡང་ནོར།། ཞེས་འདོན་པ་ལྟར་རོ། ། 

 

མཐའ་སྡོམ།

 

དེ་ལྟར། སློབ་དཔོན་དབྱུག་པ་ཅན་གྱིས་ལྷུག་པའི་དབྱེ་བ་བཤད་པའི་སྐབས། དེའི་དབྱེ་བ་མིང་གིས་མདོར་བསྟན། དབྱེ་བ་དེ་དངོས་པོའི་དབྱེ་བར་རྟོགས་པ་དགག། མིང་ཙམ་གྱི་དབྱེ་བར་བསྟན། དེ་ཉིད་དོན་གྱི་དབྱེ་བར་འཇོག་པའི་སྒྲུབ་བྱེད་གཞན་དགག་པ་བཅས་རྣམ་པ་བཞིའི་སྒོ་ནས་གསལ་བར་མཛད་པ་སྟེ། ལྷུག་པའི་དབྱེ་བ་མདོར་བསྟན་པའི་སྐབས་སུ། བརྗོད་པ་དང་གཏམ་ཞེས་པ་ནི་དེ་(ལྷུག་པ)ཡི་རབ་ཏུ་དབྱེ་བ་གཉིས་སོ། །ཞེས་བསྟན་པ་དང་།  དབྱེ་བ་དེ་ཉིད་དབྱེ་བ་དངོས་སུ་རྟོགས་པའི་སྔོན་གྱི་སློབ་དཔོན་དག་ལས་གཙོ་བོར་བྷཱ་མ་ཧའི་(རྒྱ་འགྲེལ་ཕལ་མོ་ཆེར་སྔོན་གྱི་སློབ་དཔོན་དག་ཅེས་པ་ཙམ་མི་གསལ་ནའང་། རཏྣཤྲཱིའི་འགྲེལ་བར་བྷཱ་མ་ཧའི་མཚན་དངོས་སུ་འདོན)གཞུང་ལ་སོགས་པ་བཀོད་ཅིང་དགག་པ་སྟེ། དེ་ལ་བྷཱ་མ་ཧས་འདྲེན་པ་ཉིད་ཀྱིས་བརྗོད་པར་བྱ་བ་སྨྲ་བ་བརྗོད་པར་བཤད་པ་དང་། གཞན་གཏམ་ནི་འདྲེན་པའམ་ཡང་ན་གཞན་དེའི་འཁོར་སོགས་ཀྱིས་ཀྱང་བརྗོད་པར་བྱ་བ་སྨྲ་བར་བཤད་པ་སྟེ།  དེ་ནི་སྨྲ་བ་བོ་ངེས་མ་ངེས་ཀྱི་ཆ་བཤད་པའོ།། བྷཱ་མ་ཧ་ལྟར་ན། བརྗོད་པ་ནི་སྨྲ་བ་བོ་ངེས་པ་སྟེ། འདྲེན་པ་ཉིད་ཀྱིས་བརྗོད་པར་བྱ་བ་སྨྲ་བ་དང་། གཏམ་ནི་འདྲེན་པ་དང་ཡང་ན་འཁོར་སོགས་ཀྱང་བརྗོད་པར་བྱ་བ་སྨྲ་བས་སྨྲ་བ་བོ་འདྲེན་པ་ཡིན་པའི་ངེས་པ་མེད་པར་བཤད་དོ་ཞེས་གཞན་ལུགས་བཀོད་པའོ། ། དེ་ལ་བྷཱ་མ་ཧ་ན་རེ། རིགས་བཙུན་པ་ཡི་སྐྱེ་བོ་ཡིས། །རང་གི་ཡོན་ཏན་ཇི་ལྟར་སྒྲོགས། །ཞེས་སྐྱེ་བོ་ཡ་རབས་རྣམས་རང་གིས་རང་བསྟོད་པ་དེ་ནི་མི་རིགས་སོ་ཞེས་ཟེར་བ་ལ། སློབ་དཔོན་དབྱུག་པ་ཅན་གྱིས། རང་གི་གདུང་གི་ཡོན་ཏན་དང་། བརྩོན་འགྲུས་ལ་སོགས་པ་སྐབས་ཀྱི་དབང་གིས་བསྒྲགས་པ་སྐབས་འདིར་སྐྱོན་འཇུག་པ་མ་ཡིན་ཏེ། ཡང་དག་པ་ཇི་ལྟ་བའི་དོན་གྱི་རང་གི་སྤྱོད་པ་བརྗོད་ཀྱི་ཕྱིན་ཅི་ལོག་བརྗོད་པ་མ་ཡིན་པའི་ཕྱིར་རོ་ཞེས་ལན་ལྡོན་པའོ། ། 


དེ་ཙམ་དུ་མ་ཟད། གོང་དུ་སྔོན་གྱི་སློབ་དཔོན་བྷཱ་མ་ཧ་སོགས་ཁྱོད་ཅག་གིས་བརྗོད་པ་ནི་འདྲེན་པ་ཉིད་ཀྱིས་བརྗོད་པར་སྨྲས་མོད་ཀྱང་། དེ་ལ་ངེས་པ་མ་མཐོང་སྟེ། བརྗོད་པ་ཉིད་ལ་ཡང་གཞན་གྱིས་བརྗོད་པ་ཡོད་པའི་ཕྱིར་ཏེ། དཔེར་ན། ཧརྵ་ཙ་རི་ཏ་(हर्षचरित)དགའ་བའི་སྤྱོད་པ་ལ་སོགས་པ་ལྟ་བུར་འདྲེན་པའི་སྤྱོད་པ་གཞན་གྱིས་སྨྲ་བ་ཡོད་དེ། རྣམ་པ་ཐམས་ཅད་སྨྲ་བ་བོ་སྙན་དངགས་མཁན་ཡིན་པའི་ཕྱིར་རོ། ། ཞེས་ལན་ལྡོན་པའོ། ། དེ་ལ་བྷཱ་མ་ཧ་ན་རེ། བརྗོད་པ་ལ། ཁ་སྒོ་དང་གཞན་སྒོ་ཡིས་དུས་དུས་སུ་འབྱུང་འགྱུར་གྱི་དོན་ཡང་སྟོན་པ་དང་། འོག་ཏུ་ཁ་སྒོ་གཞན་སྒོ་མི་ལྡན་ཞིང་། །དབུགས་དབྱུང་ཅན་ནི་མ་ཡིན་ཡང་། །ལེགས་སྦྱར་དེ་མིན་གཏམ་དུ་འདོད། །ཅེས་པ་ལས། དབུགས་དབྱུང་ཅན་ནི་བརྗོད་པ་ལ་ཡོད་པ་སྟོན་པ་ལ། དབྱུག་པ་ཅན་སྨྲས་པ། སྒོ་དང་གཞན་སྒོ་དང་། ཡིད་བརྟན་ལྡན་པ་[7](དབུགས་མཚམས་བཅས་པའམ་དབུགས་དབྱུང་ཅན)ལ་སོགས་པ་བརྗོད་པ་ནི་བརྗོད་པ་ནི་གཏམ་ལས་ཁྱད་འབྱེད་བྱེད་ཀྱི་རྟགས་ཡིན་ནོ་ཞེ་ན། དེ་ནི་སྐབས་ཀྱིས་གཏམ་ལའང་ཁྱོད་ཀྱིས་ཐ་དད་ཀྱི་རྟགས་སུ་འདོད་པའི་སྒོ་དང་གཞན་སྒོ་དག་འཇུག་པ་ཉིད་ཀྱི་ཕྱིར། བརྗོད་པའི་ཁྱད་འབྱེད་ཀྱི་རྟགས་ཡིན་པ་མ་ཁྱབ་བོ་ཞེས་སོ། ། 


དེ་ཡང་ཡིན་ཏེ། འཕགས་པ་དང་སྒོ་དང་གཞན་སྒོ་ལ་སོགས་པའི་སྡེབ་སྦྱོར་གྱིས་བཅིངས་པ་བརྗོད་པ་ལ་འཇུག་པ་བཞིན་དུ་སྒོ་དང་གཞན་སྒོ་ལ་སོགས་པ་གཏམ་ལ་འཇུག་པ་མཐོང་བ་སྟེ། གཏམ་གྱི་བར་བར་དག་ཏུ་ཚིགས་བཅད་འབྱུང་ཞིང་། དེ་དག་ལ་སྡེབ་སྦྱོར་དེ་དག་གིས་བཅིངས་པ་ཡོད་པའི་ཕྱིར་ཞེས་པའོ། ། ཡང་། དབུགས་མཚམས་ལ་ལམ་བྷ་ཀ་(लम्भक)ལྟ་བུ་དང་། ཨཱ་ཤྭཱ་ས་(आश्वास)ལ་སོགས་པའི་ཐ་སྙད་ཀྱི་དབྱེ་བ་མཐོང་ཡང་(ཞེས་པ་འདིར་དཔག་ཊིག་ཏུ་ལཾ་བྷ་ནི་གཞོན་ནུ་མ་ལས་སོགས་པ་རྙེད་པའོ། །སོགས་པས་ཚིག་དང་ངལ་གསོ་བ་དང་མ་ཚོགས་པ་ལ་སོགས་པ་བསྡུའོ། །(དཔང་ཊིཀ།ཤ༡༧ན༤)གསུང་ཡང་། འདིར་ལམ་བྷ་ཀ་ནི་ལེའུ་མཚམས་སུ་འབྱུང་བའི་ཆེད་སྤྱོད་ཀྱི་མིང་ཡིན་པ་ལས། ལབྡྷ་ཐོབ་པ་དང་རྙེད་པའི་དོན་མིན།”) དེ་ལྟ་བུ་ཡང་གཏམ་ལ་འབྱུང་བའི་ཕྱིར། དབྱུག་པ་ཅན་གྱིས་དེ་དག་གཏམ་དང་བརྗོད་པའི་ཁྱད་འབྱེད་ཀྱི་ཆོས་སུ་མི་འདོད་ཅིང་། མདོར་ན། གཏམ་དང་བརྗོད་པ་གཉིས་སྨྲ་བ་བོའི་དབང་གིས་ཁྱད་པར་ཡོད་པ་མི་འགྲུབ་པ་དང་། དེ་བཞིན་འཕགས་པ་དང་། སྒོ་དང་ཁ་སྒོ་སོགས་སྡེབ་སྦྱོར་གྱི་དབང་གིས་དང་། ཡང་ལམ་བྷ་ཀ་དང་ཨཱ་ཤྭཱ་ས་ལ་སོགས་པའི་ལེའུ་མཚམས་ཀྱི་བརྡ་ཁྱད་སོགས་ཀྱིས་དབྱེ་བ་འཁོར་བར་མི་འགྱུར་ཏེ། དེ་དག་གཏམ་དང་བརྗོད་པ་གཉིས་ཀ་ལ་ཁྱད་མེད་དུ་འབྱུང་ཞིང་། གཏམ་དང་བརྗོད་པ་གཉིས་ཀ་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་རོ་ཞེས་སློབ་དཔོན་དབྱུག་པ་ཅན་གྱིས་རང་ལུགས་བཞག་པའོ། །

 

འདིར་གཞུང་རྐང་དཔང་ཊཱིཀ་ཇི་བཞིན་བཀོད། དཎྜིའི་རྗེས་ཀྱི་སློབ་དཔོན་དཔེར་ན་དུས་རབས་བཅུ་བར་བྱོན་པའི་རུ་དྲ་ཊ་དྲག་པོ་དང་། དེ་དང་དུས་མཉམ་པའི་ཨཱནནྡ་བརྡྷན་ཀུན་དགའ་འཕེལ། དུས་རབས་བཅུ་གཉིས་པར་བྱོན་པའི་བྷོ་ཛ་ཟས་དང་། དུས་རབས་བཅོ་ལྔ་བར་བྱོན་པའི་བིཤྭནཱཐ་སྣ་ཚོགས་མགོན་པོ་སོགས་ཀྱིས་ཀྱང་གཏམ་དང་བརྗོད་པའི་ཐད་དགོངས་ཚུལ་མི་མཐུན་པ་བཏོན་ཡོད་ཀྱང་། སྐབས་དོན་མེ་ལོང་མ་རང་དང་འབྲེལ་བས་དེ་དག་སྐབས་གཞན་དུ་བཤད་པར་འདོད་དོ། །

 

བཀྲ་ཤིས།


མཆན།


[1] རཏྣ་ཤྲཱིའི་རྒྱ་འགྲེལ། (དབྱུག་པ་ཅན་དང་རཏྣ་ཤྲཱི་ཛྙཱན སརིཏ་པར་མ) ༢༠༡༨། ཤ༡༨། རཏྣ་ཤྲཱི་རྒྱ་འགྲེལ་གྱི་མཛད་བྱང་དུ། རྒྱལ་བོ་རཱ་ཛྱ་པཱ་ལའི་སྲིད་ལོ་༢༣པར་ཊཱི་ཀཱ་མཛད་ཅེས་གསལ་བས། ལོ་དེ་ནི་སྤྱི་ལོ་༩༨༣ཡིན་སྣང་། དེ་ལྟ་བུའི་མིང་ཅན་གྱི་རྒྱལ་བོ་ཞིག་པཱ་ལའི་རྒྱལ་བརྒྱུད་ཁྲོད་མེད་ཀྱང་། པྲ་ཏི་ཧ་རའི་རྒྱལ་བརྒྱུད་ཁྲོད་རཱ་ཛ་པཱ་ལ་ཞེས་པ་ཞིག་ཡོད་པ་དེ་ཡིན་པར་སྣང་སྟེ། པྲ་ཏི་ཧ་རའི་རྒྱལ་བརྒྱུད་ཀྱིས་ཀྱང་མ་ག་དྷཱའི་ཕྱོགས་ལ་དུས་ཐུང་རིང་དབང་སྒྱུར་བྱས་ཡོད་པར་བཤད་པས། དེའི་སྐབས་ཡིན་པར་སྣང་། དེ་ནི་པཱ་ལའི་རྒྱལ་བརྒྱུད་ཁྲོད་མ་ཧི་པཱ་ལ་དང་བོ་དང་རགས་ཙམ་དུས་མཉམ། དེ་ལ་གཏམ་རྒྱུད་གསེར་ཐང་དུའང་། འདས་རྗེས་ཀྱི་ལོ་སྟོང་དང་སུམ་བརྒྱ་ཙམ་ནས་བཟུང་ལོ་ཉིས་བརྒྱ་ལྷག་པའི་རིང་རྒྱ་གར་དུ་གྲགས་པ་ཅན་གྱི་རྒྱལ་ཁབ་གསུམ་བྱུང་ཞིང་། དེ་ཡང་ལྷོ་ལམ་དུ་རཥ྄ཧྲཀུཊ་[རཱཥྚྲཀུཊ]དང། ནུབ་ཕྱོགས་སུ་གུཛརཥྚ[གུ་ཛ་རཱ་ཐ]། ཡུལ་དབུས་སུ་པཱ་ལ་པའི་[པཱ་ལའི]རྒྱལ་པོ་རྣམས་དབང་བྱེད་པ་ལ་རྒྱལ་པོ་གསུམ་པོ་དག་རྟག་ཏུ་ཕན་ཚུན་འཐབ་རྩོད་བྱེད་ཅིང་དུས་འདས་པར་བྱས། ཆ་ལུ་ཀ[ཙཱལུཀྱ]འི་རྒྱལ་རབས་ཀྱི་མཇུག་ཏུ་རཥཀུཏ་[རཥྚྲཀུཊ]རྣམས་ཀྱིས་འདས་རྗེས་ཀྱི་ལོ་ཆིག་སྟོང་ཉིས་བརྒྱ་གོ་བདུན་པ་ནས་ལྷོ་ཕྱོགས་ལམ་ལ་དབང་བསྒྱུར།” ཞེས་འབྱུང་བ་ལྟར། རྒྱལ་རབས་དེ་གསུམ་ལས། གུ་ཛ་ར་ཐའི་ཕྱོགས་ཀྱི་པྲ་ཏི་ཧ་རའི་རྒྱལ་རབས་ཁྲོད་འབྱུང་བའི་རཱ་ཛ་པཱ་ལ་ཡིན་ནམ་སྙམ།

[2] སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་ནི། འོག་ཏུ་འབྱུང་བའི་ལོའི་སྒྲ་འདིར་ཡང་སྦྲེལ་ཏེ་མིང་ཙམ་གྱིས་དབྱེ་བ་འདི་ཡང་གཞན་གྱི་འདོད་པར་བཞག་ནས། དཎྜིའི་རང་བཞེད་ལ་མིང་གི་དབྱེ་བ་ཙམ་དེ་ཡང་མི་འདོད་པའི་ལུགས་སུ་བཀྲལ། (ཁམས་འགྲེལ། ཤ༦༨) དེ་ཡང་། དབྱུག་པ་ཅན་གྱིས་མིང་གཉིས་དག་གིས་རིགས་གཅིག་མཚོན། ཞེས་གཏམ་དང་བརྗོད་པ་ཞེས་པའི་མིང་གཉིས་སྤྱོད་པ་ཙམ་མ་གཏོགས་རིགས་གཅིག་ཡིན་པར་བཞེད་པ་ལྟར་རོ། །

[3] ལོའི་སྒྲ་ནི་གཞན་གྱི་འདོད་པར་གསལ་བར་བྱེད་པའོ། །(དཔང་ཊིཀཤ༡༦ན༥)ཞེས་དང་། ལོའི་སྒྲ་ནི་གཞན་གྱི་འདོད་པར་གསལ་བར་བྱེད་པའོ། །(ཁམས་འགྲེལ།ཤ༦༩) ཞེས་པ་ལྟར་དང་། དེ་བཞིན་ཁ་རྒྱུན་ལ། ལོ་གྲག་ཟེར་གསུམ་མ་རངས་པའི་ཚིག་ཅེས་པའི་དོན་ཡང་། མདོར་ན་རང་གིས་མི་འདོད་པ་དང་རང་ཉིད་མི་འཐད་པ་སྟོན་པ་ཡིན་ནོ། །ལེགས་སྦྱར་ལ་ཀིལ་(किल)ཞེས་འབྱུང་ལ། དེ་ནི་གཞུང་དག་ཏུ་གཞན་གྱི་འདོད་པ་བརྗོད་པ་དང་། གཞན་གྱི་འདོད་པ་ཡིན་པ་གསལ་བའི་ཆེད་དུ་སྤྱོད་པའི་ཆེད་སྤྱོད་ཀྱི་ཐ་སྙད་ཅིག་གོ།

[4] དེ་ལ་བྷཱ་མ་ཧས། སྙན་ངག་རྒྱན་དུ། དེ་ལ་འདྲེན་པས་རང་ཉིད་ཀྱི། །སྤྱོད་ཚུལ་བྱུང་བ་རྗོད་བྱེད་ཅིང། །༡།༢༦ཀཁཞེས་དང་། ཡང་། རིགས་བཙུན་པ་ཡི་སྐྱེ་བོ་ཡིས། །རང་གི་ཡོན་ཏན་ཇི་ལྟར་སྒྲོགས། །༡།༢༨གངཞེས་གསུངས་པ་བསྟན་པའོ། །

[5] དེ་ལ་བྷཱ་མ་ཧས་སྙན་ངག་རྒྱན་དུ། འདི་ལྟར། སྒྲ་དང་དོན་དང་ཚིག་སྡུད་ནི། །འཁྲུགས་མིན་མཉན་འོས་རྒྱ་ཆེའི་དོན། །དབུགས་དབྱུང་བཅས་ཤིང་ལྷུག་ལྡན་པའི། །ལེགས་པར་སྦྱར་བ་བརྗོད་པར་འདོད། །༡།༢༥ཞེས་དང་། ཡང་།དེ་ལ་འདྲེན་པས་རང་ཉིད་ཀྱི། །སྤྱོད་ཚུལ་བྱུང་བ་རྗོད་བྱེད་ཅིང་། །ཁ་སྒོ་དང་ནི་གཞན་སྒོ་ཡིས། །དུས་སུ་འབྱུང་འགྱུར་དོན་ཡང་སྟོན། །༡།༢༦ཞེས་འབྱུང་བ་སྟོན་པའོ། །

[6] དེ་ཡང་བྷཱ་མ་ཧ་ཡིས། སྙན་ངག་རྒྱན་དུ།སྙན་དངགས་པ་ཡི་དགོངས་བྱས་པའི།།བསྟན་པ་འགའ་ཡིས་མཚན་པ་དང་།།བུ་མོ་འཕྲོག་དང་གཡུལ་དང་ནི།།བསླུ་དང་དར་བ་དག་དང་ལྡན།༡།༢༧།ཞེས་གསུངས་པ་སྟོན་པའོ། །

[7] ཡིད་བརྟན་ལྡན་པའམ་(ཤོང་འགྱུར། ཤ)ཡང་ན་ཡིད་རྟོན་ཅན་(དཔག་ཊིག །ཤ༡༧ན༤)ཞེས་འབྱུང་བ་ནི། དོན་ལ་ཨཱ་ཤྭཱ་ས་ཞེས་པ་སྟེ། འགྱུར་རྙིང་དུ། ཡིད་བརྟན་ལྡན་པའམ་ཡིད་རྟོན་ཅན་ཞེས་བསྒྱུར་ཡོད་ཅིང་། ཕྱི་འགྱུར་ཁག་ཏུ་དབུགས་མཚམས་བཅས་པ་ཞེས་འབྱུང་བ་དེ་ཡིན་ཏེ། དོན་ལ་དབུགས་དབྱུང་བཅས་པའམ་དབུགས་དབྱུང་ཅན་ཞེས་ཀྱང་འགྲིག་པར་སྣང་། ལེའུ་ཡི་མིང་དུ་སྙན་ངག་པས་སྤྱོད་པའི་བརྡ་ཁྱད་ཡིན་ཏེ། ཁ་ཅིག་ཏུ་དཔལ་ཞེས་འབྱུང་བ་དང་། ཁ་ཅིག་ཏུ་ཡལ་འདབ་ཅེས་འབྱུང་བ་ལྟ་བུའོ། ། རྒྱ་དཔེ་འགར་ཨུཙྪྭས་ཞེས་ཀྱང་འབྱུང་།

 

དཔྱད་གཞིའི་རྒྱུ་ཆ།


1.     སྙན་དངགས་མེ་ལོང་གི་གཞུང་ཤོངས་འགྱུར། དཔང་ལོའི་འགྱུར་ཁྱད་མཆན་དུ་བཀོད་པ། (དབུ་མེད་བྲིས་མ) ༥ཐིག་ལྡེབས་༡༤༦ཅན།

2.     སྙན་ངག་མེ་ལོང་གི་རྒྱ་ཆེར་འགྲེལ་བ་གཞུང་དོན་གསལ་བ། (དབུ་མེད་བྲིས་མ) ༨ཐིག་ལྡེབས་༢༨ཅན། 

3.     རཏྣ་ཤྲཱིའི་རྒྱ་འགྲེལ། (དབྱུག་པ་ཅན་དང་རཏྣ་ཤྲཱི་ཛྙཱན སརིཏ་པར་མ) ༢༠༡༨།

4.    འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ། རྒྱན་གྱི་བསྟན་བཅོས་མེ་ལོང་མའི་འགྲེལ་བ་པཎ་ཆེན་བླ་མའི་གསུང་བཞིན་བཀྲལ་བ་དབྱངས་ཅན་ངག་གི་རོལ་མཚོ། ཝཱ་རཱ་ཎ་སཱི། བཀའ་བརྒྱུད་ཉམ་སྐྱོང་ཚོགས་པ། ༢༠༢༡། 

5.     ཌོ རྡོ་རྗེ་སྐྱབས། དཔལ་བྷཱ་མ་ཧས་མཛད་པའི་སྙན་ངག་རྒྱན་བཞུགས་སོ། ། ཁྀས་ཀ ༢༠༢༥།

6.     त्रिपाठीरूपनारायण,  सम्पा. श्रीभामहाचार्येण विरचितः काव्यालङ्कार. जयपुरः हंसा प्रकाशन२०१८.

7.     Naganath Sastry, P. V.,  ed. Kāvyālaṅkāra of Bhāmaha. Delhi: Motilal Banarasidass, 1991.

8.    Sankara Rama Sastri, C., ed. Kāvyālaṅkāra of Bhāmaha (श्रीभामहाप्रणीतः काव्यालंकारः). Madras: The Sri Balamanorama Press, 1956.  

 

No comments:

Post a Comment