-->

Dec 18, 2020

གནས་བརྒྱད་ཆེན་པོའི་རྩ་བ་བཞུགས་སོ། །



 བྱཱ་ཀ་ར་ཎའི་སྐད་ཀྱི་གནས་བརྒྱད།

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བྱཱ་ཀ་ར་ཎའི་སྐད་ནི་གནས་བརྒྱད་དེ། བྱེད་པའི་གནས་དང་། བསྡུ་བའི་གནས་དང་། སྒྱུར་བའི་གནས་དང་། དྲང་བའི་གནས་དང་། འཇུག་པའི་གནས་དང་། རྣམ་པར་དབྱེ་བའི་གནས་དང་། ཕྱོགས་ཀྱི་གནས་དང་། དངོས་པོའི་གནས་སོ། །

༡། བྱེད་པའི་གནས། 

དེ་ལ་བྱེད་པའི་གནས་ནི། བྱེད་པའི་ཚིག་བརྒྱད་ཀྱི་ལུགས་དང་། ཚིག་དྲུག་གི་ལུགས་དང་། ཚིག་བཞིའི་ལུགས་སོ། །

དེ་ལ་ཚིག་བརྒྱད་ནི་གང་བྱེད། གང་ལ་བྱེད། གང་གིས་བྱེད། གང་གི་ཕྱིར་བྱེད། གང་ལས་བྱེད། གང་གི་བྱེད། གང་ན་བྱེད། གང་ཞེས་བྱ་བ་བྱེད། དང་བོ་ངོ་བོའི་ཚིག །གཉིས་པ་དམིགས་འཛིན་པའི་ཚིག །གསུམ་པ་བྱེད་པའི་ཚིག །བཞི་བ་ཆེད་དུ་བྱ་བའི་ཚིག །ལྔ་བ་འབྱུང་གནས་ཀྱི་ཚིག །དྲུག་པ་འབྲེལ་བའི་ཚིག །བདུན་པ་གནས་གཞིའི་ཚིག །བརྒྱད་པ་གདགས་པའི་ཚིག །

ཚིག་དྲུག་ནི་གང་བྱེད། གང་ལ་བྱེད། གང་ལ་བྱེད། གང་གི་ཕྱིར་བྱེད། གང་ལས་བྱེད། གང་ལ་བྱེད། དང་བོ་ངོ་བོའི་ཚིག །གཉིས་པ་ལས་ཀྱི་ཚིག །གསུམ་པ་བྱེད་པའི་ཚིག །བཞི་བ་དགོས་ཆེད་ཀྱི་ཚིག །ལྔ་བ་རྒྱུའི་ཚིག །དྲུག་པ་གནས་གཞིའི་ཚིག །

ཚིག་བཞིའི་ནི་གང་བྱེད། གང་ལ་བྱེད། གང་གིས་བྱེད། གང་ན་བྱེད། དང་བོ་དངོས་པོའི་ཚིག །གཉིས་པ་ལས་ཀྱི་ཚིག །གསུམ་པ་བྱེད་པའི་ཚིག །བཞི་བ་གཞིའི་ཚིག །དེ་དག་ནི་བྱེད་པའི་གནས་ཞེས་བྱ་སྟེ། སྐད་ཀྱི་དབྱིངས་ལ་བསྒྱུར་བའི་ལུགས་ཡིན་པས། ལུགས་རེ་རེས་བྱས་པ་གཅིག་ལ་སྦྱོར་བ་ཡིན་གྱི། བི་བྷ་ཀྟི་ལྟ་བུ་མིང་ངོ་ཅོག་གི་སྒྲ་ལ་སྦྱོར་བ་མ་ཡིན་ནོ། །

༢། བསྡུ་བའི་གནས། 

བསྡུ་བའི་གནས་ནི་བརྒྱད་དེ། འབྲུ་མང་བོ་བའི་བསྡུ་བ་དང་། མདོར་བསྡུ་བ་དང་། བྱེ་བྲག་བསྡུ་བ་དང་། ཡན་ལག་གཉིས་ཀྱི་སྒོ་ནས་ཀུན་སྡུད་པ་ཙམ་བྱེད་པའི་སྦྱོར་བ་ཡིན་ནོ། །གཞི་བསྡུ་བ་ནི་གཉིས་ཏེ། རིགས་བསལ་བའི་བསྡུ་བ་དང་། རིགས་མ་བསལ་བའི་བསྡུ་བའོ། །དེ་དག་ནི་དེ་གཉིས་ཀྱི་སྒོ་ནས་ཀུན་སྡུད་པ་ཙམ་བྱེད་པའི་སྦྱོར་བ་ཡིན་ནོ། །གཞི་གཅིག་ཏུ་བསྡུ་བའི་སྦྱོར་བ་ནི་གཉིས་ཏེ། ཕྱོགས་གཅིག་ཏུ་བྱེད་པའི་བསྡུ་བ་དང་། སོ་སོ་ཕྱོགས་གཅིག་ཏུ་བྱེད་པའི་བསྡུ་བའོ། །དེ་དག་ནི་གཞི་བསྡུ་བའི་སྦྱོར་བ་ཕྱོགས་སུ་བྱས་པ་ལས་མཚན་ཉིད་གཅིག་ཏུ་བསྡུས་པའི་སྦྱོར་བ་ཡིན་ནོ། །སྐྱེས་བུའི་བསྡུ་བ་ནི་གསུམ་སྟེ། ལས་འཛིན་པའི་བསྡུ་བ་དང་། བ་གཉིས་པའི་བསྡུ་བ་དང་། བྱེད་པའི་ཚིག་གི་བསྡུ་བའོ། །དེ་རྣམས་ནི་ཡན་ལག་གཙོ་བོར་སྟོན་པའི་སྦྱོར་བ་ཡིན་ནོ། །ཟླས་བསྡུ་བ་ནི་གཉིས་ཏེ། མཐུན་པ་བསྡུ་བ་དང་། མི་མཐུན་པ་བསྡུ་བའོ། །དེ་དག་ནི་གཅིག་གི་ཟླས་གཅིག་ཤེས་པའི་སྦྱོར་བ་ཡིན་ནོ། །

༤། བསྒྱུར་བའི་གནས། 

བསྒྱུར་བའི་གནས་ནི་བཞི་སྟེ། བརྒྱུད་དེ་བསྒྱུར་བ་དང་། ཡན་ལག་བསྒྱུར་བ་དང་། རྣམ་གྲངས་བསྒྱུར་བ་དང་། དྲང་ཐད་དུ་བསྒྱུར་བའོ། །དེ་ལ་བརྒྱུད་དེ་བསྒྱུར་བ་ནི། སྒྲ་གཅིག་གི་ཟུར་ལས་བརྒྱུད་པས་དོན་རྫོགས་པར་སྟོན་ནུས་པས་སྒྲ་གོ་བ་སྟེ། ཇི་ལྟར་གུ་ལུ་ཞེས་བྱ་བ་ལས་བརྒྱུད་པས། འཛམ་བུའི་འབྲས་བུ་སྨིན་པ་ནི། །དྲི་མ་མེད་པའི་ཆུ་ལ་ལྷུང་། །ཉ་ཡིས་བཟའ་བའི་ཆེད་དུ་ནི། །གུ་ལུ་གུ་ལུ་ཞེས་སུ་སྨྲ། །ཞེས་ཟེར་རོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཡན་ལག་བསྒྱུར་བ་ནི། ཚིག་གཅིག་གི་སྒྲའི་ཡན་ལག་ཕྲལ་ཏེ། ཇི་ལྟར་ཨ་པྲ་ཤི་ཁ་ཞེས་བྱ་བ་སོ་སོར་ཕྲལ་ལ། ཨ་ལས་བསྒྱུར་ན། ཨ་ནེ་ན་དྷི་ཛ་མི་ཏྲེ། པྲ་བིཥྚེ་ཧཾ་བནྡྷ་རེ། ཤི་ར་མཱ་ཀྲ་མྱ་བཱ་དེ་ནི། ཁ་གཾ་ནེ་ན་མུཎྜོ་པ་ཚི་ཏྱ། ཞེས་བྱ་བ་ལྟ་བུའོ། །རྣམ་གྲངས་བསྒྱུར་བ་ནི། སྒྲ་གཅིག་གི་རྣམ་གྲངས་དུ་མར་བསྒྱུར་བ་སྟེ། ཇི་ལྟར། རི་འོད་ས་དང་རྡོ་རྗེ་དང་། །མཐོ་རིས་བ་ལང་ཕྱོགས་རྣམས་སུ། །མཁས་པས་གཽ་སྒྲ་ཤེས་པར་བྱ། །ཞེས་པ་ལྟ་བུའམ། སྐྱེ་དང་བདེན་དང་དེ་བཞིན་ཡོད། །སེམས་ཅན་འདས་དང་མི་མ་ཡིན། །ཅུང་ཟད་ལུས་དང་ས་ལ་སོགས། །འབྱུང་བའི་སྒྲ་ནི་མཁས་པས་བརྗོད། །ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །དྲང་ཐད་དུ་བསྒྱུར་བ་ནི། ཉེ་བར་བསྒྱུར་བ་ཉི་ཚེའི་དབང་དུ་བྱས་པ་སྟེ་ཇི་ལྟར་བཅོམ་པ་དང་ལྡན་པའི་དོན་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལྟ་བུ་ཐམས་ཅད་དོ། །

༤། དྲང་བའི་གནས། 

དྲང་བའི་གནས་ནི་མུ་བཞི་སྟེ། ཡིན་པ་དང་། མ་ཡིན་པ་དང་། གཉི་ག་ཡིན་པ་དང་། གཉི་ག་མ་ཡིན་པའོ། །དེ་དག་ལ་ཡང་དངོས་པོ་གཅིག་ལ་མུ་བཞིར་དྲང་བ་དང་། མུ་བཞི་ལས་དངོས་པོ་གཅིག་ཏུ་དྲང་བའོ། །དེ་ལ་གཅིག་ལ་མུ་བཞིར་དྲང་བ་ལ་ནི་ཆོས་གཅིག་བསྒྲུབ་པའི་སྒོ་ནས་ནི་ཡིན་པ་བསྒྲུབ་པའོ། །མུ་བཞི་ལས་གཅིག་ཏུ་དྲང་བ་ལ་ནི་གཉིས་ཏེ། ངོ་བོ་ཉིད་ཀྱི་ཚིག་དང་། ཁྱད་པར་གྱི་ཚིག་དང་ལྡན་པའོ། །དེ་ལ་ངོ་བོ་ཉིད་ལ་ནི་ངོ་བོ་སྒྲུབ་པའི་ཚུལ་གྱིས་ཡིན་པ་འགྲུབ་པའོ། ། ངོ་བོ་དགག་པའི་ཚུལ་གྱིས་མ་ཡིན་པ་འགྲུབ་བོ། །ཚུལ་གཞན་གྱི་སྒོ་ནས་ནི་གཉི་ག་ཡིན་པ་འགྲུབ་བོ། །ཚུལ་གཞན་གཅིག་གི་སྒོ་ནས་ནི་གཉི་ག་མ་ཡིན་པ་འགྲུབ་བོ། །ཁྱད་པར་གྱི་ཚིག་དང་ལྡན་པ་ལ་ནི། ཁྱད་པར་གྱི་གཞི་ཡིན་ལ་ཁྱད་པར་མ་ཡིན་པ་དང་། ཁྱད་པར་ཡིན་ལ་ཁྱད་པར་གྱི་གཞི་མ་ཡིན་པ་དང་། གཉི་ག་ཡིན་པ་དང་། གཉི་ག་མ་ཡིན་པའོ། །མུ་གསུམ་པ་ལ་ནི་ཁྱད་པར་ཡིན་ལ་ཁྱད་པར་གྱི་གཞི་མ་ཡིན་པ་མེད་དོ། །མུ་གཉིས་ལ་ནི་ཁྱད་པར་གྱི་གཞི་ཡིན་པའང་མེད་དོ། །

༥། འཇུག་པའི་གནས། 

ཡི་གེ་འཇུག་པའི་གནས་ནི་བརྒྱད་དེ། སྒྲ་དང་། སྐད་དང་། མིང་དང་། མཚན་མ་དང་། བརྡ་དང་། ཐ་སྙད་དང་། ཚིག་དང་། དོན་ནོ། །དེ་ལ་༡སྒྲ་ནི་ཤེས་པས་ཟིན་པ་ལས་བྱུང་བ་དང་། མ་ཟིན་པ་དང་། གཉི་ག་ལས་བྱུང་བ་ལ་སེམས་ཅན་དུ་སྟོན་པ་དང་། མི་སྟོན་པར་ཕྱེ་བ་དང་། ལུང་དུ་སྟོན་པ་དང་། མི་སྟོན་པ་དག་གོ ། ༢སྐད་ནི་བཞི་སྟེ། རང་བཞིན་དང་། འདུས་བྱས་དང་། ཟུར་བཅག་པ་དང་། ཤ་ཟའིའོ། ། ༣མིང་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དྭགས་ཏེ་ཡི་གེ་འདུས་པའི་བདག་ཉིད་དོ། ། ༤མཚན་མ་ནི་འདིས་མཚོན་པར་བྱེད་པས་མཚན་མ་སྟེ་སྣང་བར་ནུས་པའོ། ། ༥བརྡ་ནི་མིང་དང་མིང་ཅན་འབྲེལ་བར་བྱེད་པ་སྟེ་སྒྲ་དང་དོན་གྱི་སྤྱིའི་རྣམ་པ་གཞན་ལ་སྨྲ་བར་བྱེད་པའི་དུས་ཅན་གྱི་བདག་ཉིད་དོ། ། ༦ཐ་སྙད་ནི་དངོས་པོ་མེད་པ་ལ་དངོས་པོར་བརྟགས་པ་སྟེ། དེ་ཡང་བརྟགས་པ་དང་འཇུག་པ་དང་བརྗོད་པར་བཅས་པ་ཐམས་ཅད་དོ། །དེ་ལ་བརྡ་ནི་གོ་བར་བྱེད་པའི་བདག་ཉིད་ཡིན་ལ། ཐ་སྙད་ནི་འཇུག་པར་བྱེད་པའི་བདག་ཉིད་ཅན་ཡིན་ནོ། ། ༧ཚིག་ནི་ཆོས་རྣམས་ཀྱི་ཁྱད་པར་གྱི་ཚིག་བླ་དྭགས་ཡིན་ཏེ་མིང་འདུས་པའི་བདག་ཉིད་ཅན་ནོ། ། ༨དོན་ནི་ཆོས་རང་གི་ངོ་བོ་ཇི་ལྟར་གནས་པའོ། །དེ་རྣམས་ལ་ཡི་གེ་ཇི་ལྟར་འཇུག་ཅེ་ན། དོན་གྱི་དངོས་གཞི་ལས་དོན་གྱི་སྤྱིའི་རྣམ་པ་སྐྱེའོ། །དེ་ལས་སྒྲ་སྤྱིའི་རྣམ་པ་སྐྱེའོ། །བརྡ་དང་ཐ་སྙད་འབྱུང་ངོ་། །བརྡ་དང་ཐ་སྙད་ཀྱི་དུས་སྐབས་ན། ཡི་གེའི་ཚོགས་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་ཀྱི་རྣམ་པ་ཡོད་དོ། །དེ་ལ་རྒྱུ་རྐྱེན་གྱི་ཚོགས་ལ་བརྟེན་ནས་སྒྲ་རང་གི་མཚན་ཉིད་དུ་འབྱུང་སྟེ་སྒྲ་ཞེས་བྱ་བའི་མིང་ཐོབ་བོ། །སྒྲ་དེས་ཉན་པ་བོ་ལ་སྒྲ་ལས་བྱུང་བའི་ཤེས་པ་སྐྱེ་བ་ན་སྔོན་བརྡའི་དུས་ཀྱི་དང་གཅིག་ཏུ་སྒྲོ་བཏགས་ཏེ་སྤྱི་གསལ་བར་བྱེད་དོ། །དེས་དོན་གྱི་སྤྱི་སྒྲོ་བཏགས་པའི་བདག་ཉིད་དུ་བརྗོད་ནས། དེས་དོན་རང་གི་མཚན་ཉིད་ཁོང་དུ་ཆུད་པར་འགྱུར་བས་དེ་དག་ཡི་གེའི་འཇུག་པ་ཞེས་བྱ་བའོ། །

༦། རྣམ་པར་དབྱེ་བའི་གནས།

རྣམ་པར་དབྱེ་བའི་གནས་ནི་བརྒྱད་དེ། གང་། གང་ལ། གང་གིས། གང་གི་ཕྱིར། གང་ལས། གང་གི། གང་ལ། འདི་རྣམས་བོད་པ་དང་བཅས་པ་ནི། རྣམ་པར་དབྱེ་བ་བདུན། བོད་པ་དང་བརྒྱད་དོ། །འདི་རྣམས་གཅིག་གི་ཚིག་དང་། གཉིས་ཀྱི་ཚིག་དང་། མང་བོའི་ཚིག་དང་། གསུམ་གྱིས་ན་ཉི་ཤུ་གཅིག་གོ། །དེ་ལ་སྒྱུར་བྱེད་ཀྱི་ཡི་གེ་ཉི་ཤུ་རྩ་གཅིག་དང་སྒྲ་ཙམ་དུ་ཕྲད་ནས་སྒྲ་གཅིག་སྒྲ་ཐམས་ཅད་དུ་འགྱུར་དུ་རུང་བའི་དོན་ནི། བི་བྷཀྟི་ཞེས་བྱ་བ་རྣམ་པར་འབྱེད་པའི་དོན་ཡིན་གྱི། བྱེད་པའི་གནས་ལྟ་བུ་སྐད་ཀྱི་དབྱིངས་ཙམ་ལ་བསྒྱུར་བ་ནི་མ་ཡིན་ནོ། །དེ་དག་ཀྱང་། སི་ཨཽ་ཛས྄་པྲ་ཐ་མཱ། ཨམ྄་ཨཽ་ཤས྄་དྭི་ཏཱི་ཡ། ཊཱ་བྷྱཾ་བྷིས྄་ཏྲི་ཏཱི་ཡ། ངེ་བྷྱཱཾ་བྷྱས྄་ཙ་ཏུརྠ། ངསི་བྷྱཱཾ་བྷྱས྄་པཉྩ་མི། ངས྄་ཨོས྄་ཨཱམ྄་ཥཥྛི། ངི་ཨོས྄་སུཔ྄་སཔྟ་མི་ཞེས་བྱ་བ་བསྒྱུར་ན། རྣམ་པར་དབྱེ་བ་བདུན་པོ་རེ་རེ་ལ་ཡང་། གང་། གང་དག །གང་རྣམས། གང་ལ། གང་དག་ལ། གང་རྣམས་ལ། གང་གིས། གང་དག་གིས། གང་རྣམས་ཀྱིས། གང་གི་ཕྱིར། གང་དག་གི་ཕྱིར། གང་རྣམས་ཀྱི་ཕྱིར། གང་ལས། གང་དག་ལས། གང་རྣམས་ལས། གང་གི། གང་དག་གི། གང་རྣམས་ཀྱི། གང་ལ། གང་དག་ལ། གང་རྣམས་ལ་ཞེས་བྱ་བ་བོད་པ་དང་བཅས་པར་འགྱུར་བའི་དོན་ཡིན་ནོ། །

༧། ཕྱོགས་ཀྱི་གནས།

ཕྱོགས་ཀྱི་གནས་ནི། སྒྲ་གཅིག་ཤེས་པ་དང་། སྒྲ་གཅིག་ཤེས་པས་ཕྱོགས་ཀུན་ཤེས་པ་དང་། སྒྲ་ཇི་སྙེད་པ་ཤེས་པས་ཕྱོགས་ཀུན་ཤེས་པ་དང་། སྒྲ་ཕྱོགས་མེད་ཤེས་པས་ཆོས་ཐམས་ཅད་ཤེས་པའོ། །དེ་དག་ནི་སྐྱེས་བུ་རབ་འབྲིང་གིས་ཕྱེ་བ་ཡིན་ནོ། །

༨། དངོས་པོའི་གནས། 

དངོས་པོའི་གནས་ནི་ཆོས་ཅན་གྱི་སྒོ་ནས་ཆོས་ཉིད་ཀྱི་དངོས་པོ་སྒྲུབ་པའམ། སྒྲ་སྐད་ཀྱི་སྒོ་ནས་དོན་གྱི་དངོས་པོ་སྒྲུབ་པར་བྱེད་པ་སྟེ་བཤད་ཟིན་ནོ། །

བྱེད་པས་བྱེ་བྲག་རྣམ་པར་འབྱེད། །བྱ་བ་ཡོངས་སུ་རྫོགས་པར་སྟོན། །བསྡུས་པས་ཡི་གེ་ཉུང་འགྱུར་ཞིང་། །འབྲེལ་བའམ་མིང་ཡང་འདོགས་པར་བྱེད། །བསྒྱུར་བས་བསྒྱུར་བྱའི་མཐུ་ཤེས་ཤིང་། །སྐད་བྱིངས་ཁོངས་སུ་ཆུད་པར་འགྱུར། །དྲང་བས་བཤད་པའི་དམིགས་པ་མཁས། །གཞན་སེལ་བ་ཡང་ཤེས་པར་འགྱུར། །འཇུག་པས་བརྡ་དང་ཐ་སྙད་ཤེས། །དགོས་འབྲེལ་ཁོང་དུ་ཆུད་པར་འགྱུར། །དབྱེ་བས་སྒྱུར་བྱེད་རྐྱེན་ལ་མཁས། །སྒྲ་འོ་ཅོག་ལ་མཁས་པར་འགྱུར། །ཕྱོགས་ཀྱིས་སྐྱེས་བུ་རབ་འབྲིང་ཤེས། །དངོས་པོས་དོན་གྱི་དངོས་གཞི་རྟོགས། །མིང་ཅན་ཐ་དད་སྟོན་པ་དང་། །མིང་དང་མིང་ཅན་འབྲེལ་བ་དང་། །དགོས་པ་ཐ་དད་སྟོན་པའོ། །ཁ་ཅིག་སྦྱོར་བ་ཐ་དད་ཀྱང་། །དགོས་པ་ཐ་དད་མ་ཡིན་དང་། །ཕྱོགས་གཅིག་མཐུན་པར་སྟོན་པ་རྣམས། །སྒྲ་ཡི་མིང་གིས་ཤེས་པ་ཡིན། །ཚིག་ལ་མིང་གིས་སྦྱོར་བ་དང་། །གང་ལ་ཚིག་གིས་སྦྱོར་བ་དག །བྱེ་བྲག་ཇི་སྙེད་ཡོད་པ་རྣམས། ། གང་གི་ཚིག་དོན་གཙོ་བོ་ཞེས། །སྦྱོར་བའི་དགོས་པ་ཐ་དད་པའང་། །སྒྲ་ཡི་མིང་གིས་ཤེས་པ་ཡིན། །དབུལ་བ་འཇོམས་བྱེད་རྙེད་དཀའ་རིན་པོ་ཆེ། །བགྲོད་དཀའ་རྒྱ་མཚོ་ཆེ་ལ་གནས་པ་དག །ལེགས་པར་གྲུ་བཙུགས་དར་ཕྱར་རླུང་གིས་བསྐྱོད། །རིན་ཆེན་ཐོབ་བྱེད་གཞན་དུ་ཐབས་མེད་བཞིན། །སྡུག་བསྔལ་འཇོམས་བྱེད་དམ་ཆོས་རིན་པོ་ཆེ། །རྟོགས་དཀའ་གསུང་རབ་རྒྱ་མཚོ་དག་ལ་གནས། །ཡི་གེ་མིང་དང་ཚིག་གི་གྲུ་བཙུགས་ཏེ། །སྒྲ་ཡི་དར་ཕྱར་ཤེས་རབ་རླུང་གིས་བསྐྱོད། །དམ་ཆོས་ཐོབ་བྱེད་གཞན་དུ་ཐབས་མེད་དོ། །

ཅེ་ཁྱི་འབྲུག་གིས་བྱཱ་ཀ་ར་ཎའི་སྐད་མདོ་ཙམ་ཞིག་བསྒྱུར་བ་གནས་བརྒྱད་པོའི་རྩ་བ་རྫོགས་སོ།།

ཟླ་བ་གཞོན་ནུས་ལེགས་པར་ཞུས་པ་ཀུན་ལ་ཕན་པར་གྱུར་ཅིག  

#ད༤༣༨༠། ཅོ། ཤ༡༦༣ན༡-༡༦༥ན༥ 

No comments:

Post a Comment