-->

Apr 25, 2012

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་བོའི་མདོ།





ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་བོའི་མདོ།



འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱད་པ་སྤྱོད་པའི་ཚེ། ཕུང་བོ་ལྔ་བོ་དེ་དག་ཐམས་ཅད་རང་བཞིན་གྱིས་སྟོང་བར་རྣམ་པར་ལྟའོ།། སྡུག་བསྔལ་ཐམས་ཅད་བརྒལ་ཏོ།། ཤཱ་རིའི་བུ། སྟོང་བ་ཉིད་ལས་གཟུགས་གཞན་མ་ཡིན་ནོ།། གཟུགས་ལས་སྟོང་བ་ཉིད་གཞན་མ་ཡིན་ནོ།། གཟུགས་ནི་སྟོང་བའོ།། སྟོང་བ་ཉིད་གཟུགས་སོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་དེ་བཞིན་ནོ།། ཤཱ་རིའི་བུ། ཆོས་ཐམས་ཅད་སྟོང་བ་ཉིད་དོ།། མ་སྐྱེས་པ། མ་འགག་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ། གང་བ་མེད་པ། བྲི་བ་མེད་པ། སྟོང་བ་ཉིད་ལ་གཟུགས་མེད་པའི་ཕྱིར། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ།། མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། རྣམ་པར་ཤེས་པའི་ཁམས་མེད། མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས་རྒ་ཤི་ཡང་མེད། རྒ་ཤི་ཟད་པ་ཡང་མེད་དོ།། སྡུག་བསྔལ་མེད། ཀུན་འབྱུང་མེད། འགོག་པ་མེད། ལམ་མེད། ཡེ་ཤེས་མེད། ཐོབ་པ་ཡང་མེད། ཐོབ་པ་མེད་པའི་ཕྱིར་རོ།།
བྱང་ཆུབ་སེམས་དཔའ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པའི་ཕྱིར། སེམས་ལ་སྒྲིབ་པ་མེད། སྒྲིབ་པ་མེད་པའི་ཕྱིར། སྐྲག་པ་མེད། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ།།
དུས་གསུམ་གྱི་སངས་རྒྱས་ཐམས་ཅད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པའི་ཕྱིར། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ།།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཁྱེན་པའི་ཕྱིར། ལྷ་ཆེན་པོའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པའི་སྔགས། སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་ནུས་ཤིང་། བདེན་ཅིང་རྫུན་པ་མ་ཡིན་ནོ།།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པའི་ཕྱིར། སྔགས་སྨྲས་པ་སྟེ། ག་ཏེ། ག་ཏེ། པ་ར་ག་ཏེ། པ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ།

མཆན།

འདི་ནི་ཐང་ཞོན་ཙང་གི་རྒྱ་ཡིག་གི་འགྱུར་གཞིར་བཞག་ནས་བསྒྱུར་བ་ཡིན།  ཟླ་བ་གཞོན་ནུས། ༢༠༡༢ལོའི་ཟླ༤་བའི་ཚེས་༢༥་ཉིན།

(དྲ་ཐོག་ནས་ཁ་གཏུགས་བསྒྱུར་བ་ཡིན་པས་ནོར་འཁྲུལ་གྱི་ཆ་ལ་ཤེས་ནས་སྨྲ་མཁན་དག་གིས་མཛུབ་སྟོན་གནང་རོགས། )

No comments:

Post a Comment