-->

May 6, 2012

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡི་གེ་གཅིག་མ་ཞེས་བྱ་བ་བཞུགས་སོ།།





རྒྱ་གར་སྐད་དུ།  ཨེཀཨཀྵརཱམཱིཏཱནཱམསརྦཏཐཱགཏཔྲཛྙཱཔཱརམིཏཱ།
བོད་སྐད་དུ།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡི་གེ་གཅིག་མ་ཞེས་བྱ་བ།   ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ།། 
འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།  བཅོམ་ལྡན་འདས་རྒྱལ་བོའི་ཁབ་བྱ་རྒོད་ཕུང་བོའི་རི་ལ།  དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་།  བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་མང་བོ་དང་ཐབས་ཅིག་ཏུ་བཞུགས་སོ།།  དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།། ཀུན་དགའ་བོ།  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡི་གེ་གཅིག་མ་ཞེས་བྱ་བ་འདི་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་ཟུངས་ཤིག   འདི་ལྟ་སྟེ།  ཨ།    བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་པ་དང་།  ཚེ་དང་ལྡན་པ་ཀུན་དགའ་བོ་དང་།  དགེ་སློང་དེ་དག་དང་།  བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་རྟོགས་ཤིང་།  བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།   དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡི་གེ་གཅིག་མ་ཞེས་བྱ་བ་རྫོགས་སོ།།


ཟླ་བ་གཞོན་ནུས་དུས་ཁྱད་པར་ཅན་ལ་སྦྱར་བ་ཀུན་ལ་ཀུན་ཏུ་ཕན་ཐོགས་པར་གྱུར་ཅིག

5 comments:

  1. གཅན་བཟོད་རྒྱམ་ལགས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན། ཁྱེད་མེད་ན་ངས་འདི་འདྲ་ཞིག་རྙེད་ཡོད་རྒྱུ་མ་རེད།
    བཀའ་དྲིན་ཞུ།

    ReplyDelete
  2. ཨ་ཡིག་གཅིག་པུ་ལས་གསུངས་མེད་པ་འདིས་ནི། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མདོ་ལས། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་།། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། ཅེས་བའི་དོན་སྟོན་གྱིན་ཡོད་ནམ་སྙམ།

    འཇམ་དཔལ་མཚན་བརྗོད་ཀྱི་ཚིག་འགྲེལ་དེ་ཚོར་ཡང་ཁོམ་སྐལ་བྱུང་ན་ལྟ་དགོས་པ་གལ་ཆེན་འདུག་མོད། ང་ཚོས་ཟང་ཟིང་གི་སློབ་སྦྱོང་ལ་མགོ་འཁོར་ནས་ལྟ་ལོང་མི་འདུག་ག

    ReplyDelete
  3. ད་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་བརྗོད་པར་བྱ་སྟེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས།། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་།། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་ཡི་གེ་དམ་པ་ཡིན།། ཞེས་པ་གང་དུ་དབྱངས་ཡིག་ལ་དབྱིངས་ཀྱི་རྣལ་འབྱོར་དང་། སྔགས་ཀྱི་རྣལ་འབྱོར་དང་། ཆོས་ཀྱི་རྣལ་འབྱོར་དང་། དེ་བཞིན་ཉིད་ཀྱི་རྣལ་འབྱོར་མདོར་བསྟན་པ་ལས་དེར་ཇི་ལྟར་འབྱུང་བ་སྙམ་པའི་རྣམ་པར་རྟོག་པ་དང་ལྡན་པའི་འཁོར་རྣམས་ལ་འདི་ལྟ་སྟེ་ཞེས་པའོ།། སངས་རྒྱས་ཞེས་པ་སྤངས་པ་དང་ཐོབ་པ་གཉིས་ཡོད་པའོ།།
    འོ་ན་སངས་རྒྱས་ཀྱིས་ཆོག་པ་ལ་བཅོམ་ལྡན་འདས་ཅིས་ཤེ་ན། སངས་རྒྱས་ནི་ཉན་ཐོས་དང་རང་སངས་རྒྱས་ལ་ཡང་ཡོད་པས། དེ་ལས་ཁྱད་པར་དུ་བཅོམ་ལྡན་འདས་ནི་རྣམ་པ་ཐམས་ཅད་མཁྱེན་པའོ།། ཡང་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་ན་རྫོགས་པའི་སངས་རྒྱས་ཞེས་པ་ཟློས་སོ་སྙམ་པ་རིགས་ལྔའི་དེ་བཞིན་གཤེགས་པ་ལས་ཁྱད་པར་དཔལ་རྡོ་རྗེ་སེམས་དཔའ་རྡོ་རྗེ་འཆང་ཁོ་ནའོ།། དེ་གང་ན་ཨ་ལས་བྱུང་ཞེས་པ་ཨེའི་རྣམ་པ་ཆོས་འབྱུང་ངོ་།། ཨ་ནི་ཡིག་འབྲུག་ཀུན་གྱི་མཆོག། ཅེས་པ་བཾ་ཡིག་གོ། དོན་ཆེན་ཡི་གེ་དམ་པ་ཡིན།། ཞེས་པ་ཨཀྵར་སྟེ་མི་འགྱུར་བའོ།། དེ་ལྟར་ཡང་སྟོང་ཕྲག་དྲུག་ཅུ་བ་སྒྱུ་འཕྲུལ་དྲ་བའི་ཏནྟྲ་ལས་གསུངས་པ། སྔགས་ཀྱི་སྐྱེ་གནས་ཡི་གེ་མེད།། གསང་སྔགས་ཆེན་པོ་རིགས་གསུམ་པ།། སྟོང་བ་ཆེན་པོ་ཡི་གེ་ལྔ།། ཐིག་ལེ་སྟོང་བ་ཡི་གེ་དྲུག། ཅེས་པ་ལ་འདི་བརྡ་རྣམ་པ་གཉིས་ཏེ་གཅིག་ནི་ངག་གི་བརྡ་དང་། གཉིས་པ་ནི་དེ་བཞིན་ཉིད་ཀྱི་བརྡའོ།། སྔགས་ཀྱི་བརྡ་ནི་ངག་བརྗོད་པ་སྟེ་འཇིག་རྟེན་པའོ།། དེ་བཞིན་ཉིད་ཀྱི་བརྡ་ནི་དོན་དམ་པ་སྟེ་བརྗོད་པ་དང་བྲལ་བའོ།། བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་ཐེག་པ་ལས་གསུངས་སོ།། དེ་ལྟར་ན་མྱ་ངན་ལས་འདས་པ་ཡེ་ཤེས་ཀྱི་ཁམས་གཞལ་དུ་མེད་ཅིང་བརྗོད་དུ་མེད་པ་སྟེ། དབྱངས་དང་གསལ་བྱེད་མཚན་ཉིད་བརྗོད་དུ་མེད་པ་ཞེས་པའོ།།

    ReplyDelete
  4. ཁུངས།
    འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་བ་དྲི་མེད་འོད་ཅེས་བྱ་བ་ལས།
    ཕ།བརྒྱ།གོ་དགུ།ལྡེབས༡༠༥༤། v༤༡། བསྟན་འགྱུར།

    ReplyDelete
  5. དྲ་གྲོགས་ལགས་ཕེབས་པར་དགའ་བསུ་ཞུ།

    ReplyDelete