-->

Aug 23, 2010

རྗེ་ནག་པོ་སྐུ་མཆོག་གི་སྐུ་ཚེ་དང་མཛད་རྗེས་ལ་འཁྱུག་ཙམ་ལྟ་བ།



ཀྲྀཥྞམཱུརྟི་(ནག་པོ་སྐུ)མཆོག་ནི་སྤྱི་ལོ་༡༨༩༥ལོའི་ཟླ་༥བའི་ཚེས་༡༡ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་ཨཱན་དྷ་ར་མངའ་སྡེའི་(Anthara pradesh)མ་ད་ནཱ་པལ་ལིའི་(Mandanapalle)གྲོང་སྡེར་སྐུ་འཁྲུངས་ཤིང༌། ཁོང་དང་ཁོང་གི་སྐུ་མཆེད་གཉིས་ཆུང་དུས་ནས་སྐབས་དེའི་ལྷ་ལམ་མཐུན་ཚོགས་(Theosophical Society)ཀྱི་ཚོགས་གཙོ་ཌོག་ཊར་ཨན་ནེ་བྷེ་སཱན་ཊི་(Dr Annie Besant)ནས་བུ་ཚབ་ཏུ་ཉར། བྷེ་སཱན་ཊི་དང་རོགས་པ་གཞན་དག་གིས་ཀྲྀཥྞམཱུརྟི་་མཆོག་ནི་ལྷ་ལམ་པ་རྣམས་ཀྱིས་ལུང་བསྟན་ལྟར་གྱི་འཛམ་གླིང་གི་སློབ་དཔོན་ཡིན་ངེས་པའི་བསྒྲགས་གཏམ་སྤེལ་ལ། ཡོངས་འགྱུར་གྱི་འཇིག་རྟེན་འདིའི་ཉེར་བསྡོགས་སུ། ཤར་ཕྱོགས་སྐར་མའི་བཀའ་བཀོད(The Order of the Star in the East)ཅེས་པའི་འཛམ་གླིང་རྒྱ་ཁྱབ་ཀྱི་སྒྲིག་འཛུགས་ཤིག་བཙུགས་ཤིང༌། དགུང་ལོ་ཆུང་བའི་ཀྲྀཥྞམཱུརྟི་་མཆོག་ནས་ཀྱང་དེའི་དབུ་བརྩམས་པ་རེད།

གང་ལྟར་ཡང༌། སྤྱི་ལོ་༡༩༢༩ལོར། ཀྲྀཥྞམཱུརྟི་མཆོག་གིས་བཀའ་བཀོད་དེ་དེའི་རྗེས་འཇུག་འབོར་ཆེན་དང་བཅས་ཏེ་རྩ་གྲོལ་བཏང་ཞིང༌། བྱ་བཞག་འདིར་ཞལ་འདེབས་གནང་བའི་མ་དངུལ་དང་རྒྱུ་ནོར་ཡོད་ཚད་ཕྱིར་སློག་གནང་སྟེ། ཁོང་ལ་བསྒྲུབ་རེ་བཅངས་པའི་བྱ་གཞག་དེའང་ཞལ་བཞེས་མ་གནང་བ་རེད།

དེ་ནས་བཟུང༌། ཁོང་གི་སྐུ་གཤེགས་དུས་ཏེ་སྤྱི་ལོ་༡༩༨༦ལོའི་ཟླ་༢པའི་ཚེས་༡༧བར་གྱི་ལོ་ངོ་དྲུག་ཅུ་མ་ཟིན་ཙམ་ལ་འཛམ་གླིང་ཡུལ་ཁམས་གང་མང་དུ་འགྲུལ་བཞུད་གནང་ནས་ཉན་མཁན་འབོར་ཆེན་དང་མི་སྒེར་བ་གང་མང་ལ་མིའི་རིགས་ལ་དགོས་ངེས་ཀྱི་གཞིརྩིའི་འགྱུར་བ་སྐོར་གྱི་བཀའ་མོལ་གནང༌།

ཀྲྀཥྞམཱུརྟི་མཆོག་ཐོག་མཐའ་བར་གསུམ་དུ་འཛམ་གླིང་སྤྱི་ཡོངས་ཀྱིས་ཆེས་རླབས་ཆེན་གྱི་བསམ་བློ་བ་དང་ཆོས་ཀྱི་སློབ་དཔོན་གྱི་གྲས་སུ་ཆ་འཇོག་བྱེད།
ཁོང་གིས་ང་ཚོའི་ཉིན་རྒྱུན་གྱི་འཚོ་བར་འབྲེལ་ཡོད་ཀྱི་གནད་དོན་དག་སྟེ། དེང་རབས་དྲག་སྤྱོད་དང་རུལ་སུངས་ཀྱི་སྤྱི་ཚོགས་སུ་འཚོ་བའི་རྙོག་དྲ་དང༌། མི་སྒེར་གྱི་བདེ་འཇགས་དང་བདེ་སྐྱིད་ཀྱི་འཚོལ་སྙེག མིའི་རིགས་ཀྱིས་རང་ཉིད་རང་གི་ནང་སེམས་ཀྱི་དངངས་སྐྲག་དང༌། ཁོང་ཁྲོ། ན་ཟུག སྡུག་བསྔལ་གྱི་ཁུར་བོ་དག་ལས་བྲལ་བར་བྱེད་དགོས་ཚུལ་གྱི་བཀའ་མོལ་གནང་བ་ལས། མཚན་ཉིད་རིག་པ་དང་ཆོས་ལུགས་གང་རུང་ཞིག་ལ་རྒྱས་འགྲེལ་གནང་གི་མེད། ཁོང་གིས་མིའི་རིགས་ཀྱི་ནང་སེམས་ཀྱི་བྱེད་ལས་ཕྲ་མོ་དག་ལ་ཆེས་ཡང་དག་པའི་ལམ་ནས་འགྲེལ་བཤད་གནང་ཞིང༌། ང་ཚོའི་ཉིན་རྒྱུན་གྱི་འཚོ་བར་སྒོམ་དང་བསམ་པའི་ཁྱད་ཆོས་གཏིང་ཟབ་ཅིག་དགོས་ངེས་ཀྱི་མཛུབ་སྟོན་ཡང་གནང༌།


ཀྲྀཥྞམཱུརྟི་མཆོག་ཆོས་ཚོགས་དང༌། ཕྱོགས་ཁག རྒྱལ་ཁོངས་གང་གི་ཁོངས་སུ་མི་གཏོགས་པར་མ་ཟད། ཆབ་སྲིད་དང་ལྟ་བའི་བསམ་བློ་ཡི་གྲུབ་མཐའ་གང་དང་ཡང་མོས་མཐུན་མེད་ལ། དེ་ལས་ལྡོག་སྟེ། འདི་དག་ནི་ཏག་ཏག་མིའི་རིགས་དབྱེ་འབྱེད་དང༌། རྩོད་རྙོག འཐབ་འཁྲུག་གི་འབྱུང་རྐྱེན་དངོས་དེ་ཡིན་པའི་ལྟ་བ་རྒྱུན་འཁྱོངས་བྱེད། ཁོང་གིས་རང་གི་ཉན་མཁན་རྣམས་ལ་ང་ཚོ་ཚང་མ་ཐོག་དང་པོ་ནས་མི་ཡིན་པ་ལས་ཧིན་དྷུ་དང༌། ཁ་ཆེ། ཡེ་ཤུ་བ་གང་ཡང་མིན་པར་འགྲོ་བ་མིའི་རིགས་གཞན་དག་དང་ཁྱད་པར་མེད་ཅིང༌། ཕན་ཚུན་འདྲ་མཚུངས་ཡིན་ཚུལ་ཡང་དང་བསྐྱར་དུ་དྲན་སྐུལ་གནང་ལ། འཛམ་གླིང་འདིའི་སྒང་དུ་རང་ཅག་དང་ཁོར་ཡུག་ལ་གཏོར་བཤིག་མེད་པའི་སྒོ་ནས་གོམ་པ་ཡང་མོར་ལེན་རོགས་ཞེས་རེ་སྐུལ་ཡང་ཞུས་ཤིང༌། རང་གི་ཉན་མཁན་རྣམས་ལ་རང་བྱུང་ཁམས་ལ་བརྩེ་བ་ཟབ་མོས་གུས་བརྩི་ཞུ་དགོས་ཞེས་དགོངས་ཚུལ་སྤེལ། ཁོང་གི་བསླབ་བྱ་དག་ནི་མིས་བཟོས་ཡིད་ཆེས་ཀྱི་ལམ་ལུགས་དང༌། རྒྱལ་ཞེན་གྱི་འདུ་ཤེས། གྲུབ་མཐའི་ཕྱོགས་རིས་དག་ལས་ཕུལ་དུ་བྱུང་ཡོད་པ་དང་སྦྲགས། མིའི་རིགས་ཀྱི་བདེན་པ་འཚོལ་བ་ལ་དོན་སྙིང་དང་ཁ་ཕྱོགས་གསར་བ་སྦྱིན་པར་བྱེད་ལ། དེང་གི་དུས་དང་འཚམས་པ་ཙམ་མ་ཟད། དེ་ལ་དུས་ཀྱི་བཀག་རྒྱ་མེད་ཅིང་ཡོངས་ཁྱབ་རང་བཞིན་གྱི་ཁྱད་ཆོས་ལྡན་ཡོད།



ཀྲྀཥྞམཱུརྟི་མཆོག་གིས་བླ་མ་ལྟ་བུ་ཙམ་མ་ཡིན་པར་གྲོགས་པོ་ཞིག་གི་ཚུལ་དུ་བཀའ་མོལ་གནང་བ་དང༌། ཁོང་གི་བཀའ་མོལ་དང་གྲོས་བསྡུར་དེ་དག་སྲོལ་རྒྱུན་གྱི་ཤེས་ཡོན་གཞི་རྩ་བྱས་པ་མིན་པར་ཁོང་རང་ཉིད་ཀྱི་མིའི་ནང་སེམས་ལ་འཛུལ་བའི་རྣམ་དཔྱོད་དང་ཁོང་གི་བྱིན་རླབས་ཅན་གྱི་འཆར་སྣང་དག་ཡིན་པས། ཁོང་གི་བརྗོད་བྱའི་སྙིང་དོན་དེ་ལོ་མང་རིང་འགྱུར་མེད་དུ་གནས་ནའང་དེ་ནི་གསར་བ་དང་ཁ་རུ་ཁ་ཐུག་ཉིད་ཀྱི་ལམ་ནས་གསུང་བར་བྱེད། ཁོང་གིས་ཉན་མཁན་འབོར་ཆེན་དང་མཉམ་དུ་གསུང་བཤད་གནང་དུས། མི་རྣམས་ཀྱིས་ཁོང་གིས་ཁོ་ཚོ་མི་སྒེར་རེ་རེ་རེ་རེར་བཀའ་མོལ་གནང་གིན་པར་ཚོར་ལ། ཁོ་བོ་དང་ཁོ་མོ་ཚོའི་དཀའ་ངལ་བྱེ་བྲག་པ་རེ་གསུང་གིན་པའི་སྣང་བའང་སྐྱེས་ངེས། ཁོང་གི་སྒེར་གྱི་བཅར་འདྲི་དག་གི་སྐབས་སུ། ཁོང་ནི་བྱམས་བརྩེའི་སློབ་དཔོན་ཞིག་སྟེ། དོ་སྣང་ཆེན་པོས་ཁོང་གི་དྲུང་ལ་བཅར་བའི་སྐྱེས་པ་དང་བུད་མེད་དག་གི་སྡུག་བསྔལ་གསན་རྗེས། ཁོང་ཚོར་ཁོ་རང་ཚོའི་གོ་སྟོབས་བརྒྱུད་དེ་ཁོ་རང་ཚོར་རང་ཉིད་བཅོ་བའི་སྐུལ་མ་གཏོང༌། ཆོས་ལུགས་མཁས་པ་རྣམས་ཀྱིས་ཀྱང་ཁོང་གི་གཏམ་བཤད་དག་གིས་སྲོལ་རྒྱུན་གྱི་ལྟ་ཚུལ་ལ་འོད་མདངས་གསར་བ་རེ་འཕངས་ཡོད་པར་ཤེས་རྟོགས་བྱུང་ཡོད། ཀྲྀཥྞམཱུརྟི་མཆོག་ནས་དེང་རབས་ཚན་རིག་པ་དང་སེམས་ཁམས་རིག་པ་བ་ཚོའི་དོ་ཟླར་ལངས་ཏེ། ཁོ་ཚོ་དང་མཉམ་དུ་ཁོང་ཚོའི་གཞུང་ལུགས་ལ་རེ་རེ་བཞིན་གོ་བསྡུར་བྱས་ཏེ། སྐབས་རེར་ཁོང་ཚོར་གཞུང་ལུགས་དེ་དག་གི་ཚད་འཛིན་དག་ཀྱང་ཐག་གཅོད་བྱེད་ནུས་པར་བྱས། ཁོང་གིས་རྩོམ་རིག་བརྩམས་ཆོས་འབོར་ཆེན་ཞིག་ཤུལ་དུ་བཞག་ཡོད་པ་སྟེ། དམངས་དང་གཏམ་བཤད་ཀྱི་རྣམ་པ་དང༌། བྲིས་རྩོམ། དགེ་སློབ་དང་ལྷན་དུ་གནང་བའི་གོ་བསྡུར་ཁག་དང༌། ཚན་རིག་དང་ཆོས་ལུགས་མི་སྣ་ཁག་དང་མཉམ་དུ་གོ་བསྡུར་གནང་བ་ཁག ད་དུང་མི་སྒེར་དང་མཉམ་དུ་བཀའ་མོལ་གནང་བ་དང་བརྙན་འཕྲིན་དང་རླུང་འཕྲིན་བརྒྱུད་གནང་བའི་བཅར་འདྲིའི་ཁག་དང་ཕྱག་འཕྲིན་སོགས་ཡོད་པ་དེ་དག་ལས་གང་མང་ཞིག་དེབ་གཟུགས་སུ་དཔར་སྐྲུན་དང༌། སྒྲ་ཐག་དང་འོད་སྡེར་དུ་ཕབ་འཇོག་བྱས་ཡོད་པ་རེད།



༢༠༠༩།༡༠།༡༨ལ་དབྱིན་ཡིག་ལས་བསྒྱུར།

No comments:

Post a Comment