མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར།
རྒྱ་གར་སྐད་དུ། ཨབྷིཛྙཱནཤཱཀུནྟལནཊཀནཱམཱ།
བོད་སྐད་དུ། བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་ཞེས་བྱ་བ།
སངས་རྒྱས་ལ་ཕྱག་འཚལ་ལོ།
བྱེད་པོས་བྱས་པ་དང་པོ་གང་ཡིན་ཆོ་གས་ཕུལ་བའི་སྦྱིན་སྲེག་སྦྱིན་དང་ལེན་པོ་སུ༎
གང་ལ་ཐོས་པའི་ཡུལ་གྱི་དཔལ་ལྡན་གང་གིས་ཀུན་ཁྱབ་གཉིས་པོ་གང་གིས་དུས་རྣམས་བྱས༎
གང་ལ་ཀུན་གྱིས་ས་བོན་ཞེས་བྱ་གང་གིས་མ་ལུས་སྐྱེ་རྒུ་གསོན་ཅིང་འཚོ་བྱེད་པའི༎
མངོན་སུམ་ཉིད་ཀྱི་སྐུ་བརྒྱད་མངའ་བའི་དབང་ཕྱུག་དེ་ཡིས་ཁྱེད་ཅག་ཀུན་ཏུ་བསྲུང་གྱུར་ཅིག།
དགའ་ལྡན་གྱི་མཐའ་ལ། མདོ་འཛིན་པས་ཡོལ་བ་ལ་གདོང་ཕྱོགས་ཏེ། འཕགས་མ་གལ་ཏེ་ཆས་བསྒྱུར་བའི་བྱ་བ་རྣམས་གྲུབ་ན་ཚུར་བྱོན་ཅིག གར་མ་ནང་དུ་ཞུགས་ནས། རྗེའི་སྲས། བདག་འདི་ཡིན་ནོ༎ གང་བགྱི་བར་འོས་པ་བཀའ་སྩོལ་ཅིག
མདོ་འཛིན་པས། འཕགས་མ། དེ་རིང་ཚོགས་འདི་དག་ནི་ཀུན་ནས་ཡིད་དུ་འོང་བ་ཉིད་ཡིན་ན། བདག་ཅག་གིས་དངོས་པོ་གང་ཞིག་ནག་མོའི་འཁོལ་གྱིས་མེ་ཏོག་གི་ཕྲེང་རྒྱུད་དུ་བྱས་པ། བྱ་ལེན་མ་མངོན་པར་ཤེས་པ་ཞེས་བྱ་བའི་ཟློས་གར་གསར་པའི་སྐྱེས་ཀྱིས་བསྟབ་པར་བྱའོ༎ དེའི་སླད་དུ་སྣོད་སོ་སོ་ནས་བརྩོན་པ་སྦྱིན་པས་རིགས་སོ༎
གར་མས། འཕགས་པ་ཁྱོད་ནི་མཁས་པའི་ཐབས་ཀྱིས་རབ་ཏུ་སྦྱོར་བ་བྱེད་པར་འགྱུར་བས། སུ་ཞིག་གིས་ཀྱང་འཕྱ་བའི་གནས་སུ་འགོད་པར་མི་བྱེད་དོ༎
མདོ་འཛིན་པས། (ཅུང་ཟད་བགད་ནས།)
མཁས་རྣམས་དགྱེས་པ་འབྱུང་གི་བར༎
རབ་སྦྱོར་ལེགས་ཞེས་བདག་མི་སེམས༎
སློབ་པ་རྣམས་ཀྱི་རང་གི་བློ༎
སྟོབས་དང་ལྡན་ཡང་ཡིད་རྟོན་ཅི༎
གར་མས། (གུས་པ་དང་བཅས།)
འཕགས་པ་དེ་དེ་བཞིན་ནོ༎ ད་ནི་གང་ཞིག་བགྱི་བར་བྱ་བ་བཀའ་སྩོལ་ཅིག
མདོ་འཛིན་པས། ཚོགས་ཀྱི་རྣ་བ་གསལ་བར་བྱེད་པ་ལས་གཞན་ཅི་ཞིག
གར་མས། ནམ་ཟླ་གང་གི་དུས་མངོན་དུ་བྱས་ནས་གླུ་བླངས་པར་བགྱི།
མདོ་འཛིན་པས། ཚ་བའི་དུས་ཀྱི་ལོངས་སྤྱོད་བྱུང་ནས་རིང་པོ་མ་ལོན་པས་དེ་མངོན་དུ་བྱོས་ལ་གླུ་ལོངས་ཤིག ད་ལྟ་ནི། དྲི་ཞིམ་མེ་ཏོག་རྡུལ་གཡོ་བའི༎ སྐལ་བཟང་ ནགས་ཀྱི་བསེར་མ་ཅན༎ མངོན་པར་དགའ་བའི་གྲིབ་བསིལ་ནི༎ འབད་མེད་རྙེད་པ་ཉིན་མོའི་མཐའ༎
གར་མས། དེ་དེ་བཞིན་ནོ༎ (ཞེས་གླུ་བླངས་པ།) རབ་གཉེན་གེ་སར་གཞོན་ནུའི་རྩེ་མོ་ལ། རེག་ཙམ་བུང་བའི་ཚོགས་ཀྱིས་འོ་བྱེད་པའི༎ ལེགས་ལྡན་ཤི་རི་ཤ
ཡི་མེ་ཏོག་འདི༎ ཀུན་ཏུ་མྱོས་པ་རྣམས་ཀྱིས་རྒྱན་དུ་འཛིན༎
མདོ་འཛིན་པས། འཕགས་མ། གླུ་ལེགས་པར་བླངས་སོ༎ དབྱངས་ཀྱིས་བཅིངས་པའི་ཚོགས་ཀྱི་དཀྱིལ་འཁོར་འདི་དག་རི་མོའི་གཟུགས་བརྙན་བཞིན་དུ་སྣང་ངོ་༎ ད་
ནི་རབ་ཏུ་སྦྱོར་བ་གང་བརྟེན་ནས་སྐྱེས་འབུལ་བར་བྱ༎
གར་མས། འོ་ན་འཕགས་པས་སྔོན་བཀའ་བསྩལ་པ་བྱ་ལེན་པ་མངོན་པར་ཤེས་པ་ཞེས་བྱ་བའི་སྔོན་མེད་པའི་ཟློས་གར་གྱི་རབ་ཏུ་སྦྱོར་བ་ལ་བརྟེན་ཏེ་བྱའོ༎
མདོ་འཛིན་པས། ཨེ་མ་འཕགས་མས་སྐད་ཅིག་འདི་ལ་ཡང་དག་པར་རྗེས་སུ་དྲན་པར་བྱས་སོ༎ (བདག་གིས་ནི་བརྗེད་དེ་གང་གི་ཕྱིར།) ཇི་ལྟར་མི་སྐྱོང་དུཥྱནྟ༎ རི་
དྭགས་གཞོན་ནུས་དྲངས་པ་ལྟར༎ ཁྱོད་ཀྱི་གླུ་དབྱངས་འཕྲོག་བྱེད་ཀྱིས༎ འདིར་ནི་ཁོ་བོ་རིང་དུ་དྲངས༎ (ཞེས་སྨྲས་ནས་གཉིས་ཀ་སླར་ལོག་གོ
ཞེས་པ་རབ་བསྟོད་དོ༎)
ཡན་ལག་དང་པོ་ནི། (དེ་ནས་རི་དྭགས་ཀྱི་རྗེས་སུ་འགྲོ་བའི་རྒྱལ་པོ་ལག་ན་མདའ་གཞུ་ཤིང་རྟ་བཞོན་པ་ཁ་ལོ་པ་དང་བཅས་པ་བྱུང་ནས།)
ཁ་ལོ་པས། (རི་དྭགས་དང་རྒྱལ་པོ་ལ་ལྟ་བཞིན།)་བྷོ་ཚེ་དང་ལྡན་པ། བཀང་བའི་གཞུ་ལ་མདའ་བརྟེན་ཅིང་༎ ཀྲྀཥྞ་སར་བལྟ་བ་ཁྱོད༎ རི་སྐྱེས་བུ་ཡི་རྗེས་
སྙེགས་པའི༎ མདའ་ལྡན་(འདོད་ལྷ)མངོན་སུམ་བཞིན་དུ་མཐོང་༎
རྒྱལ་པོས། ཀྱེ་ཁ་ལོ་པ། རི་དྭགས་འདིས་ཡུ་བུ་ཅག་རྒྱང་རིང་པོར་དྲངས་ན། འདི་ནི་ད་དུང་ཡང་། སྒེགས་པའི་མགྲིན་པ་འཁྱོག་པོའི་གདོང་གིས་
སྐད་ཅིག་རེ་བཞིན་ཤིང་རྟ་ལ་ནི་ལྟ་བྱེད་ཅིང་། རྣོན་པོའི་ཉག་ཕྲན་འབབ་ལ་འཚེར་བས་རོ་སྨད་དག་ནི་བྲང་གི་ཁོངས་སུ་བསྡུ་བར་བྱེད། ངལ་
བའི་ཁ་ནས་ཀུན་ཏུ་ལྷུང་བའི་ཕྱེད་ཟོས་རྩྭ་རྣམས་ལམ་གྱི་ངོས་སུ་བཀྲམ་བཟིན་དུ། རྨིག་རྩེ་ས་ལ་ཡུད་ཙམ་རེག་སྟེ་ནམ་མཁའི་དབྱིངས་ན་
མཆོངས་ཤིང་རྒྱུགས་པར་བྱེད་ལ་ལྟོས། (ངོ་མཚར་དང་བཅས།)ཀྱེ་མ་རི་དྭགས་འདི་དེང་ཁོ་ནར་རྗེས་སུ་འགྲོ་བ་བདག་ཅག་གིས་བསྒྲིམ་སྟེ་མཐོང་
བར་བྱ་བའི་ཡུལ་ཉིད་དུ་གྱུར་ཏོ༎
ཁ་ལོ་པས། ཚེ་དང་ལྡན་པ། བདག་གིས་ས་འབུར་གཤོངས་ཅན་དུ་མཐོང་ནས་སྲབ་འཐེན་ཏེ། དེའི་ཕྱིར་འདི་རིང་དུ་གྱུར་ཏོ༎ འོན་ཀྱང་ད་ནི་ཐང་འཁོད་
སྙོམས་པར་སླེབས་པས་དཀའ་ཚེགས་མེད་དོ༎
རྒྱལ་པོས། དེའི་ཕྱིར་སྲབ་གློད་ཅིག
ཁ་ལོ་པས། གང་ཚེ་དང་ལྡན་པས་བཀའ་གནངས་པའོ༎ (ཞེས་སྲབ་ལྷོད་པར་བྱས་ནས་ཤིང་རྟའི་ཤུགས་ལ་ལྟ་བཞིན་དུ།) ཚེ་དང་ལྡན་པ། གཟིགས་ཤིག
གཟིགས་ཤིག སྲབ་ལས་ཐར་ནས་མགྱོགས་འགྲོ་འདི་རྣམས་གཉའ་བ་ཀུན་ཏུ་བརྐྱངས་གྱུར་ཅིང་༎ གཡོ་མེད་འགྲེང་བའི་རྔ་ཡབ་ཅོད་པཎ་སྤྱི་
བོའི་གཙུག་ན་ལྷང་ངེར་གནས༎ རང་གིས་བཙུབ་པའི་ཚེ་བའི་རྡུལ་ཕྲན་དག་ཀྱང་མ་རེག་པར༎ རི་དྭགས་བང་ལ་འགྲན་པ་བཞིན་དུ་རྣ་བ་
ཀྲོང་ཞིང་རྒྱུགས་པར་བྱེད༎ (རྒྱལ་པོས་དགའ་བ་དང་བཅས།) བདེན་པ་ཉིད་དོ༎ རྟ་ལྗང་ཁུ་ཡང་ཕམ་པར་བྱེད་པ་བདག་ཅག་གི་རྟ་འདི་དག་
གོ། དེ་བཞིན་དུ། བདག་ལ་གློ་བུར་ཕྲ་རབ་དག་ཀྱང་ཆེ་བའི་ཕུང་པོ་ཉིད་དུ་སྣང་༎ རང་བཞིན་ཉིད་ཀྱིས་འཁྱོག་པ་དག་ཀྱང་ལྷན་ཅིག་འབྱར་
བའི་རྒྱུད་དུ་སྟེ༎ སྐད་ཅིག་རེ་ལ་མཐོང་བའི་ཆ་རྣམས་རྒྱང་ན་མ་ཡིན་དྲུང་ན་མིན༎ ཀྱེ་ཁ་ལོ་པ། མཛེས་པ་འདི་ལ་ལྟོས་ཤིག (ཅེས་མདའ་བཀང་
ངོ་༎ ཡོལ་བའི་ཕུག་ནས།) ཀྱེ་ཀྱེ་རྒྱལ་པ་མ་གསོད་ཅིག བསྟི་གནས་ཀྱི་རི་དྭགས་འདི་མ་གསོད་ཅིག (ཁ་ལོ་པས་མཉན་ཅིང་བལྟས་ནས།) ཀྱེ་ཚེ་
དང་ལྡན་པ། མདའི་ལམ་དུ་མཆིས་པའི་ཀྲྀཥྞསར་དང་ཁྱོད་ཀྱི་བར་འདིར་དཀའ་ཐུབ་པ་ཞིག་ཉེ་བར་གནས་སོ༎
རྒྱལ་པོས། འོ་ན་རྟ་རྣམས་མྱུར་དུ་ཟུངས་ཤིག
ཁ་ལོ་པས། དེ་བཞིན་ནོ༎ (ཞེས་ཤིང་རྟ་བཀག་གོ། དེ་ནས་རང་ཉིད་གཉིས་དང་བཅས་པའི་དཀའ་ཐུབ་པ་ནང་དུ་སླེབས་ཏེ། དཀའ་ཐུབ་པས་ཐལ་མོ་སློང་
བཞིན།) ཀྱེ་རྒྱལ་པོ། མ་གསོད་ཅིག བསྟི་གནས་ཀྱི་རི་དྭགས་འདི་མ་གསོད་ཅིག མ་ཡིན་མ་ཡིན་འཇམ་པའི་རས་བལ་དག་ལ་དྲག་པོའི་
མེ་ལྕེ་བཞིན༎ མཛེས་པའི་རི་དྭགས་འདི་ཡི་ལུས་ལ་སྒྲོ་ལྡན་མཚོན་གྱིས་མ་བཏབ་ཅིག། ཨ་ཧོ་སྡུག་གུ་ཉམ་ཆུང་འདི་ཡི་འདར་བའི་སྲོག་ནི་ཅི་
ཙམ་ཞིག། རྡོ་རྗེ་སྙིང་པོའི་རྣོ་ངར་འབབ་པ་ཁྱོད་ཀྱི་ཉག་ཅི་ལྟ་ཞིག། རྒྱལ་པོ་དེའི་ཕྱིར་ལེགས་པར་སྦྱར་བ་ཡི༎ མདའ་འདི་བོར་ཅིག་གང་ཕྱིར་ཁྱོད་
ཀྱི་མཚོན༎ ཉོན་མོངས་སྐྱེས་བུ་བསྲུང་བའི་སླད་དུ་སྟེ༎ ཉེས་པ་མེད་རྣམས་གཞོམ་པའི་སླད་དུ་མིན༎ (རྒྱལ་པོས་གུས་པ་དང་བཅས་གཞུ་རྒྱུད་ལྷོད་
དེ།) འདི་མི་བསད་དོ༎ ( ཞེས་སྨྲས་ནས་དེ་བཞིན་དུ་བྱས་སོ༎ དཀའ་ཐུབ་པས་དགའ་བ་དང་བཅས།) པུ་རིའི་རིགས་ཀྱི་སྒྲོན་མ་ཁྱོད་ནི་ཆོས་
བཞིན་དུ་མཛད་དོ༎ འདི་ལྟར་གང་དུ་འཁྲུངས་གྱུར་པའི༎ པུ་རིའི་རིགས་ཀྱི་ཆོས་བཞིན་དུ༎ ལེགས་མཛད་ཡོན་ཏན་ལྡན་པ་གང་༎ འཁོར་ལོས་
བསྒྱུར་པའི་སྲས་འགྲུབ་ཤོག། (གཞན་གཉིས་ཀྱང་ལག་པ་གྱེན་དུ་བཏེག་སྟེ། ངེས་པར་འཁོར་ལོས་བསྒྱུར་བའི་སྲད་ཉིད་དང་ལྡན་པར་ཤོག་ཅིག)
དཀའ་ཐབ་པས། ཀྱེ་རྒྱལ་པོ། འདི་ནི་ཆུ་ཀླུང་ཕྲེང་ལྡན་མའི་འགྲམ་རིགས་ཀྱི་བདག་པོ་ཀཎཝའི་བསྟི་གནས་ལགས་ཏེ། བདག་ཅག་ཡམ་ཤིང་འཐུ་རུ་འགྲོ་བ་ལགས་
ན། གལ་ཏེ་བགྱི་བ་གཞན་མེད་ན་མགྲོན་གྱི་བཀུར་བསྟི་དག་བཞེས་པར་རིགས་སོ༎ གཞན་ཡང་། སྙིང་རྗེར་འོས་པའི་དཀའ་ཐུབ་ལུས་ཅན་ཡང་།།
ཡིད་འོང་ལས་ཀྱིས་ཕས་རྒོལ་གཞོམ་བྱས་ཏེ༎ གཞུ་རྒྱུད་དྲེགས་པའི་མཚན་མ་ཆགས་པའི་ཕྱག། ཇི་ལྟར་བསྲུང་བ་གཟིགས་ན་མཁྱེན་པར་འགྱུར༎
རྒྱལ་པོས། རིགས་ཀྱི་བདག་པོ་འདིར་བཞུགས་སམ།
དཀའ་ཐུབ་པས། ད་ལྟ་ནི་བུ་མོ་བྱ་ལེན་མ་གྲོང་པ་རྣམས་ཀྱི་བཀུར་བསྟིའི་ཡུལ་ཉིད་དུ་བཞག་ནས། མོའི་བསོད་ནམས་ཀྱི་མི་མཐུན་པ་དག་ཞི་བར་བྱ་བའི་སླད་དུ་
ཀུན་ཏུ་རྒྱུའི་ཟླ་བ་༼མུ་སྟེགས་རྣམས་གནས་བསྐོར་བའི་དུས་ཧོར་ཟླ་ལྔ་པ་༽ལ་གཤེགས་སོ༎
རྒྱལ་པོས། འོ་ན་བདག་ཅག་གིས་ཇི་ལྟར་གུས་པར་བྱས་པ་རྣམས་སྲས་མོས་གཟིགས་ནས་དྲང་སྲོང་ཆེན་པོ་ལ་སྦྲན་པར་འགྱུར་ཏུ་ངེས་པས། བདག་ཅག་དེར་
མཆིའོ༎
དཀའ་ཐུབ་པས། ལེགས་སོ༎ འོ་ན་བདག་ཅག་སྔོན་དུ་འགྲོ་བར་འཚལ་ལོ།། (ཞེས་སློབ་མ་བཅས་སོང་ངོ་༎)
རྒྱལ་པོས། ཀྱེ་ཁ་ལོ་པ། བསོད་ནམས་ཀྱི་གཞི་བལྟ་བ་ནི་རང་ཉིད་དག་པར་བྱེད་པ་ཡིན་པས། རྟ་རྣམས་ཁ་སྒྱུར་ཅིག
ཁ་ལོ་པས། གང་ཚེ་དང་ལྡན་པས་བཀའ་བསྩལ་པའོ༎ (ཞེས་སླར་ཡང་ཤིང་རྟའི་ཤུགས་སྣང་བར་བྱས་སོ༎ རྒྱལ་པོས་ཕྱོགས་ཀུན་ཏུ་བལྟས་ཏེ།) ཀྱེ་ཁ་ལོ་པ།
རེ་ཞིག་མ་སྨོས་ན་ཡང་ཕྱོགས་འདི་ནི་དཀའ་ཐུབ་ཀྱི་ནགས་ཚལ་ཡིན་ནོ་ཞེས་བདག་གིས་ཤེས་སོ༎
ཁ་ལོ་པས། ཇི་ལྟར།
རྒྱལ་པོས། ཅི་ཁྱོད་མི་མཐོང་ངམ། ཤིང་སྦུབས་ནེའུ་ཙོའི་ཚང་ནས་ལྷུང་བའི་མ་རྨོས་སཱ་ལུ་ལྗོན་པ་རྣམས་ཀྱི་དྲུང་ན་སྟེ། །
འགའ་ཞིག་དག་ན་ཨངྒུ་དི་ཡི་འབྲས་བུ་བརྡུང་བའི་སྣུམ་གྱིས་བགོས་པའི་རྡོ་དག་མཐོང་༎ ཆུ་ངོགས་ལམ་གྱི་ངོས་རྣམས་ཀུན་ན་ཤིར་ཤུན་གོས་
ཀྱི་འདབ་མ་ཞུ་བའི་ཆུ་ཐིག་སྟེ༎ ཡིད་བརྟན་འཐོབ་སླད་མྱུར་དུ་མི་འབྲོས་རི་དྭགས་ཚོགས་རྣམས་ཅ་ཅོའི་སྒྲ་ལ་འཇིགས་མི་བྱེད༎
གཞན་ཡང་། རླུང་གིས་བསྐྱོད་པའི་ཆུ་ངོགས་རླབས་ཀྱིས་རྩ་བ་བཀྲུས་པའི་ཡལ་ག་ཅན༎ སྦྱིན་སྲེག་དུ་བའི་ཚོན་གྱིས་བསྒྱུར་བའི་རྣམ་་པ་
གཞན་གྱི་ལོ་འདབ་འཛིན༎ ཀུ་ས་གཞོན་ནུའི་མྱུ་གུ་འཐོར་བའི་ཉེ་བའི་ས་ཡི་མཐོང་དག་ནས༎ འཇིགས་པ་མེད་པའི་རི་དྭགས་རྣམས་མདུན་གྱི་
ངོས་སུ་དལ་བུར་རྒྱུ། (ཁ་ལོ་པས་བལྟས་ནས།) ཐམས་ཅད་དེ་དེ་བཞིན་ནོ༎
རྒྱལ་པོས། ཀྱེ་ཁ་ལོ་པ། དཀའ་ཐུབ་པ་རྣམས་ལ་མི་གནོད་པའི་ཕྱིར་ཤིང་རྟ་འདིར་ཞོག་ཅིག བདག་འབབ་པར་བགྱིའོ༎ (བབས་ནས།) ཀྱེ་ཁ་ལོ་པ། ང་ཞི་
བའི་ཆས་ཀྱིས་བསྟི་གནས་སུ་འདོ་བར་བྱ་ཡི་འདི་རྣམས་ལོངས་ཤིག (ཅེས་མདའ་གཞུ་དང་རྒྱན་ཕུད་ནས་གཏད་དོ༎) ཀྱེ་ཁ་ལོ་པ། ཇི་སྲིད་ང་
བསྟི་གནས་ལྡོག་གི་བར་ཁྱོད་འདིར་སྡོད་ལ་རྟ་རྣམས་ཀྱི་རྒྱབ་བསིལ་བར་གྱིས་ཤིག
ཁ་ལོ་པས། དེ་བཞིན་ནོ༎ (ཞེས་སྨྲས་ནས་སོང་ངོ་༎ རྒྱལ་པོ་ཅུང་ཟད་འཆག་སྟེ་ཀུན་ཏུ་བལྟས་ནས།) འདི་ནི་བསྟི་གནས་ཀྱི་སྒོ་ཡིན་ནོ༎ འོ་ན་བདག་འཇུག་
པར་བགྱིའོ༎ (ཞུགས་པ་དང་མཚན་མ་མཐོང་ནས་ངོ་མཚར་བཅས།) དཀའ་ཐུབ་དགོན་པར་དཔུང་པ་འགུལ་གྱུར་ན༎ ཞི་བའི་ནགས་སུ་འདི་ལ་
འབྲས་སུ་གང་༎ འོན་ཏེ་ཡང་ན་མ་འོངས་དངོས་པོ་རྣམས༎ འབྱུང་བའི་སྒོ་ནི་ཕྱོགས་རྣམས་ཀུན་ན་མཆིས༎ ༼སྐྱེས་པའི་དཔུང་གཡས་དང་བུད་
མེད་ཀྱི་གཡོན་འགུལ་བ་བུད་མེད་དང་སྐྱེས་པ་འཕྲད་པའི་མཚན་མར་གྲགས།༽(ཡོལ་བའི་ཕུག་ནས།) འདི་ན། འདི་ན། གྲོགས་མོ། (རྒྱལ་པོས་རྣ་
བ་གཏད་དེ།) ཨེ་མ། སྐྱེད་ཚལ་ལྗོན་པའི་གཡོན་ལོགས་ནས་གཏམ་འདྲ་བ་ཐོས་སོ༎ འོ་ན་དེར་འགྲོ་བར་བྱའོ༎ (ཅུང་ཟད་སོང་བ་དང་བལྟས་
ནས།) ཨེ་མ་དྲང་སྲོང་གི་བུ་མོ་རྣམས་རང་རང་གི་བོངས་ཚོད་དང་འཚམས་པའི་བུམ་པ་དག་ཐོགས་ཏེ་ཤིང་གཞོན་ནུ་རྣམས་ལ་ཆུ་འགྲེམས་པའི་
སླད་དུ་འོངས་སོ༎ ཨེ་མ་ཧོ། འདི་དག་གི་བྱད་ཀྱི་མཛེས་སྡུག གལ་ཏེ་སླས་སུ་རྙེད་དཀའི་ལང་ཚོ་མ༎ དཀའ་ཐུབ་ནགས་ཀྱི་ལུས་ཅན་འདི་དག་
ན༎ ནགས་ཀྱི་འཁྲི་ཤིང་རང་གི་ཡོན་ཏན་གྱིས༎ ཀུན་དགའ་རྭ་བའི་འཁྲི་ཤིང་ཕམ་པ་ཉིད༎ འོ་ན་ཤིང་གི་གྲིབ་མ་འདི་ལ་ཡིབ་ནས་བལྟ་བར་
བྱའོ༎ (ཞེས་དེ་བཞིན་དུ་བྱས་སོ༎ དེ་ནས་བཤད་པ་ལྟར་གྱི་ལས་བྱེད་པའི་བྱ་ལེན་པ་གྲོགས་མོ་གཉིས་དང་བཅས་པ་སླེབས་ནས།)
བྱ་ལེན་མས། འདི་ན་འདི་ན། གྲོགས་མོ།
མ་སྨད་མས། ཀྱེ་བྱ་ལེན་མ། མེས་པོ་ཀཎཝ་ནི་ནགས་ཀྱི་མལླི་ཀའི་མེ་ཏོག་འདྲ་བའི་མཛེས་མ་ཁྱོད་ཀྱང་ཤིང་ལ་ཆུ་འགྲེམ་པའི་སླད་དུ་བསྐུལ་ན། ཅི་བསྟི་གནས་
ཀྱི་ཤིང་ཕྲན་འདི་དག་ལ་ཁྱོད་ལས་ཀྱང་བྱམས་པ་ཉིད་དུ་ལྟ།
བྱ་ལེན་མས། ཡབ་ཀྱི་བཀའ་ཁོ་ན་མ་ཡིན་གྱི་བདག་རང་ཉིད་ཀྱང་ཤིང་ལྗོན་པ་འདི་དག་ལ་སྤུན་གྱི་བརྩེ་བ་ཉིད་མཆིས་སོ༎(ཞེས་ཤིང་ལ་རྫིང་སྐྱིལ་བར་བྱེད་
དོ༎ (རྒྱལ་པོས་རང་ལ།)༼ཆིག་ལབ་ཏུ།༽ཀཎཝའི་བུ་མོ་ནི་འདི་ཡིན་ནོ༎ (ངོ་མཚར་དང་བཅས།) ཀྱེ་མ། ཀཎཝ་ནི་ལེགས་པར་མི་སེམས་པ་ཉིད་དེ་
གང་གི་ཕྱིར་བུ་མོ་འདི་འདྲ་བ་ཡང་བསྟི་གནས་ཀྱི་ཆོས་སུ་བཅུག་གོ། ཐུབ་པ་གང་ཞིག་ཡིད་འཕྲོག་འདི་ལུས་ཀྱིས༎ ངེས་པར་དཀའ་ཐུབ་གྲུབ་པ་
དོན་གཉེར་བ༎ དེ་ནི་ཨུཏྤལ་སྔོན་པོའི་འདབ་མ་ཡིས༎ མཆོད་སྦྱིན་ཡམ་ཤིང་གཅོད་ལ་བརྩོན་པ་ཉིད༎ འོ་ན་ཤིང་གི་གསེབ་ཏུ་བག་ལྷོད་ལ་
བལྟ་བར་བྱའོ༎ (ཞེས་དེ་བཞིན་དུ་བྱས་སོ༎)
བྱ་ལེན་མས། ཀྱེ་གྲོགས་མ་སྨད་མ། པྲིཡཾབདཱས་བདག་ལ་ཤིང་ཤུན་བསྐོན་པ་འདི་ཤིན་ཏུ་ཡང་བསྡམས་པར་གྱུར་གྱིས་ཅུང་ཟད་གློད་ཅིག
མ་སྨད་མས། དེ་བཞིན་དུ་བྱའོ༎ (ཞེས་ལྷོད་པོར་བྱས་སོ༎ པྲིཡཾབདཱ་གད་མོ་དང་བཅས།)་ཀ་ཡེ་བྱ་ལེན་མ། ཁྱོད་རང་གི་ནུ་མ་འཕེལ་བར་བྱེད་པའི་རང་ཉིད་ཀྱི་
ལང་ཚོ་ལ་སྐྱོན་བརྗོད་པར་རིགས་ཀྱི་བདག་ལ་སྐྱོན་དུ་མ་སྨྲ་ཞིག
རྒྱལ་པོས། (རང་ལ།)ལེགས་པར་སྨྲས་སོ༎ ཕྲག་པའི་ཡུལ་དུ་ཕྲ་མོའི་མདུད་པ་བཅས༎ ནུ་མའི་འབུར་གྱིས་མཐོ་བའི་ཤིང་ཤུན་འདིས༎ ལོ་མ་སེར་སྐྱས་
གཡོགས་པའི་མེ་ཏོག་བཞིན༎ གཞོན་ལས་འདི་ལ་ལང་ཚོ་སྤེལ་མ་བྱས༎ (ཡང་བསམས་ནས།) རྣམ་པ་གཅིག་ཏུ་ན་ཤིང་ཤུན་འདི་འདིའི་ཚེ་
དང་མི་མཐུན་དུ་ཆུགས་ཀྱས་ཅིའི་ཕྱིར་འདི་ལ་རྒྱན་གྱི་བྱ་བ་དག་ཀྱང་མ་བྱས། འདམ་བུའི་ཚལ་ན་མཚོ་སྐྱེས་མཛེས་པ་སྟེ༎ ར་རིས་བརྒྱན་པའི་ཟླ་
བ་ཡིད་འོང་ཉིད༎ ཤིང་ཤུན་གྱོན་ཡང་ཕྲ་ལ་ལྡེམ་པའི་ལུས༎ མཛེས་སྡུག་ཅན་ལ་རྒྱན་དུ་མི་འགྱུར་གང་༎
བྱ་ལེན་མས། (སྔོན་དུ་བལྟས་ནས།) ཀེ་ས་རའི་ཤིང་ལྗོན་པ་འདིས་རླུང་གིས་བསྐྱོད་པའི་སོར་མོས་བདག་ལ་འབོད་པར་བྱེད་དོ༎ འོ་ན་འདིར་འགྲོ་བར་བྱའོ༎
(བྱ་ལེན་པ་དེར་སོང་ནས་ཤིང་ལ་བསྙེས་ཏེ་འགྲེང་བཞིན་གནས།)
པྲིཡཾབདཱས། ཀྱེ་བྱ་ལེན་མ། འདིར་ཅུང་ཟད་སྡོད་ཅིག ཁྱོད་དང་ལྷན་ཅིག་པའི་ཀེ་ས་རའི་ཤིང་ལྗོན་པ་འདི་འཁྲི་ཤིང་དང་བཅས་པ་བཞིན་དུ་མཐོང་ངོ་༎
བྱ་ལེན་མས། ཀྱེ་དེའི་ཕྱིར་ཁྱོད་པྲིཡཾབདཱ། ༼དགའ་བར་སྨྲ་བའམ་སྨྲ་འཇམ་པ།༽ ཡིན་ནོ༎
རྒྱལ་པོས། (རང་ལ།) སྨྲ་འཇམ་མ་ཡིན་དུ་ཟད་མོད། སྨྲས་པ་དེ་ནི་དེ་ཁོ་ན་བཞིན་ནོ༎ གསར་སྐྱེས་འདབ་མའི་མདངས་ལྡན་མཆུ་ཡི་སྒྲོས༎ ཡིད་འོང་ལྕུག་
མའི་རྗེས་བྱེད་ལག་པ་བཟུང་༎ ཡང་དག་འདོད་བྱ་མེ་ཏོག་ལྟ་བུ་ཡི༎ ལང་ཚོའི་དཔལ་གྱིས་ཡན་ལག་རྣམས་ལ་འཁྱུད༎
མ་སྨད་མས། ཀྱེ་བྱ་ལེན་མ། ཁྱོད་གང་ལ་ནགས་ཀྱི་འོད་ཟེར་མ་ཞེས་རྟག་ཏུ་འབོད་པ། བདག་པོའི་ཨམྲའི་རྐུང་འཐུང་གི་ཆུང་མར་གྱུར་པའི་མལླིཀ་གསར་པ་
འདི་མཆིས་ན། ཅི་ཁྱོད་དེ་ལ་ཆུ་སྦྱིན་པ་བརྗེས་པར་གྱུར་ཏམ། ༼གོང་འོག་མང་པོར་བྱ་ལེན་མ་མལླིཀ་ལ་ཤིན་ཏུ་གཅེས་སྤྲས་ཆེ་བར་སློབ་དཔོན་
གྱིས་བཅོས་སོ༎༽
བྱ་ལེན་མས། དེ་བརྗེད་པ་ནི་བདག་ཉིད་བརྗེད་པ་ཡིན་ནོ༎ (འཁྲི་ཤིང་ལ་བལྟས་ནས།) ཨེ་མ། འཁྲི་ཤིང་གཞོན་ནུ་མ་རྐང་འཐུང་དང་བཅས་པ་འདི་ལ་ཡིད་
འཕྲོག་པའི་དུས་ཀྱི་འགྱུར་བ་དག་གསལ་ཏེ། ནགས་ཀྱི་འོད་ཟེར་མའི་ལང་ཚོའི་མེ་ཏོག་ནི་ཤར། འཇམ་ལ་མཉེན་པའི་ཨམྲའི་ལོ་འདབ་རྣམས་ནི་
ལོངས་སྤྱོད་པར་འོས་པ་ཉིད་དུ་གྱུར་ཏོ༎ (པྲིཡཾབདཱ་འཛུམ་དམུལ་ཏེ།) མ་སྨད་མ། གང་གི་སླད་དུ་བྱ་ལེན་མ་ནགས་ཀྱི་འོད་ཟེར་མ་ནན་ཏན་དུ་
ལྟ་བར་བྱེད།
མ་སྨད་མས། གྲོགས་མོ། མི་ཤེས་ཀྱི་སྨོས་ཤིག
པྲིཡཾབདཱས། ཇི་ལྟར་ནགས་ཀྱི་འོད་ཟེར་མ་འདི་མཐུན་པའི་རྐང་འཐུང་དང་ལྷན་ཅིག་པ་བཞིན་དུ་བདག་ཀྱང་བདག་ཉིད་མཐུན་པའི་བདག་པ་དང་ལྷན་ཅིག་
ཏུ་ནམ་ཞིག་ན་གནས་པར་འགྱུར་སྙམ་དུ་རྗེས་སུ་སེམས་ཤིང་བལྟའོ༎ (བྱ་ལེན་མ་རྨད་དུ་བྱུང་བ་དང་བཅས།) ཁྱོད་རང་ཉིད་དེ་ལྟར་འདོད་པ་
ཡིན་ནོ༎ (ཞེས་བུམ་པ་བཏེགས་སོ༎)
རྒྱལ་པོས། ཀྱེ་མ། འདི་ནི་རིགས་ཀྱི་བདག་པོའི་རང་རིགས་ཀྱི་ཞིང་ལས་བྱུང་བ་ཡིན་ཡང་དག (དེ་ལྟ་ན་ནི་རིགས་མཆོག་གི་བྲམ་ཟེ་བུ་མོ་རྒྱལ་རིགས་ལ་ཇི་
ལྟར་སྦྱིན།) ཡང་ན་ནི་རྟོག་པ་དོན་མ་མཆིས་པ་ཉིད་དེ༎ རང་སེམས་འཕགས་པས་འདམ་ཕྱིར་ན་ཅུང་འདི༎ ངེས་པར་རྒྱལ་པོའི་རིགས་ཀྱིས་
བཟུང་བྱར་ཤེས༎ གང་ཕྱིར་ཐེ་ཚོམ་དོན་ལ་དཔྱོད་པ་ན༎ དམ་པ་རྣམས་ལ་རང་བློ་ཚད་མ་ཉིད༎ འོན་ཀྱང་འདིའི་ངེས་པ་ཉིད་མོ་ལས་ཤེས་
པར་བྱའོ༎
བྱ་ལེན་མས། (མལླིཀ་ལ་ཆུ་བཏང་།) (འཇིགས་པ་དང་བཅས།) ཨེ་མ། ཆུའི་ཉར་མ་ཕགས་པ་ལས་སྦྲང་རྩི་བྱེད་པ་རྣམས་མལླིཀ་བོར་ནས་བདག་གི་གདོང་ལ་
འོངས་སོ༎ (ཞེས་སྦྲང་རྩི་བྱེད་པ་རྣམས་གར་བྱེད་དོ༎)
རྒྱལ་པོས། (བལྟས་ནས་རང་ལ།) ཨེ་མ་རེ་ཞིག་འདི་འཇིགས་པའི་དབང་གིས་གདོང་བསྒྱུར་བ་ཉིད་ཀྱང་ཡིད་དུ་འོངས་པ་ཉིད་ཡིན་ནོ༎ གང་དང་གང་དུ་
བུང་བ་ལྡིང་འཁོར་བ༎ དེ་དང་དེ་རུ་རྣམ་པར་གཡོ་བའི་མིག། དེ་རིང་གློ་བུར་འཇིགས་པའི་བྲེད་ཤ་འདི༎ མི་འདོད་མཛེས་མའི་རྣམ་འགྱུར་
ཁྱོད་ལ་བརླབ༎ (རྨད་དུ་བྱུང་བ་དང་བཅས།) རྣམ་པར་འཕྲུལ་བའི་བལྟ་བ་དང་བཅས་བསྐྱོད་ཅིང་བསྐྱོད་པའི་ལུས་ཅན་ལུས་ལ་རེག་བྱེད་ཅིང་།
ཉེ་བར་འཁོར་རྣ་བའི་དྲུང་དུ་གསང་བའི་གཏམ་བཞིན་འཇམ་པའི་དབྱངས་དག་བླངས་བྱས་ཏེ༎ ཀུན་ནས་མྱོས་བྱེད་དམར་བའི་མཆུ་སྒྲོས་མ་
ལུས་ཆང་གི་ཉིང་ཁུ་ལ་ནི་འཐུང་བྱེད་པ། ཀྭ་ཡེ་རེ་འབྲས་རྗོགས་པའི་བུང་བ་དོན་དམ་བསམསན་ཁྱོད་ཀྱིས་ཁོ་བོ་བསད་པ་ཉིད།
བྱ་ལེན་མས། ངན་པ་འདི་དག་ད་དུང་ཡང་མི་འགྲོ་ན་བདག་གཞན་དུ་མཆིའོ༎ (གོམ་པ་འགའ་བོར་ནས་མིག་གཡོ་བཞིན།) ཅི་ལྟ་བུ་ཞིག འདིར་ཡང་སླེབས་
སོ༎ ཀྱེ་གྲོགས་མོ་དག སྦྲང་བུ་མ་དུལ་བ་དག་གིས་བདག་གཙེས་པར་བྱས་ཀྱི་སྲུངས་ཤིག (གཉིས་ཀ་གད་མོ་དང་བཅས།) བདག་ཅག་གིས་ག་
ལ་བསྲུང་བར་ནུས། དཀའ་ཐལ་གྱི་ནགས་ཚལ་འདི་གང་གིས་བསྲུང་བའི་རྒྱལ་པོ་དུཥྱནྟ་ལ་སྨོས་ཤིག (རྒྱལ་པོས་བདག་རྣམ་པར་གསལ་
བའི་དུས་ནི་འདི་ཡིན་ནོ་སྙམ་ནས།) མ་འཇིགས། (ཞེས་ཕྱེད་ཙམ་སྨྲས་ནས།)(བདག་རྒྱལ་པོ་ཉིད་དུ་འཚལ་བར་འགྱུར་གྲང་།) ཅི་འདིར་ཡང་
བདག་གི་རྗེས་སུ་འོངས་སོ༎ (རྒྱལ་པོས་མྱུར་དུ་ཉེ་བར་སླེབས་ནས།) ངན་པ་རྣམ་འཇོམས་གང་པོའི་རིགས༎ ས་འདི་སྐྱོང་བར་གྱུར་བ་ན༎
རྨོངས་མ་དྲང་སྲོང་བུ་མོ་རྣམས༎ སུ་ཞིག་གིས་ནི་གཙེས་པར་བྱས༎ (ཐམས་ཅད་རྒྱལ་པོ་ལ་བལྟས་ནས་ཅུང་ཟད་ངོ་ཚ་བཞིན་གནས་སོ༎)
མ་སྨད་མས། ཇོ་བོ་སུས་ཀྱང་གཙེས་པར་མ་བྱས་ཀྱི་བུང་བ་རྣམས་ཀྱིས་བདག་ཅག་གི་མཛའ་གྲོགས་མི་འདི་ཞུམ་པར་བྱས་སོ༎ (ཞེས་བྱ་ལེན་མ་བསྟན་ནོ༎)
རྒྱལ་པོས། (བྱ་ལེན་མ་ལ་མངོན་དུ་བལྟས་ཏེ།) དཀའ་ཐུབ་འཕེལ་ལམ། (བྱ་ལེན་མ་གདོང་བཏུད་དེ་ལན་མི་སྨྲ་བར་སྡོད་དོ༎)
མ་སྨད་མས། དེང་མགྲོན་གྱིས་དམ་སྩལ་ནའོ༎ (བྱ་ལེན་མ་ལ་ཕྱོགས་ཏེ།) ཀྱེ་བྱ་ལེན་མ། སྤྱིལ་བུར་སོང་ལ་ཤིང་འབྲས་དང་མཆོད་ཡོན་ཁྱེར་ལ་ཤོག་ཅིག འདིས་
ཞབས་བསིལ་བར་བགྱིའོ༎ (ཞེས་ཆུ་བུམ་ལ་ལྟའོ༎)
རྒྱལ་པོས། ཁྱེད་ཅག་གིས་ལེགས་པར་བདེན་པའི་ཚིག་ཉིད་ཀྱིས་གློ་བུར་བའི་བསྙེན་བཀུར་བསྟབས་ཟིན་ཏོ༎
པྲིཡཾབདཱས། འོ་ན་ལོ་མ་བདུན་པའི་འཇུག་སྟེགས་ཀྱི་གྲིབ་བསིལ་འདིར་བཞུགས་ལ་སྙེལ་བསངས་པར་མཛོད་ཅིག
རྒྱལ་པོས། འོ་ན་ཁྱེད་ཅག་ཀྱང་ལས་ཀྱིས་དུབ་པར་ཤེས་སོ༎
མ་སྨད་མས། བྱ་ལེན་མ་གློ་བུར་བ་རྣམས་ལ་བསྙེན་པ་ནི་རིགས་པ་ཉིད་ཡིན་པས་བདག་ཅག་ཀྱང་འདིར་སྡོད་དོ༎ (བྱ་ལེན་མས་རང་ལ།) ཅི་ལྟ་བུ་ཞིག་བདག་
གིས་འདི་ལ་དྲང་སྲོང་གི་གནས་དང་མི་མཐུན་པའི་སེམས་ཀྱི་རྣམ་འགྱུར་དག་མཐོང་ངོ་༎
རྒྱལ་པོས། (གསུམ་ཀ་ལ་བལྟས་ནས།) ཨེ་མ་ཁྱེད་ཅག་གཟུགས་དང་ན་ཚོད་མཉམ་པ་བཞིན་དུ་ལེགས་པའི་སེམས་ཉིད་ཀྱང་ཡིན་ནོ༎
པྲིཡཾབདཱས། (གྲོགས་ཀྱི་ནང་དུ་ཕྱོགས་ནས།) མ་སྨད་མ། འདིས་འཇམ་པར་སྨྲས་པའི་འདི་ཉིད་ཀྱིས་མཁས་པ་ཟབ་མོའི་གཡོ་བ་ཅན་དུ་སྟོན་པར་བྱེད་དོ༎
མ་སྨད་མས། གྲོགས་མོ་བདག་ཀྱང་ངོ་མཚར་རོ༎ འོ་ན་ཁོ་རང་ལ་དྲིའོ༎ (རབ་ཏུ་གསལ་བར་བྱས་ནས།) ཁྱོད་ཀྱིས་འཇམ་པར་གསུངས་པ་ཉིད་ཀྱིས་བསྐྱེད་པའི་
སྤོབས་པ་འདིས་ངན་བུ་ལ་གཏམ་བྱ་བའི་སྐབས་ཉིད་བསྟན་ན། ཇོ་བོ་ཁྱོད་རྒྱལ་པོའི་དྲང་སྲོང་གི་རིགས་གང་གི་རྒྱུན་ཏུ་གྱུར། ༼རིགས་གཉིས་
ལས་གོའུ་ཏམ་སོགས་རྒྱལ་པོའི་དྲང་སྲོང་དང་། ཀཤྱཱབ་སོགས་བྲམ་ཟེའི་དྲང་སྲོང་དུ་བཤད་དོ༎༽
གང་ཞིག་བྲལ་བ་ལས་ཐུགས་ལ་བཅགས་པའི་ལུས་ཅན་དག་ཀྱང་གང་དུ་མཆིས། གང་གི་སླད་དུ་གཞོན་ཤ་ཅན་གྱི་སྐུ་དཀའ་ཐུབ་ཀྱི་ནགས་སུ་
ཉོན་མོངས་པར་མཛད། (བྱ་ལེན་མས་རང་ལ།) ཀྱེ་ཡིད་བྲེལ་མ་བྱེད་ཅིག མ་སྨད་མས་ཁྱོད་གང་འདོད་པ་དྲིས་སོ༎ (རྒྱལ་པོས་རང་ལ།) བདག་
གིས་གང་ཞིག་གསལ་བར་བྱ༎ ཇི་ལྟར་རང་ཉིད་༼རྫུན་སྨྲས་ནས་༽བསླུ་བར་ཡང་བགྱིད༎ འོ་ན་འདི་ཙམ་སྨྲ་བར་བྱའོ༎ (རབ་ཏུ་གསལ་བར་བྱས་
ནས།) གང་ལ་པུ་རིའི་རིགས་ཀྱི་རྒྱལ་པོས་ཆོས་ཀྱི་གོ་འཕང་དུ་བཞག་པ་དེ་ང་ཡིན་ཏེ།༼འདིར་རྒྱལ་པོའི་སྐྱེས་བུའམ་སྣ་བོར་གོ་བར་བྱེད་དོ༎༽ བྱ་
བ་གེགས་མེད་པར་གྲུབ་པའི་སླད་དུ་ཆོས་ཀྱི་ནགས་ཚལ་འདིར་འོངས་སོ༎
མ་སྨད་མས། ཆོས་སྤྱོད་པ་རྣམས་མགོན་དང་བཅས་པའོ༎ (བྱ་ལེན་མ་ངོ་ཚ་བཅས་སྡོད་དོ༎ གྲོགས་མོ་གཉིས་ཀས་རྒྱལ་པོ་དང་བུ་མོའི་རྣམ་འགྱུར་མཐོང་ནས་
ཚུར་ཁ་ཕྱོགས་ཏེ།) བྱ་ལེན་མ། དེ་རིང་ཡབ་ཉེ་བར་བཞུགས་ན་ཨང་། (བྱ་ལེན་མས་ཅུང་ཟད་ཁྲོ་བ་དང་བཅས།) དེས་ན་ཅི་འགྱུར།
གྲོགས་མོ་གཉིས་ཀས། འདི་ལྟ་བུའི་མགྲོན་ཁྱད་པར་བ་ནི་འཚོ་བའི་བར་དུ་འབྲས་བུ་དང་བཅས་པར་བྱེད་ནུས་སོ༎
བྱ་ལེན་མས། ཕར་སོང་ཞིག ཁྱེད་ཅག་ནི་གཞན་སེམས་ཤིང་གཞན་སྨྲ་བར་བྱེད་པས་བདག་མཉན་པར་མི་སྤྲོའོ༎
དེར་རྒྱལ་པོས། བདག་ཀྱང་ཁྱེད་ཀྱི་གྲོགས་མོའི་གཏམ་འགའ་ཞིག་དྲི་བར་འདོད་དོ༎
གྲོགས་མོ་གཉིས་ཀྱིས། གསུང་བར་ཅི་གནང་།
རྒྱལ་པོས། སྐལ་ལྡན་ཀཎཝ་ནི་ཚངས་པར་སྤྱོད་པ་ཉིད་ཡིན་ནོ་ཞེས་ཀུན་ཏུ་གྲགས་ན། ཁྱེད་ཅག་གི་གྲོགས་མོ་འདི་ལ་གང་གི་སྲས་མོ་ཞེས་སྨྲ་བ་ཅི་ལྟ་བུ་ཞིག
མ་སྨད་མས། ཇོ་བོ་གསན་ཏུ་གསོལ། ཀོའུཤིཀ་ཞེས་བྱ་བའི་རིགས་ཀྱི་མཚན་ཅན་རྒྱལ་པོའི་དྲང་སྲོང་རྫུ་འཕྲུལ་ཆེ་བ་ཞིག་མཆིས་སོ༎
རྒྱལ་པོས། དེ་ཡིན་ནོ༎
མ་སྨད་མས། དེ་ནི་བདག་ཅག་གི་གྲོགས་མོ་འདིའི་སྐྱེད་པའི་ཡབ་ཡིན་ནོ་ཞེས་དགོངས་ཤིག གང་གི་ཚེ་བོར་བ་ན་བདག་གིར་མཛད་ནས་སྐྱེད་སྲིང་བའི་ཡབ་
ནི་མེས་པོ་ཀཎཝ་ཉིད་ཡིན་ནོ༎
རྒྱལ་པོས། བོར་བ་ཞེས་བྱ་བའི་ཚིག་གིས་བདག་ཡ་མཚན་མ་ཉིད་དུ་འགྱུར་གྱི། གཏམ་གྱི་གཞི་ནས་མཉན་པར་འདོད་དོ༎
མ་སྨད་མས། གསན་དུ་གསོལ། གང་གི་ཚེ་དྲང་སྲོང་དེ་གཽཏམའི་ཆུ་བོའི་འགྲམ་ན་ཤིན་ཏུ་དྲག་པོའི་དཀའ་ཐུབ་ལ་གཞོལ་བ་ན། ལྷ་རྣམས་འཇིགས་ནས་གེགས་
བྱེད་པའི་སླད་དུ་མཻནཀ་ཞེས་བྱ་བའི་ལྷའི་བུ་མོ་ཞིག་བཏང་ངོ་༎
རྒྱལ་པོས། ལྷ་རྣམས་ནི་ཆོས་ཉིད་ཀྱིས་ནི་གཞན་གྱི་བསམ་གཏན་ལ་འཇིགས་པའོ༎ དེ་ནས། དེ་ནས།
མ་སྨད་མས། ནམ་དཔྱིད་ཟླ་ར་བ་ལ་བབས་པ་ན་དྲང་སྲོང་གིས་མྱོས་བྱེད་ཀྱི་གཟུགས་ཅན་མ་དེ་མཐོང་ནས། (ཞེས་ཕྱེད་སྨྲས་ནས་ངོ་ཚ་བས་བསྡད་དོ། །དེ་ལ་
མཻནཀ་དྲང་སྲོང་དང་འདུས་པ་ལས་བུ་མོ་ཞིག་བཙས་ཏེ་བོར་བ་བྱ་རྣམས་ཀྱིས་བསྐོར་ཅིང་བསྲུང་བ་ཀཎཝས་མཐོང་བསྐྱེད་པ་བྱ་ལེན་མའོ་ཞེས་
བཤད་དོ༎)
རྒྱལ་པོས། ཕ་རོལ་ཏུ་ཤེས་སོ༎ ཐམས་ཅད་དུ་ལྷ་ལས་བྱུང་བ་ཉིད་ཡིན་ནོ༎
མ་སྨད་མས། དེ་ལས་གཞན་དུ་ཅི།
རྒྱལ་པོས། མཇལ་ཏོ། གཞན་དུ་ན། མི་མོ་མི་ལས་སྐྱེས་པ་ལ༎ ལང་ཚོ་འདི་ལྟ་ག་ལ་འོངས༎ རབ་གསལ་ཟླ་བའི་འོད་དག་ནི༎ ས་ཡི་མཐིལ་ལས་འབྱུང་བ་
མིན༎ (བྱ་ལེན་མས་གདོང་སྨད་ནས་གནས་སོ༎)
རྒྱལ་པོས། (རང་ལ) བདག་གི་རེ་བའི་འབྲས་མ་སྟོང་ངོ་༎ འོན་ཀྱང་གྲོགས་མོས་གད་མོ་དང་བཅས་ཁྱིམ་ཐབ་ཀྱི་རེ་བ་ཡང་གསལ་བར་བྱས་པ་འདི་ནི་རེ་
ཞིག་ཐེ་ཚོམ་གྱི་གནས་སོ༎ (པྲིཡཾབདཱས་བྱ་ལེན་མའི་གདོང་ལ་བལྟས་ནས་ཅུང་ཟད་འཛུམ་སྟེ། འདྲེན་པའི་གདོང་དུ་ཕྱོགས་ནས།)
ཇོ་བོ་ནི་དོན་གཞན་ཡང་ཅུང་ཟད་ཅིག་གསུང་བཞེད་པ་ལྟར་སྣང་ངོ་༎ (བྱ་ལེན་མས་གྲོགས་མོ་དེ་ལྟར་མ་སྨྲ་ཞིག་ཅེས་པའི་སོར་བརྡ་བྱེད་དོ༎)
རྒྱལ་པོས། ཁྱོད་ལེགས་པར་རིགས་ཏེ། དམ་པའི་སྤྱོད་པ་འཚོལ་བའི་ཕྱིར་བདག་གཞན་ཡང་དྲི་བར་འདོད་དོ༎
པྲིཡཾབདཱས། དཀའ་ཐུབ་ཀྱི་སྐྱེས་བུ་རྣམས་ནི་དྲི་བ་ལ་དགག་པ་ཅི་ཡང་མ་མཆིས་ཀྱི། ཅི་བཞེད་པ་གསུང་ཞིག
རྒྱལ་པོས། ཅི་ཞེས་ཁྱོད་ཀྱི་གྲོགས་མོའི་ཚུལ་ཅུང་ཟད་ཅིག་ཤེས་པར་འདོད་དོ༎ ཅི་འདི་ཡིད་སྲུབས་བསམ་པ་རྣམ་འགོག་པའི༎ དཀའ་ཐུབ་ཚུལ་འདིས་བག་
མའི་བར་དུའམ༎ འོན་ཏེ་རི་དྭགས་མྱོས་པའི་མིག་ཅན་མ༎ འདི་རྣམས་འགྲོགས་ནས་རྟག་ཏུ་སྡོད་པ་ལ༎
པྲིཡཾབདཱས། ཇོ་བོ་རེ་ཞིག་ལུས་ཅན་མ་འདི་ཆོས་སྤྱོད་པ་ཡང་གཞན་གྱི་དབང་ཅན་ཡིན་མོད། འོན་ཀྱང་འདིའི་བླ་མ་ནི་མཐུན་པའི་བདག་པོ་ལ་སྟེར་བར་
བཞེད་དོ༎
རྒྱལ་པོས། བཞེད་པ་དེ་ལ་ཚེགས་མེད་དོ༎ (རང་ལ)ཀྭ་ཡེ་ཡིད་གཉིད་རྣམ་སྤོང་ལ༎ དགའ་བའི་རེ་འདོད་ལྡན་པར་མཛོད༎ གང་ལ་མེ་ཞེས་ཁྱོད་སེམས་པ༎
རེག་པར་བྱ་བའི་ནོར་བུ་ཉིད༎ (བྱ་ལེན་མ་འཇིགས་པ་ལྟར་ཡར་ལངས་ཏེ།) མ་སྨད་མ། བདག་འགྲོ་བར་བགྱིའོ༎
མ་སྨད་མས། ཅིའི་ཕྱིར།
བྱ་ལེན་མས། པྲིཡཾབདཱས་མི་རིགས་པའི་གཏམ་འདི་སྙེད་ཅིག་སྨྲས་པ་དག་བདག་འཕགས་མ་གཽཏམ་ལ་ཞུ་བའི་སླད་དུ་འགྲོའོ༎
མ་སྨད་མས། གྲོགས་མོ་དེ་ལྟར་མ་བྱེད་ཅིག གློ་བུར་བའི་མགྲོན་ལ་གུས་པ་མེད་པར་སྤངས་ནས་རང་འདོད་ཀྱིས་འགྲོ་བ་དེ་ནི་མི་རིགས་སོ༎ (བྱ་ལེན་མས་ལན་
མ་སྨྲས་པར་སོང་ངོ་༎ རྒྱལ་པོས་དེ་བཟུང་ན་སྙམ་ཡང་རང་ཉིད་བསྡམས་ནས།) ཀྱེ་མ་འདོད་པའི་སྐྱེས་བུ་རྣམས་ཀྱི་ལུས་ཅི་ལྟ་བ་དེ་ལྟ་བུར་
སེམས་ཀྱང་ཡིན་ནོ༎ དྲང་སྲོང་བུ་མོའི་རྗེས་སྙེགས་པ༎ སྐད་ཅིག་དུལ་བས་བསྡམས་བྱས་ཏེ༎ གནམ་ལས་གཡོ་བར་མ་བྱས་ཀྱང་༎ སོང་ནས་ལྡོག་
པ་ཡིན་སྙམ་བྱེད༎
པྲིཡཾབདཱས། (མྱུར་དུ་བྱ་ལེན་མ་བཟུང་ནས།) ཀྱེ་ཁྱོད་འགྲོ་བ་མི་རིགས་སོ༎ (བྱ་ལེན་མ་སྨིན་མའི་རྣམ་འགྱུར་དང་བཅས།) ཅིའི་སླད་དུ།
པྲིཡཾབདཱས། ཁྱོད་ད་དུང་རང་གི་སྐལ་བའི་ཤིང་ཕྲན་གཉིས་ལ་ཆུ་མ་བཏང་ངོ་༎ ཤོག་ཅིག་རྗེ་རང་ཉིད་ཐར་པར་གྱིས་ལ་དེ་ནས་སོང་ཞིག (ཅེས་
ཤུགས་ཀྱིས་དྲངས་སོ༎)
རྒྱལ་པོས། ཀྱེ་བཟང་མོ་འདི་ལས་མང་དུ་བྱས་པས་ངལ་ལོ་སྙམ་སྟེ། འདི་ལྟ་བུའི་ཕྱིར། ཆུ་བུམ་བཏེགས་ལས་དམར་པའི་ལག་པ་ཕྲག་ངོས་ནས་ལྷུང་གྱུར་
ཅིང་༎ བཞིན་རས་རྔུལ་ཆུའི་དྲ་བའི་ཁུར་གྱིས་རྣ་བའི་མེ་ཏོག་འཕྱང་བར་ལྡན༎ བཅིང་བ་རབ་བྲལ་འཛིངས་པའི་མགོ་སྐྱེས་ཡ་གཅིག་ལག་པས་
འཛིན་བཞིན་དུ༎ ད་དུང་ཚད་ལས་འདས་པའི་དབུགས་ཀྱིས་ནུ་མ་ཟུང་དག་འགུལ་བར་བྱེད༎ དེའི་ཕྱིར་བདག་འདི་ལ་བུ་ལོན་མེད་པར་བྱ་བའི་
སླད་དུ་སོར་གདུབ་འདི་སྟེར་བར་བྱའོ༎ (གཉིས་ཀས་སོར་གདུབ་ཀྱི་ཡི་གེ་བཀླགས་ཏེ།) ༼སོར་རྒྱའི་སྟེང་དུ་རྒྱལ་པོས་ཡོངས་སུ་བཟུང་བ་བྱ་བ་
ཡོད་པས།༽ ཕན་ཚུན་མིག་གིས་ལྟ་བར་བྱེད་དོ༎
རྒྱལ་པོས། བཟང་མོ་དག གཞན་དུ་མ་སེམས་ཞིག གང་རྒྱལ་པོས་ཡོངས་སུ་བཟུང་བ་ཞེས་བྱ་བས་ནི། བདག་ལ་རྒྱལ་པོའི་སྐྱེས་བུ་ཉིད་དུ་བལྟ་བར་བྱའོ༎
པྲིཡཾབདཱས། འོ་ན་སོར་རྒྱན་འདི་སོར་མོ་ལས་ཕྲལ་བར་བྱ་མི་དགོས་ཀྱི། ཇོ་བོའི་གསུང་འབའ་ཞིག་གིས་འདི་ལ་བུ་ལོན་མེད་པར་བྱའོ༎ (ཅུང་ཟད་བགད་
ནས།) བྱ་ལེན་མ། ད་ནི་སྙིང་རྗེ་ཅན་གྱི་ཇོ་བོའམ་རྒྱལ་པོ་ཆེན་པོ་འདིས་ཁྱོད་རྣམ་པར་ཐར་བར་བྱས་ཟིན་པས་གང་དགའ་བར་སོང་ཞིག
བྱ་ལེན་མས། (རང་ལ།) གལ་ཏེ་ཁྱོད་འགྲོ་ནུས་ན་འགྲོ་བར་ཟད་དོ༎ (ངག་ཏུ་གསལ་བར་བྱས་ནས།) བདག་སྐད་ཅིག་སྐད་ཅིག་གིས་འཆིང་བ་དང་ཐར་བར་
བྱེད་ཁྱོད་སུ་ཞིག
རྒྱལ་པོས། (བྱ་ལེན་མ་ལ་བལྟས་ནས་རང་ལ།) ཇི་ལྟ་བུ། འོན་ཏེ་བདག་འདི་ལ་ཡིན་པ་བཞིན་དུ་འདི་བདག་ལ་ཡང་ཡིན་ནམ་ཡང་ན་ནི་བསམ་པའི་གནས་
བཞིན་ཏེ། གང་གི་ཕྱིར། ལྷན་ཅིག་སྨྲ་བའི་ཚིག་ལན་མི་སྟེར་ཡང་༎ བརྗོད་པའི་གཏམ་ལ་རྣ་བ་གཏོད་པ་བཞིན༎ གདོང་ལ་གདོང་དུ་ཕྱོགས་པར་
མི་སྡོད་དེ༎ གཞན་ལ་གཡེང་བའི་དྲན་པ་བསྡུས་པ་བཞིན༎ (ཡོལ་བའི་ཕུགས་ནས།) ཀྱེ་ཀྱེ་དཀའ་ཐུབ་པ་རྣམས། དཀའ་ཐུབ་ཀྱི་ནགས་བསྲུང་བའི་
སྟ་གོན་གྱིས་ཤིག ས་སྐྱོང་དུཥྱནྟ་རྔོན་བྱེད་དུ་ཉེ་བར་སླེབས་སོ༎ འདི་ལྟར་མགྱོགས་འགྲོའི་རྨིག་པས་བརྡུང་བའི་རྡུལ༎ འཛིན་པའི་ཤིང་ལས་ཆུ་
ཐིགས་དམར་པོའི་ཚོགས༎ མཚམས་ཀྱི་འོད་ཆགས་ནུབ་ཀའི་སྦྲང་ཚོགས་བཞིན༎ ཤིང་ཤུན་གྱོན་པའི་སྟེང་དུ་འབེབས་པར་བྱེད༎ གཞན་ཡང་།
སྟོབས་ཀྱིས་བཅགས་པའི་ཤིང་ཆེན་ཡལ་ག་མཆེ་བ་གཅིག་གིས་རྣམ་ཐོགས་ཤིང་།། མྱུར་མགྱོགས་རྐང་པས་འཐེན་ཅིང་དྲངས་པའི་འཁྲི་ཤིང་ཞགས་
པའི་གདུབ་ཀོར་ཅན༎ ཤིང་རྟ་མཐོང་ནས་འཇིགས་པའི་གླང་པོ་རི་དྭགས་ཚོགས་རྣམས་དབྱེར་བྱེད་པ༎ དཀའ་ཐུབ་གེགས་བྱེད་གཟུགས་ཅན་
བཞིན་དུ་ཆོས་ཀྱི་ནགས་ཚལ་ནང་འདིར་སླེབས༎ (བུ་མོ་རྣམས་ཅུང་ཟད་མི་དགའ་བ་དང་བཅས་རྣ་བ་གཏད་ཅིང་གནས་སོ༎)
རྒྱལ་པོས། (རང་ལ།) ཨ་ཧོ། ངྷིཀ྄ གྲོང་པ་རྣམས་བདག་ལ་བལྟ་བའི་ཕྱིར་ནགས་ཚལ་གང་ཞིང་ལྷགས་སོ༎ འོ་ན་འདི་དག་གི་མདུན་དུ་འགྲོ་བར་བྱའོ༎
གྲོགས་མོ་གཉིས་ཀྱིས། ཇོ་བོ་ནགས་ཀྱི་ཅ་ཅོ་འདིས་ཡིད་བློང་བློང་པར་བྱས་པས། བདག་ཅག་སྤྱིལ་པོ་ལ་འགྲོ་བའི་སླད་དུ་གནང་བར་མཛད་དུ་གསོལ། (རྒྱལ་
པོས་མྱུར་དུ།) ཁྱེད་རྣམས་གཤེགས་པར་མཛོད་ཅིག བདག་ཀྱང་བསྟི་གནས་ལ་མི་གནོད་པའི་སླད་དུ་བརྩོན་པར་བྱའོ༎ (ཐམས་ཅད་ཡར་ལངས་
ནས།)
གྲོགས་མོ་གཉིས་ཀྱིས། ཇོ་བོ་ལ་གློ་བུར་བའི་བསྙེན་བཀུར་ཉིད་ཀྱང་བསྟབས་མ་ནུས་པས། སླར་མཇལ་བའི་སླད་དུ་གསོལ་བ་ལ་ཡང་གཡར་ཚའོ༎
རྒྱལ་པོས། མ་ཡིན་ནོ༎ དེ་ལྟར་མ་ཡིན་ནོ༎ ཁྱེད་ཅག་དང་མཇལ་བ་ཉིད་བདག་གི་བསྙེན་བཀུར་ཡིན་ནོ༎ (བྱ་ལེན་མས་རྒྱལ་པོ་ལ་བལྟས་ནས་ཕྱི་བཤོལ་
ཅུང་ཟད་དང་བཅས་གྲོགས་མོ་གཉིས་དང་ལྷན་ཅིག་ཏུ་སོང་ངོ་༎)
རྒྱལ་པོས། (རང་ལ།) བདག་གྲོང་དུ་འགྲོ་བ་འདོད་པ་མ་མཆིས་ཀྱི། མ་ལ་རྗེས་སུ་འབྲང་བ་རྣམས་དང་འཕྲད་པར་བྱས་ལ་ནགས་དང་ཉེ་བར་བཞག་པར་
བྱའོ༎ ཀྱེ་མ་བདག་གི་ཡིད་ནི་བྱ་ལེན་མའི་རྣམ་པ་འདི་ལས་འབྲལ་བར་མི་ནུས་སོ༎ ལུས་ནི་མདུན་དུ་འགྲོ་བྱེད་ཅིང་༎ སེམས་ནི་རྒྱབ་ཏུ་སླར་
རྒྱུགས་པ༎ བཟློག་སྟེ་རླུང་ལ་འཁྱེར་བ་ཡི༎ རྒྱ་ནག་དར་གྱི་བ་དན་བཞིན༎ ༼འདི་ལ། ཙྭིནཾཤུཀམེབཀེཏོ༔ཞེས་འབྱུང་སྟེ། འགྲེལ་བར་ཡང་རྒྱ་ཙི་ནའི་
དར་གྱི་རྒྱལ་མཚན་ཅེས་བཤད་དོ༎ དེ་ལྟར་ན་སློབ་དཔོན་འདིའི་དུས་ཙ་ན་ཡང་རྒྱ་ངག་གི་དར་ཟབ་ཡུལ་འདིར་ཡང་གྲགས་པ་ཡིན་ནོ༎ ༽
ཅེས་ཐམས་ཅད་ཕྱིར་ལོག་གོ། ཞེས་པ་ཡན་ལག་དང་པོའོ༎)
བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་ཞེས་བྱ་བ་སློབ་དཔོན་བདག་ཉིད་ཆེན་པོ་ནག་མོའི་འཁོལ་གིས་མཛད་པ་ལས་ཡན་ཡག་དང་པོ་ཟུར་དུད་ཕྱུངས་པ་རེ་ཞིག་
རྫོགས་སོ༎
བདག་དགེ་འདུན་ཆོས་འཕེལ་གྱིས་ཡོས་ལོའི་སོས་ཀ་ཡུལ་དབུས་ཀྱི་གྲོང་ཁྱེར་སྐྱ་ནར་གྱི་བུ་བྱ་བར་བསྡད་ཅིང་སུག་བྲིས་སུ་བྱས་པའི་དཔེ་ལགས།
རྟགས་འདི་འདྲའི་༼ ༽ནང་དུ་བཅུག་པ་རྣམས་བདག་གི་མཆན་བུར་བྱེད་དགོས། བཀྲ་ཤིས༎
འདིའི་ནང་ཚིག་གོ་དཀའ་བ་ཁ་ཤས་འདུག་པ་བདག་མཉམ་ཐོས་པས་དབུལ་བ་རེ་གཉིས་ལ་ཐུགས་ཕན་གསོས་སྙམ་ནས་བརྡ་བཀྲོལ་ཅུང་ཟད་བརྗོད་པ་ལ།
ཐོག་མར།
ནགས་ཀྱི་བསེར་མ་ནི། ནགས་ཚལ་གྱི་རླུང་བསིལ་ཞིང་དལ་བའི་དོན།
ཀྲྀཥྞསར་ནི། རི་དྭགས་ཤིང་གི་མིང་ཡིན་ཏེ། དེའི་པགས་པ་དཀའ་ཐབ་པ་དག་གི་གོས་སུ་གྱོན་པ་ཡང་འབྱུང་ངོ་༎
རི་སྐྱེས་བུ་ནི། ཨུམཱ༔འི་བུ་གཞོན་ནུ་གདོང་དྲུག
ཉག་ཕྲན་ནི། མདའ་མིང་ངོ་༎
རྟ་ལྗང་ཁུ་ནི། ཉི་མའི་ཤིང་རྟ་འདྲེན་པའི་རྟར་སྣང་ངོ་༎
སླས་སུ་རྙེད་དཀའ་ནི། བཙུན་མོར་རྙེད་དཀའ་བའི་དོན།
ཡཾ་ཤིང་ནི། སྦྱིན་སྲེག་གི་ཤིང་། གང་དང་གང་དུ་བུང་བ་ལྡིང་འཁོར་བ༎ དེ་དང་དེ་རུ་རྣམ་པར་གཡོ་བའི་མིག། དེ་རིང་གློ་བུར་འཇིགས་པའི་བྲེད་ཤ་འདིས༎
མི་འདོད་མཛེས་མའི་རྣམ་པ་ཁྱོད་ལ་བརླབ༎ ཅེས་པའོ༎
བྲེད་ཤ་ནི། འཇིགས་པ་དང་། དངངས་པའི་བཞིན་གྱི་རྣམ་འགྱུར་གྱི་དོན་ཡིན་ཏེ། ཡོངས་འཛིན་ཆེན་པོ་ཡེ་ཤེས་རྒྱལ་མཚན་གྱིས། སྐྱེས་རབས་ཀྱི་འགྲེལ་བའི་བཟོད་པ་
སྨྲ་བའི་ལེའུའི་སྐབས་སུ་བུང་བ་གདོང་གི་ཕྱོགས་སུ་གཡོ་བ་ཅུང་ཟད་སྔངས་ཤིང་། དེ་མ་ཐག་འཛུམ་པས་མཛེས་པ་སྟོན་ཅེས་གསུང་བ་དང་མཐུན་ནོ༎
རྐང་འཐུང་ནི། ལྗོན་ཤིང་གི་མིང་གི་རྣམ་གྲངས་སོ༎
ཆུའི་ཉར་མ་ནི། ཆུའི་གཟེགས་མའམ། ཟིལ་པ་འཐོར་བའི་དོན།
སྦྲང་རྩི་བྱེད་པ་ནི། བུང་བའི་མིང་གི་རྣམ་གྲངས་སོ༎
མཻནཀ་ནི། ལྷའི་མཛེས་མའི་མིང་ངོ་༎
གཟུགས་ཅན་མ་ནི། མི་ན་ཡིན་པ་སོགས་འཚེ་བ་བྱེད་པའི་མིང་།
ཡིད་སྲུབས་ནི། བདུད་ཀྱི་མིང་ངོ་༎
རི་དྭགས་མྱོས་པའི་མིག་ཅན་ནི། ཆགས་ལྡན་བུད་མེད་གཞོན་ནུའི་མིང་ལ་སོགས་པ་ཤེས་པར་བྱ་དགོས་པ་འདི་ནི་ཚད་ལྡན་མཁས་པའི་གསུང་ལས་བཏུས་ཏེ་མདོ་ཕོགས་ཧོར་ཁང་སྲས་བསོད་ནམས་དཔལ་འབར་ནས་བྲིས་ཏེ་རབ་བྱུང་16་ས་གླང་ཟླ་བ་9ཚེས་22སྟོན་པ་ཐུབ་པའི་དབང་པོ་ལྷ་ལས་བབ་འི་དུས་ཆེན་དང་དུས་མཚུངས་པར་རྒྱུ་སྦྱོར་གྱིས་ལོ་ཙཱ་ཉིད་ཀྱིས་འཕྲིན་ཐོག་ནས་པར་བརྐོས་ཆོག་པའི་གནང་བ་ཐོབ་སྟེ་ཆབ་མདོ་དགེ་ལྡན་བྱམས་པ་གླིང་གི་དགོན་ཞོལ་དུ་པར་བརྐོ་སྡེ་དགེ་བ་བསྟན་འཛིན་གྱིས་ཤིང་པར་དུ་བསྐྲུན་པའོ༎
མཁས་པ་དགའ་སྐྱེས་ཟློས་གར་གཞུང་བཟང་ཚིག་དོན་སྙན་འཇེབས་ལྡན་པ་འདི༎
པར་དུ་བསྐྲུན་པའི་ཡིད་འོང་ལེགས་ཚོགས་ཀུནྡའི་དཔལ་ལྟར་དཀར་བ་ཀུན༎
དུས་མཐའི་འཚེ་བ་རླུང་ལྟར་གཡོ་ལ་འཇིགས་མེད་གོ་ཅ་བརྟན་པོ་ཡིས༎
གསར་དུ་འགྱུར་བའི་བྱེད་པོ་ཉིད་ལ་དྲིན་གསབ་དགྱེས་པའི་ཕྱིར་དུ་ཕུལ།
དགེ་ལེགས་འཕེལ།
ཞེས་པ་འདི་ཡང་དྲང་སྲོང་ལྷུང་བའི་རི་དྭགས་ཀྱི་ནགས་ཀྱི་ཉེ་བར་གནས་པ་བྷོ་ཊའི་གཙུག་ལག་སློབ་གཉེར་ཁང་ཆེན་མོར་ཟླ་བ་གཞོན་ནུར་འབོད་པས་རང་ཤག་དགོས་འདོད་ཀུན་འབྱུང་དུ་
ཉིས་སྟོང་བཅུ་ལོའི་ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན་བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭས་དཔར་སྐྲུན་གནང་བའི་༼དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ༽དེབ་གཉིས་པ་ལས་ཕན་སེམས་ཆེན་པོས་གློག་ཀླད་དུ་གཏགས་པ་ཀུན་ལ་དགེ་བར་གྱུར་ཅིག
ཞེས་པ་འདི་ཡང་དྲང་སྲོང་ལྷུང་བའི་རི་དྭགས་ཀྱི་ནགས་ཀྱི་ཉེ་བར་གནས་པ་བྷོ་ཊའི་གཙུག་ལག་སློབ་གཉེར་ཁང་ཆེན་མོར་ཟླ་བ་གཞོན་ནུར་འབོད་པས་རང་ཤག་དགོས་འདོད་ཀུན་འབྱུང་དུ་
ReplyDeleteཉིས་སྟོང་བཅུ་ལོའི་ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན་བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭས་དཔར་སྐྲུན་གནང་བའི་༼དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ༽དེབ་གཉིས་པ་ལས་ཕན་སེམས་ཆེན་པོས་གློག་ཀླད་དུ་གཏགས་པ་ཀུན་ལ་དགེ་བར་གྱུར་ཅིག