Aug 27, 2010
བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར།
སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར།
བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་ལས་གླེང་གཞིའི་ཡན་ལག
________________________________________
ནག་མོ་ཁོལ།
༄༅།། གདོད་ནས་གྲུབ་དང་སྦྱིན་སྲེག་ལེན་པ་དང༌།།དེ་ཉིད་མཆོད་དང་ཀུན་གསལ་རྣ་བའི་གསོས།།
དུས་ཀྱི་གདགས་སྲིབས་སྐྱེ་དགུའི་བསོད་ནམས་དཔལ།།འཚོ་བར་བྱེད་པ་རྣམས་ནི་མགོན་པོར་ཤོག། ༼མཆོད་བརྗོད་རྫོགས་པ།
མདོ་འཛིན་པས། ད་ནི་བབ་ཅོལ་གྱིས་དུས་འདའ་བར་མི་རིགས་ཏེ།(གདོང་སྟེགས་བུའི་གཡས་སུ་ཕྱོགས་ནས)རིགས་ཀྱི་གར་མ། རྒྱན་སྤྲས་ཟིན་ན་ཚུར་ཕེབས་ཤིག
༼གར་མ་གར་ལ་ཞུགས་པ།
གར་མས། ཀྱེ། མགོན་པོ་མཆོག བདག་གིས་འདིར་བསྒུགས་ཡོད་པས་ལས་གང་བགྱི་བའི་བཀའ་བསྩལ་དུ་གསོལ།
མདོ་འཛིན་པས། འདིར་ཕེབས་པ་དག་ནི་ལུགས་ལ་མཁས་པ་འགའ་ཞིག་ཏུ་ཟད་པས་འུ་ཅག་གིས་ཁོང་ཚོའི་སྤྱན་ལམ་དུ་ནག་མོ་ཁོལ་གྱི་སྨྱུག་རྩལ་ལས་འཁྲུངས་པའི་བྱ་ལེན་མ་ཞེས་བྱ་བའི་ཟློས་གར་བསྟར་བར་བྱ། དེ་བས་འཁྲབ་པར་འཇུག་པ་དག་གིས་རེ་རེ་ནས་གཟབ་པར་འཚལ་ལོ།།
གར་མས། མགོན་པོ་མཆོག་གིས་ཀྱང་འཁྲབ་པའི་ལས་ཞིབ་ཅིང་ཕྲ་བར་བགོས་ཟིན་པས་འཁྲུལ་བ་དང་འཛོལ་བ་གང་ཡང་འབྱུང་བར་མི་སྲིད་དོ།།
མདོ་འཛིན་པས། (འཛུམ་པ་དང་བཅས)ཀྭ་ཡེ། མཛེས་མ། གསོང་བོར་ཞུ་རྒྱུ་འདི་འདྲ་ཡོད་དེ།
གང་གང་དེ་ལ་མཁས་པ་ཡིས།།
དེ་ཚུལ་ལེགས་པར་མི་རྟོགས་བཞིན།།
ཚོགས་ཀྱི་མིག་དག་ཚིམས་པའི་བར།།
འཁྲབ་པར་དགེ་བ་འདི་མི་འབྱུང༌།།
གར་མས། དེ་དེ་བཞིན་ནོ།། དེས་ན་འཕྲོ་སྐྱོང་བའི་ལམ་བསྟན་དུ་གསོལ།
མདོ་འཛིན་པས། མཛེས་མ། གཞས་ཀྱི་རོལ་བས་ཀུན་དགྱེས་པར་བྱེད་པ་ལས་གཞན་ཅི།
གར་མས། དེས་ན་ངས་ནི་དུས་ལ་བསྔགས་པའི་གཞས་ཤིག་དབུལ་བར་བྱ། དོན་དུ་དུས་གང་ལ་་བསྔགས་པར་འོས་སམ།
མདོ་འཛིན་པས། དབྱར་གྱི་དཔལ་མོ་སླེབས་ཤིང་གཞན་དུ་ཕྱོགས་པའི་སྐབས་ཀྱང་མ་ལགས་པར་སྐྱེ་དགུའི་སྤྲོ་བ་ཁོང་ནས་སློང་བཞིན་པ་འདི་ལ་བསམ་ན་དེར་བསྔགས་འོས་པ་ཅི་ལ་མིན་ཏེ།
དུབ་པ་དག་བྱེད་ཁྲུས་ཀྱི་དགའ་སྟོན་ལས།།
མྱ་ངན་མེད་ཀྱི་ཞིམ་པ་ཀུན་འཐུལ་ཅིང༌།།
གྲིབ་བསིལ་ལྩི་བས་སེམས་ཀྱང་མནལ་བྱེད་པ།།
འདོད་ལྡན་དགའ་བའི་དུས་ཀྱི་སྐྱེས་སུ་འཚར།།
གར་མས། (གཞས་གྱེར་བ)
ཆགས་པའི་ལུས་ཀྱི་གེ་སར་ཕྲེང་བ་ལ།།
རྣམ་པར་རྩེན་པ་དག་ནི་རབ་ཕྱོགས་ཏེ།།
ལྡིང་ཞིང་གཡོ་བའི་རྩེད་མོ་བྱུང་བ་ཡིས།།
བུང་བའི་ཚོགས་ལ་མངོན་དགའི་བདེ་བ་སྦྱིན།།
མདོ་འཛིན་པས། མཛེས་མ་ལགས།མགྲིན་པའི་འཁོར་ལོར་དབང་འབྱོར་བ་རང་དུ་ངེས་སོ།།
སྟེགས་བུའི་ཕྱོགས་སོ་སོའི་ལྟད་མོ་བ་དག་ནི་ཁྱེད་ཀྱི་ཕྱོགས་སུ་བྲིས་པའི་རི་མོ་བཞིན་ཧད་ནས་འདུག དེས་ན་ཡིད་ཀྱི་ཀྱོ་བ་འདྲེན་པའི་ལས་གཞན་གང་ཞིག་མཆིས་སམ།
གར་མས། ཁྱེད་ཀྱིས་བགོས་པའི་བཀའ་བཞིན་བྱ་ལེན་མ་ཞེས་པའི་ཟློས་གར་སྔར་མ་ཐོས་པ་དེ་ལ་འཇུག་པར་བྱ་བ་མིན་ན་གཞན་གང༌།
མདོ་འཛིན་པས། ཨོ། ཅུང་ཙམ་མིན་ན་དེ་ཉིད་བརྗེད་ངེས་ཀྱི་རྐུན་པོས་ཁྱེར་སོང་སྟེ།
སྙན་པ་གང་ལས་སྙན་པ་མཆོག།
ཁྱོད་ཀྱི་སྙན་པས་བདག་འཐོམས་པ།།
འཁྱུག་པའི་རྩལ་གྱིས་སྤྲུལ་སྒྱུར་བ།།
རི་དྭགས་དེ་ཡིས་མི་དབང་བཞིན།།
༼ཁོང་གཉིས་ཀྱིས་མཉམ་དུ་གར་བཤིགས་པ།
བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་ལས་ཡན་ལག་དང་པོ།༡
ཁྱི་ར་བའི་བརྟུལ་ཞུགས་ཞེས་བྱ་བ་ཡན་ལག་དང་པོ།
༼རྒྱལ་པོ་དང་ཤིང་རྟ་བ་གར་ལ་འཇུག་པ། རྒྱལ་བོས་ཤིང་རྟའི་ནང་ན་མདའ་གཞུ་ཐོགས་ཏེ་རི་དྭགས་ཤྭ་བ་ཞིག་གི་རྗེས་འདེད་པ།
ཤིང་རྟ་བས། (གདོང་རྒྱལ་བོ་དང་ཤྭ་བར་ཕྱོགས་ཏེ)ཀྱེ། མི་རྗེ་ཆེན་པོ།
མ་བྲིས་རི་མོར་གསལ་བའི་ཐིག་ལེ་ཡིས།།
ཀུན་ཏུ་ནག་པ་སྒྱུ་མའི་རི་དྭགས་ཀྱིས།།
གཞུ་མཆོག་བསྒུལ་ཞིང་ཉག་ཕྲན་འདར་བྱེད་པས།།
ཁྱི་ར་བ་ཡི་རང་གཟུགས་རྗེན་པར་ཕྱུང༌།།
རྒྱལ་བོས། ཀྭ་ཡེ། ཤིང་རྟ་བ། རི་དྭགས་དེ་ཡིས་འུ་བུ་ཅག་རིང་བའི་གནས་ལ་ཁྲིད་པའི་ཚུལ་ནི་འདི་ལྟ་སྟེ།
འཕྲུལ་གྱི་ཤིང་རྟའི་ཟིན་གྱིས་དོགས་ནས་ཀྱོག་པའི་མགྲིན་པས་ཕྱི་མིག་རྐང་རྗེས་ལྷན་ཅིག་སྟོར།། སྐྱེན་མོའི་མདའ་ཡིས་བསྣད་ཀྱིས་དོགས་ནས་འཚུབ་པའི་སུག་པ་རོ་ཡི་སྟོད་དུ་ཤུགས་ཀྱིས་རྫོང༌།། དབུགས་ཀྱི་སྐལ་བ་ཟད་ཀྱིས་དོགས་ནས་སོ་ལ་དྲངས་པའི་རྩྭ་གཞོན་དག་ཀྱང་རིང་དུ་བོར།། ཀྱེ་མ་གཡོ་ཞིང་ལྡིང་བ་འདི་ནི་རྒྱུགས་སམ་འདུར་བ་གང་ཡང་མ་ཡིན་འཕུར་བའོ།།(གློ་བུར་ཏུ་བྲེད་པའི་ཚུལ་གྱིས)ཇི་ལྟར་བསྙེགས་པ་དེ་ཙམ་གྱིས་མཐོང་བའི་ཡུལ་དང་བྲལ་བ་འདི་ཅི།
ཤིང་རྟ་བས། བདག་པོ་ལགས། གོང་དུ་ས་ལ་འབར་འབུར་དང་གཤང་གཤོང་མང་བའི་ཕྱིར་ན་ཕྲན་གྱིས་རྟ་ཁ་བསྒགས་པས་ཤིང་རྟ་དལ་བར་གྱུར་ཅིང་རི་དྭགས་དེ་སྔོན་དུ་རིང་བོར་ཤོར་བའོ།། འོན་ཀྱང་ད་ནི་ཐང་བདེ་མོར་སླེབ་པས་དེའི་རྗེས་འདེད་པ་ལ་དཀའ་བ་ཅི་ཡང་མེད་དོ།།
རྒྱལ་བོས། དེས་ན་སྲབ་མདའ་མགྱོགས་པོར་གློད་ཅིག
ཤིང་རྟ་བས། བཀའ་བརྩིའོ།། (ཤིང་རྟ་གློད་པ)རྗེ་བོ་ཆེན་པོ། གཟིགས་ཤིག་དང༌།
ཁ་ལོ་གློད་པས་མདུན་དུ་ཤོར་བ་བདེ་འཐུང་ལུས་ཅན་མགྱོགས་འགྲོས་ནི།།
དཀྲིགས་ཤིང་གཙུབས་པའི་ས་ཡི་རྡུལ་ལ་སྐད་ཅིག་ཙམ་ཡང་མི་རེག་ཅིང༌།།
དབུ་ལྕོག་བརྟན་ཅིང་རྣ་བ་ཀེར་བས་ཡུད་ཙམ་མི་སྡོད་རྒྱུགས་པ་ཡིས།།
ཚང་ཚིང་འཁྲིགས་པའི་དཀའ་ཐུབ་གནས་འདི་སྐབས་གསུམ་པ་ཡི་ཞིང་དུ་བྱས།།
རྒྱལ་བོས།(སྤྲོ་བའི་ཉམས་དང་བཅས)ཨ་ལ་ལ། ད་ནི་རྟ་མཆོག་དག་གིས་ཤྭ་བ་དེའི་རྗེས་ཆོད་པར་གྱུར་བ་སྟེ།
ཨེ་མ་ཁོ་བོའི་ལྟ་བའི་རྒྱལ་ཁམས་ན།།
ཕྲ་བ་དག་ལ་ཆེན་པོའི་མདངས་བྱུང་ཞིང༌།།
གྱེས་པ་དག་ནི་ཕུང་བོ་གཅིག་ཏུ་འགྲུབ།།
གུག་པ་རྣམས་ཀྱང་དྲང་བོའི་ཚུལ་གྱིས་ཏེ།།
ཀུན་ཀྱང་དལ་མེད་མི་རྟག་སྒྱུ་མའི་གཟུགས།།
ཡོལ་བའི་རྒྱབ་ནས། ཀྭ་ཡེ། རྒྱལ་བོ་ཆེན་པོ། དཀའ་ཐུབ་པའི་འཁོར་དུ་གྱུར་བའི་ཤྭ་བ་ནི་གསོད་པར་མི་བྱའོ།།
ཤིང་རྟ་བས། (ཉན་ཞོར་དང་ལྟ་ཞོར་གྱིས)རྒྱལ་བོ་ལགས། ཁྱེད་ཀྱིས་མདའ་མོས་ཤྭ་བ་དེའི་སྲོག་བཀུམས་པ་ལ་ཉེ་བའི་དུས་སུ་དཀའ་ཐུབ་གཉིས་ཀྱིས་བར་ཆད་བྱས་སོང༌།
རྒྱལ་བོས།(ཞེད་པའི་ཉམས་ཀྱིས)དེས་ན་རྟ་ཁ་སྒོགས་ཤིག
ཤིང་རྟ་བས། དེ་བཞིན་བྱའོ།། (རྟ་ཁ་སྒོག་པ)
༼དཀའ་ཐུབ་པ་ཞིག་ཉེ་བའི་འཁོར་དང་བཅས་གར་ལ་ཞུགས་པ
དཀའ་ཐུབ་པས། (ལག་པས་ཕྱག་རྒྱ་དང་བཅས་ཏེ)
ཀྭ་ཡེ། རྒྱལ་བོ། འདི་ནི་ཞི་བའི་གནས་ན་ལྷོད་པོར་འཚོ་བ་ཞིག་ཡིན་པས་ཁྱེད་ཀྱི་མདའ་མོས་འདི་ཡི་ཉམ་ཆུང་བའི་ལུས་པོ་དབུག་པར་མི་བྱ་སྟེ་ཚུལ་དེ་ནི་མེ་ཏོག་གི་ཚོམ་བུ་དག་སྲེག་ཟའི་མཆེ་བ་རྣོན་པོས་བརླག་པ་དང་ཀུན་ནས་མཚུངས་སོ།། ཅི་སྟེ་འདི་ཡི་སྲོག་གི་དབང་བོ་རླུང་ཁའི་མར་མེ་ལྟར་གྱུར་བ་དེས་ཁྱེད་ཀྱི་རྣོ་ཞིང་མྱུར་བའི་ཉག་ཕྲན་གྱི་ཆ་ཙམ་ཡང་བཟོད་ཐུབ་པ་མ་ཡིན། དེའི་ཕྱིར་ཁྱེད་ཀྱིས་ཀྱང་གཞུ་མོ་ཤུབས་སུ་འཇུག་པར་མཛོད་ལ་མི་རྗེ་གང་གི་མཚོན་ཆ་ནི་འགྲོ་བ་གང་ཞིག་སྡུག་བསྔལ་ལས་སྒྲོལ་བྱེད་ཡིན་གྱི་ཉེས་པ་མེད་པ་དག་གི་འཚོ་བའི་སྐལ་བ་འཕྲོག་བྱེད་མིན་པ་མཁྱེན་པར་མཛོད་ཅིག
རྒྱལ་བོས། (ལུས་དུད་དེ)དེ་དེ་ལགས་སོ།།(མདའ་གཞུ་མར་འཇོག་པ)
དཀའ་ཐུབ་པས། (སྤྲོ་བའི་ཉམས་ཀྱིས)
པུ་རིའི་གདུང་རྒྱུད་རྩོད་མེད་པ།།
ས་སྤྱོད་ཚངས་ལྡན་དབང་གི་དཔལ།།
དྲི་མེད་རིགས་ཀྱི་གདུང་འཚོབ་ལས།།
འཁོར་ལོ་སྒྱུར་བའི་རྒྱལ་བོར་ཤོག།
རྒྱལ་བོས།(ལུས་དུད་དེ)དཀའ་ཐུབ་པའི་ཤིས་པ་ལེན་པར་བྱའོ།།
དཀའ་ཐུབ་པ་ཟུང་གིས། རིགས་ཀྱི་སྲས་པོ། ངེད་གཉིས་ནི་འདིར་ཤིང་འཐུ་བར་འོང་བ་སྟེ། ཕ་རོལ་ཆུ་བོ་ཕྲེང་ལྡན་མའི་ངོགས་སུ་ངེད་ཅག་གི་སློབ་དཔོན་ཀ་ན་ཝ་བཞུགས་སོ།། བྱ་ལེན་མ་ནི་དེ་གའི་ནགས་ཀྱི་སྲུང་མ་རུ་བརྗོད་ཆོག གལ་སྲིད་ཁྱེད་ལ་བསྒྲུབ་འོས་པ་གཞན་མེད་ཚེ་དེར་ཕེབས་ནས་གསོལ་སྐྱེམས་ལ་རོལ་བར་འཚལ་ལོ།། གཞན་ཡང་དཀའ་ཐུབ་སྤྱོད་པ་དག་གིས་ལས་ཅི་བགྱིས་པ་ལ་ཆད་པ་དང་མ་གྲུབ་པ་ཅི་ཡང་མེད་ན་གནམ་རུའི་རྒྱུད་སྐུད་ཀྱི་རྗེས་ཤུལ་མངོན་པར་གསལ་པའི་མི་རྗེ་ཁྱེད་ཀྱི་ཕྱག་ཟུང་གི་འཁོར་ལོས་མི་ཁེབས་པའི་གནས་ནི་གང་ཡང་མ་མཆིས་སོ།།
རྒྱལ་བོས། དེས་ན་ཁོང་ཁྱིམ་དུ་བཞུགས་སམ།
དཀའ་ཐུབ་པ་ཟུང་གིས། ད་ལྟ་ཁོང་གིས་མགྲོན་པོ་བསུ་བའི་ལས་དེ་ཁོང་གི་བུ་མོ་བྱ་ལེན་མར་གཏད་ཅིང་ཁོང་ཉིད་གནས་གཞན་དུ་གཤེགས་ནས་བུ་མོའི་རྐྱེན་ངན་བར་ཆད་བཟློག་པའི་ཆོ་གར་འཇུག་པའི་སྐབས་ལགས་སོ།།
རྒྱལ་བོས། དེས་ན་བདག་གིས་ཀྱང་མོ་མཇལ་བར་འདོད་དེ་མོས་བདག་གི་ཡིད་གཞུངས་པའི་སྤྱོད་ལམ་མཐའ་དག་ཁོང་གི་སྙན་དུ་ཞུ་བར་ངེས་སོ།།
དཀའ་ཐུབ་པ་ཟུང་གིས། དེས་ན་འུ་ཅག་འགྲོ་བར་འཚལ་ལོ།།
༼དཀའ་ཐུབ་པ་ཉེ་བའི་འཁོར་དང་བཅས་པས་གར་བཤིགས་པ།
རྒྱལ་བོས། ཤིང་རྟ་བ། རྟ་ལ་སྐུལ་བར་མཛོད་ཅིག དབེན་པའི་སྐྱེད་ཚལ་ཉམས་དགའ་བ་འདིས་འུ་ཅག་ལ་དགའ་བའི་སྣང་བ་ཅི་ཡང་སྩོལ་བར་བྱེད་པ་འདི་ལའང་གཟིགས་ཤིག
ཤིང་རྟ་བས། བཀའ་བཞིན་བསྒྲུབ་པར་བྱ།(ཤིང་རྟ་གློད་པ)
རྒྱལ་བོས། (གང་སར་མིག་གིས་ལྟ་བཞིན)འུ་ཅག་དཀའ་ཐུབ་པའི་གནས་ལ་ཉེ་བ་གཞན་གྱི་སྨྲ་བ་ལ་མ་བརྟེན་ཡང་རང་གིས་ཤེས་བར་འགྱུར་ཏོ།།
ཤིང་རྟ་བས། ཅིའི་ཕྱིར།
རྒྱལ་བོས། མཐོང་བར་མ་གྱུར་རམ།
ནེ་ཙོ་ཕྲུ་གུས་ས་ལ་བསྐྱུགས་པའི་རྒུན་བུ་དག་གིས་ལྕུག་མའི་འདབས་ནི་ཁྱབ་བྱས་ཤིང༌།།
གོར་མའི་སྟེགས་བུ་གདན་དུ་བྱས་པའི་ས་བོན་གསར་བས་མུ་ཏིག་མདངས་ཀྱང་རབ་འཛིན་ཏེ།།
ལྷོད་ཀྱིས་ཉལ་བའི་ཤྭ་བ་ཕོ་མོ་གང་ལའང་མི་དངངས་སྒྲ་དང་སྐད་ལ་འདྲོག་མི་བྱེད།།
ལོ་མའི་གདུགས་ལས་དྭངས་པར་བཞུར་བའི་ཆུ་ཡི་ཐིགས་པས་རྐང་ལམ་ཕྲ་མོ་ཀུན་ཏུ་བརླན།།
གཞན་ཡང༌།
རླུང་བུ་གཞོན་ནུས་རབ་ཏུ་གཡོས་པ་ཡི།།
གཙང་མའི་ཆུ་ནི་ལྗོན་རྐང་ལ་འཁྱུད་ཅིང༌།།
སྦྱིན་སྲེག་དུ་བའི་སྤྲིས་མ་བཞུས་བ་ལས།།
མྱུ་གུ་ཕྲ་མོའི་མདངས་དག་རབ་ཏུ་ཉམས།།
རྙོག་མ་ཀུན་བསལ་ཡངས་པའི་ཚང་ཚིང་ན།།
ཤེའུའི་ཚོགས་ནི་འཚེ་བ་མེད་པར་ཉལ།།
ཤིང་རྟ་བས། བདེན་པར་ངེས་སོ།།
རྒྱལ་བོས།(ནང་དུ་ཅུང་ཙམ་བཀྱེད་པ)ཤིང་རྟ་བ། རང་ཅག་གིས་ཞི་བའི་གནས་འདི་ནི་དཀྲོག་པར་མི་བྱ།། འདིར་ཤིང་རྟའི་ཁ་ལོ་སྒྱུར་མཚམས་ཞོག་ཅིག བདག་ཀྱང་དབབ་པར་བྱའོ།།
ཤིང་རྟ་བས། རྟ་ཁ་བསྒགས་ཟིན་པས་མི་རྗེ་ཁྱེད་དབབ་པར་བྱ།
རྒྱལ་བོས།(ཤིང་རྟ་ལས་བབས་ཤིང་རང་ལུས་ལ་བཤེར་ཙམ་བྱེད་པ)ཤིང་རྟ་བ། ཞི་བའི་གནས་འདི་ནས་བབ་ཆགས་པའི་ཆ་ལུགས་སྤྲས་དགོས་པས་རྒྱན་ཆ་དང་མདའ་གཞུའང་འདིར་འཇོག་པར་བྱ། (ཤིང་རྟ་བའི་ཕྱོགས་སུ་གཡུག་པ)བདག་སོང་ཤུལ་ནས་ཁྱོད་ཀྱི་རྟ་འདི་དག་གི་རྒྱབ་ཆུ་ཡིས་བྲན་ནས་ངལ་གསོ་བར་སྐུལ་ཅིག
ཤིང་རྟ་བས། ལེགས་སོ།།(གར་བཤིག་པ)
རྒྱལ་བོས། (ཡར་མར་ལ་འགྲོ་ཞིང་ལྟ་བའི་ཚུལ་གྱིས)འདི་ནི་ཞི་བའི་གནས་ཏེ། བདག་དེ་ལ་འཇུག་པར་བྱའོ།།(འགྲོ་བའི་སྐབས་སུ་ཅི་ཞིག་རྟོགས་པའི་ཚུལ་གྱིས)
ཨེ་མ་གནས་འདི་དབེན་ཞིང་འཇགས་པ་འབའ་ཞིག་ཏུ་ཟད་མོད་ཁོ་བོའི་ཕྲག་པ་ནི་འདར་བར་བྱེད་པས་འདི་ལ་འབྲས་བུ་ཅི་ཞིག་འབྱུང་ངམ། གང་ས་གང་ནའང་ལས་ཀྱི་སྒོ་མོ་ཆེ་དེ་ཕྱེ་འདུག་པ་མིན་ནམ།
ཡོལ་བའི་རྒྱབ་ནས། འདིར་ཕེབས་ཤོག བརྩེ་བའི་གྲོགས་པོ།
རྒྱལ་བོས། (རྣ་བ་བླགས་ནས)ཨེ་མ། གཡས་ཀྱི་ཕྱོགས་འདི་ན་སྐྱེ་བོ་གང་ངག་གི་སྦྱོར་བ་ལ་བྲེལ་བ་འདྲ་བས་བདག་གིས་དེར་སོང་ནས་བལྟ་བར་བྱའོ།།(ཡར་མར་ལ་འགྲོ་ཞིང་ལྟ་བའི་ཚུལ་གྱིས)མ་གཞི་འདིར་ཕེབས་པ་ནི་དབེན་པའི་གནས་ཀྱི་བུ་མོ་དག་སྟེ། ཁོ་མོ་ཚོས་རང་གི་ལུས་པོའི་ཆེ་ཆུང་དང་རན་པའི་བུམ་པ་ཐོགས་ནས་ལྕུག་ཕྲན་འགའ་ཞིག་གསོ་བའི་ཚུལ་དུ་འདུག་གོ། ཁོ་མོ་ཚོ་ནི་ངོ་མ་མཛེས་ཤིང་སྡུག་པ་ཤ་སྟག་སྟེ། གལ་སྲིད་རྒྱལ་བོའི་ཕོ་བྲང་ནས་ཀྱང་མཇལ་དུ་མི་བཏུབ་པའི་མཛེས་མ་གང་ཞིག་དཀའ་ཐུབ་ཀྱི་གནས་འདི་ནས་རྙེད་པར་གྱུར་བའི་ཚེ་ན་ཚང་ཚིང་ལྗོན་པའི་གསེབ་ཀྱི་མེ་ཏོག་གི་ལྷན་སྐྱེས་ཀྱི་བཀྲག་མདངས་ནི་ལྡུམ་རའི་ཚལ་གྱི་མེ་ཏོག་ལས་རྒྱལ་བར་འགྱུར་རོ།། དེས་ན་བདག་གིས་ཀྱང་ལྗོན་པའི་གྲིབ་འོག་ནས་སྒུག་པར་བྱའོ།། (ཞིབ་མོར་ལྟ་བ)༼བྱ་ལེན་མ་གྲོགས་མོ་དང་བཅས་པ་གར་ལ་ཞུགས་པ་དང༌། གོང་དུ་བཀོད་པ་བཞིན་མེ་ཏོག་ལ་ཆུ་གཏོར་བ།
གྲོགས་མོ་གཅིག་གིས། ཀྱེ་གྲོགས་མོ་བྱ་ལེན་མ། བདག་འདི་སྙམ་དུ་སེམས། རང་ཅག་གི་ཡབ་ཆེན་ཀ་ན་ཝས་ཞི་བའི་གནས་ཀྱི་ལྗོན་པ་ལ་ནི་ཁྱོད་ལས་ཀྱང་གཅེས་པར་འདུག་སྟེ་ཁྱོད་ཀྱི་ལུས་པོ་ཉམ་ཆུང་བ་མ་ལླི་ཀའི་འདབ་མ་གསར་དུ་བཞད་པ་དང་འདྲ་བ་དེའང་མེ་ཏོག་ངམ་ཤིང་དག་གཙང་མའི་ཆུ་ཡིས་གསོ་པར་སྐུལ་བ་འདིས་སོ།།
བྱ་ལེན་མས། གྲོགས་མོ་མ་སྨད་མ། ཡབ་ཀྱི་བཀས་བཀོད་ཁོ་ན་མ་ཡིན་པར་བདག་རང་ཉིད་ཀྱང་མེ་ཏོག་དང་ལྗོན་པ་འདི་དག་ལ་གཅེས་པའི་སྤུན་ཟླར་བརྩེའོ།།(ལྗོན་པར་ཆུ་གཏོང་བའི་ཉམས་སྟོན་པ)
པྲིཡཾབདཱས། ཀྭ་ཡེ་བྱ་ལེན་མ། དབྱར་ཁར་བཞད་དགོས་པ་དག་ལ་ཆུ་བཏང་ཟིན་པས་ད་ནི་བཞད་ཟིན་པ་དག་གསོ་བར་བྱ། ཉེ་རང་ཆགས་སྡང་དང་བྲལ་བའི་སྲོང་བོའི་སྤྱོད་པ་ནི་སྐྱེ་བོ་ཀུན་གྱི་བཀུར་བསྟིའི་ཡུལ་མ་ཡིན་ནམ།
བྱ་ལེན་མས། གྲོགས་མོ་པྲིཡཾབདཱ། ཁྱོད་ཀྱིས་སྨྲས་པ་དེ་དེ་བཞིན་ནོ།།(སླར་ཡང་ལྗོན་པར་ཆུ་གཏོང་བའི་ཉམས་སྟོན་པ)
རྒྱལ་བོས། (ཆིག་ལབ་རྒྱག་པ)འདི་ནི་ཀ་ན་ཝའི་བུ་མོ་བྱ་ལེན་མ་ཡིན་སྲིད་དམ། (ཧ་ལས་པ)
ཨ་ཧོ། བཀུར་བར་འོས་པའི་ཀ་ན་ཝ་ཁོང་ནི་ངོ་མ་བསམ་མི་ཤེས་པ་ཞིག་གི་ཚུལ་དུ་འདུག་སྟེ། ཁོས་རང་གི་བུ་མོར་ཤིང་ཤུན་གྱི་གོས་བགོས་པ་འདི་ལ་ལྟོས་ཤིག
དཀའ་ཐུབ་གོས་ཀྱིས་བསྡམས་ནའང༌།།
མཛེས་པའི་ཆོས་ནི་གྲོལ་བ་སྟེ།།
ཨུཏྤལ་སྔོན་པོས་འདབ་མ་ཡིས།།
ཡམ་ཤིང་གཅོད་པའི་སྦྱོར་བ་བཞིན།།
དེས་ན་ཤིང་གི་གསེབ་ཏུ་ཡིབ་ནས་བལྟ་བར་བྱའོ།།(ཡིབ་པ)
བྱ་ལེན་མས། གྲོགས་མོ་མ་སྨད་མ་ལགས། པྲིཡཾབདཱས་བདག་ལ་བགོས་པའི་ཤིང་ཤུན་གྱི་གོས་འདི་ནི་ཤིན་ཏུ་དམ་པར་འདུག་ཅིང་འདིས་ནི་ན་ཟུག་ཀྱང་སྐྱེད་པར་བྱེད་པས་ཅུང་གློད་པར་བྱའོ།།(མ་སྨད་མས་ཇི་ལྟར་བསྒོ་བ་བཞིན་བྱེད་པ)
པྲིཡཾབདཱས། (དགོད་པ)དེས་ན་ཁྱོད་ཀྱིས་ནུ་མའི་ཁུར་ཆེན་པོ་འདི་སྐྱེད་པའི་རང་གི་ལང་ཚོར་ཁག་འགེལ་བ་ལས་བདག་གི་སྐྱོན་དུ་མ་སེམས་ཤིག
རྒྱལ་བོས། ཅི་སྟེ་མོས་སྨྲས་པ་དེ་བཞིན་ཏེ།
ཕྲག་པའི་གནས་ལ་མདུད་པ་ཐེབས་པ་དང༌།།
འཕྲང་བའི་ནུ་མས་ཤིང་ཤུན་བཏེགས་པ་འདིས།།
ལོ་མ་སེར་སྐྱས་མེ་ཏོག་ཁེབས་པ་བཞིན།།
སྒེག་པའི་ལང་ཚོ་འདིའང་བསྒྲིབས་པར་བྱས།།
ཤིང་ཤུན་གྱི་གོས་འདི་ནི་མོའི་ལུས་པོ་དང་མི་འཚམས་པ་མ་གཏོགས་རྒྱན་དུ་བྱས་ན་གནོད་པ་ཡང་མེད་དོ།།
འདམ་བུས་བསྐོར་ཀྱང་པད་མའི་རང་མདངས་གསལ།།
ར་རིར་བྱས་ཀྱང་ཟླ་བ་ཡི་གར་འོངས།།
ཤིང་ཤུན་བགོས་ཀྱང་ཡིད་ཀྱི་ཆོ་འཕྲུལ་མ།།
མཛེས་པའི་ལུས་ཅན་དག་ལ་ཅི་ཡང་རྒྱན།།
བྱ་ལེན་མས། (མདུན་དུ་ལྟ་བ)ཀྱེ་གྲོགས་མོ་ཚོ། ཨ་མྲའི་ཤིང་གི་ཡལ་ཀ་ཤིན་ཏུ་སྙི་བ་དེ་རླུང་གིས་བསྒུལ་བའི་ཚེ་ན་བདག་ལ་གཡབ་མོ་བྱེད་པའི་མཛུབ་ཆུང་དང་འདྲ་བས་དེར་འགྲོ་བར་བྱའོ།། (ཇི་བཞིན་བྱེད་པ)
པྲིཡཾབདཱས། ཀྭ་ཡེ་གྲོགས་མོ་བྱ་ལེན་མ། དེས་ན་ཁྱོད་དེ་ནས་ཡུད་ཙམ་ལ་འགྲེང་བར་བྱ།
བྱ་ལེན་མས། ཅིའི་སླད་དུ།
པྲིཡཾབདཱས། ཁྱོད་ནི་དེ་ཡི་བསིལ་སྐྱོབ་ཏུ་འགྱུར་བའི་ཕྱིར་ནའོ།།
བྱ་ལེན་མས། ཁྱོད་ལ་པྲིཡཾབདཱར་འབོད་པ་ཡང་དོན་དང་མཐུན་ནོ།། (སྒྱུར་བ་བོའི་མཆན། པྲིཡཾབདཱ་ནི་སྨྲ་མཁས་མ་ཞེས་པའི་དོན་ལ་འཇུག་པས་འདིར་དེ་ལྟར་སྨྲས་པའོ)
རྒྱལ་བོས། པྲིཡཾབདཱས་སྨྲས་པ་ཇི་བཞིན་དུ་འདུག་སྟེ།
མཛེས་པའི་མཆུ་སྒྲོས་སྨིན་པའི་བིམ་པ་བཞིན།།
མཉེན་པའི་དཔུང་བ་ལྕུག་ཕྲན་ཡལ་ཀ་བཞིན།།
རྒྱས་པའི་ཡན་ལག་མེ་ཏོག་འདབ་མ་བཞིན།།
ཀུན་ཏུ་མཛེས་པ་འདི་ཡིས་ཡིད་རབ་འཕྲོག།
མ་སྨད་མས། ཀྱེ་གྲོགས་མོ་བྱ་ལེན་མ། མ་ལླི་ཀའི་མེ་ཏོག་འདི་ལ་ཁྱོད་ཀྱིས་ནི་ནགས་ཀྱི་འོད་ཟེར་མ་ཞེས་བྱ་བའི་མིང་གིས་བརྒྱན་ནའང༌། འདིས་ཆེད་དུ་ཨ་མྲའི་ཤིང་གི་ཆུང་མའི་བྱ་བ་བྱེད་དོ།།
བྱ་ལེན་མས། (ཉེ་བར་བཅར་ནས་སྤྲོ་བའི་ཉམས་དང་བཅས)མ་སྨད་མ་ལགས། རྩྭ་དང་ཤིང་གིས་ཀྱང་ཆ་དང་ཆ་བྱས་ནས་གཉེན་བསྡེབས་ཏེ་ཕན་ཚུན་ལ་འཁྱུད་པའི་རྣམ་པ་འདི་ལ་གཟིགས་དང༌། ཅི་འདྲའི་སྙིང་རྗེ་བ་ལ་ཨང༌། མ་ལླི་ཀ་འདི་ཡིས་ལང་ཚོའི་བཀྲག་མདངས་ཀུན་ཏུ་ངོམ་པར་བྱེད་ཅིང་ཨ་མྲའི་ཤིང་འདིའང་འབྲས་བུས་ཁུར་གྱིས་ཡོངས་སུ་དུད་པས་འདོད་པའི་དགའ་སྟོན་གྱིས་ཕྱོགས་ཀུན་རིས་མེད་དུ་ཁྱབ་བོ།།(དེ་གར་འགྲེང་སྟེ་ལྟ་བ)
པྲིཡཾབདཱས། (འཛུམ་པ་དང་བཅས)ཀྱེ་མ་སྨད་མ། བྱ་ལེན་མས་ཅིའི་ཕྱིར་ན་ནགས་ཀྱི་འོད་ཟེར་མའི་ཕྱོགས་སུ་རིག་པ་གཏད་དེ་གཟིགས་པ་ཤེས་སམ།
མ་སྨད་མས། ངས་མི་ཤེས་པས་ཁྱོད་ཀྱིས་འཆད་པར་བྱའོ།།
པྲིཡཾབདཱས། ནགས་ཀྱི་འོད་ཟེར་མ་ནི་རང་དང་ཀུན་ནས་འཚམས་པའི་ཤིང་ཕྲན་ལ་འཁྲིལ་བའི་ཚུལ་ལ་བལྟས་ཏེ་མོས་ཀྱང་རང་གི་མཛའ་བོར་འོས་པའི་གཞོན་ནུ་ཞིག་སྒུག་པར་ཟད་དོ།།
བྱ་ལེན་མས། ཁྱོད་རང་གིས་དེ་ལྟར་འདོད་པ་ཉིད་དུ་ངེས། (བུམ་པ་མགོ་སྟེང་སློག་པ)
མ་སྨད་མས། གྲོགས་མོ་བྱ་ལེན་མ་ལགས། འདི་གར་ཡབ་ཆེན་ཀ་ན་ཝས་ཁྱོད་རང་ཉིད་ཇི་བཞིན་གཉོར་ཏེ་བསྐྱངས་པའི་སྦ་ཤིང་ཞིག་ཁྱོད་ཀྱིས་མ་མཐོང་བར་ལུས་འདུག་གོ།
བྱ་ལེན་མས། དེས་ན་ངས་ཀྱང་རང་ཉིད་བརྗེད་ལ་ཉེའོ།། (སྦ་ཤིང་དེའི་གམ་དུ་བཅར་ནས་སྤྲོ་བ་དང་བཅས)ཀྱེ། ངོ་མཚར་ཆེ་ཞིང་ཆེ་སྟེ་བདག་གིས་ཁྱོད་ལ་སྤྲོ་བ་སྐྱེད་པའི་གཏམ་བཟང་བོ་ཞིག་བརྗོད་པར་བྱ།། པྲིཡཾབདཱ།
པྲིཡཾབདཱས། གཏམ་ཅི་ཞིག
བྱ་ལེན་མས། སྨིན་པའི་དུས་ལ་སླེབ་པ་ནི་མ་ཡིན་མོད་སྦ་ཤིང་འདི་ཡི་ངོས་ཀུན་ལ་མེ་ཏོག་གི་ཐེའུ་གསར་བས་ལེགས་པར་བརྒྱན་འདུག་གོ།
གྲོགས་མོ་གཉིས་ཀས།(མགྱོགས་པོར་བརྒྱུགས་ཡོང་ནས)གྲོགས་མོ་ལགས། དེ་དེ་བཞིན་ནོ།། དེ་དེ་བཞིན་ནོ།།
བྱ་ལེན་མས། དེ་ལྟ་ནའང་ཅིའི་ཕྱིར་ཁྱོད་ཅག་གི་མཐོང་བའི་ཡུལ་དུ་མ་གྱུར་བ་ཡིན་ནམ།
པྲིཡཾབདཱས། (སྤྲོ་བ་དང་བཅས་དེར་ལྟ་བ)བདག་གིས་ཀྱང་ཁྱོད་ལ་གཏམ་ལན་དུ་དགའ་བ་སྐྱེད་པའི་གཏམ་ཞིག་འབུལ་བར་བྱ་སྟེ། ཁྱོད་ཀྱི་ལང་ཚོའི་དགའ་བ་ཀུན་ནས་འཕེལ་བ་ལ་ཉེ་འོ།།
བྱ་ལེན་མས།(མི་དགའ་བའི་ཚུལ་གྱིས)དེ་ནི་ཁྱོད་ཀྱིས་མི་དྲན་དགུ་དྲན་བྱས་པ་ཙམ་དུ་ཟད།།
པྲིཡཾབདཱས། མ་ལགས་ཏེ། སློབ་དཔོན་ལགས་ཀྱིས་ཀྱང་རྟགས་དང་མཚན་མ་འདི་འདྲ་བས་ཁྱོད་
སྔོན་གྱི་ལས་བཟང་བོར་འཇུག་པར་ངེས་ཞེས་བདག་ལ་དངོས་སུ་གསུང་མྱོང༌།
མ་སྨད་མས། ཀྭ་ཡེ་པྲིཡཾབདཱ། དེ་ཡི་ཕྱིར་ན་མོས་སྦ་ཤིང་དེ་ཉིད་སེམས་རྩེ་གཅིག་པས་གསོ་བ་ཉིད་དོ།།
བྱ་ལེན་མས། ཤིང་འདི་ནི་ང་རང་གི་གཅུང་མོ་དང་འདྲ་བས་གཅེས་པས་མི་གསོ་བ་ག་ལ་སྲིད།
(བུམ་པའི་མགོ་འཇུག་ལྡོག་པར་བྱས་ཏེ་ཆུ་གཏོང་བ)
བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་ལས་ཡན་ལག་དང་པོ།༢
རྒྱལ་བོས། བུ་མོ་འདི་ནི་མོ་རང་གི་ཡབ་ལས་འདས་པའི་རིགས་ཀྱི་མཆོག་མར་ཡང་ངེས་ཏེ། རྣམ་པ་གཅིག་ཏུའང་མེད་དོ།།
གང་ཞིག་གཞན་གྱིས་གཟུང་བར་བྱ་བ་འདིས།།
བདག་གི་སེམས་ནི་ཆོ་འཕྲུལ་ཉིད་དུ་བྱས།།
ཅི་སྟེ་དཔྱོད་པས་དཔག་པར་མ་གྱུར་ཚེ།།
མ་བཅོས་པ་ཡི་སེམས་འདི་ཡང་དག་ཉིད།།
གང་ལྟར་ཀྱང་བུ་མོ་འདིའི་རིགས་རུས་ཆོ་འབྲང་གང་ཡིན་ཤེས་པར་བྱའོ།།
བྱ་ལེན་མས། (བྲེད་པའི་ཉམས་ཀྱིས)ཨ་ཙི། མ་ལླི་ཀ་ཕྲ་མོའི་གེ་སར་དང་བྲལ་མ་ཐག་པའི་བུང་བ་ཞིག་གིས་བདག་གི་གདོང་ལ་གཙེ་བར་བྱེད་དོ།། (བུང་བས་དངངས་པར་བྱས་པའི་ཚུལ་སྟོན་པ)
རྒྱལ་བོས། (རེ་བ་དང་བཅས་ཏེ)
གང་དུ་བུང་བ་རྣམ་འཁྱུག་པ།།
དེ་རུ་མིག་དག་རབ་གཡོ་ཞིང༌།།
སྒེག་ཅིང་དངངས་པའི་ཉམས་འགྱུར་གྱིས།།
རྩེ་དགའི་གར་ལ་མངོན་པར་འཇུག།
ད་དུང༌།(ཕྲག་དོག་གི་ཉམས་ཅུང་ཟད་དང་བཅས)
འཕུར་ལྡིང་གར་གྱིས་མྱོས་པའི་བུང་བ་འདིས།།
མཛེས་མའི་མིག་ལ་འཕྲད་ཙམ་འཕྲད་ཙམ་གྱིས།
རྣ་བའི་དྲུང་དུ་གཏམ་ཆུང་སྐྱེལ་འདྲ་དང༌།།
ལག་པས་མི་ཁོག་མཆུ་ཡི་སྦྲང་ཆང་འཇིབས།།
ཀུན་ཏུ་ཚིམས་པ་དེ་ཡིས་བདག་ཡིད་གདུང།།
བྱ་ལེན་མས། ཀྱེ་གྲོགས་དག བུང་བ་མ་རབས་འདིས་བདག་སུན་པར་བྱེད་པས་ཁྱོད་གཉིས་ཀྱིས་བདག་སྐྱོབ་པར་མཛོད་ཅིག
གྲོགས་མོ་གཉིས་ཀས། (དགོད་བཞིན)ངེད་གཉིས་ཀྱིས་ཇི་ལྟར་ཁྱོད་སྐྱོབ་པར་ནུས། ཞི་བའི་གནས་འདི་སྲུང་མཁན་གྱི་མི་དབང་དུཥྱནྟ་བོས་ཏེ་ཁོང་ལ་སྐྱབས་བཅོལ་བར་རིགས་སོ།།
རྒྱལ་བོས། ད་ནི་སྦེད་པའི་དུས་མ་ལགས་ཏེ་གདོང་ལ་འབུད་པར་བྱ། ཅུང་ཙམ་སྡོད་དང༌།(སླར་ཡང་སྦེད་ཙམ་བྱས་ནས)འདི་ལྟར་སོང་ནས་བདག་རྒྱལ་བོ་ཡིན་པ་ཤེས་སླ་བས་ཕྱོགས་མེད་རྒྱུ་བའི་འགྲུལ་བ་ཞིག་ཏུ་བརྫུའོ།།
བྱ་ལེན་མས། བུང་བ་སེམས་ནག་འདིས་བདག་གི་རྗེས་དེད་ནས་མི་གཏོང་བས་བདག་ནི་གནས་གཞན་དུ་འགྲོ་བར་བྱ་བ་ལས་འོས་མེད་དོ།།(གོམ་པ་གང་སྤོས་རྗེས་སླར་ཡང་བསྡད་དེ་མིག་རིག་རིག་ཏུ་གཡོ་བཞིན)ཀྱེ་མ། འདིས་ད་དུང་མི་གཏོང་བས་གྲོགས་དག་འདིར་ཤོག་ལ་བདག་སྐྱོབས་ཤིག
རྒྱལ་བོས།(མགྱོགས་པོར་དེར་ཡོང་སྟེ)ཨེ་མ་ཧོ།
པུ་རིའི་དབང་གིས་ས་ཆེན་ཀུན་ཁྱབ་པའི།།
རྨད་བྱུང་སྐལ་བ་བཟང་བོའི་དུས་འདི་ལ།།
ཚངས་པར་སྤྱོད་པའི་དྲང་སྲོང་སྲས་མོ་ལ།།
མ་རུངས་སྦྱོར་བ་རྩོམ་པ་འགའ་ཡོད་དམ།།
༼བྱ་ལེན་མ་གྲོགས་མོ་དང་བཅས་པས་རྒྱལ་བོའི་ཕྱོགས་སུ་ཅུང་སྐྲག་པའི་ཚུལ་གྱིས་ལྟ་བ།
མ་སྨད་མས། ཇོ་བོ་ལགས། འདིར་མ་རུངས་པ་གང་ཡང་མེད་དེ་བུང་བ་ཞིག་གིས་ངེད་ཅག་གི་གྲོགས་མོ་བྱ་ལེན་མར་སུན་བསྐུར་བ་ཙམ་དུ་ཟད་དོ།།(མཛུབ་མོས་བྱ་ལེན་མ་སྟོན་པ)
རྒྱལ་བོས། (བྱ་ལེན་མའི་ཕྱོགས་སུ་སོང་ནས)ལེགས་པར་དཀའ་ཐུབ་ལ་གནས་སམ།(བྱ་ལེན་མ་ཅུང་སྐྲག་པར་གྱུར་ཏེ་མགོ་བསྒུར་ནས་ཅི་ཡང་མི་སྨྲ་བར་སྡོད)
མ་སྨད་མས། སྐབས་འདི་ལ་མཆོག་ཏུ་གྱུར་བའི་མགྲོན་པོ་ཁྱེད་ཕེབས་པས་བར་ཆད་དམ་གེགས་ནི་མ་མཆིས་སོ།།
པྲིཡཾབདཱས། ཇོ་བོ་ཁྱེད་སྐུ་མ་ངལ་ལམ། ཀྭ་ཡེ་གྲོགས་མོ་བྱ་ལེན་མ། ཁྱོད་སོང་ལ་རྩྭའི་སྤྱིལ་བུ་ནས་མཆོད་ཡོན་དང་མེ་ཏོག་ཁྱེར་ཤོག ཆུ་འདི་ནི་ཞབས་ཁྲུས་ལ་རུང་བ་ཡིན་ནོ།།
རྒྱལ་བོས། ཀྱེ་བུ་མོ། ཁྱོད་ཀྱི་མཉེས་གཤིན་དང་ཟོལ་མེད་ཀྱི་གཏམ་འདི་དག་གིས་མགྲོན་ལ་བརྩེ་བའི་སྤྱོད་པ་མངོན་སུམ་དུ་མཚོན་པར་བྱས་སོ།།
མ་སྨད་མས། ཇོ་བོ་ཁྱེད་ཀྱིས་ཤིང་ལོ་མ་བདུན་པའི་འོག་གི་མཆོད་སྟེགས་ནས་རེ་ཞིག་ངལ་གསོས་ཤིག་དང་འདི་ནི་བསིལ་བའི་རང་བཞིན་ཅན་ནོ།།
རྒྱལ་བོས། ཁྱོད་ཅག་ཀྱང་ལས་ལ་རེམ་དྲགས་པས་ངལ་བར་སྲིད་དེ་མར་སྡོད་པར་འཚལ།
པྲིཡཾབདཱས། (སྐད་དམའ་མོས)གྲོགས་མོ་བྱ་ལེན་མ་ལགས། རང་ཅག་གིས་ནི་མགྲོན་ལ་བྱམས་ཤིང་བཀུར་བར་རིགས་པས་འདིར་ཤོག་དང་ཚང་མ་སྡོད་པར་བྱ།(ཚང་མ་མར་སྡོད་པ)
བྱ་ལེན་མས།(རང་གིས་རང་ལ)མི་འདི་མཐོང་མ་ཐག་བདག་གི་ཡིད་ནི་དཀའ་ཐུབ་པའི་ཚངས་སྤྱོད་ཀྱིས་ཀྱང་མི་ཟིན་པར་བརྗོད་དུ་མེད་དུ་ཚོར་བ་ཞིག་གིས་ཀུན་ནས་བསྐོར་བྱུང༌།
རྒྱལ་བོས། (བུ་མོ་ཚོའི་ཕྱོགས་སུ་བལྟས་ནས)ཀྱེ། རིགས་ཀྱི་བུ་མོ་དག ཁྱོད་ཅག་ནི་གཞོན་པའི་ལང་ཚོའི་དཔལ་གྱིས་བརྟས་ལ། གཅིག་ལས་གཅིག་ལྷག་པར་ཡིད་འཕྲོག་ཅིང་མི་སེམས་མགུ་བའི་གུས་པའི་བརྟུལ་ཞུགས་ཀྱང་ལྷུར་ལེན་པར་བྱེད་པས་ངོ་མ་ཡི་གར་འོང་ངོ༌།།
པྲིཡཾབདཱས། (སྐད་དམའ་མོས)ཀྭ་ཡེ་གྲོགས་མོ་མ་སྨད་མ། སྐྱེ་བོ་འདིའི་ཆ་ལུགས་གཞན་དང་མི་མཐུན་ཞིང་ངག་འཇམ་ལ་ཕར་བལྟས་ཚོད་ཀྱིས་རྟུལ་ཕོད་དང་དཔའ་མཛངས་ཀྱི་ཉམས་དང་ལྡན་པས་དོན་ངོ་མར་ཁོ་སུ་ཡིན་སྲིད་དམ།
མ་སྨད་མས། གྲོགས་མོ་ལགས། བདག་ཀྱང་ཁྱོད་ཇི་བཞིན་ངོ་མཚར་བར་བྱས་པས་ཁོ་ལ་འདྲི་བར་བྱའོ།། (སྐད་མཐོན་པོས)ཇོ་བོ་ཁྱེད་ནི་སྨྲ་བ་འཇམ་ཞིང་དྲེགས་པ་མེད་པས་ཁོ་མོ་ལ་གཏམ་འདྲི་བའི་སྤོབས་པ་བསྩལ་བ་སྟེ། ཁྱེད་ཉིད་རིགས་ཀྱི་རྒྱུད་པ་གང་ལས་མཆེད་ཅིང་ཕྱོགས་གང་ནས་ཕེབས་སམ། གང་ཞིག་ཁྱེད་ཀྱིས་ཞབས་ཀྱིས་བོར་བ་མ་ཐག་པའི་གནས་དེར་འཚོ་བ་དག་བློང་བློང་བོར་གྱུར་བ་ཐག་གིས་ཆོད་དེ། དཔལ་དང་ཡོན་ཏན་གྱིས་མངོན་པར་མཐོ་བ་ཁྱེད་ལྟ་བུ་བསྙེལ་བ་མེད་པར་གློ་བུར་ནགས་ཀྱི་ཚལ་དུ་སླེབས་པ་འདིའང་ཅི།
བྱ་ལེན་མས། (རང་གིས་རང་ལ)ཀྱེ་མ། ད་ནི་སེམས་མ་འཚབ་ཅིག ཁྱོད་ཀྱིས་ཅི་འདོད་པ་མ་སྨད་མས་འཆད་པར་ངེས་སོ།།
རྒྱལ་བོས། (རང་གིས་རང་ལ)ངས་ཇི་ལྟར་རང་ཉིད་ངོ་སྤྲོད་དམ། སྔར་བཞིན་ཆས་གཞན་དུ་བརྫུའམ།(མནོ་བསམ་བཏང་སྟེ)དེ་ལྟར་བྱ།(སྐད་མཐོན་པོས)ཀྭ་ཡེ། བདག་ནི་པུ་རིའི་རིགས་ཀྱི་ཆོས་ཀྱི་བྱ་བའི་དབང་མཛད་མཁན་ཏེ། འདིར་བསམ་གཏན་གྱི་གནས་ཁྱད་པར་བ་ལྟ་བར་འོང་བ་ཡིན་ནོ།།
མ་སྨད་མས། དེས་ན་ངེད་ཅག་དཀའ་ཐུབ་པ་དག་སྲུང་བའི་སྐྱེས་བུ་མངོན་སུམ་དུ་བྱུང་བའོ།།
༼བྱ་ལེན་མ་ངོ་ཚ་བའི་ཚུལ་དུ་གནས་པ།
གྲོགས་མོ་གཉིས་ཀས། (རྒྱལ་བོ་དང་བྱ་ལེན་མའི་རྣམ་འགྱུར་ལ་བལྟས་ནས་བྱ་ལེན་མར་ཁ་རོག་གེར)གལ་སྲིད་རང་ཅག་གི་ཡབ་རྒན་པོ་དེ་འདིར་བཞུགས་ན་ཅི་མ་རུང༌།
བྱ་ལེན་མས། དེས་ན་ཅི་ལྟ་བུར་འགྱུར།
གྲོགས་མོ་གཉིས་ཀས། ཁོང་གིས་ནི་ཐབས་མ་ཚང་བ་མེད་པས་མདུན་གྱི་སྐྱེས་བུ་འདི་ལ་མགྲོན་གྱི་བྱ་བ་གྱ་ནོམ་པ་ཞིག་བྱེད་པར་སྲིད་དོ།།
བྱ་ལེན་མས། (ཁྲོ་བའི་ཚུལ་གྱིས)ཕར་སོང་ཞིག ཁྱོད་གཉིས་ཀའི་གབ་དོན་ཅན་གྱི་གཏམ་དེ་ལ་བདག་གིས་ཉན་པར་མི་བྱ།
རྒྱལ་བོས། སྐབས་འདིར་ཁོ་བོར་ཡང་ཁྱོད་གཉིས་ཀྱི་གྲོགས་མོའི་སྐོར་ལ་དྲི་བར་བྱ་བ་འགའ་ཡོད་པས་རིགས་ཀྱི་བུ་མོ་གཉིས་ཀྱིས་ལན་བསྩལ་དུ་གསོལ།
གྲོགས་མོ་གཉིས་ཀས། ཇོ་བོ། ཁྱེད་ཀྱི་དྲི་བས་ནི་ངེད་གཉིས་ལ་ཕན་གདགས་པར་བྱས་སོ།།
རྒྱལ་བོས། བཀུར་བའི་གནས་སུ་འོས་པའི་དྲང་སྲོང་ཀ་ན་ཝ་ནི་ཚུལ་ཁྲིམས་ཀྱི་གོ་ཆ་བརྟན་པོ་དང་བཅས་ཚེ་གཅིག་ཞི་བའི་གནས་ལ་གཞོལ་བ་ཡིན་ན་ཁྱེད་ཅག་གི་གྲོགས་མོ་དེ་ནི་ཁོང་གི་རིགས་རྒྱུད་གཙང་མར་སྒྲོག་པ་འདི་ནི་ཅི།
མ་སྨད་མས། གསན་པར་མཛོད་ཅིག་ཀྱེ། དེ་འང་ཇོར་ཀྱ་ཞེས་བྱ་བའི་རིགས་རྒྱུད་དུ་རྒྱལ་རིགས་ལས་འཁྲུངས་པའི་དྲང་སྲོང་དབང་གིས་དྲེགས་པ་ཞིག་འཁྲུངས་པར་གྱུར་ཏོ།།
རྒྱལ་བོས། གུས་པར་འོས་པའི་ཇོར་ཀྱའི་རིགས་རྒྱུད།
མ་སྨད་མས། ཁྱེད་ཀྱིས་མཁྱེན་པར་བྱ་བ་ཞིག་ལ་དྲང་སྲོང་དེ་ནི་ཏག་ཏག་ངེད་ཅག་གི་གྲོགས་མོ་ལགས་ཀྱི་ཡབ་ཆེན་ཏེ། མོ་ནི་ཤིན་ཏུ་ཆུང་བའི་དུས་ནས་བདག་པོ་མེད་པར་གཞན་གྱིས་དོར་བས་ཡབ་ཆེན་གྱིས་ཁོ་མོ་གཉོར་ཅིང་སྐྱེད་སྲིང་བར་བྱས་སོ།། དེ་ལྟར་ཁོང་ནི་མོའི་ཡབ་ཆེན་དུ་གྱུར་བའོ།།
རྒྱལ་བོས། གཞན་གྱིས་དོར་བར་བཤད་པའི་གཏམ་དེས་བདག་གི་ཡིད་ནི་སྔར་ལས་ལྷག་པར་སོམ་ཉིའི་དྲ་བས་བསྐོར་བར་གྱུར་བས་དོན་གྱི་གནད་དེ་རྟོགས་པར་བྱ་བའི་ཕྱིར་སེམས་རྣལ་མས་མུ་མཐུད་དུ་ཉན་པར་བྱའོ།།
མ་སྨད་མས། དེས་ན་ལེགས་པར་ཉོན་ཅིག་དང༌། རྒྱལ་རིགས་ལས་འཁྲུངས་པའི་དྲང་སྲོང་ཁོང་ནི་སེམས་རྩེ་གཅིག་པར་བསམ་གཏན་ལ་གཞོལ་བའི་ཚེ་ན་སེམས་རབ་ཏུ་ཞུམ་པར་གྱུར་བའི་ལྷ་མ་ཡིན་དག་གིས་མིང་ལ་མེ་ན་ཀ་རུ་འབོད་པའི་ལྷ་མོ་ཞིག་ཆོ་འཕྲུལ་གཏོང་བར་མངགས་སོ།།
རྒྱལ་བོས། གོང་ན་གནས་པའི་ལྷ་དག་ནི་དེ་ལྟ་བུར་གཞན་གྱི་སྒྲིབ་སྦྱོང་ལ་འཇིགས་པའི་ཚུལ་ནི་བསམ་པའི་ཡུལ་ལས་འདས་སོ།། དེ་ནས།
མ་སྨད་མས། ཧ་ཅང་སྐྱིད་པའི་འདོད་ལྡན་དཔྱིད་ཀྱི་དུས་དེར། མེ་ན་ཀའི་སྒེག་པའི་ཉམས་འགྱུར་མཐོང་ནས། (ཚིག་མཚམས་ཆད་ནས་ངོ་ཚ་བའི་ཚུལ་དུ་ལུས་པ)
རྒྱལ་བོས། དེའི་རྗེས་སུ་དོན་ཅི་ཞིག་བྱུང་བ་དཔྱད་པས་དཔག་པར་ནུས་སོ།། དེས་ན་ཁྱོད་ཅག་གི་གྲོགས་མོ་ནི་ལྷ་མོ་དེའི་རིགས་ཀྱི་རྒྱུད་པ་མ་ཡིན་ནམ།
མ་སྨད་མས། དེ་དེ་བཞིན་ནོ།།
རྒྱལ་བོས། དེ་ནི་བདེན་པར་སྣང་སྟེ། འོད་རླབས་པོ་ཆེ་ནི་མཁའ་དབྱིངས་ནས་མ་གཏོགས་ས་གཞི་ནས་མི་འཕྲོ་བ་ཇི་བཞིན་འཇིག་རྟེན་ཕལ་བའི་ཁྱིམ་ལས་བུ་མོ་མཛེས་མ་འདི་འདྲ་བ་སྐྱེ་སྲིད་པ་མ་ཡིན་ནོ།།
༼བྱ་ལེན་མ་ནི་ཁ་སྐྱེངས་ཤིང་མགོ་བོ་སྨད་ནས་དེ་ག་རུ་འགྲེང་སྟེ་ལུས་སོ།།
རྒྱལ་བོས།(རང་གིས་རང་ལ)ད་ནི་ཇི་ལྟར་བསམ་པ་དེ་ལྟར་འགྲུབ་པའི་རེ་བ་ཡོད་པས་ཤིན་ཏུ་ལེགས་སོ།།
པྲིཡཾབདཱས། (འཛུམ་པ་དང་བཅས་བྱ་ལེན་མའི་ཕྱོགས་སུ་བལྟས་ནས)ཇོ་བོ་ལགས་ལ་ད་དུང་ཡང་དྲི་བར་བྱ་བ་འགའ་ཡོད་ཀྱང་སྲིད།
༼བྱ་ལེན་མས་མཛུབ་མོ་བཙུགས་ནས་པྲིཡཾབདཱར་ལེ་བདའ་བའི་ཉམས་སྟོན་པ།
རྒྱལ་བོས། བུ་མོ་ཁྱོད་ཀྱིས་སྨྲས་པ་དེ་བཞིན་ལགས་ཏེ། བདག་ད་དུང་ཡང་དཀའ་ཐུབ་པ་དག་གི་ལོ་རྒྱུས་ལ་ཉན་འདོད་ཆེ་བས་དྲི་བར་བྱ་བ་གཞན་ཡང་ཡོད་དོ།།
པྲིཡཾབདཱས། དེས་ན་དཀའ་ཐུབ་པའི་སྐོར་གྱི་དྲི་བ་དག་འཛེམ་པ་མེད་པར་འདྲི་བར་བྱའོ།།
རྒྱལ་བོས། དེས་ན་ཁྱོད་ཅག་གི་མཛེས་མའི་སྐོར་ལ་དྲི་བར་བྱ་བ་འདི་འདྲ་ཡོད་དེ།
འདོད་པའི་སེམས་དེ་དཀའ་ཐུབ་དམ་པོས་འཆིང་བ།།
གཉེན་གྱི་བྱ་བ་ཟིན་ཚེ་གཏོང་བར་སྲིད་དམ།།
མཛེས་མ་རང་གི་མིག་མདངས་འཛིན་པའི་ཡུ་མོར།།
རབ་ཏུ་བརྩེ་བས་ཚེ་གཅིག་འགྲོགས་པར་སྲིད་དམ།།
པྲིཡཾབདཱས། ཇོ་བོ། ད་ལྟའི་ཆར་མོས་དཀའ་ཐུབ་ཀྱི་སྤྱོད་པ་ལྷུར་ལེན་མོད་འོན་ཀྱང་ངེད་ཅག་གི་ཡབ་ཀྱིས་ནི་ཁོང་མོ་གཟུགས་བྱད་ལེགས་པའི་གཞོན་ནུ་གང་ཞིག་ལ་བག་མར་གཏོང་བར་འདོད་དོ།།
རྒྱལ་བོས། (ཡིད་དགའ་བ་དང་བཅས་རང་གིས་རང་ལ)
ཀྱེ་མ། བདག་གི་སེམས་པ། རེ་བ་ཆེན་པོ་འདི་མ་གཏོང་ཞིག ཡིད་གཉིས་སུ་མ་འཛིན་ཞིག
ཐེ་ཚོམ་ནི་སྲེག་ཟའི་ཕུང་བོ་སྟེ་དེ་དང་བྲལ་ཚེ་ལག་པས་བྱིལ་བྱིལ་བྱེད་ཆོག་སའི་གཡུ་ཆུང་དྲུག་དཀར་འདི་ཡོད་དོ།།
བྱ་ལེན་མས། (ཁྲོ་བའི་ཉམས་ཀྱིས)གྲོགས་མོ་མ་སྨད་མ་ལགས། ད་ནི་བདག་འགྲོ་བར་བྱའོ།།
མ་སྨད་མས། ཅི་ཡི་ཕྱིར་ན།
བྱ་ལེན་མས། ངས་ནི་བཀུར་བསྟིའི་ཡུལ་དུ་གྱུར་བའི་ཀོའུ་ཏ་མ་ལ་པྲིཡཾབདཱས་ངག་ཀྱལ་གྱི་བྱ་བ་བྱེད་པའི་ཚུལ་དག་ཇི་བཞིན་དུ་ཞུ་བར་བྱའོ།།(ཡར་ལངས་པ)
མ་སྨད་མས། དཀའ་ཐུབ་པ་ཞིག་ལ་མཚོན་ན་རིགས་ཀྱིས་དྲེགས་པའི་མགྲོན་པོ་དམ་པ་ཞིག་བསྙེན་བཀུར་མེད་པར་གཅིག་བུར་བོར་བ་ནི་འོས་པའི་གནས་མ་ལགས་སོ།།
༼བྱ་ལེན་མས་ཅི་ཡང་མི་སྨྲ་བར་འགྲོ་བའི་གྲབས་གཤོམ་བྱེད་པ།
རྒྱལ་བོས། (ལྐོག་ཏུ)མོ་ཅིའི་ཕྱིར་འགྲོ་བར་སྲིད་དམ།(ཡར་ལངས་ནས་བྱ་ལེན་མ་འཛིན་པར་འདོད་ནའང་དེ་ལྟར་མ་བྱས་པར་རང་གི་སྤྱོད་པར་ཚོད་བཟུང་སྟེ)ཀྱེ་མ། ཡིད་ཀྱི་དགའ་མ་ཞིག་གི་སེམས་ཀྱི་འདོད་པ་དང་ལུས་ཀྱི་སྤྱོད་པ་གཉིས་ནི་གཏན་ནས་མཚུངས་པ་མ་ཡིན་ནོ།། དེའང་བདག་ཀྱང་འདི་ལྟ་བུར་གྱུར་བ་སྟེ།
གོམ་པའི་མདའ་མོས་སྙེག་པར་འདོད་ནའང༌།།
ཀུན་དུ་སྤྱོད་པས་རབ་ཏུ་ཁེགས་པར་བྱས།།
མདུན་དུ་རྒྱུ་བའི་སྐབས་དག་མ་བྱུང་ཡང༌།།
མགྱོགས་པོར་སོང་སྟེ་ཕྱི་ཕྱིར་འཁོར་བ་འདྲ།།
པྲིཡཾབདཱས།(བྱ་ལེན་མའི་གམ་དུ་སོང་ནས)ཁྲོ་བའི་བརྟུལ་ཞུགས་འཛིན་པའི་གྲོགས་མོ་ལགས། ད་ནི་ཁྱོད་འགྲོ་བར་མི་བྱའོ།།
བྱ་ལེན་མས། (ཕྱིར་ཡོང་ནས་སྨིན་མ་བསྡུ་བཞིན)ཅིའི་ཕྱིར།
པྲིཡཾབདཱས། ཁྱོད་ཀྱིས་ད་དུང་ཡང་ལྗོན་ཤིང་གཉིས་ལ་ཆུ་འགྲེམས་པའི་བུ་ལོན་བདག་ལ་ཆད་ཡོད་དོ།། བུ་ལོན་དེ་བསལ་ཟིན་པའི་ཚེ་ན་ད་གཟོད་ཁྱོད་འགྲོ་བའི་སྐབས་ལ་སླེབ་པ་ཡིན་ནོ།།(མོ་བཙན་གྱིས་ཁྲིད་འོང་བ)
རྒྱལ་བོས། ཁོ་བོས་བསམ་ན་བུ་མོ་འདིའི་ལུས་ནི་ལྗོན་ཤིང་ལ་ཆུ་འགྲེམས་པས་ངལ་བར་གྱུར་ཡོད་དེ། དཔུང་བ་ནི་མར་དཔྱངས་པ་དང༌། ཆུ་བུམ་གྱིས་བརྡར་བའི་དབང་གིས་གྲུ་མོ་ཟུང་དམར་བོར་གྱུར་ཡོད་པ་དང༌། དབུགས་ཀྱི་རྒྱུ་བ་རབ་ཏུ་འཚུབ་པས་མྱོས་བུམ་ཡང་ཕྱོགས་ཡར་མར་དུ་གཡོ་བར་བྱེད་པ་དང༌། རྔུལ་ཆུའི་ཐིགས་པ་གདོང་ལ་ཟིལ་བ་བཞིན་ཆགས་པས་རྣ་བའི་རྒྱན་དུ་གྱུར་བའི་ཤི་ར་ཀའི་མེ་ཏོག་ཀྲོང་ངེར་འགྲེང་བ་དང༌། སྐྲ་འཛིན་མར་ལྷུང་བས་ལག་པ་གཅིག་གིས་སྟུག་ཅིང་འཛིངས་པའི་སྐྲ་ལོ་ཤད་པ་བཅས་ཀྱིས་སོ།། དེ་ཡི་ཕྱིར་ན་བདག་གིས་ནི་མོའི་ཚབ་ཏུ་བུ་ལོན་གཞལ་བར་བྱའོ།།(མཛུབ་རྒྱན་ཞིག་བླངས་ཏེ་བུ་མོ་གཉིས་ལ་སྤྲད་པ་དང་མོ་གཉིས་ཀྱིས་དེའི་སྟེང་དུ་བརྐོས་པའི་ཡི་གེ་ཀློག་བཞིན་ཕན་ཚུན་ལ་ལྟ་བ)
རྒྱལ་བོས། ད་ནི་ཁྱོད་ཅག་གིས་བདག་གི་ཕྱོགས་ལ་འཛིན་པའི་སོམ་ཉིའི་དྲ་བ་དེ་ཅིག་ཅར་དུ་གཅོད་པར་རིགས་ཏེ་འདི་ནི་རྒྱལ་བོ་ཞིག་གིས་གནང་བའི་ལེགས་སྐྱེས་སུ་ཟད་དོ།།
པྲིཡཾབདཱས། ཇོ་བོ་ཁྱེད་ཀྱིས་མཛུབ་རྒྱན་འདི་སྩོལ་བར་མི་རིགས་ཏེ། ཁྱེད་ཀྱིས་གསུང་བའི་ཚིག་ཟབ་མོ་དེས་བུ་ལོན་བཅལ་ཟིན་ནོ།།
མ་སྨད་མས། ཀྱེ། གྲོགས་མོ་བྱ་ལེན་མ། བྱམས་སྙིང་རྗེ་ཅན་གྱི་ཇོ་བོའམ་རྒྱལ་བོ་གང་དེས་ཁྱོད་ལ་གནང་བ་བླངས་ཟིན་པས་ད་ནི་ཁྱོད་གང་དུ་འགྲོའམ།
བྱ་ལེན་མས། (རང་གིས་རང་ལ)གལ་སྲིད་བདག་ནི་བློ་རིག་དྭངས་ཤིང་གསལ་བོའི་ངང་དུ་གནས་ཡོད་ན་མདུན་གྱི་སྐྱེས་བུ་འདི་ལ་བྱོལ་བར་མི་འོས་སམ།
པྲིཡཾབདཱས། ད་ལྟ་ཅིའི་ཕྱིར་མི་འགྲོའམ།
བྱ་ལེན་མས། དེས་ན་བདག་གིས་ད་དུང་ཡང་ཁྱོད་ཀྱི་ངག་བཀོད་ལ་ཉན་དགོས་སམ། ཁོ་མོ་རང་ཉིད་ནམ་ཞིག་འགྲོ་འདོད་ན་དེ་དུས་འགྲོ་བར་ངེས་སོ།།
རྒྱལ་བོས། (བྱ་ལེན་མའི་ཕྱོགས་སུ་བལྟས་ནས་རང་གིས་རང་ལ)བདག་གིས་མོ་ལ་ཇི་བཞིན་མོས་ཀྱང་བདག་ལ་བརྩེ་སེམས་འཛིན་པ་ཨེ་ཡིན་ནམ། གལ་སྲིད་དེ་ལྟར་མིན་ན་ཁོ་བོས་མི་དྲན་དགུ་དྲན་བྱས་པ་ཁོ་ནར་ཟད་དོ།། ཅིའི་ཕྱིར་ཞེ་ན།
ཁོ་བོའི་ལྗགས་རྩེའི་རོལ་བ་ལ།། ལན་གྱི་སྦྱིན་པ་སྩོལ་མིན་ཡང༌།།
སྨྲ་བའི་སྒོ་ནི་ཆེར་ཕྱེ་ཚེ།། ཡིད་རབ་གཏད་ནས་ཉན་པར་བྱེད།།
ཕན་ཚུན་གདོང་བ་ཕྱོགས་ནས་ནི།། ལྟ་བའི་སྐབས་ཉིད་མ་དམིགས་ཀྱང༌།།
ལྟ་བྱེད་ཟུང་གི་མདའ་མོ་ནི།། གཟུགས་གཞན་དག་ལ་འཕེན་མི་བྱེད།།
ཡོལ་བའི་རྒྱབ་ནས། ཀྭ་ཡེ། ཀྭ་ཡེ། དཀའ་ཐུབ་པ་དག ཁྱེད་ཅག་གིས་ཞི་བའི་ཚལ་གྱི་རི་དྭགས་དག་སྲུང་བའི་སྟ་གོན་གྲུབ་པར་གྱིས་ཤིག་གུ ཁྱི་ར་བའི་བརྟུལ་ཞུགས་འཆང་བའི་མི་རྗེ་དུཥྱནྟ་ནི་ཉེ་བའི་གནས་སུ་ལྷགས་པར་ཐེ་མི་ཚོམ་སྟེ།
རྟ་མཆོག་བང་གིས་སྤྲུགས་པའི་ས་ཡི་རྡུལ།།
ཐུན་མཚམས་འོད་ལ་ཆགས་པའི་འབུ་སྦྲང་བཞིན།།
ཤིང་ཤུན་རློན་པའི་གོས་ཀྱིས་ལྩི་བ་ཡི།།
འཁྲི་ཤིང་གསར་བའི་ཡལ་ཀར་ཀུན་ནས་འབབ།།
རྒྱལ་བོས། (ཆིག་ལབ་རྒྱག་པ)ཀྱེ་མ། འགྲིག་མ་སོང་སྟེ་བདག་འཚོལ་བར་འོངས་པའི་དམག་མི་དག་གིས་ཞི་བའི་གནས་འདི་འང་དཀྲོག་པར་བྱས་སོ།།
སྔར་ལྟར་ཡོལ་བའི་རྒྱབ་ནས། ཀྭ་ཡེ། ཀྭ་ཡེ། དཀའ་ཐུབ་པ་དག གླང་ཆེན་ཞིག་ཁྱེད་ཅག་གི་ཁྱིམ་མི་དག་ཡོད་སར་ཤོར་འདུག་སྟེ། དེ་ཡི་ལུས་ཆེན་པོས་ལམ་གྱི་ལྗོན་པ་བསྒྱེལ་བར་བརྩམས་ནས་མཆེ་བ་གཅིག་བརླག་པ་དང༌། བགྲོད་བྱེད་ཀྱིས་ནི་འཁྲི་ཤིང་ཞིག་ཐག་པ་ཞིག་ལྟར་དྲུད་ནས་འོང་ངོ༌།། དེ་ནི་དཀའ་ཐུབ་སྤྱོད་པ་ལ་གཟུགས་ཅན་དུ་བྱས་པའི་དགྲ་མངོན་སུམ་དུ་བྱུང་བ་ཡིན་པས་རི་དྭགས་ཤྭ་བའི་ཚོགས་ཀྱང་འདྲོག་པར་བྱས་སོ།། མདོར་ན་རྒྱལ་བོའི་ཤིང་རྟ་ཡིས་གླང་ཆེན་དེ་བཀྲོགས་ནས་ཞི་བའི་ནགས་སུ་ཤོར་བར་བྱས་སོ།།
༼གཏམ་དེ་ཐོས་རྗེས་ཀུན་སེམས་བློང་བློང་བོར་ཡར་ལངས་པ།
རྒྱལ་བོས། ཀྱེ་མ། དཔེ་བསགས་སོང༌། བདག་གི་བློན་འཁོར་དག་གིས་ནི་་དཀའ་ཐུབ་པ་དག་ལ་འོས་མེད་ཀྱི་སྦྱོར་བ་བརྩམས་སོང་བས་ད་ནི་བདག་དངོས་སུ་སོང་ནས་བལྟ་བར་བྱའོ།།
གྲོགས་མོ་གཉིས་ཀས། ཀྱེ་མགྲོན་པོ་དམ་པ། བདག་ཅག་ནི་མ་རུང་གླང་ཆེན་དེ་ལ་ཤིན་ཏུ་བྲེད་པས་ཕྱིར་སྤྱིལ་བུ་ལ་འགྲོ་བའི་སྐལ་བ་སྩོལ་བར་ཞུ།
མ་སྨད་མས། (བྱ་ལེན་མ་ལ)ཀྱེ་གྲོགས་མོ་བྱ་ལེན་མ། ད་ནི་བཀུར་བར་འོས་པའི་ཀོའུ་ཏ་མའང་སེམས་འཚབ་པའི་སྐབས་སུ་བབས་པས་འདིར་ཤོག་དང་རང་ཅག་མཉམ་དུ་འགྲོ་བར་བྱའོ།།
བྱ་ལེན་མས།(འགྲོ་འདོད་ནའང་འགྲོར་མི་བཏུབ་པའི་ཉམས་ཀྱིས)བདག་གི་སྐེད་པ་སྦྲིད་པར་གྱུར་བས་ལུས་པོ་མི་བདེ་བར་འདུག་གོ།
རྒྱལ་བོས། བུ་མོ་དག་དལ་བུར་བཞུད་ཅིག ངེད་ཅག་གིས་ཅི་ནུས་ཀྱིས་ཞི་བའི་གནས་འདི་ལ་མི་གནོད་པ་བྱའོ།།
གྲོགས་མོ་གཉིས་ཀས། ཀྱེ་མགྲོན་པོ་དམ་པ། ངེད་ཅག་ནི་འཇིག་རྟེན་གྱི་ལུགས་ལ་མི་མཁས་པས་ཁྱེད་ལ་བསྙེན་བཀུར་ཞབས་ཏོག་ཕུན་སུམ་ཚོགས་པ་ཞུ་མ་ཐུབ་པར་ཐུགས་ལ་དོགས་པ་མེད་པར་ཞུ། གང་ཅི་སླར་མཇལ་བའི་སྐལ་བ་བཟང་བོ་དེ་ཡང་སྩོལ་བར་འཚལ་ལོ།།
རྒྱལ་བོས། དེ་འདྲ་ག་ལ་ཡིན། བུ་མོ་ཁྱེད་ཅག་དང་མཇལ་བས་བདག་གི་ཡིད་ནི་ཚིམས་པ་བྱུང་ངོ༌།།
བྱ་ལེན་མས། ཀུ་ཤའི་རྩེ་མོ་ཤིན་ཏུ་ཕྲ་བ་དེ་བདག་གི་རྐང་བར་ཟུག་ཅིང་ཤིང་ལྗོན་པའི་ཡལ་ཀའང་བདག་གི་ཤིང་ཤུན་གྱི་གོས་དང་ཐོགས་པས་བདག་དེ་ལས་བསྐྱབ་པར་འཚལ།(རྒྱལ་བོར་ལྟ་ཞོར་དུ་གྲོགས་མོ་གཉིས་དང་མཉམ་དུ་འགྲོ་བ)
རྒྱལ་བོས། (སྔམ་པ་འཐེན་བཞིན)ཁོ་མོ་ཚོ་བུད་སོང་བས་ད་ནི་བདག་ཀྱང་འགྲོ་བར་བྱ། བྱ་ལེན་མའི་ཟུར་མིག་དེས་བདག་ནི་དམ་ལ་བཏགས་པ་འདྲ་བས་ཕྱིར་གྲོང་དུ་འགྲོ་འདོད་ནི་མེད་པས་ཉེ་བའི་འཁོར་དག་ཀྱང་གནས་འདི་དང་མི་རིང་བའི་ས་ནས་གཞག་པར་བྱའོ།། ཀྱེ་མ་བདག་གི་སེམས་ནི་བྱ་ལེན་མ་དང་འབྲལ་བའི་སྐབས་ནི་མ་མཆིས་སོ།།
ལུས་ནི་མདུན་དུ་རྒྱུ་བྱས་ཀྱང༌།། སེམས་ནི་ཕྱི་ལ་འཆོར་བྱེད་པ།།
བསེར་མའི་རླུང་གིས་རབ་འདར་བའི།། རྒྱ་ནག་དར་གྱི་བ་དན་བཞིན།།
༼ཐམས་ཅད་ཀྱིས་གར་བཤིག་པ། ༽
སྦས་པའི་གཏམ་རྒྱུད་ཅེས་བྱ་བ་ཡན་ལག་གཉིས་པ།
༼ཨ་ཙ་ར་གར་ལ་ཞུགས་པ།
ཨ་ཙ་རས། ༼སྔམ་པ་འཐེན་བཞིན༽ཀྱེ་ཧུད། འགྲིག་མ་སོང་། རི་དྭགས་རྔོན་པ་ལ་ཤིན་ཏུ་གོམས་པའི་རྒྱལ་བོ་འདིར་ཞབས་ཏོག་སྒྲུབ་པས་ཉི་མའང་འཁྱོལ་དཀའ་ལ་ཐང་ཆད་ནས་མི་བཟོད་པར་འདུག ཁོང་གིས་དུས་རྒྱུན་པར་འདི་ན་ཤྭ་བ་ཞིག་དང་གན་ན་ཕག་རྒོད་ཅིག་ཟེར་ནས་དབྱར་གྱི་ཉིན་གུང་གི་དུས་སུའང་གྲིབ་བསིལ་དང་བྲལ་བའི་ནགས་གསེབ་ནས་ཡར་རྒྱུགས་མར་རྒྱུགས་བྱེད་པ་དང་། སྡོང་བོའི་ལོ་མར་བསླད་པའི་ལུང་བའི་ནང་གི་མྱགས་ཆུ་དྲི་མ་ཅན་ཡང་འཐུང་བར་བྱེད། གཅིག་བྱས་ན་རོ་བཅུད་འཛོམས་པའི་ཤ་གསར་བ་ཞིག་ཟ་བའི་སྐལ་བཟང་ཡང་མངོན་དུ་འགྱུར་བར་སྲིད་དོ།། རྟ་དང་གླང་ཆེན་གྱི་རྨིག་སྒྲས་གཉིད་སྐྱིད་པོ་ཞིག་ཀྱང་ཁུག་ཏུ་མི་འཇུག ནམ་ལང་བའི་ཚེ་ན་ནགས་སུ་བྱ་འཛིན་པར་འོང་བའི་གཡོག་འཁོར་ཚོའི་ཕྲུ་གུས་རྣ་བར་གཟན་པར་འུར་བརྒྱབ་སྟེ་གཉིད་ལས་དཀྲོག་པར་བྱེད། དེ་ལྟ་ནའང་བདག་གི་སྡུག་གི་བུ་ལོན་ད་དུང་དག་མ་སོང་སྟེ་གདོང་གཟེར་ནས་བཟོད་ཐབས་མེད་དོ།། མི་རྗེ་ཁོང་གིས་ངེད་ཅག་རྗེས་སུ་བསྐྱུར་ཏེ་དཀའ་ཐུབ་ཀྱི་ནགས་ནས་ཤྭ་བ་ཞིག་གི་རྗེས་དེད་པ་དང་དེ་ནས་མིང་ལ་བྱ་ལེན་མར་འབོད་པའི་དྲང་སྲོང་གི་བུ་མོ་ཞིག་མཐོང་ངོ་།། མཐོང་ནས་ཀྱང་ཕྱིར་གྲོང་དུ་ལོག་པའི་གཏམ་ཕྲ་མོ་ཙམ་ཡང་མི་གླེང་བས་དོན་འདི་ལ་བསམ་ནས་བདག་ནི་མཚན་མོ་གཉིད་ཀྱི་སྐལ་བ་དང་ཡང་བྲལ་སོང་། ད་ནི་ལས་ལམ་དུ་མ་སོང་བས་ཅི་ཞིག་བྱའམ། གང་ལྟར་བདག་གིས་རང་གི་མཛའ་གཅུགས་ཀྱི་འབྲེལ་བ་དམ་པའི་གྲོགས་པོ་དེ་སྒུག་བཞིན་ཡོད་ལ་སྔར་སྲོལ་ལྟར་ན་ད་ནི་ཁོང་གིས་ཆས་གཙང་མར་བགོས་ཚར་བར་ངེས་སོ།།༼ཡར་མར་ལ་འགྲོ་བཞིན་ཐག་རིང་ལ་ལྟ་བ༽བདག་གི་གྲོགས་པོ་དམ་པ་དེ་ཕར་ག་ན་ཚུར་འོང་བཞིན་འདུག ཁོང་གིས་མདའ་གཞུ་ཐོགས་ཤིང་སེམས་ལ་རང་གི་དགའ་མ་དམ་པོར་བཅངས་ཏེ་ནགས་གསེབ་ནས་བཏུས་པའི་མེ་ཏོག་དག་ཕྲེང་བར་བརྒྱུས་ནས་མགུལ་བར་དཔྱངས་འདུག དེས་ན་བདག་ནི་ལུས་པོ་གཞན་དུ་རེག་ནས་རྐང་བ་གྱོལ་པའི་ཚུལ་དུ་བརྫུ་བར་བྱ་སྟེ་དེ་ལྟར་བྱས་ན་ངལ་གསོ་རུ་འཇུག་ཀྱང་སྲིད་དོ།།༼ཤིང་གི་བེར་ཀ་ཞིག་ལ་ཁེན་ནས་འགྲེང་སྟེ་སྡོད་པ༽
༼རྒྱལ་བོ་གོང་དུ་གསལ་བ་བཞིན་གར་ལ་ཞུགས་པ།
རྒྱལ་བོས། ༼རང་གིས་རང་ལ༽ཡིད་འཕྲོག་གང་ཞིག་ཐོབ་པར་མ་གྱུར་ཀྱང་།། རྣམ་འགྱུར་ཕྲ་མོས་སེམས་ཉིད་བདེ་བར་བྱེད།། འདོད་པའི་དོན་ནི་རེ་ཞིག་འགྲུབ་མིན་ཡང་།། དྲན་པའི་གདུང་བས་ཡིད་ལ་སྤྲོ་དགའ་སྟེར།། ༼འཛུམ་པ་དང་བཅས༽དེ་ལྟ་ན་རང་གི་དཔྱད་པས་སྙིང་གི་དགའ་མའི་སེམས་དོན་ལ་དཔག་པའི་གཉེན་སློང་བར་འདོད་པ་བདག་ནི་ཤེས་པ་རྣལ་དུ་མི་གནས་པར་གྱུར་བ་སྟེ། མཛེས་པའི་མིག་ནི་གཞན་དུ་ཕྱོགས་ནའང་།། བརྩེ་བའི་མདངས་ཀྱིས་ཀུན་ཏུ་འཁྱུད་པར་བྱས།། དཔྱི་འཕོངས་རྒྱས་པས་གོམ་སྟབས་དལ་ནའང་།། སྒེག་པའི་ཆོ་འཕྲུལ་ངོམ་པ་ཉིད་དུ་བྱས།། འགྲོ་བར་འཚལ་ཞེས་གྲོགས་ཀྱིས་བསྐུལ་ནའང་།། ཁྲོ་བའི་ཉམས་ཀྱིས་ལན་ནི་ལྡོན་པར་བྱས།། ཨེ་མ་འདི་དང་འདི་འདྲའི་སྤྱོད་པ་ནི།། ཁོ་བོར་དམིགས་ཏེ་ཆེད་དུ་བྱས་འདྲ་བས།། འདོད་པའི་འདུན་པ་མིག་ཏུ་བསྐུངས་པ་ལ།། སོམ་ཉིའི་དྲ་བ་འཛིན་པའི་སྐལ་བ་ཅི།།
ཨ་ཙ་རས། ༼སྔར་གྱི་རྣམ་པས་དེ་གར་འགྲེང་ནས༽ཀྱེ། མི་རྗེ་ཆེན་པོ། བདག་གིས་ལག་ཟུང་སྲིང་བར་མི་བཏུབ་པས་སྨྲ་བའི་སྒོ་མོ་ལ་བརྟེན་ནས་ཁྱེད་ལ་ཚེ་རིང་བར་ཤོག་ཅེས་སྨྲ་བ་ལས་ཐབས་མི་འདུག
རྒྱལ་བོས། ༼ཨ་ཙ་རར་བལྟས་ནས་དགོད་བཞིན༽ཁྱོད་ཀྱི་ལུས་པོ་ཇི་ལྟར་རྨས་པར་གྱུར་ཏམ།
ཨ་ཙ་རས། ཁྱེད་ཀྱིས་གཟིགས་ན་ཇི་ལྟར་རྨས་པ་རེད་དམ། ཁྱེད་རང་གིས་གཞན་གྱི་མིག་རྨས་ཏེ་ད་དུང་ཁྱོད་ཀྱི་མིག་ཆུ་འདོན་དོན་ཅི་ཡིན་ཞེས་དྲི་བར་བྱ་བ་དང་འདྲའོ།།
རྒྱལ་བོས། བདག་གིས་ཁྱོད་ཀྱི་གཏམ་དེ་ལ་གོ་བ་མི་ལེན་པས་ཁྱོད་ཀྱིས་གསལ་བོར་འཆད་རོགས།
ཨ་ཙ་རས། གལ་ཏེ་འདམ་རྩྭས་འོམ་བུའི་ཤིང་ལ་ལད་མོ་བྱས་ཏེ་སྒེག་པའི་ཉམས་སྟོན་པར་བྱེད་ན་དེ་ནི་རང་གི་མཐུ་ལས་བྱུང་ངམ་ཡང་ན་ཆུའི་བཞུར་རྒྱུན་གྱི་མཐུ་ལས་བྱུང་།
རྒྱལ་བོས། དེ་ནི་ཆུའི་བཞུར་རྒྱུན་གྱི་མཐུ་ལས་བྱུང་ངོ་།།
ཨ་ཙ་རས། དེས་ན་མི་རྗེ་ཁྱེད་ཀྱི་མཐུ་ལས་བདག་བྱུང་ངོ་།།
རྒྱལ་བོས། ཚིག་དེའི་ནང་དོན་ཅི་ཡིན་ནམ།
ཨ་ཙ་རས། མི་རྗེ་ཁྱེད་ཀྱིས་རྒྱལ་བོའི་ཁྲི་འཕང་ཡང་དོར་ཏེ་བདེ་ཞིང་སྐྱིད་པའི་གནས་དེ་ལ་ཁ་བྲལ་ནས་དབེན་པའི་ནགས་སུ་མི་རྒོད་ལྟ་བུའི་འཚོ་བ་རོལ་བཞིན་བ་ལགས་ན་བདག་ལྟ་བུ་ལ་སྨྲ་བ་གཞན་ཡོད་སྲིད་དམ། ཁོ་བོ་ནི་བྲམ་ཟེ་ཞིག་ཡིན་པས་ཉིན་རེ་རེ་བཞིན་གཅན་གཟན་དག་གི་རྗེས་དེད་ནས་དཔུང་བ་དང་རྐང་བའི་ཚིགས་ཀྱང་འཆུས་པར་གྱུར། ད་ནི་རང་གི་ལུས་པོར་ཡང་བདག་མི་ཐུབ་པས་མི་རྗེ་ཁྱེད་ཀྱིས་བྱམས་དང་བརྩེ་བས་གཟིགས་ཏེ་བདག་ལ་ཉིན་གཅིག་གི་རིང་ངལ་གསོ་བའི་གནང་བ་བསྩལ་དུ་གསོལ།
རྒྱལ་བོས། ༼རང་གིས་རང་ལ༽ཁོས་དེ་ལྟར་ལབ་ཀྱི་འདུག་གིས་བདག་ཀྱང་བྲམ་ཟེའི་བུ་མོ་དེ་ཡིད་ལ་དྲན་ཚེ་རི་དྭགས་རྔོན་པའི་བྱ་བ་ལའང་འཇུག་པར་མི་འདོད་དེ། གཞུ་རྒྱུད་བཀང་ཞིང་ཉག་ཕྲན་བསྐུལ་བྱས་ཀྱང་།། འཐེབ་ལོང་སྦྱོར་ལ་ཤིན་ཏུ་བྲེད་འགྱུར་ཏེ།། མདུན་ན་རྒྱུ་བའི་རི་དྭགས་ཤྭ་བ་འདི།། ཁོ་བོའི་སྙིང་གི་དགའ་མར་འགྲོགས་བྱས་པས།། བརྩེ་བ་ལྷོད་པོའི་མདངས་ཀྱང་མིག་ནས་འབྱུང་།།
ཨ་ཙ་རས། ༼རྒྱལ་བོའི་ཕྱོགས་སུ་བལྟས་ནས༽མི་རྗེ་ཁྱེད་ཀྱིས་གློ་བུར་ཅི་ཞིག་དྲན་ནས་འདི་ལྟར་སྨྲས་པ་ཡིན། བདག་གིས་ཐང་སྟོང་འདི་ནས་སྐད་གསེང་མཐོན་པོས་བསྒྲོག་པར་བྱའོ།།
རྒྱལ་བོས། ངའི་སེམས་ན་འདོར་མི་ཐུབ་པ་ཅི་ཞིག་ཡོད་སྲིད་དམ། གྲོགས་པོ་ཞིག་གིས་བཤད་པའི་གཏམ་སྣང་དོགས་མེད་པར་འཇོག་ཏུ་མི་བཏུབ་སྙམ་ནས་བདག་འདི་ག་ལུས་ཡོད་དོ།།
ཨ་ཙ་རས། ༼སྤྲོ་བ་དང་བཅས༽དེས་ན་ཁྱེད་ཀྱི་སྐུ་ལ་འཚེ་བ་མེད་པར་གྱུར་ཅིག་གུ༼ཁོས་ཡར་ལངས་ནས་འགྲོ་བར་རྩོམ་པ༽
རྒྱལ་བོས། མ་འགྲོ་ཞིག ད་དུང་བསྒོ་བར་བྱ་བ་ནི་ཡོད་དོ།།
ཨ་ཙ་རས། བཀའ་བཞིན་བསྒྲུབ་བོ།།
རྒྱལ་བོས། ངལ་བ་སོས་རྗེས་ངས་ཁྱོད་ལ་ལས་སླ་མོ་ཞིག་བཅོལ་བར་བྱ།
ཨ་ཙ་རས། བུ་རམ་བཟའ་དགོས་པ་ཨེ་ཡིན་ནམ།
རྒྱལ་བོས། ཁྱོད་ཀྱིས་ཉོན་དང་ངས་འཆད་པར་བྱ།
ཨ་ཙ་རས། ངས་ལེགས་པར་ཉན་ནས་ཡོད་དོ།།
རྒྱལ་བོས། འདིར་ཞབས་ཏོག་སྒྲུབ་མཁན་ཞིག་ཡོད་དམ།
སྒོ་སྲུང་བས། ༼ཡར་ཡོང་བ༽གཙོ་བོ་ཁྱེད་ཀྱིས་བཀའ་བསྩལ་དུ་གསོལ།
རྒྱལ་བོས། ཀྭ་ཡེ་རོཧདོགྷ ཁྱོད་སོང་ལ་དམག་དཔོན་བོས་ཤོག
སྒོ་སྲུང་བས། ལགས་སོ།། ༼སྒོར་སོང་ནས་དམག་དཔོན་དང་མཉམ་དུ་ཕྱིར་ཡོང་བ༽ཁྱེད་རང་ཕེབས་པར་ཞུ། གཙོ་བོ་གང་གིས་གཞན་གྱི་གམ་ན་གནས་ལུགས་ལ་ཉན་བཞིན་ཡོད་པས་ཁྱེད་རང་ཁོང་གི་མདུན་དུ་བཅར་བར་འཚལ།།
དམག་དཔོན་གྱིས། ༼རྒྱལ་བོའི་ཕྱོགས་སུ་བལྟས་ཏེ་ཆིག་ལབ་རྒྱག་པ༽རི་དྭགས་རྔོན་པའི་ལས་ལས་དགེ་བ་ནི་མི་འབྱུང་ནའང་གཙོ་བོ་ཁོང་དེ་ལ་ཞེན་པར་གྱུར་བའི་རྒྱུ་ནི་གང་ཡིན་ནམ། དེའང་འདི་ལྟ་སྟེ། གནམ་རུའི་རྒྱུད་ཀྱིས་སྲོག་ལ་གནོད་བརྩམས་ཀྱང་།། རྔུལ་ཆུའི་རྒྱུན་དང་ཚ་གདུང་ལྷན་ཅིག་བཟོད།། ལུས་པོ་སྐེམ་པའི་ཚུལ་ཀྱང་མི་མངོན་པར།། ཁྱུ་མཆོག་བཞིན་དུ་བརྗིད་པའི་དཔལ་གྱིས་སྒེག། ༼མདུན་དུ་སོང་སྟེ༽མི་ཡི་བདག་པོ་ཁྱེད་བསྐལ་བརྒྱའི་བར་དུ་འཚོ་བར་གྱུར་ཅིག ཀྱེ། འདིར་གཅན་གཟན་སོང་བའི་རྗེས་ཤུལ་ཡོད་པ་ལ་དཔག་ན་ནགས་ཀྱི་ཚལ་འདིར་ད་དུང་ཡང་རི་དྭགས་མང་པོ་ཡོད་པ་ཐག་གིས་ཆོད། དེ་ལྟ་ནའང་ཁྱེད་མི་འགྲོ་བར་འདུག་དོན་ཅི་ལགས།
རྒྱལ་བོས། ཀྭ་ཡེ་བྷཐོལོཤུ། མོཐོབྷིཡེ་ཡིས་རི་དྭགས་རྔོན་ན་མི་བཟང་ཚུལ་ལབ་པས་བདག་གི་དེའི་ཕྱོགས་ཀྱི་འདུན་པ་ཉམས་ནས་ཡོད་དོ།།
དམག་དཔོན་གྱིས། ༼ལྐོག་ཏུ༽གྲོགས་མོཐོབྷིཡེ་ལགས། ཁྱོད་ཀྱིས་རང་གི་འདོད་ཚུལ་གྱི་རྒྱུན་བསྐྱང་བར་འཚལ་ཅིག འོན་ཏེ་བདག་ནི་གཙོ་བོ་ཁོང་གི་ལྟ་བའི་རྗེས་སུ་འབྲངས་པར་བྱའོ།། ༼སྐད་མཐོན་པོས༽ཀྱེ། རྒྱལ་བོ་ཆེན་པོ། ཁྱེད་ཉིས་བླུན་པོ་འདིའི་ཁུངས་མེད་པའི་གཏམ་འཆལ་ལ་ཡིད་ཆེས་སམ། ལེགས་པར་གཟིགས་ཤིག་དང་། གྲིམས་པའི་ཤ་ནི་རབ་ཏུ་ལྷུང་བས་ཡང་པའི་ལུས་པོར་རྩལ་ལྡན་ཞིང་།། བཀྲེས་ཤིང་དངངས་པས་ཀུན་ཏུ་མནར་བས་རི་དྭགས་འདི་དག་བག་ཕེབས་ལྡན།། དམིགས་བྱའི་ཡུལ་ལ་གནད་དུ་བསྣུན་པ་མདའ་མཁན་མཁས་པའི་རྒྱན་ལགས་པས།། ངག་འཁྱལ་གཏམ་དག་རྒྱབ་ཏུ་དོར་ནས་རྩེད་མོའི་མཆོག་འདིར་ལོངས་སྤྱོད་ཅིག།
ཨ་ཙ་རས། ༼ཁྲོ་བ་དང་བཅས༽ཝ་ཡེ། ཕྲ་མ་མཁན་ཁྱོད་ཕར་སོང་ཞིག གཙོ་བོ་ཁོང་མི་དགེ་བའི་ལས་དང་བྲལ་ཏེ་སེམས་བབ་ཆགས་པར་གནས་མ་ཐག་པ་ཡིན་ནོ།། ཁོལ་བོའི་བུ་ཁྱོད་ཀྱིས་ནགས་ཀྱི་ཚལ་རེ་རེ་བཞིན་བརྒལ་ནས་སོང་ན་ནམ་ཞིག་གི་ཉིན་མོར་སྤྱང་ཀིའམ་ཤྭ་བ་གང་རུང་གི་རྗེས་འདེད་པའི་དྲེད་མོང་ཞིག་གི་ཁ་ཟས་སུ་འགྱུར་བར་ངེས་སོ།།
རྒྱལ་བོས། ཀྭ་ཡེ་བྷཐོལོཤུ དེང་ནི་རང་ཅག་དཀའ་ཐུབ་ཀྱི་གནས་གང་དང་ཐག་མི་རིང་བའི་ས་ན་ཡོད་པའི་ཕྱིར་བདག་ཁྱོད་ཀྱི་གཏམ་ལ་ཉན་པར་མི་སྤྲོ་འོ།། དེའང་། རྭ་རྩེད་བྱེད་པའི་ཆུ་གླང་དག་ནི་རྫིང་བུར་འཚང་དུ་འཇུག་རོགས།། ལྗོན་གྲིབ་འོག་གི་ཤྭ་བའི་ཚོགས་ལ་འགྲམ་རྩྭ་ལྡད་དུ་འཇུག་རོགས།། ཞི་བར་འཚོ་བའི་རི་ཕག་དག་ལ་འདམ་བུ་རྙོག་ཏུ་འཇུག་རོགས།། རྒྱུད་སྐུད་ལྷོད་པའི་གཞུ་མཆོག་འདི་ལའང་ངལ་བ་གསོ་རུ་འཇུག་རོགས།།
དམག་དཔོན་གྱིས། གཙོ་བོ་ཁྱེད་ཀྱི་བཀའ་ལས་འདའ་བར་མི་བྱའོ།།
རྒྱལ་བོས། དེས་ན་ཁྱོད་ཀྱིས་མདུན་ན་རྒྱུ་བའི་མདའ་མཁན་དག་ཚུར་ཁུག་ཅིག དམག་མི་དག་གིས་ནི་དཀའ་ཐུབ་ཀྱི་གནས་འདི་ལ་མཐོ་འཚམ་པར་མི་བྱ་སྟེ་ཁོ་ཚོ་ཐག་རིང་བོར་བཀྱེད་ནས་བསྡད་ན་ཤིན་ཏུ་འགྲིག་གོ། ཁྱོད་ཀྱིས་གཟིགས་དང་། ཞི་བའི་གནས་ལ་ཞི་བ་གཙོ་ནའང།། གཏིང་དུ་སྦས་པ་འབར་བའི་མེ་ལྕེ་སྟེ།། རེག་པས་མྱོང་བས་ཆུ་ཤེལ་བསིལ་ནའང་།། དྲོད་གཞན་འདུས་པས་དེའང་འབར་བར་བྱེད།། དམག་དཔོན་གྱིས། དེ་དེ་བཞིན་ནོ།།
ཨ་ཙ་རས། ཝ་ཡེ། གཞན་ལ་སྐྱོན་འཛུགས་པར་དགའ་བའི་མི་ཁྱོད་ཕར་སོང་ཞིག ཕར་སོང་ཞིག
༼དམག་དཔོན་གྱིས་གར་བཤིག་པ༽
རྒྱལ་བོས། ༼གཡོག་འཁོར་དག་ལ་བལྟས་ནས༽ཁྱེད་ཅག་གིས་རྔོན་པའི་ཆ་ལུགས་འདོར་བར་མཛོད་ཅིག རོཧདོགྷ། ཁྱོད་ཀྱང་རང་སར་སོང་ཞིག
རོཧདོགྷས། བཀའ་བརྩིའོ།། ༼གར་བཤིག་པ༽
ཨ་ཙ་རས། ད་ནི་ཁྱེད་ཀྱིས་གནས་འདིའི་གཙག་འབུ་དག་མེད་པར་བཟོས་ཟིན་པས་ཁྱེད་ལྗོན་ཤིང་གི་གྲིབ་མའི་བསིལ་གདུགས་ཀྱི་འོག་ན་ཡོད་པའི་ཕ་བོང་དེའི་སྟེང་ནས་བཞུགས་པར་མཛོད་དང་། བདག་ཀྱང་སེམས་བདེ་མོས་དེ་རུ་འདུག་པར་བྱ།
རྒྱལ་བོས། ཁྱོད་མདུན་དུ་སོང་ལ་ལམ་ཁྲིད་ཅིག
ཨ་ཙ་རས། མི་རྗེ་ཆེན་མོ། དེས་ན་འགྲོ་བར་འཚལ་ལོ།།༼ཁོང་གཉིས་ཀྱིས་སྐོར་བ་འགའ་བརྒྱབ་ནས་སླར་འགྲེང་སྟེ་སྡོད་པ༽
རྒྱལ་བོས། ཀྭ་ཡེ། མོཐོབྷིཡེ། ཁྱོད་ཀྱི་ཡ་ཐོད་ལ་འདྲེན་བྱེད་ཟུང་གྱིས་བརྒྱན་པ་ནི་དོན་མེད་དུ་མཆིས་ཏེ། འཇིག་རྟེན་གྱི་ཕུན་སུམ་ཚོགས་པའི་ལོངས་སྤྱོད་དག་ལས་མཐོང་འོས་པ་དེ་མ་མཐོང་བའི་ཕྱིར་རོ།།
ཨ་ཙ་རས། མི་རྗེ་ཁྱེད་བདག་གི་མཐོང་ལམ་དུ་ཡོད་པ་མིན་ནམ།
རྒྱལ་བོས། སྐྱེ་བོ་སུས་ཀྱང་རང་ཉིད་ཡིད་འཕྲོག་པ་ཞིག་ཏུ་འདོད་ནའང་འོན་ཀྱང་བདག་གིས་བཤད་པར་འདོད་པ་ནི་ནགས་ཀྱི་མེ་ཏོག་ཏུ་གྱུར་བའི་བྱ་ལེན་མའོ།།
ཨ་ཙ་རས།༼རང་གིས་རང་ལ༽ངས་ཁོང་གི་བརྣབ་སེམས་འཕེལ་དུ་མི་འཇུག་གོ།༼སྐད་མཐོན་པོས༽ཨེ་མ། མོ་ནི་དྲང་སྲོང་གི་བུ་མོ་ཡིན་པས་མོའི་ཕྱོགས་ལ་རེ་བ་ནི་འཛིན་མི་རུང། དེས་ན་མོ་མཐོང་ཡང་དགོས་པ་ཅི་ཡོད།
རྒྱལ་བོས། གླེན་པ་ཁྱོད། གང་ཞིག་མགོ་བོ་བཏེགས་ཙམ་གྱིས།། མིག་ནི་རྡེབ་པར་མི་བྱེད་པར།། ལྕགས་ཀྱུ་ལྟ་བུའི་ཟླ་གཞོན་ལ།། བལྟས་པ་འདི་ཡིས་ཡིད་ནི་ཅི།། ཁོ་བོའི་སེམས་ནི་རེག་ཀྱང་མི་ཆོག་པའི་དངོས་པོ་ཞིག་གི་ཕྱོགས་སུ་འཁོར་བར་མི་བྱའོ།།
ཨ་ཙ་རས། ཚུལ་ཇི་ལྟར།
རྒྱལ་བོས། སྲས་མོ་དེ་ནི་དོན་དུ་ལྷ་མོ་མེ་ན་ཀས་བཙས་པ་སྟེ་ཡུམ་གྱིས་དོར་བའི་རྗེས་སུ་དྲང་སྲོང་གིས་གཉོར་བའོ།། དེའང་ཕྲ་ཞིང་མཉེན་པའི་མ་ལླི་ཀའི་མེ་ཏོག་གསར་བ་ཞིག་ལྗོན་ཤིང་གི་ཡལ་ཀ་ལས་འཐོར་རྗེས་ཉི་དགའ་མེ་ཏོག་ལ་འཁྲིལ་བ་དང་ཀུན་ནས་མཚུངས་སོ།།
ཨ་ཙ་རས། ༼འཕྱ་བའི་ཚུལ་གྱིས༽ཨ་ཧོ། སྦྲང་རྩིའི་བྲོ་བར་ཁ་བུད་པའི་སྐྱེ་བོ་ཞིག་གིས་ཤིང་མངར་བཟའ་འདོད་པ་ཇི་བཞིན་མི་རྗེ་ཁྱེད་ཀྱིས་ཀྱང་ཕོ་བྲང་ནང་གི་མཛེས་མའི་ཚོགས་ངོམས་པར་སྤྱད་རྗེས་མོའི་ཕྱོགས་ལ་རེ་བ་འཆང་གིན་ཡོད་པ་མིན་ནམ།
རྒྱལ་བོས། གྲོགས་པོ། ཁྱོད་ཀྱིས་ནི་མོའི་ཞལ་ཡང་མཇལ་མེད་པས་ཕྱིར་ན་དེ་ལྟར་སྨྲས་པ་ཙམ་མོ།།
ཨ་ཙ་རས། མཐར་ཐུག་ཡིད་དུ་འོངས་པ་གང་ཡིན་པ་དེས་ཁྱེད་ཀྱི་ཡིད་སེམས་འགུག་ནུས་སོ།།
རྒྱལ་བོས། ཀྱེ་གྲོགས་པོ། གཏམ་མང་པོ་ལབ་པ་ལ་དགོས་པ་མ་མཆིས་ཏེ། དྲི་མས་མ་གོས་དག་པའི་སེམས་ཀྱིས་མཛེས་པའི་དེ་ཉིད་བསམ་བྱས་ནས།། མཛེས་པ་ཀུན་གྱི་སྙིང་བོ་བསྡུས་པས་ཡིད་འོངས་མ་དེ་བཞེངས་གྱུར་ཏམ།། བྱེད་པོས་བྱས་པའི་ཕུན་ཚོགས་ཆོས་དང་མེ་ཏོག་རྗེས་འགྲོ་མ་དེ་ལས།། ཀྭ་ཡེ་ཁོ་བོའི་ལྟ་བའི་ལྗོངས་སུ་མཛེས་པ་གཞན་ནི་ཡོད་མ་ཡིན།།
ཨ་ཙ་རས། དེས་ན་མོ་དང་བསྡུར་ཚེ་འཇིག་རྟེན་གྱི་མཛེས་མ་གཞན་རྣམས་ནི་བྲིས་པའི་རི་མོ་ཙམ་དུ་ཟད་དོ།།
རྒྱལ་བོས། བདག་གིས་ད་དུང་འདི་ལྟར་སྙམ་སྟེ། ཤིན་ཏུ་ཡིད་འཕྲོག་མཛེས་མའི་དྭངས་མ་དེ།། དྲི་ལ་གཞན་གྱིས་མ་བསྣམས་མེ་ཏོག་དང་།། སེན་མོས་མ་རེག་ལོ་མ་མཉེན་མོ་དང་།། གང་གིས་མ་བཏགས་རིན་ཆེན་རྒྱན་ཆ་དང་།། རོལ་བར་མ་བྱས་སྦྲང་རྩིའི་ཞིམ་མངར་ཏེ།། དཀའ་ཐུབ་སྤྱད་པའི་བསོད་ནམས་འཕེལ་བ་ཡི།། འབྲས་བུ་གཟུགས་ཅན་བཞིན་དུ་ལྷགས་པའོ།། འདི་ཉིད་བདག་གིར་འཛིན་པའི་སྐྱེ་བོ་ཞིག། ཡོད་དམ་མེད་ཅེས་བདག་ཡིད་འཕྱང་མོ་ཉུག།
ཨ་ཙ་རས། དེས་ན་མི་རྗེ་ཁྱེད་མྱུར་ཏུ་ཕེབས་ལ་མོ་ཕྲོགས་ཤིག དེ་ལྟར་མ་བྱས་ན་དྲང་སྲོང་གི་བུ་མོ་དེ་མགོ་བོ་སྣུམ་གྱིས་བྱུགས་པའི་ཕ་རོལ་བོ་ཚོའི་ལག་ལ་འཆོར་བར་ངེས་སོ།།
རྒྱལ་བོས། བུ་མོ་དེས་རང་གི་འཇིག་རྟེན་གྱི་འདུན་མ་རང་གིས་ཐག་གཅོད་མི་ནུས་ཤིང་ཡབ་ཡུམ་ཟུང་ཡང་གམ་ན་མེད་པས་ཅི་བྱ།
ཨ་ཙ་རས། མོས་ཁྱོད་ལ་དགའ་བའི་རྣམ་འགྱུར་ཅི་ཞིག་བསྟན་བྱུང་ངམ།
རྒྱལ་བོས། ཀྱེ་གྲོགས་པོ། དཀའ་ཐུབ་པའི་བུ་མོ་ནི་སྐྱེས་པ་ཉིད་ནས་ངོ་ཚ་ཤེས་ཞིང་སེམས་ཆུང་བའི་རང་བཞིན་དང་ལྡན་ཏེ། བདག་ཉིད་མདུན་དུ་སྡོད་པའི་ཚེ།། ཟུར་མིག་ཕྱི་རུ་སྡུད་བྱེད་ཅིང་།། གང་ཞིག་དགོས་པ་གཞན་འགྲུབ་ཆེད།། འཛུམ་པའི་མདངས་ཀྱིས་སེམས་དོན་སྒྲིབ།། དེ་ལྟའི་དགའ་བ་འཕེལ་བ་ནི།། ཚུལ་ཁྲིམས་གོས་ཀྱིས་འཆིང་བ་ཡིས།། ཕྱི་རུ་མངོན་པའི་སྐབས་མེད་ཅིང།། ནང་དུ་སྦེད་པའང་མི་བྱེད་དོ།།
ཨ་ཙ་རས། དེས་ན་ཁྱེད་ཞལ་ཐེངས་གཅིག་མཇལ་བ་ཙམ་གྱིས་བུ་མོ་དེའི་སེམས་ཁྱེད་ཀྱི་ཕྱོགས་སུ་འཁོར་སོང་ངམ།
རྒྱལ་བོས། བུ་མོ་དེ་རང་གི་གྲོགས་མོ་གཉིས་དང་འགྲོགས་ཏེ་བདག་དང་ཁ་འབྲལ་བའི་སྐབས་སུ་མོས་བདག་ལ་དགའ་བའི་རྣམ་འགྱུར་གསང་བ་མེད་པར་བསྟན་བྱུང་སྟེ། གཟུགས་མཛེས་ཤིང་ལང་ཚོ་དར་ལ་བབས་པའི་བུ་མོ་དེས་གོམ་པ་འགའ་ལས་མ་སྤོས་པར་གློ་བུར་ཏུ་བསྡད་དེ་རང་གི་རྐང་བ་ཀུ་ཤའི་རྩེ་མོས་བསྣད་བྱུང་ཟེར་བ་དང་། དེ་ནས་ཁ་ཕྱིར་འཁོར་ཏེ་ཤིང་ཤུན་གྱི་གོས་དེ་ལྗོན་པའི་ཡལ་ཀར་ཐོགས་ཁུལ་བྱས་ནས་རྫུ་བག་གི་བརྟུལ་ཞུགས་མངོན་སུམ་དུ་འཆང་པར་བྱས་སོ།།
ཨ་ཙ་རས། མོས་ཁྱོད་ཀྱི་ཡིད་དགའ་རུ་བཅུག་པ་གདོན་མི་ཟའོ།། དེ་ཡི་ཕྱིར་ན་ཁྱོད་ཀྱི་སེམས་ཀྱང་དཀའ་ཐུབ་ཀྱི་ནགས་དེ་ལ་ཆགས་པའོ།།
བརྡ་ཆད་གསེད་བཀྲོལ།
༼འདིར་སྒོམ་སྡེ་བས་འདིའི་སྐོར་ལ་འགྲེལ་བཤད་ཐུང་ངུ་ཞིག་གནང་བ་དེ་ཡོད༽
ཡང་དབྱིན་ཇིའི་སྐད་ཡིག་སོགས་ཀྱི་དཔྱད་གཞི་དག་ལ་གཟིགས་འདོད་ཚེ་འདི་མནོན་དང་འཐུས་ཡོང་། ད་དུང་བརྙན་འཕྲིན་གྱི་སྨྱན་བྱེད་ལ་དུངས་པ་ཟབ་པ་དག་འདིར་མནན་ཏེ་ཕེབས་ནས་མིག་གི་ལོངས་སུ་སྤྱད་ཆོག
ཅེས་ཟླ་བ་གཞོན་ནུར་འབོད་པ་གང་གིས་ཟླ་ཚེས་བཟང་པོར་ལྷག་བསམ་དང་བས་བཀོད་པ་ཀུན་ལ་རྔོ་ཐོགས་པར་གྱུར་ཅིག
Subscribe to:
Post Comments (Atom)
No comments:
Post a Comment