-->

Nov 2, 2011

འབྲུག་གི་ལོ་རྒྱུས་ཁྲོད་ཀྱི་བོད་མི་དང་བོད་ཡིག

རིགས་འགའ་ཤས་མཆེད་ཚུལ།

པདྨ་གླིང་པའི་སྦས་ཡུལ་མཁན་པ་ལྗོངས་ཀྱི་ལམ་ཡིག་ལས། གོང་དུ་གསལ་བ་ལྟར་བོད་པའི་དམག་མི་བོད་དུ་མ་ལོག་པར་བསྡད་པས་མི་ལོག་ཟེར་བ་རྣམས་དང་པོ་བོད་པའི་རིགས་ཡིན་ཀྱང་། ད་ཆ་དེ་ཚོ་ཡང་ལྷ་མོན་གྱི་མི་རིགས་དང་འདྲེས་ཏེ་འབྲུག་པར་གྱུར་ནས་དེང་སང་རིགས་ཀྱི་དབྱེ་བ་མེད་པར་འབྲུག་པ་རང་ཡིན།
བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཟ་དམར་རྒྱན་མས་ཁྱི་གཉིས་དང་འདུས་པ་ལས་སྲུས་ལུས་མི་རའི་ཐོད་པ་ལ་ཁྱིའི་ཁ་ཅན་ཞིག་སྐྱེས་ཏེ་མིང་ཡང་ཁྱི་ཁ་ར་ཐོད་ཟེར་བཏགས། དེ་བོད་ཡུལ་གྱི་ལྟས་ངན་ཡིན་པས་མཐའ་ལ་སྤྱུགས་དགོས་ཟེར་བོད་ཀྱི་རྒྱལ་བློན་འབངས་རྣམས་ཁ་འཆམ་ནས་ལྷོ་བོད་ཀྱི་མཚམས་བུམ་ཐང་ཏང་དང་ཀུར་སྟོད་གཉིས་ཀྱི་ལུང་པའི་ཕུར་སྦས་ཡུལ་མཁན་པ་ལུང་དུ་སྤྱུགས་པས། རྗེས་སུ་རྒྱལ་བུ་ཁྱི་ཁ་ར་ཐོད་ཀྱི་རྗེ་འབངས་མང་པོར་འཕེལ་ཏེ་སྦས་ཡུལ་ནས་བོད་བསམ་ཡས་སུ་དམག་གཏོང་གྲབས་བགྱིས་པར། དེ་དུས་གུ་རུ་པདྨ་སམྦྷཝ་བོད་དུ་བཞུགས་ཡོད་སྟབས། བོད་ཀྱི་རྒྱལ་པོས་གུ་རུ་ལ་རྒྱལ་པོ་ཁྱི་ཁ་ར་ཐོད་ཀྱི་དམག་མི་ཡོང་བའི་ཐབས་མཛད་པར་ཞུས་པ་བཞིན། གུ་རུས་རྫུ་འཕྲུལ་གྱིས་རྒྱལ་པོ་ཁྱི་ཁ་ར་ཐོད་འཁོར་དང་བཅས་པ་ཤིང་གི་བྱ་ཁྱུང་ཆེན་པོ་ཞིག་གི་ནང་བཙུགས་ཏེ་སྦས་ཡུལ་མཁན་པ་ལྗོངས་ནས་བུམ་ཐང་ལྟང་ཁྱི་བཙུམ་ཟེར་བཏོན་བཏང་། ཁྱི་ཁ་ར་ཐོད་ཀྱི་རྟ་ནོར་སེམས་ཅན་རྣམས་བོད་ཀྱི་རྒྱལ་པོས་བསམ་ཡས་སུ་འཁྱེར། རྒྱལ་བུ་ཁྱི་ཁ་ར་ཐོད་ཀྱིས་རིམ་བཞིན་ལྟང་ཁྱི་བཙུམ་ནས་བུམ་ཐང་ཆོས་འཁོར་སྨད་དུ་སོང་སྟེ་གཞིས་ཆགས་པར་རྒྱལ་པོ་བཞུགས་སའི་ཕོ་བྲང་ལ་མིང་རྒྱལ་མཁར། བཙུན་མོའི་གཞིས་མིང་ལྕམ་མཁར་དང་། རྒྱལ་བློན་མཁར། གོང་མཁར་ཟེར་བ་སོགས་རྒྱལ་པོ་དང་འབྲེལ་བའི་ཡུལ་གྲོང་གི་མིང་དང་། ཁྱི་ཁ་ར་ཐོད་ཀྱི་མི་བརྒྱུད་རེ་ཟུང་འདིར་སྐྱབས་བཅོལ་བ་ལྟ་བུ་ཞིག་ཡིན་པ་ལས། འབྲུལ་ཡུལ་དབང་བསྒྱུར་ཏེ་རྒྱལ་པོ་བྱས་པ་སོགས་མ་ཡིན་པ་ནི། གུ་རུས་སྦས་ཡུལ་མཁན་པ་ལྗོངས་ཀྱི་ལམ་ཡིག་ཅེས་པ་དེར་གསལ་པོར་བསྟན་ཡོད།

མཆན།

འདི་ནི་སློབ་དཔོན་གནག་མདོག་ཟེར་བ་ཞིག་མཛད་འདུག་ལ། དེབ་མིང་ལ་འབྲུག་རྒྱལ་ཁབ་ཀྱི་ཆོས་སྲིད་གནས་སྟངས། <<འབྲུག་དཀར་པོ་>>ཟེར། གོང་གི་འདི་དེབ་འདིའི་ལྡེབ་༢༨པ་ནས་༣༡པའི་བར་གྱི་བོད་ཡི་གེ་འབྱུང་ཚུལ་ཞེས་པའི་དུམ་མཚམས་དེ་ལས་ཇི་བཞིན་གཏགས་པ་ཡིན།


ཡི་གེ་འབྱུང་ཚུལ།

དང་པོ་བོད་དུ་རྒྱལ་རབས་༣༣་བར་ཡི་གེ་དང་ཆོས་མེད་པར་དབྱིན་ལོ་༧༠༠ལ་བོད་ཀྱི་སྲོང་བཙན་སྒམ་པོས་བློན་པོ་ཐོན་མི་ཨ་ནུའི་བུ། ཐུ་མི་སམྦྷོཊ་ལ་གསེར་མང་དུ་བསྐུར་ཏེ་རྒྱ་གར་ན་ལནྡྲར་བརྫངས་པ་བཞིན་བྱོན་ཏེ་པནྚིཏ་ལྷ་རིག་པའི་སེངྒེ་དང་། བྲམ་ཟེ་ལི་བྱིན་ཀ་ར་གཉིས་སློབ་དཔོན་དུ་བསྟེན་ནས་སྒྲ་དང་ཡི་གེ་སོགས་ལ་སྦྱངས་པ་ཕུལ་དུ་ཕྱིན་པར་མཛད། མདོ་རྒྱུད་བསྟན་བཅོས་མཐའ་དག་ལ་མཁས་པར་སྦྱངས་ཏེ། རྒྱ་གར་དུ་ཡིག་རིགས་མི་འདྲ་བ་༦༤་ཙམ་ཡོད་པའི་ནང་ནས་དེཝནཱགརི་ལྷའི་ཡི་གེ་ཞེས་དེ་སྐབས་རྒྱ་གར་གྱི་རྒྱལ་པོ་གུཔྟའི་བརྒྱུད་པས་བཟུང་བས་གུཔྟའི་ཡི་གེ་ཞེས་ཀྱང་བྱ་བ་དེ་ལ་དཔེ་མཛད་ནས་བོད་ཡིག་གི་གཟུགས་ཙམ༼བརྩམས༽། ཐུ་མིས་སླར་བོད་དུ་ལོག་སྟེ་ཡི་གེའི་ཕུད་དུ་རྒྱལ་པོར་བསྟོད་པ་མཛད་པས་རྒྱལ་པོ་ཐུགས་མཉེས་ནས། རྒྱལ་པོ་རང་ཉིད་ཀྱིས་ཀྱང་ཐུ་མི་སློབ་དཔོན་དུ་བསྟེན་ནས་ཡི་གེར་སྦྱངས་པའི་ཚུལ་མཛད། དེ་ནས་བཟུང་བོད་དུ་ཡི་གེ་འབྲི་སྲོལ་དར། བཀའ་དང་བསྟན་བཅོས་ཐམས་ཅད་སམཀྲིཏ་ནས་བོད་དབུས་གཙང་གི་སྐད་དུ་བསྒྱུར་བའི་སྲོལ་གཏོད་པར་མཛད། དེ་ནས་རིམ་པར་བོད་དུ་ཡི་གེ་དེ་ལས་ལཉྫ་ལ་དཔེ་བྱས་དབུ་ཅན། ཝརྟུ་ལ་དཔེ་བྱས་དབུ་མེད། འབྲུ་ཆེན་འབྲུ་ཆུང་སོགས་ཡི་གེ་རིགས་མང་དུ་དར་བ་ཡིན། མཁས་པ་འགའ་ཤས་ཀྱིས་དབུ་ཅན་དབུ་མེད་དུ་བསྒྱུར་བ་ཡིན་ཚུལ་གསུངས་པ་ཡང་མཁས་པའི་གསུང་ལ་བརྟེན་ནས་བདེན་པ་ཡང་སྲིད།
འབྲུག་ཡུལ་གྱི་ཡི་གེ་འབྲི་སྲོལ་དེ་ཡང་། བོད་དུ་རྒྱ་གར་ནས་ཡི་གེ་དཔེ་བླངས་ཏེ་བོད་ཡིག་བྱུང་བ་ལྟར་དུས་རབས་༨་པར་གུ་རུ་པདྨ་སམྦྷཝའི་སློབ་མ་ཡི་གེ་འབྲི་བ་ལ་མགྱོགས་པའི་ཚད་ལོ་ཙཱ་བ་ལྡན་མ་རྩེ་མང་ཟེར་བ་དབྱིན་ལོ་༨༠༠་ལ་བུམ་ཐང་ལྕགས་མཁར་རྒྱལ་པོའི་བླ་མཆོད་དུ་གནང་སྟེ་ལོ་ཙཱ་བ་ལྡན་མ་རྩེ་མང་དེས་འབྲུག་ལ་ཡི་གེ་དང་རིག་གནས་ཀྱི་སྲོལ་གསར་དུ་མཛད་པ་ལས་བོད་ཡིག་དབུ་ཅན་དབུ་མེད་གང་དང་ཡང་མི་འདྲ་བའི་ཁྱད་ཆོས་ཅན་གྱི་ཡི་གེ་ལྷོ་ཡིག་ཟེར་བ་དེ་ད་ལྟ་རང་རེ་འབྲུག་པ་རྣམས་ཀྱིས་འབྲི་རྒྱུན་འདི་དབྱིན་ལོ་༨༠༠་ནང་ནས་དར་བ་དེ་རང་མ་ཉམས་པར་གནས་མུས་ཀྱང་། དེང་སང་ལག་རྩལ་ཤེས་རིག་གི་བཟོ་བཀོད་ཐམས་ཅད་རིམ་བཞིན་བསྒྱུར་འགྲོ་བ་མིའི་བློ་རྩལ་གྱི་ནུས་པ་ལ་རག་ལས་གཤིས། དབྱིན་ལོ་༡༨༠༠་ཙམ་གྱི་ཡི་གེ་བཟོ་དབྱིབས་དང་ཕྲན་བུ་མི་འདྲ་བ་བྱུང་བ་ནི། དབུ་ཅན་དབུ་མེད་དུ་བསྒྱུར་བ་དང་འདྲ་བར་གསུངས་པས་ཤེས། ཕྱིས་སུ་ཡི་གེའི་རིགས་དང་སྒྲ་དང་སྙན་ངག་གི་རིག་གནས་ལ་མཁས་པ་རིམ་པར་བྱུང་སྟེ་བརྒྱུད་པ་ལས་དྲུང་ཡིག་རྟ་མགྲིན་དབང་རྒྱལ་དང་བུམ་ཐང་ཆོས་རྗེ་ངག་དབང་བསོད་ནམས། སྡེ་སྲིད་དགུ་པ་སྡེ་པ་དགེ་བཤེར་གྲགས་པ་ངག་དབང་རྒྱ་མཚོའི་སྐབས་སྤུངས་ཐང་གྲྭ་ཚང་ནང་སྒྲ་པའི་གྲྭ་ཚང་བཙུགས། སྒྲ་པའི་སློབ་དཔོན་དུ་བུམ་ཐང་ཆོས་རྗེ་ངག་དབང་བསོད་ནམས་བསྐོས་པ་ལས་ཡིག་རིགས་གཙོ་བོར་བཏོན་ཞིང་། སྒྲ་དང་རྩིས་ཀྱི་རིག་པ་སོགས་དར་རྒྱས་ཆེ་རུ་སོང་། བུམ་ཐང་ཆོས་རྗེའི་སློབ་མ་འབྲུག་པ་ལོ་ཙཱ་བ་ངག་དབང་དཔལ་བཟང་ཟེར་བ་རིག་པའི་གནས་ལ་ཤིན་ཏུ་མཁས་པའི་མཆོག་ཏུ་གྱུར་པ་དེ་དང་། རྗེ་མཁན་པོ་ཁྲི་རབས་༡༢་པ་ཀུན་དགའ་རྒྱ་མཚོ་ཞུ་བ་དེ་ཡང་གཞུང་ལུགས་རིག་པའི་གནས་མ་ལུས་པ་ཇི་བཞིན་མཁྱེན་པའི་མཐར་སོན་པ་དེས་ཀྱང་སྤུངས་ཐང་གྲྭ་ཚང་གི་སྒྲ་པའི་སློབ་དཔོན་མཛད་པ་ནས་བཟུང་སྒྲ་པའི་སློབ་དཔོན་རིམ་པར་བྱོན་ཏེ་སློབ་སྤེལ་མཛད་པ་ལས། སྤུངས་ཐང་སྒྲ་པའི་གྲྭ་ཚང་དེ་ཉིད་འབྲུག་གི་ཡི་གེ་སོགས་རིག་གནས་ཀྱི་འབྱུང་ཁུངས་དམ་པར་མཛད་པ་ནས་ད་ལྟའི་བར་ཡང་། རང་རེའི་འབྲུག་པའི་ཡི་གེ་དང་རིག་གནས་ཀྱི་འབྱུང་ཁུངས་སུ་ཆ་འཇོག་བྱེད་པ་ཡིན་ཅིང་། བར་སྐབས་དུས་དབང་ལས་སྒྲ་པའི་གྲྭ་ཚང་ནང་གཞུང་ལུགས་རིག་གནས་ཀྱི་བཤད་ཉན་ཉམས་དམའ་བ་ལྟ་བུར་སོང་ནས་སྒྲ་པའི་གྲྭ་ཚང་མིང་རྒྱུན་མ་སྟོང་ཙམ་ལས་མེད།
འབྲུག་ཤར་ཕྱོགས་བུམ་ཐང་དང་ཀྲོང་གསར་དུ་འབྲུག་རྒྱལ་པོ་གོང་མ་རིམ་པས་གཏན་བཞུགས་མཛད་སྟབས་བླ་མ་དང་དགེ་བཤེས་མཁས་པ་ཕལ་ཆེར་བུམ་ཐང་དུ་བྱོན་ནས་བཤད་སྒྲུབ་ཀྱི་བསྟན་པ་བཙུགས་ཏེ་ཆོས་ཀྱི་འཆད་ཉན་རྒྱ་ཆེར་མཛད་པའི་བཀའ་དྲིན་ལས་གཞུང་ལུགས་རིག་གནས་ཀྱི་བསྟན་པ་ཤར་ཕྱོགས་སུ་རྒྱས་པར་གྱུར། དེ་ལས་ཀྱང་ཡི་གེའི་འདུ་བྱེད་དང་། གཞན་ཡང་ལག་རྩལ་གྱི་རིགས་གང་ལ་ཡང་བཀྲ་ཤིས་སྒང་དང་། མོང་སྒར་འཁན་རིགས་རྣམ་གསུམ་གྱི་མི་རྣམས་ལག་རྩལ་མཁས་པས་འབྲུག་རང་གི་ཡིག་བཟོ་ལ་མཁས་པ་ཤར་ཕྱོགས་ཀྱི་མི་རྣམས་ཡིན། འབྲུག་རྒྱལ་ཡབ་སྲས་ཀྱི་སྐུ་དུས་ཀྱང་དྲུང་ཡིག་ཆེ་བ་ཤར་ཕྱོགས་ཀྱི་མི་རིགས་མཁས་པ་རིམ་བྱོན་གྱིས་མཛད་པ་ཡིན།
ལྷོ་མོན་འབྲུག་གི་ཡུལ་འདི་རྒྱལ་ཁབ་གཞན་དང་མ་འདྲེས་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ནི། མི་རིགས་དང་། གོས་རྒྱན་གོམས་གཤིས། གཞུང་གི་ཁྲིམས་སྲོལ། སྐད་ཡིག་རྣམས་གཞན་དང་འདྲེས་ལྷད་མེད་པའི་ཆོས་སྲིད་གཉིས་ལྡན་འཛམ་གླིང་ན་རྒྱལ་ཁབ་གཞན་ལ་ངོམས་སུ་རུང་བའི་ཁྱད་པར་ཅན་རྒྱལ་ཁབ་རང་གི་རྟགས་མཚན་གཙང་མ་ཞིག་ཡོད་པར་བརྟེན་འཛམ་གླིང་གོང་བུའི་སྟེང་གི་རྒྱལ་ཁབ་ཀུན་གྱིས་འབྲུག་ཡུལ་འདི་རྒྱལ་བརྒྱུད་ཀྱིས་སྐྱོང་བའི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པར་ངོས་འཛིན་གྱིས་ཆ་འཇོག་བྱ་དགོས་པ་ཡང་དེ་ལྟར་ཡིན།

ལྡེབ་༢༨་ནས་༣༡བར།

མཆན།

འདི་ནི་སློབ་དཔོན་གནག་མདོག་ཟེར་བ་ཞིག་མཛད་འདུག་ལ། དེབ་མིང་ལ་འབྲུག་རྒྱལ་ཁབ་ཀྱི་ཆོས་སྲིད་གནས་སྟངས། <<འབྲུག་དཀར་པོ་>>ཟེར། གོང་གི་འདི་དེབ་འདིའི་ལྡེབ་༢༨པ་ནས་༣༡པའི་བར་གྱི་བོད་ཡི་གེ་འབྱུང་ཚུལ་ཞེས་པའི་དུམ་མཚམས་དེ་ལས་ཇི་བཞིན་གཏགས་པ་ཡིན།

Oct 14, 2011

ཕྱེད་ཀ་བཞེངས་ཟིན་པའི་ལྷ་ཡུལ།

ཕྱེད་ཀ་བཞེངས་ཟིན་པའི་ལྷ་ཡུལ།

ཋོ་མ་སི། ཋ་རན་སི་ཋྲོ་མེར།


















རེ་ཆད་དང་ཚོར་བས
རང་རང་གི་ལས་ཀ་སྒྱང་གིན་འདུག
བྱ་རྒོད་ཀྱིས
རང་ཉིད་ཀྱི་འཕུར་རྒྱུ་སྒྱང་གིན་འདུག


མ་ཞི་བ་དང་རེ་འདོད་ཀྱི་འོད་སྣང་དེ
ཡི་དྭགས་ཀྱིས་ཀྱང་རང་ཉིད་ཀྱི་ལས་ཀ་བསྐྱུར་ནས
པི་ཙི་གཅིག་རེ་གཅིག་རེ་ལེན་གྱིན་པའི་བར་དུ་ཕྱིར་ལ་བཞུར་གྱིན་འདུག


བདག་གི་བཟོས་བཞག་པའི་འདྲ་དཔར་དག་སྟེ
དགུན་དུས་ཀྱི་ཡིག་ཚང་དག་གི
ངེད་ཅག་གི་ནགས་ཀྱི་དུད་འགྲོ་དམར་དམར་དེ་དག་གིས
ཉིན་མོའི་གཟི་མདངས་ལ་ལྟ་བཞིན་འདུག


འདི་བཞིན་དུ
བྱ་དངོས་ཡོད་ཚད་ཀྱིས་རང་ཉིད་ཀྱི་ཁོར་ཡུག་ཏུ་ལྟ་མགོ་འཛུགས་ཀྱིན་འདུག
ཙད་གདུང་ཀློང་དུ
ང་རང་ཐེངས་མ་བརྒྱ་ཕྲག་ཏུ་སྐྱོད་ཀྱིན་ཡོད


གནས་འདི་རུ
མི་ཡོད་ཚད་ཕྱེད་ཕྱེ་བའི་སྒོ་མོ་རེ་རེ་སྟེ
དེ
མི་རེ་རེའི་ཆེད་དུ་བཞེངས་བཞག་པའི
ཁང་མིག་རེ་རེར་འཁྲིད་ནས་འགྲོ་བཞིན་འདུག


བདག་ཅག་གི་ཁ་འོག་ཏུ་མཐའ་མེད་པའི་སྤང་ལྗོངས་ཤིག་འདུག
ལྗོན་ཤིང་ཚོགས་ཀྱི་གསེབ་ནས
ཆུ་མོ་ནི་འོད་ཆེམ་ཆེམ་དུ་འདུག


ས་ལྒང་གི་ནང་ལོགས་ལྟ་བའི་སླད་དུ
མཚོ་མོ་དེ་སྒེའུ་ཁུང་ཤིག་དང་མཚུངས


༩།༡༠།༢༠༡༡


༢༠༡༡ལོའི་ཟླ་༡༠བའི་ཚེད་༩་ཉིན་གྱི་ཧིནྡཱིའི་ཚགས་པར་अमर उजाला<<འཆི་མེད་སྣང་བ>>ཞེས་པ་ལས་བསྒྱུར།
གསལ་བཤད།

ཕྱེད་ཀ་བཞེངས་ཟིན་པའི་དག་ཞིང་ངམ་ལྷ་ཡུལ་ཞེས་པ་འདི་སྭི་ཌེན་གྱི་སྙན་ངག་པ་ཁོང་གི་སྙན་ངག་གྲགས་ཅན་ཞིག་རེད་འདུག་ལ། ༡༩༦༢ལོར་བྲིས་པ་རེད་འདུག ཁོང་གིས་སྙན་ངག་ཕྱོགས་བསྡུས་ཀྱི་དེབ་<<རླབས་ཆེན་གྱི་གསང་བ>>་སོགས་གང་མང་ཡོད་པ་ལས། དེབ་གཅིག་གི་མིང་ཡང་<<ཕྱེད་ཀ་བཞེངས་གྲུབ་པའི་དག་ཞིང>>་ངམ་ལྷ་ཡུལ་ཞེས་པ་འདི་སྦྱར་འདུག སྙན་ངག་འདིའི་དབྱིན་ཡིག་ཏུ་བསྒྱུར་བའི་མ་ཡིག་ཇི་ལྟར་བཙལ་ཡང་མ་རྙེད་པས། དེ་རིང་ཧིནྡཱིའི་ཚགས་པར་<<འཆི་མེད་སྣང་བ>>ར་བཀོད་པ་གཞིར་བཞག་ནས་ཇི་བཞིན་བསྒྱུར་བ་ཡིན།

ཀུའུ་ཁྲིན་གྱི་སྙན་ངག་གྲགས་ཅན་གཉིས།

ཀུའུ་ཁྲིན་གྱི་སྙན་ངག་གྲགས་ཅན་གཉིས།


顧城


ཟླ་བ་གཞོན་ནུས་རྒྱ་ཡིག་ལས་བསྒྱུར།




མི་རབས་ཤིག


ཀུའུ་ཁྲིན



མཚན་ནག་གིས་ང་ལ་མིག་ཟུང་ནག་པོ་ཞིག་སྤྲད་བྱུང་མོད
ངས་དེ་ཡིས་འོད་སྣང་འཚལ་བ་ཡིན

སྲང་ལམ་ཕྲ་མོ


ཀུའུ་ཁྲིན



སྲང་ལམ་ཕྲ་མོ
འཁྱོག་ལ་རིང
སྒོ་མི་འདུག
སྒེའུ་ཁུང་མི་འདུག
ངས་ལྡེ་མིག་རྙིང་ཟད་ཅིག་བཟུང་ནས
རྩིག་པ་མཐུག་པོ་དེ་རྡུང་ཞིང་རྡུང



ཀུའུ་ཁྲིན༼༡༩༥༦ནས་༡༩༩༣༽

རྒྱ་ནག་གི་དེང་རབས་སྙན་ངག་པ་གྲགས་ཅན་ཞིག་ཡིན་ལ། རབ་རིབ་སྨྲ་བའི་སྙན་ངག་པའི་ཚབ་མཚོན་མི་སྣ་རྩེ་གྲས་ཤིག་རེད། ཁོང་གི་ཆུང་མ་ཞེ་ཡེ་དང་ལྷན་དུ་འཛམ་གླིང་ས་གནས་གང་སར་འགྲིམས་ཤིང་མཐར་ནིའུ་ཛ་ལན་ཌིར། ༡༩༩༣ལོའི་ཟླ་བཅུ་བར། ལ་ཤས་ཀྱིས་ཁོང་གི་ཆུང་མར་སྟ་རེས་བརྒྱབས་ནས་བསད་རྗེས་ཁོང་ལྕེབས་པ་རེད་ཅེས་བརྒྱུད་ལམ་ཁག་ནས་བསྒྲགས་མོད། ཁོང་གི་ཨ་ཅེ་ཀུའུ་ཞང་གིས་༼ཀུའུ་ཁྲིན་གྱི་མཐའ་མཇུག་གི་ཉིན་བཅུ༽ཅེས་པར། སྟ་རེ་ནི་དོན་རྐྱེན་བྱུང་སར་འབྲེལ་བ་ཅི་ཡང་མེད་པ་རེད། ཁྲག་ཤུལ་ཅུང་ཙམ་ཡང་མེད་ལ། དོན་རྐྱེན་དང་འབྲེལ་བ་གང་ཡང་ཡོད་མ་རེད། ཞེ་ཡེ་ལ་ཡང་ཐོད་པའི་སྒང་ལ་དོ་སྣང་མ་བྱས་ན་མི་མཐོང་བའི་རྨ་ཆུང་ཆུང་ཞིག་བཏོད་ཡོད་པ་ཙམ་རེད་ཅེས་བྲིས་ཡོད་པ་རེད།



གསལ་བཤད།

དྲན་ངོས་ནས་ནམ་ཡང་མི་བརྗེད་པ་ཞིག་ནི། སྔོན་མ་གཅན་ཚ་མི་རིགས་སློབ་འབྲིང་དུ་བདག་གི་བོད་ཡིག་དགེ་རྒན་ཚེ་དབང་རིག་འཛིན་ལགས་ཀྱིས་གོང་གི་སྙན་ངག་འདི་ཡང་དང་བསྐྱར་དུ་སྐྱོར་ཏེ། སྙན་ངག་འབྲི་ན་འདི་འདྲ་འབྲི་དགོས་རེད་ཅེས་ང་ཚོར་སེམས་ཤུགས་སྤར་མྱོང་བ་སྟེ། སྙན་ངག་འདིའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་སོགས་ལས་འཕྲོས་ཏེ། སྙན་ངག་གི་ཚོར་བ་བཙལ་དགོས་ཚུལ་དང་སྙན་ངག་ལ་ཚོར་བ་རྣོན་པོ་སོགས་གལ་ཆེ་ཚུལ་གང་མང་བཤད་མྱོང་ཡང་། སྙན་ངག་པ་དེའི་མིང་དེ་དུས་མ་ངེས་ཀྱང་ཁ་སྔོན་བརྒྱ་ཚད་དྲ་ཚིགས་ལས་རྒྱ་ནག་གི་དེང་རབས་སྙན་ངག་རྩེ་གྲས་ཞེས་འཚལ་དུས་ཀུའུ་ཁྲིན་ལགས་ཀྱི་སྙན་ངག་འདི་གཉིས་དང་རྒྱ་ནག་གི་སྙན་ངག་པ་གྲགས་ཅན་ཞུས་ཀྲི་མའོ་ལགས་ཀྱི་<<ཁེམ་ཟམ་དང་བསྐྱར་དུ་ཁ་བྲལ་བ>>་ཞེས་སོགས་ཐོན་བྱུང་བས། གཟོད་ཁོང་གི་སྙན་ངག་ལ་སྟབས་འགྲིག་ནས་ཆུང་དུས་ནས་རོལ་མྱོང་བྱས་མྱོང་ཡང་། ད་ཐུག་ཏུ་མཚན་མ་ཤེས་པའི་སྙན་ངག་པ་འདི་རྟོགས་བྱུང་། དེ་དག་ཆབས་ཅིག་ཏུ་དྲ་གྲོགས་རྣམས་ལ་ངོ་སྤྲོད་ཕྲན་བུ་ཙམ་བྱེད་འདོད་སོང་།


འདོན་སྤེལ།: ༢༠༡༡/༡༠/༠༧

༢༠༡༡ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ།




ཋོ་མ་སི། ཋ་རན་སི་ཋྲོ་མེར། (Tomas Tranströmer)


སྤྱི་ལོ་ཉིས་སྟོང་ཅིག་གཅིག་ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་ཋོ་མ་སི། ཋ་རན་སི་ཋྲོ་མེར་(Tomas Tranströmer)ལ་ཕུལ་སོང་།
ཁོང་ལ་འབུལ་དགོས་པའི་རྒྱུ་མཚན་ནི།
ཁོང་གིས་ཁོང་གི་བསྡུས་ཤིང་གསལ་བའི་སྣང་བརྙན་དེ་དག་བརྒྱུད་ང་ཚོར་བདེན་དོན་ལ་གཅར་བའི་ཐབས་ལམ་གསར་བ་ཞིག་སྤྲོད་པས་ཡིན་འདུག




ཁོང་གི་སྐོར་གྱི་གསར་འགྱུར་ལ་གཟིགས་འདོད་ན་འདི་མནོན།


གསལ་བཤད།

ཕྱེད་ཀ་བཞེངས་ཟིན་པའི་ལྷ་ཡུལ།

ཋོ་མ་སི། ཋ་རན་སི་ཋྲོ་མེར།



རེ་ཆད་དང་ཚོར་བས
རང་རང་གི་ལས་ཀ་སྒྱང་གིན་འདུག
བྱ་རྒོད་ཀྱིས
རང་ཉིད་ཀྱི་འཕུར་རྒྱུ་སྒྱང་གིན་འདུག


མ་ཞི་བ་དང་རེ་འདོད་ཀྱི་འོད་སྣང་དེ
ཡི་དྭགས་ཀྱིས་ཀྱང་རང་ཉིད་ཀྱི་ལས་ཀ་བསྐྱུར་ནས
པི་ཙི་གཅིག་རེ་གཅིག་རེ་ལེན་གྱིན་པའི་བར་དུ་ཕྱིར་ལ་བཞུར་གྱིན་འདུག


བདག་གི་བཟོས་བཞག་པའི་འདྲ་དཔར་དག་སྟེ
དགུན་དུས་ཀྱི་ཡིག་ཚང་དག་གི
ངེད་ཅག་གི་ནགས་ཀྱི་དུད་འགྲོ་དམར་དམར་དེ་དག་གིས
ཉིན་མོའི་གཟི་མདངས་ལ་ལྟ་བཞིན་འདུག


འདི་བཞིན་དུ
བྱ་དངོས་ཡོད་ཚད་ཀྱིས་རང་ཉིད་ཀྱི་ཁོར་ཡུག་ཏུ་ལྟ་མགོ་འཛུགས་ཀྱིན་འདུག
ཙད་གདུང་ཀློང་དུ ང་རང་ཐེངས་མ་བརྒྱ་ཕྲག་ཏུ་སྐྱོད་ཀྱིན་ཡོད


གནས་འདི་རུ
མི་ཡོད་ཚད་ཕྱེད་ཕྱེ་བའི་སྒོ་མོ་རེ་རེ་སྟེ
དེ
མི་རེ་རེའི་ཆེད་དུ་བཞེངས་བཞག་པའི
ཁང་མིག་རེ་རེར་འཁྲིད་ནས་འགྲོ་བཞིན་འདུག


བདག་ཅག་གི་ཁ་འོག་ཏུ་མཐའ་མེད་པའི་སྤང་ལྗོངས་ཤིག་འདུག
ལྗོན་ཤིང་ཚོགས་ཀྱི་གསེབ་ནས
ཆུ་མོ་ནི་འོད་ཆེམ་ཆེམ་དུ་འདུག


ས་ལྒང་གི་ནང་ལོགས་ལྟ་བའི་སླད་དུ
མཚོ་མོ་དེ་སྒེའུ་ཁུང་ཤིག་དང་མཚུངས


༩།༡༠།༢༠༡༡


དེ་རིང་གི་ཧིནྡཱིའི་ཚགས་པར་अमर उजाला<<འཆི་མེད་སྣང་བ>>ཞེས་པ་ལས་བསྒྱུར།

Sep 16, 2011

དབྱངས་ཅན་མ་མཆོད་པ་ཞེས་བྱ་བའི་སྔགས་བཞུགས་སོ།།













सरस्वती वंदना मंत्र

དབྱངས་ཅན་མ་མཆོད་པ་ཞེས་བྱ་བའི་སྔགས།



या कुंदेंदु तुषारहार धवला, या शुभ्र वस्त्रावृता

या वीणावर दण्डमंडितकरा, या श्वेतपद्मासना

या ब्रह्माच्युतशंकरप्रभ्रृतिभिर्देवै: सदा वन्दिता

सा मां पातु सरस्वती भगवती नि:शेष्य जाड्यापहा


དབྱངས་ཅན་མ་མཆོད་པ་ཞེས་བྱ་བའི་སྔགས་བཞུགས་སོ།།



གང་ཞིག་ཀུན་ད་ཟླ་བ་ལྟར་དཀར་རྡུལ་ཆུའི་ཕྲེང་དང་གང་ཞིག་གོས་དཀར་གྱིས་གཡོགས་ཤིང་།།

གང་ཞིག་རྨད་བྱུང་སྒྲ་སྙན་ཐོགས་ལ་དབྱུག་པས་ཕྱག་རྒྱན་གང་ལ་པད་དཀར་གདན་མངའ་བའི།།

གང་ཞིག་ཁྱབ་འཇུག་འཇིག་རྟེན་བྱེད་དང་དབང་ཕྱུག་ལ་སོགས་ལྷ་རྣམས་ཀྱིས་ནི་རྟག་མཆོད་པ།།

དེ་ཡིས་བདག་ནི་བསྐྱབ་པར་མཛོད་ཅིག་མ་ལུས་རྨོངས་སེལ་མཚོ་བྱུང་དང་ནི་བཅོམ་ལྡན་མ།།

༠༩།༡༠།༣༠
ལེགས་སྦྱར་ལས་བསྒྱུར།

མཆོད་པ་འདི་ལེགས་སྦྱར་སྐད་ཀྱིས་ལེན་པར་གསན་འདོད་ཚེ་འདི་མནོན།

Sep 15, 2011

འགྲོ་བ་མིའི་རིགས་ཀྱི་གོད་ཆག

འགྲོ་བ་མིའི་རིགས་ཀྱི་གོད་ཆག
ཨོ་ཤོ།


















ཧི་རོ་ཤི་མ། ༡༩༤༥










ཆེར་ནོ་སྦེལ། ༡༩༨༦









ཕུ་ཀུ་ཤི་མ། ༢༠༡༡

ང་ཚོར་གོད་ཆག་མང་བོ་ཞིག་འབྱུང་རྒྱུ་རེད། འདི་ནི་མགོ་བརྩམས་མ་ཐག་པ་ཙམ་རེད། ང་ཚོས་བྱེད་ཐུབ་པ་གཅིག་ཡོད་པ་ཁོ་ནི་གོ་སྐབས་འདི་དག་བཟུང་སྟེ་རྨོངས་པ་ལས་སད་རྒྱུ་དེ་རེད། ཁྱོད་ཀྱི་གྲོགས་པོ་དག་ལ་སྐད་ཅིག་མ་དེ་དག་སྤྱད་དེ་སྒོམ་རྒྱོབ་ཅེས་ལབ་རོགས། རྒྱུ་མཚན་ནི་ཁི་ཨེ་ཝ་དང་ཐག་ཉེ་བའི་ཆེར་ནོ་སྦེལ་དུ་ཡོད་པའི་ཉིང་རྡུལ་ལྟེ་གནས་སུ་བྱུང་བའི་གོད་ཆག་དེ་དག་ནི་རང་དགར་བྱུང་བ་ཞིག་དང་བྱུང་ཚར་བ་ཙམ་ཞིག་མ་ཡིན་པས་ཡིན།དེའི་ཤུགས་རྐྱེན་དེ་དག་ལོ་བཅུ་ཕྲག་འགར་འདུག་གི་རེད། ཉུང་མཐར་ཡང་ལོ་སུམ་ཅུ་ཙམ་སྡོད་ཀྱི་རེད། དེ་བས་དེ་ནི་ཁང་བ་ཁ་ཤས་མེས་འཚིགས་སོང་བ་དང་མཇུག་རྫོགས་ཟིན་པ་དེ་འདྲ་མ་རེད། ཁི་ཨེ་ཝའི་མཐའ་སྐོར་ཏེ། དམིགས་བསལ་གྱིས་ཁི་ཨེ་ཝ་ཡོད་སའི་ཡུ་ཁི་རེན་(Ukraine)ལ་ཆ་མཚོན་ན། དེ་ནི་རཱ་ཤི་ཡའི་གྲོ་ཐོན་ས་དང་བཟའ་ཆས་གཞན་དག་གི་འབྱུང་སའི་ས་ཆ་གཤིན་པོ་ཞིག་ཡིན་པ་རེད། ཡིན་ནའང་། ད་ལྟ་ནི་ལོ་སུམ་ཅུ་ལྷག་ཙམ་ལ་ཡུ་ཁི་རེན་ལ་ཅི་ཡང་འདེབས་འཛུགས་བྱེད་ཐུབ་ཀྱི་མ་རེད།ལོ་སུམ་སུ་ལྷག་ལ་རྡུལ་ཕྲན་མཚོན་ཆའི་ཁྱབ་འགྱེད་ནུས་པ༼འགྱེད་ནུས༽༡་དེས་ཤིང་ཏོག་དང་། སྔོ་ཚལ་གྱི་རིགས། གྲོ་ཞིང་སོགས་ལ་གནོད་སྐྱོན་ཐེབས་པ་རེད། འོ་མ་ལའང་དེ་བཞིན་ཏེ་བ་ཕྱུགས་ཀྱིས་རྩྭ་ཟ་བའི་རྒྱུ་མཚན་གྱིས་རེད། ད་དུང་སྐྱེ་ལྡན་རྩི་ཤིང་ཡོད་ཚད་དེ། རྩྭ་དང་། གྲོ། ཤིང་ཏོག་སོགས་ལ་རྡུལ་ཕྲན་འགྱེད་ནུས་དེ་མྱུར་མོར་འགོ་བ་རེད། འགོས་མ་ཐག་འགྱེད་ནུས་དེ་དེའི་ཆ་ཤས་སུ་གྲུབ་འགྲོ་བ་རེད། དེར་ཡང་བུད་མེད་སྦྲུམ་མ་སྟོང་ཕྲག་ཡོད་སྲིད་ཀྱི་རེད། གལ་ཏེ་རྡུལ་ཕྲན་གྱི་འགྱེད་ནུས་དེ་དེ་དག་གི་ཁོག་ཏུ་འཛུལ་བ་ཡིན་ན། ཁོ་ཚོའི་ཕྲུག་གུ་དེ་རྗེས་མར་ཀྱོག་ཀྱོག་དང་ཞ་ར་དང་། ཞ་བོ་དང་ཡང་ན་ཀླད་པ་མེད་པ་ཞིག་ཏུ་སྐྱེ་བ་རེད། ཅི་ཞིག་ཡིན་ཡང་འབྱུང་སྲིད་པ་རེད། དེ་དག་སྐྱེ་དུས་ཤི་ཡོད་ན་ནི་ཡག་ཤོས་རེད། དེ་མིན་ན་དེ་ནི་ཚེ་གང་གི་སྡུག་བསྔལ་དུ་འགྱུར་འགྲོ་བ་རེད།དེའི་རྐྱེན་གྱིས་དེ་ནི་ད་ལྟ་འཚོ་སྡོད་བྱེད་ཀྱིན་པ་དག་གཅིག་བུའི་ཉེན་ཁ་ཙམ་མ་ཡིན་པར་སྐྱེ་འགྱུར་གྱི་བྱིས་པ་དེ་དག་ལ་མཚོན་ནའང་ཉེན་ཚབས་ཧ་ཅང་ཆེན་པོ་རེད། དེར་མ་ཟད་སྲོག་ཆགས་གཞན་དག་ལའང་གཅིག་མཚུངས་རེད། གལ་ཏེ་དེ་དག་ཀྱང་སྦྱིག་ཡོད་ན་དེ་དག་གི་ཕྲུ་གུ་ཡང་ཞ་བོ་སོགས་སུ་འགྱུར་སྲིད་པ་རེད།འཛམ་བུ་གླིང་འདིའི་སྲིད་གཞུང་ཐམས་ཅད་ཀྱིས་མུ་མཐུད་དེ་རྫུན་གཏམ་ནས་ཉི་མ་འབྱིད་ཐབས་བྱེད་ཀྱིན་པ་འདི་རེད། ཆབ་སྲིད་པ་དག་གིས་རྫུན་ག་ཚོད་བཤད་སྤོབས་མིན་ཁྱོད་ཀྱིས་ཀྱང་ཤེས་པ་ལྟར་རེད།ཆེར་ནོ་སྦེལ་ལ་གོད་ཆག་བྱུང་དུས་མི་ཉིས་སྟོང་ལྷག་གྲོངས་པ་རེད། འོན་ཀྱང་སོ་ཝེ་ཨེ་སྤྱི་མཐུན་རྒྱལ་ཁབ་ཀྱིས་མི་གཉིས་ཁོ་ན་གྲོངས་པ་རེད་ཅེས་བསྒྲགས་པ་རེད། ཁྱོད་ཀྱིས་དེའི་ཁྱབ་ཁོངས་ལ་བསམ་བློ་འཁོར་ཐུབ་ཀྱིན་འདུག་གམ། མི་ཉིས་སྟོང་གྲོངས་པ་རེད། ཉིང་རྡུལ་ལྟེ་གནས་ཀྱི་མེ་སྐྱོན་ཁྲོད་རོ་ཉིས་སྟོང་ལྷག་ཕྱི་ལོག་ཏུ་སྐྱེལ་གྱིན་པ་མི་འགས་དངོས་སུ་མཐོང་ན་ཡང་། སོ་ཝེ་་ཨེའི་སྤྱི་མཐུན་རྒྱལ་ཁབ་ཀྱིས་རླུང་འཕྲིན་བརྒྱུད་མི་གཉིས་གྲོངས་པ་ལས་གཞན་ཆ་ཚང་ལམ་ལྷོངས་བྱུང་སོང་ཚུལ་བསྒྲགས་མོད། ཉིན་གཉིས་པར་གཞི་ནས་གསལ་བོ་བྱུང་བ་རེད། ཉིང་རྡུལ་འགྱེད་ནུས་ཀྱི་སྤྲིན་པ་རྒྱལ་ནང་གང་སར་ཁྱབ་ཅིང་ད་དུང་གང་མང་ཞིག་མུ་མཐུད་དུ་རྒྱལ་ཁབ་གཞན་གྱི་ས་ཁུལ་ཁག་ཏུའང་ཁྱབ་ཡོད་པ་རེད།མིས་ཚད་ངེས་ཅན་ཞིག་ལ་མ་གཏོགས་བཟོད་བསྲན་བྱེད་ཐུབ་པ་མ་རེད། དེ་ཐེངས་ཉི་ཤུ་ལྷག་ལ་བྱུང་བ་རེད། ད་དུང་ཐེངས་མ་བརྒྱ། ད་དུང་ས་ཆ་འགའ་ཤས་ཤིག་ཏུ་ཐེངས་ཉིས་སྟོང་ལྷག་བྱུང་ཟིན་པ་རེད། ཝི་ཨེ་ནཱ་ལ་ཐེངས་ཉིས་བརྒྱ་ལས་ཀྱང་མང་བ་བྱུང་མྱོང་བ་རེད། ལོན་ཌོན་དུ་ཐེངས་བརྒྱ་ལས་ཀྱང་མང་བ་བྱུང་བ་མྱོང་བ་རེད། དེ་བས་ས་ཆ་འདི་དག་གི་སྦྲུམ་མ་རྣམས་ནི་ཉེན་ཁའི་ཁྲོད་དུ་ཡོད་པ་རེད། ཁོ་ཚོ་ཙམ་མ་ཡིན་པར་ད་དུང་ཁོ་ཚོའི་བྱིས་པ་དག་ལའང་གཅིག་མཚུངས་ཀྱི་ཉེན་ཁ་ཡོད་པ་རེད། དེ་ནས་ད་དུང་མུ་མཐུད་དེ་འདི་ལྟར་འགྲོ་བ་རེད། གལ་ཏེ་བྱིས་པ་དེ་དག་གསོན་ཐུབ་སོང་བ་ཡིན་ན་ཁོ་ཚོས་ཀྱང་ཕྲུག་གུ་སྐྱེད་སྲིང་བྱེད་པ་རེད། དེ་ནས་འགྱེད་ནུས་དེས་མུ་མཐུད་ནས་གནོད་པ་སྐྱེལ་རྒྱུ་རེད།དེའི་རྐྱེན་གྱིས་འདི་ནི་སྐྱོ་གར་ཆུང་ཆུང་ཞིག་གཏན་ནས་མ་རེད། དེའི་ཁྱབ་རྒྱ་ཧ་ཅང་ཆེན་པོ་རེད། གནད་དོན་གང་མང་ཞིག་དུས་ཀྱི་འགྱུར་བ་དང་བསྟུན་ནས་ཇི་འདྲ་ཞིག་ཏུ་འགྱུར་མིན་ད་དུང་ཤེས་ཐུབ་ཡོད་པ་མ་རེད། རྒྱ་མཚོའི་ནང་གི་ཉ་ལ་འགྱེད་ནུས་ཕོག་ཡོད་པ་དེ་ཁྱོད་ཀྱིས་ཟོས་པ་ན་ཁྱོད་ལའང་དེ་འཕོག་གི་རེད། འགྱེད་ནུས་ཀྱི་ཐལ་བ་དེ་ཆུ་སྟེང་དུ་ལས་སླ་བོར་འབབ་པས་ཆུ་ཡང་འཐུང་མི་རུང་བ་ཞིག་ཏུ་འགྱུར་རྒྱུ་རེད། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་སུ་ཧི་རོ་ཤི་མ་དང་ཧ་ན་ཀ་ས་ཀི་སོགས་ལ་སྤྱད་པའི་རྡུལ་ཕྲན་འབར་མདེལ་དེ་དག་ཉིང་རྡུལ་ལྟེ་གནས་དང་ཉིང་རྡུལ་མེ་ཤུགས་འཕུར་མདའ་དང་བསྡུར་ན་རྩེད་ཆས་ཆུང་ཆུང་ལྟ་བུ་ཙམ་གྱི་ཚད་ཡིན་པ་རེད། ཡིན་ནའང་དེའི་ཤུགས་རྐྱེན་ད་ལྟའང་ད་དུང་ལྷག་ནས་ཡོད་པ་རེད་ལ་དེའི་རྒྱུ་མཚན་ནི་དེ་མི་རབས་ནས་མི་རབས་བརྒྱུད་ནས་འགྲོ་བ་རེད། དེར་མ་ཟད་ང་ཚོས་ཉ་ལ་སྟངས་འཛིན་བྱེད་ནུས་པ་མ་རེད། དེ་དག་ག་ས་གང་དུ་མྱུལ་ནས་འགྲོ་བ་རེད། ང་ཚོས་དེ་ཚོ་གང་དུ་སོང་བ་དང་གང་དུ་འགྲོ་མིན་ཡང་ཤེས་རྒྱུ་མ་རེད། དོན་རྐྱེན་གཞན་པ་ཞིག་ནི་འདི་ལྟར་ཏེ། དེ་རླུང་ལ་བརྟེན་ནས་ཡོད་པས་ང་ཚོས་དེ་ལ་སྟངས་འཛིན་བྱེད་ནུས་པ་མ་རེད། རླུང་གིས་སྤྲིན་པ་དང་། དུ་བ་དང་། འགྱེད་ནུས་ཕྱོགས་ག་ས་གར་འཁུར་ནས་འགྲོ་བ་རེད། རྒྱལ་ཁབ་གང་སར་འཁུར་འགྲོ་བ་རེད། དེ་བས་དེ་ནི་གནོད་སྐྱོན་ཐེབས་པའི་ས་ཁུལ་དེ་དང་དེའི་ཁོར་ཡུག་ཙམ་གྱི་གནད་དོན་ཞིག་ཁྱོན་ནས་མ་རེད། ས་ཆ་གང་ཞིག་ཡིན་ཀྱང་རུང་། ཁྱོད་རང་ལེ་དབར་སྟོང་ཕྲག་གིས་ཆོད་པའི་སར་ཡོད་ན་ཡང་ཁྱོད་ལ་གནོད་སྐྱོན་ཐེབས་སྲིད་པ་སྟེ། རླུང་གིས་འགྱེད་ནུས་དེ་གང་སར་འཁུར་ནས་འགྲོ་བས་སོ།།དེར་མ་ཟད་ཁྱོད་རང་ལ་དོགས་ཟོན་དང་སྔོན་ཚུད་ཀྱི་འཛེམ་ཟོན་སོགས་ཅི་ཡང་མེད་པས་གནོད་སྐྱོན་ཕོག་ཆོག་ཆོག་ཏུ་ཡོད་པ་རེད། ཉེན་ཁ་མང་བ་དང་། ཚེ་སྲོག་ནི་ནམ་ཡང་འཆི་བའི་སྤར་མོར་གནས་ཡོད་པས། དོགས་ཟོན་བྱེད་རྒྱུ་ནི་གྲ་སྒྲིག་ཡག་ཤོས་དེ་རེད། གཞན་དུ་ན་ཁྱོད་ཀྱི་འཆི་བ་སྔོན་ཚུད་ཀྱི་བརྡ་ལན་གང་ཡང་མེད་པར་གློ་བུར་དུ་སླེབས་ཏེ་འཁྱེར་འགྲོ་བ་ཁྱོད་ལ་སྐད་ཅིག་ཙམ་ལ་ཡང་དབང་ལོང་ཡོད་པ་མ་རེད།དཔེར་ན་འབྲས་སྐྲན་དང་ཨེ་ཛི་སོགས་ཀྱི་ན་ཚ་བྱུང་བས་འཆི་ངེས་ཡིན་ནའང་། སྨན་པ་དང་། ཁྱིམ་མི། གྲོགས་པོ་སོགས་མི་ཚང་མས་འཆི་ཐག་ཉེ་བོ་ཡིན་པ་ནད་པར་མ་བཤད་པར་ཀུན་སློང་བཟང་བོས་གསང་ནས་འཇོག་པ་རེད། དེ་ཀུན་སློང་ལེགས་ཀྱང་འགྲིག་གི་ཡོད་པ་མ་རེད། དེས་མི་ལ་གནོད་ཀྱིན་ཡོད་པ་རེད།མི་དེ་ལ་ཧ་གོ་རུ་འཇུག་དགོས་པ་རེད། ཁྱོད་ཟླ་བ་གཅིག་གི་རྗེས་ནས་འཆི་རྒྱུ་རེད། ཁྱོད་ལ་ཚེ་ཐག་རིང་བོ་མི་འདུག དེ་བས་ཟླ་བ་འདིའི་རིང་ལ་ཁྱོད་ཀྱིས་བྱ་བ་བཟང་བོ་དག་བྱས་ནས་རང་ཉིད་ལ་རྟག་བརྟན་གྱི་བྲོ་བ་རེ་མྱོང་དུ་ཆུགས་ཞེས་གསལ་བོར་བཤད་དགོས།དེ་ནས་ཁྱོད་རང་ཤི་དུས་ཁྱོད་ལ་སྐྱོ་སྣང་ཡོད་པ་མ་རེད། སྡུག་བསྔལ་ཡོད་པ་མ་རེད། ཁྱོད་ལུས་པོ་འདི་ནས་ཐོན་ཏེ་ལུས་པོ་གཞན་པ་ཞིག་ཏུ་བསྐྱོད་དགོས་པ་རེད། ཡང་ན་ཁྱོད་རང་ལ་ཐར་བ་འཐོབ་འགྲོ་ནའང་ཐང་། འཆི་བའི་གློ་བུར་གྱི་གསལ་སྣང་དེས་ཁྱོད་རང་གྲོལ་བར་བྱེད་ནུས་པ་རེད།
དབྱིན་ཡིག་ལས་བསྒྱུར།
མཆན།
༡། འགྱེད་ནུས།
༡༽འདི་ནི་ཕྱིའི་འབྱུང་བ་ལས་འགྱེད་པའི་རང་བཞིན་ཅན་གྱི་ནུས་པ་ཞིག་དང་རླབས་ཀྱི་རང་བཞིན་ཅན་ཞིག་སྟེ་དེ་རྡུལ་ཕྲན་དང་འདུས་གཟུགས་གཞན་བརྒྱུད་དེ་བརྒྱུད་ལམ་དང་བར་སྟོང་དུ་རྒྱུ་ཞིང་ཉིང་རྡུལ་གྱི་རྣམ་པས་གནས་གོང་མ་ནས་འོག་མར་འགྲོ་བ་ཞིག་གོ།
༢༽དངོས་ཁམས་རིག་པར། དེ་ནི་ནུས་པའི་རང་བཞིན་ཅན་གྱི་རྫས་དང་ནུས་ཤུགས། རླབས་སོགས་བརྒྱུད་ལམ་གང་རུང་དང་བར་སྣང་ངམ་བར་སྟོང་ནས་རྒྱུ་བའི་བརྒྱུད་རིམ་ཞིག་ལ་གོ
དེ་ལ་དབྱེ་བ་གསུམ་ཡོད་པ་ཨེལ་ཕ་འགྱེད་ནུས་དང་བྷེ་ཊཱ་འགྱེད་ནུས། གྷ་མ་འགྱེད་ནུས་ གསུམ་ཡོད་ལ། རིགས་དང་བོ་དེ་ཤོག་བུས་འགོག་ཐུབ་ཅིང་། གཉིས་པ་ཧ་ཡང་གིས་འགོག་ཐུབ། གསུམ་པ་དེ་ཞ་ཉེ་ཡིས་འགོག་ཐུབ།

Aug 30, 2011

ཆོས་རྒྱམ་དྲུང་པའི་སྙན་ངག




ཆོས་རྒྱམ་དྲུང་པས་བརྩམས།
ཟླ་བ་གཞོན་ནུས་བསྒྱུར།






ཁོང་ཁྲོའི་རལ་གྲི།

ཁོང་ཁྲོའི་རལ་གྲི་བཙན་འཛུལ་ཡུ་བས་བརྒྱན།།
སྐར་མ་དམར་བོས་ཉི་ཟླ་བཙོན་ལ་བཅུག།
གངས་རི་མཐོན་པོ་དུག་རླུང་ནག་པོས་བཏུམས།།
ཞི་བདེ་ལུང་བ་མེ་སྒྱོགས་སྒྲ་ཡིས་གཏོར།།
བོད་མིའི་གཟི་བྱིན་ལྡོག་སྟེ་མཁའ་ལ་འགྲན།།

༢༽ འཁོར་བ་དང་མྱང་འདས།


པད་མ་དཀར་བས་ཕོ་རོག་ནག།
གླང་ཆེན་དལ་བས་གྲོག་མ་མགྱོགས།།
འགྲོ་བ་རྨོངས་པས་སངས་རྒྱུས་བརླིང་།།


༡༡།༨།༢༩ལ་དབྱིན་ཡིག་ལས་བསྒྱུར།

Aug 4, 2011

ཆོས་ཀྱི་ཚིགས་སུ་བཅད་པ།





धम्मपद
ཆོས་ཀྱི་ཚིགས་སུ་བཅད་པ།



ཆོས་ཀྱི་ཚིགས་སུ་བཅད་པ་ནི་པཱ་ལཱིའི་སྡེ་སྣོད་ཁྲོད་ཀྱི་རིན་ཐང་བྲལ་བའི་གླེགས་བམ་རིན་པོ་ཆེ་ཞིག་ཡིན་ལ། སངས་རྒྱས་པ་ལ་འདི་ཇི་ལྟར་ཧིན་དཱུའི་ཆོས་ལུགས་པའི་ཁྲོད་དུ་གཱི་ཏཱ་སྟེ། ལེགས་ལྡན་ནག་པོའི་གླུ་དར་ཁྱབ་བྱུང་བ་ལྟར་བྱུང་ཡོད།


དེ་ལྟ་ནའང་། གཱི་ཏཱ་ཡི་ནི་གཏམ་གྱི་གཞི་གཅིག་གཅིག་བུ་ཡིན་པ་དང་ཉན་མཁན་ཡང་མི་གཅིག་གཅིག་བུ་༼སྲིད་སྒྲུབ༽ཡིན། ཆོས་ཀྱི་ཚིགས་སུ་བཅད་པ་ལ་ནི་གཏམ་གྱི་གཞི་ཡང་འདྲ་མིན་ཡོད་པ་དང་ཉན་མཁན་ཡང་མ་འདྲ་བ་མ་འདྲ་བ་རེ་ཡོད། གཱི་ཏཱའི་བཀའ་གསུང་དེ་དག་དུས་ཐུང་ཐུང་ཞིག་གི་ནང་དུ་རྫོགས་ཡོད་པ་ཞིག་ཡིན་ནའང་། ཆོས་ཀྱི་ཚིགས་སུ་བཅད་པ་ནི་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་གོ་འཕང་བརྙེས་པའི་རྗེས་ཀྱི་བགྲང་བྱ་སོ་ལྔའི་རིང་གསུངས་པའི་བཀའ་རྣམས་ལས་བསྡུས་ནས་གྲུབ་ཡོད་པ་ཞིག་རེད།


ཆོས་ཀྱི་ཚིགས་སུ་བཅད་པ་ནི་སྡེ་ཚན་༢༦་གིས་གྲུབ་ཡོད་པ་དང་། སྡེ་ཚན་རེ་རེའི་བརྗོད་གཞི་མི་འདྲ་ལ་དེར་ཁྱོན་བསྡོམས་ཚིགས་བཅད་༤༢༣་ཡོད་པ་དེ་དག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་གོ་འཕང་བརྙེས་པ་ནས་བཟུང་སྟེ་ཇི་སྲིད་མྱ་ངན་ལས་མ་འདས་པ་དེ་སྲིད་དུ་དུས་ནས་དུས་སུ་བཀའ་གནང་བ་དག་གོ།


ཆོས་ཀྱི་ཚིགས་སུ་བཅད་པའི་གླེབས་བམ་འདིའི་ཚིགས་བཅད་རེ་རེར་སངས་རྒྱས་ཀྱི་ཆོས་ཀྱི་སྙིང་བོས་གཏམས་པ་དང་གང་དག་མཉན་པ་བརྒྱུད་དེ་རིང་བར་དུ་འཇིག་རྟེན་གྱི་ཁམས་སུ་བགྲང་གིས་མི་ལངས་ཤིང་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་གང་མང་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བའི་གྲུ་གཟིངས་ཉིད་དུ་གྱུར་རོ།།


ཚིགས་བཅད་འདི་དག་ཏུ་ཚུལ་ཁྲིམས་དང་། བསམ་གཏན། ཤེས་རབ། མྱང་འདས་ལ་སོགས་པ་ལ་ཧ་ཅང་མཛེས་པའི་ཚིག་སྦྱོར་གྱིས་བསྡེབས་ཡོད་པ་དེ་དག་ཀློག་གིན་དུ་ཆོས་ཀྱི་བཅུད་དེ་བདུད་རྩི་དང་ཞི་བ། ཤེས་རབ་ཀྱི་མྱོང་བ་དངོས་སུ་ཐོན་པ་དང་འཁོར་བ་ལ་ངེས་ཤེས་གསར་བ་ཞིག་བྱུང་བའི་རང་ཉམས་དངོས་སུ་འབྱུང་ངོ་།།


ཆོས་ཀྱི་ཚིགས་སུ་བཅད་པ་འདི་སངས་རྒྱས་པའི་བསྟན་པའི་ཁྲོད་ཀྱི་ཆེས་དགའ་མོས་བྱེད་སའི་གླེགས་བམ་ཞིག་དང་དེའི་ཚིགས་བཅད་དག་གོ་སླ་བ་དང་གཏན་ཚིགས་ཀྱིས་སྤྲས་པ་རྐྱང་ཡིན་པས་མ་བཟུང་བར་ཡང་བློ་ལ་ཟིན་འགྲོ་བ་ཞིག་ཡོད།


༢༠༡༡།༠༨།༠༤ལ་ཟླ་བ་གཞོན་ནུས་བསྒྱུར་སྒྲིག་བྱས།

འདིར་ཚིགས་སུ་བཅད་པ་འགའ་བཀོད་ན།


༡། (यमकवग्गो) ཟུང་ལྡན་གྱི་སྡེ་ཚན།
मनो पुब्बङ्गमा धम्मा मनो सेट्ठा मनोमया।

मनसा चे पदुट्ठेन भासति वा करोति वा।

ततो नं दुक्खमन्वेति चक्क,व वहतो पदं।।1
ཆོས་རྣམས་ཡིད་ཀྱི་རང་བཞིན་ཏེ།། ཡིད་ནི་གཙོ་ཞིང་སྔོན་ལ་འགྲོ།

གལ་ཏེ་གདུག་པའི་ཡིད་ཀྱིས་ནི།། སྨྲས་སམ་ཡང་ན་བྱས་ཀྱང་རུང་།།

དེ་ལ་དེ་ཡི་སྡུག་བསྔལ་འཐོབ།། ཤིང་རྟ་རྗེས་སུ་འབྲང་བ་བཞིན།
諸法心先導,心主心所作,
若以意惡行,惡語惡身行,
則苦必隨彼,如輪隨獸足。


मनो पुब्बङ्गमा धम्मा मनो सेट्ठा मनोमया।

मनसा चे पसन्नेन भासति वा करोति वा।

ततो नं सुखमन्वेति छाया,व अनपायिनी।।२

ཆོས་རྣམས་ཡིད་ཀྱི་རང་བཞིན་ཏེ།། ཡིད་ནི་གཙོ་ཞིང་སྔོན་ལ་འགྲོ།

གལ་ཏེ་ཡིད་ནི་རབ་དང་བས།། སྨྲས་སམ་ཡང་བྱས་ཀྱང་རུང་།།

དེ་ལ་དེ་ཡི་བདེ་བ་འཐོབ།། གྲིབ་མ་ཡོལ་བར་མི་འགྱུར་བཞིན།།
諸法心先導,心主心所作,
若以意善行,善語善身行,
則樂必隨彼,如影隨身形

༢། (अप्पमादवग्गो) བག་ཡོད་ཀྱི་སྡེ་ཚན།


अप्पमादो अमदपदं पमादो मच्चुनो पदं।

अप्पमता न मीयान्ति ये पमत्ता यथा मता।। १

བག་ཡོད་བདུད་རྩིའི་གོ་འཕང་སྟེ།། བག་མེད་པ་ནི་འཆི་བའི་གནས།།

བག་ཡོད་འཆི་བར་མི་འགྱུར་ཏེ།། བག་མེད་པ་ནི་འཆི་བ་འདྲ།།
勤向不死(Amata指涅槃)徑,放逸趣死徑,
精勤者不死,放逸如已死。

མཆན།
གོང་གི་ཚིགས་བཅད་དང་བོར་ཤིང་རྟ་རྗེས་སུ་འབྲང་བ་བཞིན་ཞེས་པ་དེ་མ་ཡིག་རང་གི་ཚིག་ངོས་ལྟར་ན་འཁོར་ལོ་རྐང་བའི་རྗེས་སུ་བཞིན་ཞེས་པའི་དོན་ཡོད་ཅིང་། རྐང་བ་དེ་ཡང་ཤིང་རྟ་འཐེན་མཁན་གྱི་བ་གླང་གི་སུག་པར་གོ་དགོས་སོ།།चक्कཞེས་པ་འཁོར་ལོ་དང་पदं་ཞེས་པ་རྐང་བ་ལ་ཞེས་པ་སྟེ་རྣམ་དབྱེ་གཉིས་པའི་གཅིག་ཚིག་གི་རྐྱེན་དང་བཅས་པའོ།།
རྒྱ་ནག་གི་ལོ་ཙཱ་བ་སྐད་གྲགས་ཅན་གཞོན་ནུ་སྲོག་གིས་ཀྱང་如輪隨獸足ཞེས་འཁོར་ལོ་སུག་པའི་རྗེས་སུ་བཞིན་ཞེས་གསལ་བོར་བསྒྱུར་འདུག་པ་ཤིན་ཏུ་གསལ་ལོ།།
དེ་ལྟ་ན་ཡང་། བརྒྱ་ལ་བོད་འགྱུར་གྱི་ཤུགས་ནས་གོ་བ་ལེན་ནུས་ན་ནི་ཁྱད་པར་མེད་དོ།།

Aug 2, 2011

ལྡུམ་ར་བ།






བདག་ཁྱེད་ལ་དགའ
བདག་གི་སྙིང་སྡུག བདག་གི་བརྩེ་བ་ལ་ཁོང་ཁྲོ་མ་ཟ་རོགས
མགོ་འཁོར་བའི་བྱ་ཞིག་དང་འདྲ་བར ང་རང་བཟུང་སོང
བདག་གི་སེམས་པ་འདར་འདར་བྱེད་དུས དེས་དེའི་སྒྲིབ་གཡོགས་བརླག་ནས་གཅེར་བུར་ལུས་སོང
དེ་སྙིང་རྗེ་ཡིས་བཀབ་ནས་བདག་གི་བརྩེ་བ་ལ་བཟོད་སྒོམ་གནང་རོགས


གལ་ཏེ་ཁྱེད་ང་ལ་དགའ་མི་ཐུབ་ན
བདག་གི་སྙིང་སྡུག བདག་གི་སྡུག་སྣང་ལ་བཟོད་སྒོམ་གནང་རོགས
བདག་ལ་རྒྱང་རིང་ནས་ཟུར་མིག་གིས་མ་བལྟ་རོགས
ང་རང་ལྐོག་ཏུ་རང་གི་གྲུ་ཟུར་དེར་ཕྱིན་ནས་མུན་ནག་ནང་ཙོག་པུར་འདུག་རྒྱུ་ཡིན
ངས་རང་གི་དམར་རྗེན་རྗེན་གྱི་གནོང་བ་དེ་ལག་ཟུང་གིས་བཀབ་ནས་འདུག་རྒྱུ་ཡིན

གལ་ཏེ་ཁྱེད་ང་ལ་དགའ་ན
བདག་གི་སྙིང་སྡུག བདག་གི་དགའ་སྣང་ལ་བཟོད་པ་སྒོམ་རོགས
བདག་གི་སེམས་པ་བདེ་སྐྱིད་ཀྱི་ཤ་འོད་ཀྱིས་འཁྱེར་ན
ཁྱོད་ཀྱིས་བདག་གི་ཉེན་ཁ་བརྒྱུད་དེ་ཡོད་ཚད་སྤངས་པ་ལ་འཕྱ་དམོད་མ་གནང་རོགས

ང་རང་རང་ཉིད་ཀྱི་ཁྲི་ལ་བསྡད་དེ་ཁྱོད་རང་ལ་དབང་ཡོད་ཚ་པོའི་བརྩེ་བས་དབང་སྒྱུར་བྱས་ན
བདག་གིས་ལྷ་མོ་ཞིག་དང་འདྲ་བར་ཁྱོད་ལ་མགོན་སྐྱབས་གནང་ན
བདག་གི་ང་རྒྱལ་ལ་བཟོད་པ་སྒོམ་རོགས
བདག་གི་སྙིང་སྡུག བདག་གི་དགའ་སྣང་ལ་ཡང་བཟོད་པ་སྒོམ་རོགས

Jul 7, 2011

འཚོ་བ་དངོས་དང་སྦྱར་ནས་བདེན་པ་བཞི་ངོ་སྤྲོད།

གོང་ས་སྐྱབས་མགོན་ཆེན་པོས།
༄༅། བཅོམ་ལྡན་འདས་ཀྱིས་རྒྱུ་འབྲས་ཀྱི་རྟེན་འབྱུང་ཟེར་བ་འདིའི་ལྟ་གྲུབ་དེའི་ཐོག་ ནས་ཆོས་འཁོར་དང་བོ་གསུངས་ཡོང་དུས། བདེན་བཞིའི་ཆོས་འཁོར་ཟེར་བ་འདི་རེད། སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་ཟེར་ནས་བདེན་པ་བཞི་གསུངས་ཀྱི་འདུག་ག། བདེན་པ་བཞི་གསུངས་དགོས་པ་དེ། སྡུག་བསྔལ་བདེན་པ་དང་འགོག་པའི་བདེན་པ་ཟེར་བ་དེ་ང་ཚོར་དགོས་པ་དེ་རེད། ང་ཚོའི་དོན་རྩ་དེ་རེད། སྡུག་བསྔལ་ཟེར་བ་དེ་ང་ཚོས་མི་འདོད་པ་རེད། བདེ་སྐྱིད་ཟེར་བ་དེ་ང་ཚོར་དགོས་ཀྱི་ཡོད་པ་རེད། སྤྱིར་ང་ཚོས་སྡུག་བསྔལ་མི་འདོད་པ་རེད། སྡུག་བསྔལ་མི་འདོད་པ་ཞིག་ཡིན་ན་སྡུག་བསྔལ་ཟེར་བ་དེ་གང་འདྲ་ཞིག་ཡིན་པ་དེ་ ཞིབ་ཚགས་པོའི་ཐོག་ནས་ཤེས་དགོས་པ་ཞིག་རེད། དེ་འདྲ་ཡིན་དུས་བཅོམ་ལྡན་འདས་ཀྱིས། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་ངོ་སྤྲོད་ཅིག་གནང་བ་རེད། འཕགས་པའི་བདེན་པ་གསུངས་པ་དེ། ནད་ན་ཚ་འདྲ་བོ་ཞིག་གི་སྡུག་བསྔལ་ཡིན་པ་ཡིན་ན། འཕགས་པའི་བདེན་པ་གསུངས་དགོས་པ་ཅང་མི་འདུག ང་རང་ཚོས་མཐོང་སྡོད་ཀྱི་འདུག སྡུག་བསྔལ་རིམ་པ་མང་བོ་ཡོད་པའི་ནང་ནས། དཔེར་ན་ནད་ཀྱི་སྡུག་བསྔལ་འདྲ་བོར་ཆ་བཞག་ན། ཐོག་མར་ང་རང་ཚོའི་གཟུགས་པོར་ཨ་ར་ཨུ་རུའི་ན་ཟུག་བརྒྱབས་བསྡད་པའི་སྡུག་བསྔལ་ ཞིག་འདུག་ག། དེ་འདྲ་ཞིག་ཡོང་བ་དེ། དེའི་འོག་དེར་ཨ་ཚ་ཟེར་བསྡད་པ་དེ་ནད་རྟགས་སམ། རྟགས་མཚན་རེད། གཟུགས་པོའི་ནང་ལ་ཅིག་མ་འགྲིགས་པར། དེའི་འབྲས་བུ་ལྟ་བུར་ཚོར་བ་སྡུག་བསྔལ་དེ་ཡོང་སྡོད་ཀྱི་ཡོད་པ་རེད། དེ་ཡོང་བའི་གཞི་འདྲ་བོ་བྱེད་མཁན་དེ་ལུས་ཀྱི་ནང་ལ་ནད་འབུ་ཕྲ་རབ་ཡིན་ནམ་ཅིག་ སླེབས། དེའི་རྐྱེན་གྱིས་ལུས་ཀྱི་འབྱུང་བ་འཁྲུགས་སྡོད་མཁན་ཞིག་ཆགས། དེའི་རྐྱེན་གྱིས་ན་ཟུག་དེ་བྱུང་བ་རེད། སྡུག་བསྔལ་ཤེས་པར་བྱ་ཟེར་དུས། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། གསུངས་པ་དེ། སྡུག་བསྔལ་ཨ་ར་ཨུ་རུ་ཟེར་བའི་ན་ཟུག་ཙམ་དེ་མ་ཡིན་པར། དེ་ཡོང་བའི་གཞི་འདྲ་བོ་དེ་དག་ཤེས་དགོས་ཀྱི་ཡོད་པ་རེད་ཟེར་བ་དེ་གསུང་གི་ཡོད་པ་རེད། ཤེས་སོང་ངམ། དེ་འདྲ་ཡིན་དུས། བཅོམ་ལྡན་འདས་ཀྱིས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ།། ཞེས་གསུང་དུས་འཕགས་པའི་བདེན་པ་ཞེས་བློ་ཡར་བསམ་བློ་གཏིང་རིང་པོ་གཏོང་མཁན་ ཞིག་གིས་བདེན་པ་མཐོང་བསྡད་པ་ཞིག་དང༌། སྡུག་བསྔལ་མཐོང་བསྡད་པ་ཞིག་རེད་ཅེས་གསུངས་ཀྱི་འདུག་ག དེ་ལའང་སྡུག་བསྔལ་རིམ་པ་གསུམ་བཤད་ཀྱི་ཡོད་པ་རེད། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ། ཞེས་སྡུག་བསྔལ་རིམ་པ་གསུམ་བཤད་ཀྱི་འདུག་ག སྡུག་བསྔལ་གྱི་སྡུག་བསྔལ་ཞེས་ལབ་དུས། ནམ་རྒྱུན་ང་ཚོར་ཡོངས་གྲགས་ཀྱི་སྡུག་བསྔལ་དེ་རེད། སྡུག་བསྔལ་དེ་ཡོང་བའི་གཞི་དེ་འདྲ་བོ་དེ་འགྱུར་བའི་སྡུག་བསྔལ་དང༌། ལྷག་པར་འདུ་བྱེད་ཀྱི་སྡུག་བསྔལ་ཟེར་བ་དེས་སྡུག་བསྔལ་དེ་དག་གི་གཞི་བྱས་ཡོང་ གི་ཡོད་པ་རེད། དེ་འདྲ་ཡིན་དུས། ང་ཚོ་རང་བཞིན་གྱིས་སྡུག་བསྔལ་མི་འདོད་པ་ཡིན་དུས། སྡུག་བསྔལ་ཞེས་གཅིག་གསུངས། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཟེར། སྡུག་བསྔལ་དེ་དཀོན་མཆོག་གིས་བཟོས་པའང་མ་རེད། རྒྱུ་མེད་རྐྱེན་མེད་གློ་བུར་དུ་བྱུང་བ་ཡང་མ་རེད། རང་རང་གི་རྒྱུ་ལ་བརྟེན་ནས་བྱུང་བ་རེད། དེ་འདྲ་ཡིན་དུས། སྡུག་བསྔལ་འགྲུབ་བྱེད་ཀྱི་རྒྱུ། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ་ཞེས་ནས་སྡུག་བསྔལ་ཀུན་ཏུ་འབྱུང་བ། ཤེས་སོང་ངམ། མི་འདོད་པའི་སྡུག་བསྔལ། འབྲས་བུ་སྡུག་བསྔལ་དེ་དང་དེ་འགྲུབ་བྱེད་ཀྱི་རྒྱུ་དེ་གསུངས། སྡུག་བསྔལ་མི་འདོད་པ་ཡིན་དུས། སྤྱིར་བཏང་ཡིན་ན་ཚོར་བ་སྡུག་བསྔལ་གྱི་འགལ་ཟླའི་བཟོ་འདྲ་བོ་ཚོར་བ་བདེ་བ་ཞིག་ ཡོད་པ་རེད། ཚོར་བ་བདེ་བ་དེར་ཞིབ་ཏུ་བསམ་བློ་བཏང་བ་ཡིན་ན། ཟག་བཅས་ཀྱི་ཚོར་བ་བདེ་བ་དེ་རེད། ཉོན་མོངས་པའི་གཞན་དབང་ཅན་གྱི་ཚོར་བ་བདེ་བ་དེས་སྡུག་བསྔལ་ཡོང་བའི་རྒྱུ་བྱས་ ཡོང་གི་ཡོད་པ་རེད། རྐྱེན་བྱས་ཡོང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་ཚོར་བ་བདེ་བ་ཙམ་མ་ཡིན་པར། ངོ་ཐོག་རང་བདེ་བ་དེ་སྡུག་བསྔལ་ཡོང་བ་དང་ སྡུག་བསྔལ་ཕྲ་རགས་ཡོང་བའི་རྒྱུ་ཁོ་རང་མེད་པ་ཞིག་བཟོ་ཐུབ་ན་དེ་གཏན་དུ་བདེ་བ་རེད། མེད་པ་ཆགས་པ་དེ་གཉེན་པོ་སྐྱེས་པའི་སྟོབས་ཀྱིས་མེད་པ་བཟོ་དགོས་པ་ཞིག་ཡིན་ དུས་དེ་ལ་འགོག་པ་ཟེར་བ་རེད། སྡུག་བསྔལ་རྒྱུ་དང་བཅས་པ་འབད་བརྩོན་བྱས་ནས་གཉེན་པོ་སྐྱེས་པའི་སྒོ་ནས་བཅོམ་ པའམ་བཀག་པའི་སྒོ་ནས་མེད་པར་ཆགས་བསྡད་པ་དེ་འདྲ་དེ་ལ་སྡུག་བསྔལ་འགོག་པ་ཞེས་བཤད་པ་རེད། དེ་གཏན་དུ་བདེ་བ་རེད། ཚོར་བ་བདེ་བ་ཨེ་ཡིན་མི་ཤེས་ཏེ། གང་ལྟར་སྡུག་བསྔལ་རྒྱུ་དང་བཅས་པ་མེད་པ་ཆགས་པ་ཡིན་པ་དང་། མེད་པ་ཆགས་པའི་རིམ་པ་ཞིག་སླེབས་ཡོང་བ་ཡིན་དུས། དེ་གཏན་དུ་བདེ་བ་རེད། དེ་ང་ཚོར་དགོས་པ་དེ་རེད། ང་ཚོས་བདེ་བ་འདོད་ཀྱི་ཡོད་པ་རེད། དེ་ནས་འབྲས་བུ་བསྒྲུབ་བྱ་འགོག་པའི་བདེན་པ་ཟེར་བ་དེ། འདི་ནི་འགོག་པ་འཕགས་པའི་བདེན་པའོ་ཞེས་པ་དེ་རེད། འདི་ནི་ལམ་འཕགས་པའི་བདེན་པའོ་ཟེར་བ་དེ། དེ་འདྲའི་འགོག་པ་དེ་བསྒྲུབ་རྒྱུའི་ཐབས་དེར། དེ་སྒྲུབ་བྱེད་ཀྱི་ཐབས་སམ་དེར་བགྲོད་པའི་ལམ་ཡིན་དུས་ནས་ལམ་གྱི་བདེན་པ་གསུངས་པ་རེད། འདི་ནི་ལམ་འཕགས་པའི་བདེན་པའོ་ཞེས། བདེན་པ་བཞིའི་ངོ་བོ་ལ་བཟླས་པ་ཟེར་བ་དེ་བྱས། དེ་འདྲ་ཡིན་དུས། དེང་སང་གི་ཚན་རིག་དེ། སྔོན་ལ་དེ་བཤད་རྒྱུ་མི་འདུག ངས་ནམ་རྒྱུན་རྟག་པར་དེ་བཤད་སྡོད་ཀྱི་ཡོད། བདེན་བཞིའི་ངོ་བོ་ལ་བཟླས་པ་ཟེར་བ་དེ་དེས་དངོས་པོའི་གནས་ཚུལ་དེ་གསུངས། ཤེས་སོང་ངམ། ད་འོ་ན་འགོག་པའི་བདེན་པ་ཟེར་བ་དངོས་པོའི་གནས་ཚུལ་རེད་དམ་ཟེར་ན། ད་ལྟ་གྲུབ་ཡོད་པ་མ་རེད་དེ། ཡིན་ནའང་དེ་གཞི་ཡོད་ཆོག་པ་ཞིག་རེད། ག་རེ་རེད་ཅེ་ན་ཕྱིན་ཅི་ལོག་པའི་བློ་ཞིག་ཡིན་ན། ཐ་སྙད་ཟོར་ཡངས་པ་བྱས་ནས། སྤྱིར་བཏང་བཤད་པ་ཡིན་ན། འཁྲུལ་པའི་བློ་ཞིག་ཡིན་པ་ཡིན་ན། ཕྱིན་ཅི་ལོག་པའི་བློ་ཞེས་ལབ་ན་ཡག་པ་འདུག ཕྱིན་ཅི་ལོག་པའི་བློ་ཞིག་ཡིན་ན་ཁོ་ཕྱིན་ཅི་ལོག་པ་ཞིག་ཡིན་ཕྱིན་ཆད་ལ། དོན་དངོས་པོའི་གནས་ཚུལ་དང་རྒྱབ་འགལ་ཆགས་བསྡད་ཡོད་པ་རེད། དོན་དངོས་པོའི་གནས་ཚུལ་དང་རྒྱབ་འགལ་ཆགས་ཡོད་ན། དུས་ནམ་གྱི་ཚེ་ཡང་དོན་དངོས་པོའི་གནས་ཚུལ་ངོ་མ་དེ་གནས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་དོན་དངོས་པོའི་གནས་ཚུལ་ཇི་ལྟར་གནས་པ་ནང་བཞིན་ཤེས་པའི་བློ་དེ་དང༌། དོན་དངོས་པོའི་གནས་ཚུལ་ལ་རྒྱབ་འགལ་དུ་འཛིན་བསྡད་པའི་བློ་གཉིས་པོ་དེ་ག་དུས་ ཡིན་ཡང་འགལ་བ་རེད། གཅིག་གིས་གཅིག་ལ་གནོད་བྱ་གནོད་བྱེད་ཆགས་བསྡད་ཡོད་པ་རེད། འཛིན་སྟངས་འགལ་བའི་སྒོ་ནས། དེ་འདྲ་ཡིན་དུས་ཕྱིན་ཅི་ལོག་གི་བློ་ཞིག་ཡིན་ཕྱིན་ཆད་ལ། དེ་ལ་འཛིན་སྟངས་འགལ་བའི་ཕྱིན་ཅི་མ་ལོག་པའི་བློ་ཞིག་ནམ་ཡིན་ནའང་ཡོད་པ་རེད། གཞི་ལ་ཡོད་ཡོད་པ་རེད། དེ་སྐྱེས་མ་སྐྱེས་ཟེར་བ་དེ་གནས་ཚུལ་ཁག་ཁག་རེད། ང་རང་ཚོས་འབད་བརྩོན་བྱས་ནས་ཕྱིན་ཅི་ལོག་པའི་བློ་དེ། དཔེར་ན། ད་ཅི་ལབ་བསྡད་པའི་བདག་ཟེར་བ་ཞིག ཕུང་ པོ་ལ་དབང་བསྒྱུར་མཁན་གྱི་ང་ཞིག་ཡོད་པ་རེད་བསམས་ནས་དྲན་སྡོད་མཁན་གྱི་དབང་ སྒྱུར་མཁན་གྱི་ང་ཕུང་བོ་ལ་ལྟོས་པ་མེད་པར་གནས་སྡོད་མཁན་ཞིག་ཡོད་པ་རེད་བསམས་ ནས་འཛིན་སྡོད་མཁན་གྱི་བློ་དེ་ཕྱིན་ཅི་ལོག་པའི་བློ་བྱས། ཕྱིན་ཅི་ལོག་པའི་བློ་དེ་ལ་དུས་ནམ་གྱི་ཚེ་ཡང་ཕུང་བོ་ལས་དོན་གཞན་པའི་བདག་མེད་པ་ཡིན་དུས། ཕུང་པོ་ལས་དོན་གཞན་པའི་བདག་མེད་པ་ཤེས་སྡོད་མཁན་གྱི་བློ་གཅིག་ག་དུས་ཡིན་ནའང་ ཡོང་སྲིད་པ་རེད། ག་དུས་ཡིན་ནའང་ཡོང་ཆོག་པ་ཞིག་རེད། ཤེས་སོང་ངམ། ངའི་རྒྱུད་ལ་སྐྱེས་མ་སྐྱེས་གནས་ཚུལ་ཁག་ཁག་རེད། ག་དུས་ཡིན་ཡང་ཁོ་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་ཞིག་ཡོད་ན། དོན་ཇི་མ་ཇི་བཞིན་ཤེས་པའི་བློ་ཞིག་ག་དུས་ཡིན་ནའང་ཡོད་པ་རེད། ཡོང་ཆོག་པ་རེད། དེ་འདྲ་ཡིན་དུས། དེའི་གནད་འགག་དེ་འགོག་པའི་བདེན་པ་ཟེར་བ་དེ། ད་ལྟ་ང་ཚོའི་རྒྱུད་ལ་སྐྱེས་ཡོད་པ་མ་རེད་དེ། ཡིན་ནའང་སྤྱིར་སྡུག་བསྔལ་ཡོང་བའི་རྒྱུ་ཀུན་འབྱུང་ཟེར་བ་དེའི་རྩ་བ་ཉོན་མོངས་ པའི་ཀུན་འབྱུང་བྱས་ནས། དེའི་རྩ་བ་དེའི་ཉོན་མོངས་དེ་དག་ཕྱིན་ཅི་ལོག་པའི་བློ་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་ཕྱིན་ཅི་ལོག་པའི་བློ་དེ་ལ་ནམ་ཞིག་གི་ཚེ་ཡང་འགལ་ཟླ་ཡིན་སྡོད་ མཁན་ཕྱིན་ཅི་མ་ལོག་པའི་བློ་ཞིག་ཡོང་ཆོག་པ་རེད། དེ་ཕྱིན་ཅི་ལོག་མ་ལོག་ཟེར་བ་དེ་ཁོ་རང་གྲུབ་ཙམ་ནས་ཕྱིན་ཅི་མ་ལོག་སྐད་ཆ་བཤད་རྒྱུ་ཡོད་པ་མ་རེད། བློ་དེས་ཇི་ལྟར་བཟུང་བ་ནང་བཞིན་དོན་ལ་གནས་ཡོད་པ་ཡིན་ན་ཕྱིན་ཅི་མ་ལོག་པའི་བློ་རེད། བློ་དེས་ཇི་ལྟར་བཟུང་བ་ནང་བཞིན་དོན་ལ་གནས་མེད་པ་ཡིན་ན། ཕྱིན་ཅི་ལོག་པའི་བློ་ཆགས་ཀྱི་ཡོད་པ་རེད། ཤེས་སོང་ངམ། དེ་འདྲ་ཡིན་དུས། ད་ལྟ་དེ་ངར་འཛིན་པའི་བློ། བདག་ཏུ་འཛིན་པའི་བློ་དེས་ཇི་ལྟར་བཟུང་བའི་ཡུལ་དེ་བདག་ཏུ་གྲུབ་པ་དེ་རེད། བདག་ཏུ་གྲུབ་པ་དེ་དུས་ནམ་གྱི་ཚེ་ཡང་བདག་ཏུ་གྲུབ་པ་དེ་མེད་པ་ཡིན་དུས། དེ་དངོས་པོའི་གནས་ཚུལ་ཆགས་འདུག་ག རང་དབང་བའི་བདག་གིས་སྟོང༌། བདག་མེད་པ་ཟེར་བ་དེ་རང་བཞིན་ལྷན་སྐྱེས་ཀྱི་གནས་སྟངས་ཤིག་ཡིན་པ་རེད། དེ་འདྲ་ཡིན་དུས་འགོག་པའི་བདེན་པ་ཟེར་བ་དང༌། ལམ་གྱི་བདེན་པ་ཟེར་བ་དེ། ད་ལྟ་ཐོབ་མ་ཐོབ་དང་སྐྱེས་མ་སྐྱེས་ཀྱི་སྐད་ཆ་རེད་མ་གཏོགས་རྩ་བའི་གཞི་དེ། གཞི་དངོས་པོའི་གནས་ཚུལ་ལ་ཡོད་པ་རེད། འདི་ཤེས་པ་ལ་གཞི་བདེན་གཉིས་དེ་ཤེས་དགོས་ཀྱི་འདུག།