-->
Showing posts with label མཐའ་དཔྱོད།. Show all posts
Showing posts with label མཐའ་དཔྱོད།. Show all posts

Apr 24, 2021

བརྡ་སྤྲོད་པ་པཱ་ཎི་ནིའི་མདོ་བོད་ལ་འགྱུར་ཡོད་མེད་སྐོར་དཔྱད་པ།




དབང་ཕྱུག་ཆེན་པོའི་མདོ།


 

ཟླ་བ་གཞོན་ནུ།

 

ལར་བོད་རང་གི་ལུགས་སུ་སྒྲ་མདོ་ཆེན་མོ་བརྒྱད་དམ་བཅུར་གྲགས་པ་དག་ལས་ཆ་ཚང་བོད་དུ་མ་འགྱུར་ཡང་།  བརྡ་སྤྲོད་པ་ཀུན་གྱི་ཕྱི་མོར་གྲགས་པ་སྒྲ་པ་ཎི་བ་དང་། ཀ་ཙན་དབྱངས་གསུམ་སོགས་སྒྲ་མདོ་ཆེན་མོ་བཞིའི་ལུགས་ཀྱི་འཆད་ཉན་ད་ལྟའང་མ་ནུབ་ཙམ་དུ་ཡོད་ཚུལ་ཡོངས་སུ་གྲགས་ཡོད། སྒྲ་པ་ཎི་བ་ནི་རྒྱལ་དབང་ལྔ་བ་ཆེན་མོ་(༡༦༡༧-༡༦༨༢)མཆོག་གིས་བསྐུལ་བ་ལྟར་འདར་ལོ་ཙཱ་བ་(༡༦༣༣?-?)ཡིས་བོད་སྐད་དུ་བསྒྱུར་བ་ཡིན་པས། ཕལ་མོ་ཆེས་སྒྲ་པ་ཎི་བའི་འགྱུར་ནི་བསྟན་འགྱུར་དུ་བཞུགས་སུ་གསོལ་ཡོད་པ་གཞིར་བཞག་ལྟ་བུ་ལས། དེ་ལ་དོན་གཉེར་དང་འཆད་ཉན་ནི་སྔོན་ཡང་ཁག་ཙམ་བྱུང་འདུག་ལ། དེང་སང་ནི་སྲིད་མཐའ་ཙམ་དུ་གྱུར་བས། འདར་འགྱུར་གྱི་གཞི་གང་ཡིན་ཡང་གཏོལ་མེད་པ་ལྟ་བུར་གྱུར་ཡོད། དེ་ལྟ་བས་ན་འདིར་སྒྲ་པ་ཎི་བའི་ལོ་རྒྱུས་བོད་ལ་ཞིབ་པོ་ཞིག་མ་གྲགས་པས་ཅུང་ཙམ་རྒྱས་པར་སྤྲོས་ཤིང་། སྒྲ་པ་ཎི་བའི་ལུགས་ཀྱི་རྒྱུད་འཛིན་པ་གསལ་བར་བྱས་ཏེ། འདར་འགྱུར་གྱི་འགྱུར་གཞི་གང་ཞིག་ཡིན་པ་གསལ་བར་བྱས་ཡོད། 

 

གནད་ཚིག  པཱ་ཎི་ནི། སྒྲ་པ་ཎི་བ། འདར་ལོ་ཙཱ་བ། རབ་བྱེད་ཟླ་ཟེར། སྐབས་བརྒྱད་མ།

སྒྲ་པ་ཎི་བ་བོད་ལ་འགྱུར་ཡོད་དམ་མེད་བཤད་པ་ལ། དང་བོ། པཱ་ཎི་ནིའི་ལོ་རྒྱུས་བཤད་པ། གཉིས་པ། སྒྲ་པ་ཎི་བའི་ཁྱད་ཆོས་རགས་ཙམ་བཤད་པ། གསུམ་པ། སྒྲ་པ་ཎི་བའི་བརྒྱུད་པ་བཤད་དེ་འདར་འགྱུར་གང་ཡིན་བཤད་པ། བཞི་བ། མཐའ་སྡོམ་བཅས་བཞིར་ཕྱེ་སྟེ་བཤད་པ་ལ། 



དང་བོ། པཱ་ཎི་ནིའི་ལོ་རྒྱུས་བཤད་པ། 

པཱ་ཎི་ནིའི་འཁྲུངས་ཡུལ་གྱི་སྐོར་དང་། པ་ཎི་བ་དང་སྒྲའི་རྗེས་སུ་བསྟན་པ།

དེ་ཡང་ཞོན་ཙང་(玄奘)གིས་མཛད་ཅིང་གུང་མགོན་པོ་སྐྱབས་ཀྱིས་བསྒྱུར་བའི་ཏཱ་ཐང་སིའི་ཡུས་ཀྱིས་ལས་འདི་སྐད་དུ། ༈དེའི་[གྲོང་ཁྱེར་བྷ་རུ་ཤའི]ཤར་ལྷོའི་མཚམས་སུ་རྒྱང་གྲག་བརྒྱ་དང་ལྔ་བཅུ་ཙམ་གྱི་སར་ཨུ་ད་ཀ་ཧན་ཋའི་གྲོང་ཁྱེར། དེའི་མཐའ་སྐོར་དུ་རྒྱང་གྲག་ཉི་ཤུ་ལྷག་པ་ལྷོ་ངོས་སུ་ཆུ་ཀླུང་སིན་དྷུ་འབབས་པ། ནང་མི་ཁྱིམ་གྱིས་གཏམ་པ་ཕྱུག་ལ་བདེ་བ། ཕྱོགས་ཀུན་ནས་རིན་པོ་ཆེའི་རིགས་འདུས་པས་ཚོང་པའི་ཚོགས་མང་ངོ་།།[1]

ཞེས་དང་ཡང་།  “༈གྲོང་ཁྱེར་དེའི་ནུབ་བྱང་མཚམས་སུ་རྒྱང་གྲག་ཉི་ཤུའི་སྐོར་ན་ག་[]ར་ཏུ་རའི་[ཤ་ར་ཏུ་རའི་(娑羅睹邏邑)]ལྗོངས་སྟེ། འདི་ནི་བྲམ་ཟེ་པ་ཎིའི་འཁྲུངས་ཡུལ་སྟེ[ཏེ]། བྲམ་ཟེ་པ་ཎི་ཞེས་བྱ་བ་བསྐལ་པ་དང་པོའི་དུས་ལྷ་ཚངས་པ་དེར་བྱོན་ཏེ་སྔོན་གྱི་དྲང་སྲོང་རྣམས་ལ་སྨྲ་བའི་བསྟན་བཅོས་བཤད་པས་དེར་གནས་པའི་སྐྱེ་བོ་ཕལ་ཆེར་སྒྲ་རིག་ལ་དགའ་བ་དང་སྦྱངས་པ་མང་ངོ་། །རེ་ཞིག་ན་སྒྲ་ནུབ་ནས་ཧོར་ཁོངས་སུ་ལུས་པ་ལ་ལོ་བརྒྱ་བའི་དུས་སུ་བྲམ་ཟེ་པ་ཎི་སྐྱེས་ནས་དབང་ཕྱུག་ཆེན་པོ་བསྒྲུབ་པས་འགྲུབ་སྟེ་ཞལ་མངོན་སུམ་དུ་མཐོང་། དབང་ཕྱུག་གིས་སྨྲ་བའི་བསྟན་བཅོས་ཀྱི་ས་བོན་བསྩལ། ཊིཀྐ་བརྩོམ་ཞིག་ཅེས་ལུང་བསྟན་ལྟར་བརྩམས་པས་ཚིག་རྐང་བཞི་རེར་ཡི་གེ་སུམ་ཅུ་རྩ་གཉིས་རེ་ཡོད་པའི་ཤླཽ་ཀ་སྟོང་ཚང་བ་ཞིག་མཛད་དོ། །དེའི་གདུང་འཛིན་བྲམ་ཟེ་སྒྲ་ལ་མཁས་པ་མང་པོ་བྱུང་ཞིང་འབྱུང་བར་འགྱུར་བཞིན་པ་དང་ད་དུང་ཡང་འབྱུང་བར་འགྱུར་བར་སྣང་ངོ་།།[2]” 

ཡང་། “༈སྟོན་པ་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་ན་ཁ་ཆེའི་ཡུལ་ནས་དགྲ་བཅོམ་པ་ཞིག་འདིར་བྱོན་ཏེ། ལྗོངས་རྒྱུ་པ་ན་བྲམ་ཟེ་ཞིག་གིས་ཁྱེའུ་ཅིག་ལ་སྒྲ་སློབ་པའི་ཕྱིར་སྤྱོས་ཤིང་བརྡུངས་པ་མཐོང་ནས་རྒྱུ་མཚན་དྲིས་པར་སྒྲ་རིག་པ་སློབ་པར་བརྩོན་འགྲུས་མི་བསྐྱེད་པ་ཟེར་རོ། ། ་་་ ་་་[3]ཞེས་འབྱུང་བ་ལྟར་དང་། འཇམ་དཔལ་རྩ་རྒྱུད་དང་མདོ་ལང་ཀར་གཤེགས་པ་སོགས་སུ་ལུང་དུ་བསྟན་པ་ཙམ་ལས། པ་ཎི་བ་གང་དུ་བྱོན་པ་དང་ནམ་ཞིག་བྱོན་མིན་ལོ་རྒྱུས་ཡིག་ཚང་ཁག་ཏུ་དག་པོ་ཞིག་མི་གསལ་ན་ཡང་། དྲང་སྲོང་སྙིམ་ལྷུང་གིས་མཛད་པའི་བཤད་པ་ཆེན་པོ་རུ་པ་ཎི་བའི་ཡུམ་གྱི་མཚན་ལ་དཱཀྵཱི་དང་། ཁོང་ལ་དཱཀྵཱིཔུཏྲ་སྟེ་དཀྵཱིའི་བུ་ཞེས་བོས་ཡོད་ཅིང་། དེ་ནི་སྐྱེས་རབས་སུ་འབྱུང་བའི་སངས་རྒྱས་སྤྱོད་པ་ཡི་སྙན་ངག་ཆེན་མོའི་མཛད་བྱང་དུ། ཡུལ་ཤཱ་སེ་ཏ་ཀའི་[སཱ་ཀེ་ཏ་ཀའི]གསེར་མིག་མའི་བུ་[སུབརྞཱཀྵཱིཔུཏྲ]དགེ་སློང་སློབ་དཔོན་སྙན་དངགས་མཁན་ཆེན་པོ། སྨྲ་བ་དང་ལྡན་པ་ཕྱོགས་སུ་རྣམ་པར་གྲགས་པ། བཙུན་པ་རྟ་དབྱངས་ཀྱིས་མཛད།[4] ཅེས་གསལ་བ་ལྟར་པཱ་ཎི་ནི་ལ་དཱཀྵཱིའི་བུ་ཞེས་པ་དང་སློབ་དཔོན་རྟ་དབྱངས་ལ་གསེར་མིག་མའི་བུ་ཞེས་བོས་པ་ནི་ཡུམ་གྱི་མཚན་ལ་བུ་བརྒྱུད་ཀྱི་རྐྱེན་བྱིན་པའོ།། དེ་བཞིན་འགྲེལ་བ་གསལ་ལྡན་ལྟར་ན། ན་མཐའ་ཅན་པཱཎིན྄་ཞེས་པ་ལ་བུ་བརྒྱུད་ཀྱི་རྐྱེན་ཨཎ྄བྱིན་པས་པཱཎིན་ཞེས་གྲུབ་པ་ལ། དེ་ལ་བསྐྱར་དུ་བུ་བརྒྱུད་ཀྱི་རྐྱེན་ཨིཉ྄་བྱིན་ཏེ་བསྒྲུབས་པས་པཱཎིན་ཞེས་པ་བུ་བརྒྱུད་གསལ་བྱེད་ཀྱི་མིང་དུ་བརྩིས་ཏེ་དེ་མ་ཐག་ཏུ་ཁོང་གི་བརྩམས་པའི་གཞུང་ལ་པཱཎིནཱིཡ་ཞེས་པཱ་ཎི་བ་ཞེས་ཀྱང་སྒྲུབ་པར་བྱེད་དོ།། དེ་ལྟ་ནའང་པཱ་ཎི་ནིའི་མིང་གི་སྒྲ་སྒྲུབ་ཐད་མཁས་པ་ཁག་བཞེད་པ་མི་མཐུན་པ་འབྱུང་སྟེ། ཁ་ཅིག་པཎིན྄་ལ་རྐྱེན་ཨཎ྄་བྱིན་ནས་པཱཎིན྄་ཞེས་གྲུབ་པ་ལ་བསྐྱར་དུ་ཨིཉ྄འི་རྐྱེན་བྱིན་ནས་རྐྱེན་གྱི་མཐའ་ཅན་པཱཎིནི་ཞེས་གྲུབ་པར་འདོད་ཅིང་། དེ་ནི་ཁོང་གི་མིང་དུ་འདོད། ཡང་ཨུདྷིཥྛིར་མིམཱཾསཀ་མཆོག་གིས་ན་མཐའ་ཅན་པཎིན྄་ནི་ཚོགས་བཅུ་ལས་བཧྲ་ལ་སོགས་པའི་ཚོགས་སུ་གཏོགས་པས་དེ་ལ་ཨིཉ྄འི་རྐྱེན་བྱིན་ཏེ་བུ་བརྒྱུད་ཀྱི་དོན་ཅན་པཱཎིནི་ཞེས་པ་གྲུབ་པར་བཞེད་པ་[5]སོགས་གང་ལྟར་ཡང་། པཱ་ཎི་ནིའི་ཡབ་ཀྱི་མཚན་ལ་རྩོད་པ་ལས་པཱ་ཎི་ནི་ཞེས་པའི་མིང་ནི་རྩོད་མེད་ཡོངས་གྲགས་སོ།[6] དེ་བཞིན་དུ་པཱ་ཎི་ནིའི་མཚན་གྱི་རྣམ་གྲངས་ལ། པཱ་ཎི་ན་དང་། པཱ་ཎི་ནི། དཱཀྵཱིཔུཏྲ། ཤཱལངྐི། ཤཱལཱཏུརིཡ། ཨཱཧིཀ་སོགས་ཀྱང་ཡོད་པར་རྒྱ་གར་མཁས་པ་ཨུདྷིཥྛིར་མིམཱཾསཀ་མཆོག་གསུངས་[7]སོ།། དེ་ལས་འཇིག་རྟེན་ལ་ཡོངས་སུ་གྲགས་པ་ནི་པཱ་ཎི་ནི་ཞེས་པ་འདི་ཡིན་ལ། གོང་གི་སྒྲུབ་བྱེད་དེ་དག་ལས་པཱ་ཎི་ནིའི་ཡུམ་གྱི་མཚན་ལ་དཱཀྵཱི་དང་ཡབ་ཀྱི་མཚན་ལ་པཎིན྄་ཡིན་པར་སྣང་།

ཁོང་འཁྲུངས་ཡུལ་ནི་ཐང་སན་ལམ་ཡིག་ཏུ་འབྱུང་བ་[8]ལྟར་ན་ག་ར་ཏུ་རའི་ལྗོངས་ཞེས་གུང་འགྱུར་དུ་གསལ་ཡང་མ་ཡིག་རང་དུ་(娑羅睹邏)ཧྲ་ལོ་ཏུ་ལོ་ཡི་ལྟ་བུར་འདོན་པ་ནི་རྒྱ་སྐད་དུ་སྒྲ་དག་པར་མ་ཐོན་པ་མ་གཏོགས་ཤ་ལཱ་ཏུ་ར་རང་དུ་ངེས། ཤ་ལཱ་ཏུ་ར་ནི་གནའ་བོའི་དྲི་ཟའི་ཡུལ་ཤ་ལཱ་ཏུ་ར་སྟེ། དེང་གི་པ་ཀི་སྠན་གྱི་ཆུ་མོ་སིནྡྷུ་དང་ཀ་བུལ་འདྲེས་མཚམས་ན་ཆགས་པའི་ལ་ཧོར་དང་ཉེ་བའི་གནས་ཤིག་ཏུ་ཁེལ་ཡོད་པ་དང་། གཞན་ཡང་བ་ལ་བྷིའི་རྒྱལ་བོ་བདུན་པ་ཚུལ་ཁྲིམས་ཉི་མའི་སྐབས་ཀྱི་བརྐོས་ཡིག་ཅིག་ཏུ་པ་ཎི་བར་ཤ་ལཱ་ཏུ་རི་བ་ཞེས་ཀྱང་བོས་ཏེ། དེའི་དོན་ནི་ཤ་ལཱ་ཏུ་རའི་མི་ཡིན་པས། དེང་རབས་ཀྱི་རྒྱལ་མཚམས་ཀྱི་དབང་དུ་བྱས་ན་པ་ཎི་བ་ནི་པ་ཀི་སྠན་གྱི་མི་ལགས་སོ།།  

ཁོང་གི་འཁྲུངས་ལོ་ནི་ཐང་སན་ལམ་ཡིག་ལྟར་ན། སྟོན་པ་འདས་པའི་ལོ་ལྔ་བརྒྱའམ་བཞི་བརྒྱ་ཙམ་གྱི་རྗེས་སུ་བྱོན་པར་བཞེད་པ་ཡིན་པས། སྤྱི་ལོའི་དུས་རབས་དང་བོའི་ཡས་མས་སུ་ཡིན་དགོས་པར་འགྱུར་ན་ཡང་། དེང་གི་མཁས་པ་ཁག་གི་བཞེད་པ་མི་མཐུན་ཏེ། སྤྱི་ལོའི་སྔོན་གྱི་དུས་རབས་བདུན་པར་བྱོན་པར་འདོད་མཁན་དང་། དེ་བཞིན་དྲུག་པ་དང་། ལྔ་བ་དང་། བཞི་བ་སོགས་སུ་བཞེད་མཁན་ཡང་ཡོད་པས་གཅིག་ཏུ་མ་ངེས་སོ།།

འདིར་གླེང་རིན་ཡོད་པ་ཞིག་ཡིན་ནི་ལེགས་སྦྱར་སྨྲ་བ་གྲགས་ཅན་ཁར་ཌོ་ན་(Cardona)སྟེ། ཁོང་གིས་པ་ཎི་བའི་བྱོན་ལོའི་སྐོར་ལ་རྒྱུ་མཚན་གཉིས་གསུངས་པ་ལས། དང་བོ་ནི། པ་ཎི་བའི་སྒྲ་མདོ་སྐབས་བརྒྱད་མཡི་སྐབས་བཞི་བའི་རྐང་བ་དང་བོའི་མདོ་རིམ་ཞེ་དགུ་བར་ཡ་བ་ཡ་བ་ན་ཞེས་སོགས་འབྱུང་བ་ནི་ཡ་བ་ནཱ་ནཱི་ལི་པིའོ་ཞེས་འགྲེལ་བ་གསལ་ལྡན་དུ་འབྱུང་བ་ལྟར་གྷི་རིག་གི་ཡི་གེ་སྟོན་པར་བཞེད་ཅིང་། རྒྱུ་མཚན་དེ་ལ་བརྟེན་ནས་པ་ཎི་བ་ནི་ཨེ་ལེགས་ཟན་ཊར་ལས་འཕྱི་བར་བྱོན་པར་བཞེད་པ་དང་། གཉིས་པ་ནི། ཡང་གཞུང་དེ་ཉིད་ཀྱི་སྐབས་གཉིས་པའི་རྐང་བ་དང་བོའི་མདོ་རིམ་བདུན་ཅུ་བར་ཀུ་མཱ་ར་ནི་ཤྲམཎཱ་ལ་སོགས་པས་སོ་ཞེས་འབྱུང་བའི་ཤྲ་མ་ཎཱ་ནི་དགེ་སྦྱོང་མར་གོ་ཞིང་། དེ་ནི་ནང་བའི་དགེ་སློང་མར་གོ་བ་ཡིན་པས། པ་ཎི་བ་བདག་ཅག་གི་སྟོན་པའི་རྗེས་སུ་བྱོན་པར་བཞེད་པའོ།། རྒྱུ་མཚན་གཉིས་པ་དེར་ཀེ་བྷི་པཱ་ཋག་མཆོག་(K.B.Pathak)གིས་ཤྲ་མ་ཎཱ་ཞེས་པ་དེ་རྒྱལ་བ་བའི་དགེ་སྦྱོང་མར་ཡང་གོ་ཆོག་པས་ཁྱབ་པ་མེད་ཚུལ་བསྟན་ཡོད།

གང་ལྟར་ཡང་། སྤྱི་ལོ་༡༩༣༩ལོར་འཁྲུངས་ཤིང་ད་དུང་སྐུ་འཚོ་གཞེས་གནང་བཞིན་པའི་འཇར་མན་གྱི་མཁས་པ་གྲགས་ཅན་ཧི་ནུ་བྷེར་(Oskar von Hinüber) (༡༩༩༠།ཤ༣༤)དང་༡༩༤༧ལོར་འཁྲུངས་པའི་ཕོལ་ཁ་(Harry Falk )(༡༩༩༣།ཤ༣༠༤)གཉིས་ཀྱིས་པ་ཎི་བ་ནི་རྒྱལ་བོ་མྱ་ངན་མེད་དང་དུས་མཉམ་ལྟ་བུར་བྱོན་པ་སྟེ་སྤྱི་ལོ་སྔོན་གྱི་ལོ་༣༥༠ལོར་བཞག་ན་འཐད་པར་གསུངས་ལ། དེ་ཡང་ལང་ཀར་གཤེགས་པ་ལས།[9]  “སྒྲ་བྱེད་པ་ནི་པ་ཎི་ནི། །རྐང་པའི་མིག་དང་ཆེ་དབང་དང་། །ཚངས་པ་དང་ནི་གར་ག་དང་། །འཇིག་རྟེན་རྒྱང་ཕན་བྱེད་པ་འབྱུང་། །ཀཱ་ཏྱཱ་ཡ་ན་མདོ་བྱེད་པ། །མཆོད་སྦྱིན་བལ་ཀ་དེ་བཞིན་ཏེ། །བྷུ་དྷུ་ཀ་དང་སྐར་མཁན་དག །རྩོད་པའི་དུས་ན་འབྱུང་བར་འགྱུར། །ཞེས་ཀྱང་འབྱུང་བ་ལྟར། པ་ཎི་བ་སྤྱི་ལོ་སྔོན་གྱི་དུས་རབས་བཞི་བའམ་གསུམ་པའི་ནང་དུ་བྱས་ན་སྟོན་པའི་རྗེས་སུ་བྱོན་པར་འགྲོ་བས་ནང་བའི་ལུགས་དང་མཐུན་ལ། དེང་གི་མཁས་པ་གྲགས་ཅན་ཁག་གི་ལུགས་དང་ཡང་མཐུན་པས་ལེགས་པར་སྣང་ངོ་།།

པཱ་ཎི་ནི།

དེ་ཡང་གོང་དུ་དྲངས་པའི་ཞོན་ཙང་གི་ལམ་ཡིག་ལྟར་ན། “རེ་ཞིག་ན་སྒྲ་ནུབ་ནས་ཧོར་ཁོངས་སུ་ལུས་པ་ལ་ལོ་བརྒྱ་བའི་དུས་སུ་བྲམ་ཟེ་པ་ཎི་སྐྱེས་ནས་དབང་ཕྱུག་ཆེན་པོ་བསྒྲུབ་པས་འགྲུབ་སྟེ་ཞལ་མངོན་སུམ་དུ་མཐོང་། དབང་ཕྱུག་གིས་སྨྲ་བའི་བསྟན་བཅོས་ཀྱི་ས་བོན་བསྩལ།[10]ཞེས་པ་ལྟར། རེ་ཞིག་ན་སྒྲ་ནུབ་ནས་ཞེས་པ་ནི་ཧ་ཅང་ཐུགས་མད་དེ། པ་ཎི་བའི་སྒྲ་མདོ་ནི་སྒྲ་མདོ་ཐོག་མ་མིན་པར། སྔོན་བྱོན་གྱི་སློབ་དཔོན་གང་མང་གི་རིགས་པའི་ཉིང་བཅུད་འདུས་པ་མཁས་པ་དག་གིས་གླེང་ལ། ཁོང་གི་ཡོངས་གྲགས་སུ་པ་ཎི་བའི་མདོ་དང་དོན་དུ་སྐབས་བརྒྱད་མབགྱི་བར་ཡང་ཁོང་གི་སྔོན་དུ་བྱོན་པའི་སློབ་དཔོན་བཅུའི་མཚན་འབྱུང་སྟེ། སྐབས་དྲུག་པར་འབྱུང་བའི་སློབ་དཔོན་ཨཱ་པི་ཤ་ལི[11]། སྐབས་དང་བོ་སོགས་སུ་འབྱུང་བའི་སློབ་དཔོན་ཀཱ་ཤྱ་པ་[12]སྟེ་འོད་སྲུངས། སྐབས་བརྒྱད་པ་སོགས་སུ་འབྱུང་བའི་སློབ་དཔོན་གཱ་རྒྱ[13]། སྐབས་དྲུག་པ་སོགས་སུ་འབྱུང་བའི་སློབ་དཔོན་གཱ་ལ་བ[14]། སྐབས་དྲུག་པར་འབྱུང་བའི་སློབ་དཔོན་ཙཱ་ཀྲ་བརྨན[15]། སྐབས་བདུན་པར་འབྱུང་བའི་སློབ་དཔོན་བྷཱ་ར་དྷྭ་ཛ་[16]སྟེ་རྒྱལ་མཚན་ཁུར། སྐབས་གསུམ་པ་སོགས་སུ་འབྱུང་བའི་སློབ་དཔོན་ཤཱ་ཀ་ཊཱ་ཡ་ན[17]། སྐབས་བརྒྱད་པ་སོགས་སུ་འབྱུང་བའི་སློབ་དཔོན་ཤཱ་ཀ་ལྱ[18]། སྐབས་ལྔ་བར་འབྱུང་བའི་སློབ་དཔོན་སེ་ན་ཀ[19]། སྐབས་དྲུག་པར་འབྱུང་བའི་སློབ་དཔོན་སྥོ་ཊཱ་ཡན་[20]བཅས་བཅུའོ།། དེ་བས་པ་ཎི་བ་ནི་སྒྲའི་ལོ་རྒྱུས་སུ་བྱུང་བའི་མཁས་པ་གཅིག་པོ་དེ་མ་ཡིན་པར། རྒྱུ་སྐར་ཁྲོད་ཀྱི་ཟླ་བ་ལྟ་བུར་གྱུར་བ་སྟེ། ཁོང་གི་མཁྱེན་ཡོན་དང་མཛད་འཕྲིན་གྱིས་མཁས་པ་གཞན་དག་གི་མཛད་པ་མོག་པོར་བྱས་པ་ཙམ་མོ།། 

ལམ་ཡིག་ཏུ་དེའི་གདུང་འཛིན་བྲམ་ཟེ་སྒྲ་ལ་མཁས་པ་མང་པོ་བྱུང་ཞིང་འབྱུང་བར་འགྱུར་བཞིན་པ་དང་ད་དུང་ཡང་འབྱུང་བར་འགྱུར་བར་སྣང་ངོ་།།[21]ཞེས་པ་ཐུགས་མད་དེ། ཁོང་གི་གདུང་འཛིན་དེང་སང་གི་བར་དུ་རྒྱུན་མ་ཆད་པར་བྱུང་བ་ནི་འོག་གི་རེའུ་མིག་ཏུ་གསལ་བར་དེར་གཟིགས་པར་ཞུ།

པ་ཎི་བ་དང་དུས་མཉམ་པའི་སློབ་དཔོན་ཁག་ནི་ཤཽ་ན་ཀ། དེ་བཞིན་ཡཱ་སྐ། བྱཱ་ཌི། པིཾ་གལ་སྟེ་དྲང་སྲོང་སེར་སྐྱ་སྡེབ་སྦྱོར་གྱི་གཞུང་མཛད་མཁན་དེ་ཡིན་ལ། སེར་སྐྱ་ནི་པ་ཎི་བའི་སྤུན་ཡིན་པར་ཡང་ཁ་ཅིག་བཞེད། ཡཱ་སྐ་ནི་ངེས་ཚིག་ཅེས་པའི་གཞུང་བྱེད་པོར་འདོད་ཅིང་། བྱཱ་ཌི་ནི་འཆི་མེད་མཛོད་ཀྱི་འགྲེལ་བ་འདོད་འཇོ་བ་མོར་ཡང་ལན་མང་འབྱུང་བ་ཡིན་ལ། སློབ་དཔོན་ཆེན་མོ་སྟོབས་ཀྱི་ལྷ་ལྟར་ན། བྱཱ་ཌི་ནི་པཱ་ཎི་ནིའི་ཨ་ཞང་གི་བུ་ཡིན་པར་གསུང་[22]ངོ་།།

སློབ་དཔོན་འདི་དང་ཀ་ཏའི་བུའམ་མཆོག་སྲེད། དྲང་སྲོང་སྙིམ་ལྷུང་བཅས་གསུམ་ལ་ཐུབ་པ་རྣམ་གསུམ་ཟེར་ཞིང་། ལེགས་སྦྱར་གྱི་བརྡ་སྤྲོད་པའི་གཞུང་ལུགས་ཀྱི་ཉི་ཟླ་སྐར་གསུམ་ལྟ་བུར་བརྩི་བ་ཡིན།  པ་ཎི་བས་མཛད་པའི་མདོའི་གླེགས་བམ་དང་དབྱིངས་ཀྱི་གླེགས་བམ་དང་། 《ཚོགས་ཀྱི་གླེགས་བམ་》 དང་ཨུཎ྄་ལ་སོགས་པ་དང་།  དེ་བཞིན་རྟགས་ཀྱི་རྗེས་སུ་བསྟན་པ་བཅས་བསྟན་བཅོས་ལྔ་ལ་པ་ཎི་བའི་ལུང་སྟོན་པ་ཞེས་བགྱི་བ་ལས་པ་ཎི་བའི་ལུང་སྟོན་པ་མདོའི་གླེགས་བམ་གཅིག་པུར་གོ་ན་ཁ་མ་ཚང་བའི་སྐྱོན་འབྱུང་བ་ཡིན། དེ་བཞིན་མཆོག་སྲེད་ཀྱིས་རྣམ་པར་འགྲེལ་བ་རུ་པ་ཎི་བའི་གཞུང་ལ་འགྲེལ་བ་དང་ཁ་སྣོན་བརྒྱབ་པ་ཁག་དེང་སང་དཔེ་ལོགས་སུ་རྙེད་དུ་མེད་ཀྱང་། ཆ་འགའ་བསྟན་དུ་ཡོད་པ་ནི་དྲང་སྲོང་སྙིམ་ལྷུང་གིས་མཛད་པའི་བཤད་པ་ཆེན་པོ་རུ་ཕྱོགས་སྔར་བཀོད་པ་ཁག་ལས་རྟོགས་པར་གྱུར་བ་ཡིན། དེ་བས་ཁོང་གསུམ་ལ་སྒྲའི་ལུགས་ཀྱི་ཐུབ་ཆེན་རྣམ་གསུམ་ཟེར་ཞིང་། སྒྲ་ལ་ཕྱག་རྗེས་ཧ་ཅང་ཆེ་བས། མཆོད་བརྗོད་ཁག་ཏུའང་། རྣམ་འགྲེལ་བྱེད་པོ་མཆོག་སྲེད་དང་།། བཤད་ཆེན་མཛད་པོ་སྙིམ་ལྷུང་དང་།། མདོ་མཛད་པཱ་ཎི་ནི་ལ་སྟེ།། ཐུབ་པ་གསུམ་པོར་ཕྱག་འཚལ་ལོ།།[23] ཞེས་འབྱུང་བ་ལྟར་རོ།། 

པ་ཎི་བའི་སྐོར་གཏམ་ཆུ་བོའི་རྒྱ་མཚོ་ལས་འབྱུང་བ་གཤམ་གསལ་ལྟར་ཏེ། ཇི་སྐད་དུ། གཏམ་ཆུ་བོ་རྒྱ་མཚོ་[24]ཡི་རླབས་བཞི་བའི་ནང་དུ་གསལ་བ་ལྟར་ན། “དེ་ཡི་ཚེ་ན་བ་རྵ་ཡི། །སློབ་མའི་སྡེ་ནི་ཆེར་གྱུར་ཏེ། །དེ་ལ་གཅིག་ནི་པཱ་ཎི་ནི། །བགྱི་བའི་བློ་གྲོས་དམན་པ་བྱུང་། །སྲི་ཞུས་ཀུན་ནས་ཉོན་མོངས་ཤིང་། །ངལ་དེ་བརྵའི་ཆུང་མ་ཡིས། །རིག་པ་རྙེད་ཕྱིར་དཀའ་ཐུབ་སླད། །གངས་ཅན་རི་བོར་བརྫངས་བཞིན་སོང་། །དེར་ནི་དཀའ་ཐུབ་དྲག་པོ་ཡིས། །གཙུག་ན་ཟླ་བ་མཉེས་བྱས་པས། །རིག་པ་ཀུན་གྱི་སྒོ་མོ་སྟེ། །ལུང་དུ་སྟོན་པ་གསར་བ་བརྙེས། །དེ་ནས་དེ་ནི་ཕྱིར་འོངས་ཏེ། །རྩོད་པའི་སླད་དུ་ང་བོས་གྱུར། །བདག་ཅག་རྩོད་པར་རབ་ཞུགས་ནས། །ཉིན་མ་བདུན་དག་སོང་བར་གྱུར། །བདག་གིས་ཉིན་མ་བརྒྱད་པ་ལ། །ཁོ་ནི་ཕམ་པར་བགྱིས་མ་ཐག །མཁའ་ལ་གནས་པའི་བདེ་འབྱུང་གིས། །ཧཱུཾ་མཛད་སྒྲ་ཆེན་བསྒྲགས་བྱས་ནས། །དབང་བོ་ཡི་ནི་ལུང་སྟོན་པ། །དེ་ཡིས་རབ་ཏུ་གཞོམ་མཛད་པས། །པ་ཎི་བ་ནི་ཡོངས་རྒྱལ་ཏེ། །བདག་ཅག་སླར་ཡང་རྨོངས་པར་གྱུར།།[25]    ཞེས་གསལ་བ་ལྟར། བོད་ཀྱི་སྒྲའི་ལོ་རྒྱུས་དང་སྒྲའི་དར་འཕེལ་གྱི་བྱུང་བ་བརྗོད་པའི་སྐབས་སུ་ཞལ་གཅིག་གྲགས་ལྟ་བུར་པ་ཎི་བ་ནི་ཐོག་མར་དབང་བོ་ཧ་ཅང་རྟུལ་བ་ཞིག་དང་དེ་ནས་ལྷ་ཆེན་མཉེས་པར་བྱས་ནས་མཆོག་ཐོབ་སྟེ། མཁས་པའི་དབང་བོར་གྱུར་ཚུལ་གསལ་བའང་། གཏམ་ཆུ་བོའི་རྒྱ་མཚོའི་གཏམ་རྒྱུད་འདི་ལས་བོད་ཀྱི་ལོ་ཙཱ་བ་རྣམས་ལ་རྒྱ་གར་པཎ་ཆེན་དག་གིས་སྙན་བརྒྱུད་དུ་གསུངས་པ་ཞིག་ཡིན་པར་གསལ་ལོ། །

ལར་སི་ཏུ་མཆོག་གིས་ཙནྡྲ་བའི་རྣམ་བཤད་བརྡ་སྤྲོད་གཞུང་ལུགས་རྒྱ་མཚོར་འཇུག་ཅིང་ལེགས་བཤད་རིན་ཆེན་འདྲེན་པའི་གྲུ་གཟིངས་སུ།  འདར་ལོའི་ནོར་ཤིང་དུ་སྒྲ་མདོ་ཆེན་པོ་བརྒྱད་བགྲང་བའི་སྐབས་སུ། ལྷའི་བུ་ཟླ་བས་བྱས་པའི་ཙནྡྲ་བྱཱ་ཀ་ར་ཎ། ཞེས་ཟེར་ནའང་། བ་ལ་བྷ་དྲ་སོགས་ཀྱི་ངག་སྒྲོས་ཡིན་འདྲ་བ་བོད་པ་རྣམས་ལ་གང་བྱས་ཀྱང་ཆོག་སྙམ་པའི་ཧམ་བརྫུན་ཡིན་ཏེ་འཕགས་ཡུལ་གྱི་མཁས་པ་རྣམས་ལ་ཡེ་མ་གྲགས་པའི་ཕྱིར་རོ།།[26]ཞེས་གསུངས་པ་ལྟར།  རང་རེའི་བོད་ཀྱི་ཆོས་འབྱུང་ཁག་དང་སྒྲ་མདོའི་ལོ་རྒྱུས་ཁག་ཏུ་གཏམ་རྒྱུད་ཕན་ཚུན་བསྲེས་པ་ཡང་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད་པ་འདི་གཅིག་ནས་བོད་རྣམས་གཏམ་རྒྱུད་ལ་དགའ་བ་ཙམ་དོན་དུ་གཉེར་ཆེས་པས་ནོངས་པ་དང་གཉིས་ནས་གོང་དུ་སི་ཏུས་གསུངས་པ་ལྟར་བོད་པ་རྣམས་ལ་གང་བྱས་ཀྱང་ཆོག་སྙམ་པའི་ཁྱད་དུ་གསོད་པ་དེར་ཐུག་ཡོད་པར་སེམས་སོ།།

སྙིམ་ལྷུང་།


གཉིས་པ། སྒྲ་པ་ཎི་བའི་ཁྱད་ཆོས་རགས་ཙམ་བཤད་པ།

 

སྤྱིར་ལེགས་སྦྱར་གྱི་བརྡ་སྤྲོད་པ་ཕལ་མོ་ཆེ་ནི་བྲམ་ཟེ་པ་ཎི་བའི་བརྡ་སྤྲོད་པ་གཞིར་བཞག་པ་ཡོངས་གྲགས་ལ། དེ་ལ་ཀ་ཏའི་བུས་རྣམ་འགྲེལ་ཞེས་པའི་གཞུང་འགྲེལ་མཛད་དེ་དེ་ལ་འགྲེལ་བཤད་དང་སུན་འབྱིན་ཧོར་ཀོང་གསབ་པ་ལ་སོགས་པའི་བྱ་བ་བྱས། དེ་བཞིན་དྲང་སྲོང་སྙིམ་ལྷུང་གིས་བཤད་པ་ཞེས་པའི་གཞུང་མཛད་དེ་པ་ཎི་བའི་ལུགས་དང་ཀ་ཏའི་བུའི་ལུགས་ལ་འགྲེལ་བཤད་དང་དམིགས་བསལ་གྱིས་ཕྱི་མར་བརྒལ་བརྟག་ལན་མང་མཛད། སྤྱིར་ཐུབ་པ་གསུམ་ལས་ཕྱི་མ་ནི་སྔ་མ་གཉིས་ལས་གཙིགས་སུ་འཛིན་ཏེ། སྙིམ་ལྷུང་ནི་བྱོན་ཕྱིས་པ་དང་སྒྲའི་ལུགས་ཕལ་མོ་ཆེར་མཇལ་སྐལ་བྱུང་བས་ཚད་ཐུབ་ཏུ་འཛིན་པ་ཡིན།    ཀཻ་ཡ་ཊས་ཀྱང་(༢་༤་༢༦)སྐབས་གཉིས་པའི་རྐང་བ་བཞི་བའི་མདོ་རིམ་ཉེར་དྲུག་པ་འགྲེལ་བའི་ཚེ།   ཇི་སྐད་དུ།  མུནིདྭཡཱཙྩ བྷཱཥྱཀཱརཿ པྲམཱཎཏརཾ ཨདྷིཀལཀྵྱདརྴིཏྭཱཏ྄།  [མཚན་མ་ལྷག་ཏུ་མཐོང་བའི་ཕྱིར། ཐུབ་པ་གཉིས་ལས་བཤད་མཛད་ཉིད་མཆོག་ཏུ་ཚད་མར་གྱུར་བའོ་་་]ཞེས་སོགས་གསུངས་པ་བཞིན་ནོ།།


དཔྱད་རྩོམ་འདི་རྫོགས་པར་གཟིགས་དགོངས་ཚེ། བོད་རིག་པར་ཕེབས་རོགས། 

Nov 12, 2020

བརྡའ་ཤན་འབྱེད།

 

 

༄༅། །བརྡའ་ཤན་འབྱེད་ཐེ་ཚོམ་དྲྭ་བ་གཅོད་པའི་རལ་གྲི་ཞེས་བྱ་བ་མཆན་བཅས་བཞུགས་སོ། །


 


ན་མོ་མཉྫུ་ཤྲཱི་ཡེ། བརྡའ་ཤན་འབྱེད་འདི་ལ། མཚན། གཞུང་། མཛད་བྱང་གསུམ་ལས། དང་པོ། བརྡའ་ཤན་འབྱེད་ཐེ་ཚོམ་དྲྭ་བ་གཅོད་པའི་རལ་གྲི་ཞེས་བྱ་བ། གཉིས་པ། གཞུང་ལ་རྩོམ་པའི་ཡན་ལག བརྩམ་བྱའི་དོན། བརྩམ་པ་རྫོགས་པའི་བྱ་བ་གསུམ། དང་པོ་ལ་མཆོད་བརྗོད་དམ་བཅའ་གཉིས། དང་པོ། ངག་གི་དབང་ཕྱུག་བཅོམ་ལྡན་འདས། །སྨྲ་བའི་སེང་གེ་ཚུགས་པ་མེད། །འཇམ་དཔལ་རྣོན་པོའི་ཞབས་པད་ལ། ། གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །གཉིས་པ། ཇི་ལྟར་སྒོང་བཞིན་དུ་དོན་གཞན་གྱི་ཤན་གྱིས་དངོས་པོའི་ཚུལ་ལ། སྒྲ་འཇུག་པའི་རྣམ་གཞག་ལ་རྨོངས་ནས་དེ་ཡིན་དེ་མིན་གྱི་དབྱེ་བསལ་དཀའ། སྒྲ་ཙམ་པོ་ཡི་རྗེས་སུ་བསྙེགས་པར་བྱས་ན་རྟོག་བྱའི་དོན་སྟོར་བ་ནི་མུ་སྟེགས་བརྡའ་སྤྲོད་པ་ཚིག་དོན་གྱི་ཆ་ལ་བླུན་པོའི་ལུགས་འཛིན་པའོ། །དེས་ན་རྩྭ་བལ་བ་ཛ་བཞིན་འཛིང་བ་ཡི། ཐེ་ཚོམ་དྲྭ་བ་གཅོད་བྱེད་པ། དཔལ་ཆོས་ཀྱི་གྲགས་པའི་རིག་པ་རྟོག་གེའི་གསང་གཏམ་གྱི་གནད། ཤན་འབྱེད་པ་ཡང་དག་རིག་པའི་རལ་གྲི་བཤད། གཉིས་པ། བརྩམ་བྱའི་དོན་གཞུང་དངོས་ལ་བརྡའ་ཡི་རྣམ་བཞག་སྤྱིར་བསྟན། སྐབས་ཀྱི་དོན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་གཉིས། བརྡའ་ལས་དོན་ངེས་ཚུལ་སྤྱིར་བསྟན། རྒྱུ་མཚན་གང་གི་སྒོ་ནས་ངེས་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ། བརྡ་ལས་བརྗོད་བྱའི་དོན་རྣམས་རྟོག་མེད་ཀྱི། །བརྡའ་ཙམ་ལས་མིན་འདྲིས་འབྲེལ་ལས། །དོན་གང་ལ་མིང་གང་བཀོད་པ་དེ་ལ་དེ། གདོད་ནས་གྲུབ་པ་ལྟར་སྣང་མིང་དོན་བསྲེས་ནས་འཛིན། །དེ་ཡང་མཚོ་གོ་བ་ལས་དང་ར། འཕྲལ་དང་གོ་རིམ་བཟློག་སྟེ་བརྗོད་ལས་དོན་གོ་བ་མིན། གཉིས་པ་ལ། གཞན་སེལ་གྱི་སྒོ་ནས་བརྡའ་འཕྲོད་ཚུལ་བསྟན། དེ་ལ་རྩོད་པ་སྤང་། དེ་དག་གི་གནད་དོན་བསྡུ་བ་གསུམ། དང་པོ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། གཞན་དང་མ་འདྲིས་དོན་གྱི་ངོ་བོ་གང་། རང་ཉིད་ཐུན་མིན་དེ་ཡི་རྗོད་བྱེད་ཀྱི་སྒྲར་བློས་བཏགས་པས། རང་མིན་གཞན་བསལ་བས་ན་དོན་དེ་འཁྲུལ་མེད་དུ་གོ་བར་བྱེད། དེས་ན་སྒྲ་དང་རྟོག་པ་ལ་གཞན་སེལ་གྱིས་ཁྱབ་པ་ཉིད་ཡིན་ཏེ། རྒྱུ་མཚན་ཆོས་གང་མ་བསལ་བ་དེ་ལས་བརྗོད་བྱ་འདི་མི་འབྱེད་པ་དེ་ཕྱིར་དེ་མི་རྟོག །གཉིས་པ་ལ། སྒྲ་ཡི་གཞན་སེལ་ཇི་ལྟར་ཡིན་པ་བཤད། དེ་ལ་རྟོག་པས་འཇུག་ཚུལ་གང་ཡིན་བཤད་པ་གཉིས། དང་པོ་ལ་གཉིས། སྒྲ་དོན་ལྡོག་པ་མ་འདྲེས་སོ་སོར་བསྟན། དེ་ཡི་རང་བཞིན་དཔེ་བཅས་རྒྱས་པར་བཤད་པའོ། །དང་པོ། སྒྲ་དོན་ཀྱང་རང་གི་ལྡོག་ཆ་ནས་གཞལ་ན། ཀུན་ཀྱང་མ་འདྲེས་སོ་སོ་སྟེ། དེའི་རྒྱུ་མཚན་མིང་དེ་ལས་གོ་བྱ་མིང་གཞན་གྱིས་རྟོགས་པ་མིན་པའི་ཕྱིར་རོ། །གལ་ཏེ་གཞན་དུ་སྟེ་རྟོགས་ན་མིང་སྣ་ཚོགས་བརྗོད་པ་དོན་མེད་དོ། །དེ་ལ་ཤེས་བྱ་དངོས་པོ་ཤེས་པ་སེམས་བྱུང་ཤེས་རབ་བམ། ཤེས་བྱ་དངོས་པོ་ཤེས་པ་ཡིད་རྟོག་བཅས་སོ། །ཤེས་བྱ་ལ་དངོས་དང་དངོས་མེད་གཉིས་དངོས་པོ་བེམ་པོ་འབྱུང་འགྱུར་རྔ་སྒྲ་སོགས་རིགས་འགྲེ། ཤེས་བྱ་དངོས་མེད་ཞིག་ནས་མེད་པ། སྤང་བ་བརྟག་འགོག་སོགས་ཀྱང་དེས་འགྲེ། འབྱུང་བ་ཙམ་ནི་ཤེས་བྱར་ངེས་ཀྱི། དངོས་བེམ་དང་། དངོས་མེད་གང་ཡིན་མི་ངེས་པ་སོགས་ཐམས་ཅད་དཔྱད། གཉིས་པ། དེ་ལྟ་ན་ཡང་མིང་གཅིག་མིང་གཞན་གཅིག་གིས། བརྗོད་བྱར་སྤོང་དང་མི་སྤོང་བས། སྣ་ཚོགས་བརྗོད་པར་བྱ་བའི་དོན། རང་གིས་ཇི་ལྟར་འདོད་པ་བཞིན་དུ་སོ་སོར་ཕྱེ་ཞིང་སྟོན་པ་ཡིན་ཏེ། དཔེར་ན་ཤེས་བྱ་དང་དངོས་པོ་དང་། བེམ་པོ་དང་རོ་དང་མངར་བའི་སྒྲས་ཏེ་སྔ་མ་བཞི་ཡིན་པ་ནས་འབྱུང་རྡུལ་སྔ་མ་གསུམ་ཡིན་པ་སོགས་ གཅིག་ནས་བཞི་ཡི་བར་དག་ཏུ། སྔ་རིམ་ཕྱི་མས་ངེས་ནུས་པ་བཞིན། ཤིང་ཞེས་བརྗོད་པའི་སྒྲ་དག་གིས་ཤ་བ་ཤུག་པ་མི་སྤོང་བ་བཞིན། སྤྱི་སྒྲས་བྱེ་བྲག་མི་སྤོང་བས། སྤྱི་ཙམ་བྱེ་བྲག་སོ་སོ་བ་བརྗོད་པ་ལ་འཁྲུལ། གལ་ཏེ་ཤིང་འོན་ཅིག་ཞེས་ པས་མདུན་གྱི་ཤ་བ་སོགས་གོ་ཚེ་སྐབས་དེའི་དོན་གྱིས་ཤུག་པ་སོགས་གཞན་བསལ་བའོ། །ཤུག་པ་ལྟ་བུ་ཁྱད་པར་སྒྲས་སྤྱི་ཤིང་ཙམ་མི་འདོར་ཡང་། ཤ་བ་སོགས་བྱེ་བྲག་བསལ་ནས་ཐུན་མིན་ཤུག་པ་རང་ཉིད་བསྒྲུབ་སྟེ། དཔེར་ན་ཤ་བའི་སྒྲ་ཡིས་ཤིང་མི་འདོར་ལ་ཤུག་པ་འདོར་བ་བཞིན། ཤ་བ་དེ་ཡང་ཕྱོགས་དུས་བྱེ་བྲག་པའི་ཁྱད་པར་ཕྱེས་ནས་ཤ་བའི་རང་མཚན་ལ་གོ་བ་ནི་རང་གི་འདོད་པས་འབྱེད་པའོ། །དེས་ན་མཚན་ཉིད་སོགས་དངོས་པོ་དེའི་མཚོན་བྱེད་ཀྱི་དོན་ལྡོག་ ཡིན་པར་ནམ་ངེས་པ་ན་མཚན་མཚོན་གྲུབ་པ་ཡིན་ཅིང་། བརྡའ་དོན་ཀྱང་དེ་དང་འདྲ་སྟེ། མདུན་ན་ཤ་བ་ཡོད་པའི་ཚེ་ཤིང་འོན་ཅིག་ཞེས་པ་ཙམ་གྱིས་དོན་གྲུབ་སྟེ། ད་རུང་ཤིང་ཙམ་གྱིས་དེ་མི་རྟོགས་ན། ཤ་བས་ཀྱང་མི་རྟོགས་ཏེ། ཤ་བ་ཆེ་ཆུང་དང་། ཕྱོགས་དུས་སོ་སོ་བ་གོ་མི་ནུས་པ་བཞིན། དེ་ལྟར་བརྡའ་དོན་འབྱོར་བཞིན་དུའང་། ཡུལ་ཆེ་གེ་མོའི་ཕྱོགས་འདི་ན་གནས་པའི་སུ་ལ་འདིའི་ཤ་བ་འོན་ཅིག་ཞེས་བརྗོད་ན་དགོས་པ་མེད་དེ་ཤ་བའི་རང་ མཚན་དེ་ལ་གོ་ནུས་བཞིན་དུ་རྣམ་བཅད་མེད་པའི་ཚིག་བརྗོད་པ་བརྡའ་ལ་མི་མཁས་པའི་ཕྱིར་རོ། །དེས་ན་ལོག་པར་རྟོག་ན་དེ་སེལ་བའི་བརྡའ་སྦྱར་དགོས་ཀྱང་མི་རྟོག་ན་བརྡའ་དེས་ཆོག་སྟེ་བརྗོད་མི་དགོས་པ། མེ་ཡིན་ན་དངོས་པོ་ཡིན་པ་སོགས་ དོན་གྱིས་གྲུབ་པ་བཞིན། གལ་ཏེ་རྟག་པའི་མེ་ལྟ་བུ་འདོད་མཁན་ཡོད་ན་དངོས་པོའི་མེ་ཞེས་བརྗོད་པ་དོན་ཡོད་ཀྱི་གཞན་དུ་དེ་བརྗོད་པ་ལ་དོན་མེད་དོ། །འདི་འདྲའི་ཤན་འབྱེད་པ་ཁོ་བོ་ཁོ་ནའོ། །གཉིས་པ་རྟོག་པའི་འཇུག་ཚུལ་ལ་གཉིས། རང་ལུགས་བཞག་པ་དང་གཞན་ལུགས་དགག་པའོ། །དང་པོ། རང་མིན་གཞན་བསལ་བ་ཡི་སྤྱི་ལ་ནི། རང་མཚན་དུ་འཁྲུལ་ནས་རང་མཚན་གོ་བར་འགྱུར་ཏེ། སྤྱི་ལས་གཞན་དུ་རང་མཚན་ཉིད། དངོས་སུ་རྗེན་པར་བརྗོད་པའི་སྒྲ་དང་རྟོག་པ་མེད་ དེ་མི་ནུས་སོ། །ནུས་ན་དགག་སྒྲུབ་ཅིག་ཆར་ཐལ་བ་ལ་སོགས་པས་གནོད་དོ། །གཉིས་པ་ལ། བརྗོད་བྱ་སྤྱི་དངོས་འདོད་པ་དགག །སྒྲ་དོན་དངོས་འབྲེལ་འདོད་པ་དགག་པ་གཉིས་ལས། དང་པོ། སྒྲ་ཡིས་བརྗོད་བྱ་དེ་ལ་བརྟག་ན་བྱེ་བྲག་ ཀུན་ལ་ཁྱབ་པ་སྤྱིའི་དངོས་པོ་མེད་དེ། དེ་བྱེ་བྲག་དང་གཅིག་དང་དུ་མར་འགལ་བས་དངོས་པོ་ཡིན་པ་ཁེགས། གཅིག་ཐ་དད་ཀྱི་བརྟགས་པ་དེ་མི་འཇུག་པའི་སེལ་བ་དངོས་མེད་ནི། རང་གི་བློས་ཇི་ལྟར་འདོད་པ་བཞིན་དུ་རྣམ་པར་ཕྱེ་ཞིང་འཇུག་སྟེ་བཏགས་ཙམ་ཡིན་པས་སོ། །གཉིས་པ། དེ་ཕྱིར་སྔར་མེད་པའི་དངོས་པོ་མེད་ཅེས་འདོད་པ་མུ་སྟེགས་པ། གང་གི་ལྟར་ན་དངོས་པོ་གང་ཡིན་པ་ནི། མེད་པ་དང་ནམ་ཡང་མི་འབྲལ་བས། ཐམས་ཅད་རྟག་ཏུ་ཡོད་པའི་རྟག་པ་ཉིད་དུ་ཐལ། མེད་ཅེས་པ་དང་དངོས་པོ་ཞེས་པ་ཁྱད་པར་དང་ཁྱད་གཞིར། དངོས་སུ་འབྲེལ་བ་མེད་ཀྱང་བློས་སྦྱར་ནས་སུ། སྔར་མེད་དངོས་དང་དངོས་པོ་སྔར་མེད་ཅེས་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི། བརྗོད་ཚུལ་ཙམ་ཡིན་དོན་ལ་ཁྱད་པར་མེད། དངོས་ པོ་དང་མེད་པ་གཉིས་ཀ་ཡིན་པའི་གཞི་མཐུན་མི་སྲིད་ཀྱང་། དངོས་པོ་དེ་ལ་སྔར་ནས་ཡོད་པ་སེལ་བའི་ཕྱིར། ལྡོག་པའི་རྟེན་ཅན་ཏེ་སྒྲ་ཡིས་ནི། སྒྲ་དོན་སྔར་མེད་པའི་དངོས་པོ་ཞེས་བརྗོད་པར་འདོད་པོ་སུ་ཡིས་འགོག་ནུས་ཏེ་མི་ནུས་སོ། །གཉིས་པ་རྩོད་སྤང་། བདག་སོགས་མེད་པར་འདོད་པ་ལ་དྲིས་པ་བདག་ལས་གཞན་པའི་ཆོས་བསལ་རྒྱུ་ཡོད་ན། དེ་བཟློག་ཅིང་བསལ་བ་ཉིད་ཀྱིས་བདག་དེ་ཡོད་པར་གྲུབ་ལ། གཞན་བསལ་རྒྱུ་དེ་མེད་ན་བདག་འདི་བརྗོད་པའང་མི་སྲིད་ཕྱིར། རི་རྭའང་ ཡོད་དམ་ཡང་ན་བུམ་པའང་མེད་པར་འགྱུར་ཏེ་རི་རྭ་ཡོད་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར། མེད་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། གཞལ་བྱ་གཞི་གྲུབ་ཡོད་པ་དོན་གཅིག་ཅེས་འདོད་པའི་ཕྱིར། བུམ་པ་མེད་ར་ཐལ། རང་བཞིན་མིན་པའི་ཕྱིར། དེར་ཐལ། བུམ་པ་དེ་གསེར་བུམ་དང་། ཟངས་བུམ། དེ་མིན་གྱི་བུམ་པ་གང་ཡང་མིན་པའི་ཕྱིར། ཁྱབ་སྟེ། རང་བཞིན་ཡིན་ན་བྱེ་བྲག་ཡིན་པས་སོ། །ཞེ་ན། གང་ལས་ལྡོག་པ་ནི་ཐོག་མར་སྒྲ་ཡི་ཚུལ་ནས་བློ། སྐྱེ་བ་ཡིན་གྱི་དང་པོར་དོན་གྲུབ་ནས་གཟོད་སྒྲས་བརྗོད་དགོས་པ་མིན་ཕྱིར་བློ་ལ་སྣང་བ་དང་དོན་དུ་བརྟག་པ་འདྲེས་པའི་ཆས། དོན་ལ་འཇུག་ཕྱིར་རྟོག་ངོར་སྣང་བ་འདི་ལྟར་དོན་གྲུབ་པའམ། སྣང་ཙམ་དོན་གྲུབ་པ་ཞེས་ནི་ བརྟགས་པ་ཡིན་གྱི་དོན་ལ་མིན་ནོ། །རང་གིས་བློས་ཐ་སྙད་འདོད་པའི་དབང་ལས་བརྡའ་གང་ཡང་རུང་བ་ཞིག་སྦྱར་ཞིང་། བརྡའ་དེ་ཡང་ཕྱོགས་དུས་ཇི་ལྟར་འདོད་པ་བཞིན་དུ་ཁྲིད་ཅིང་སྨྲའོ། །འདོད་པས་མི་འཇུག་པར་སྒྲ་ཀུན་དངོས་པོ་དང་དངོས་སུ་ འབྲེལ་བ་ནི་རྣམ་པ་ཀུན་མིན་ནོ། །དེ་ཕྱིར་སྒྲ་འཇུག་པ་ནི་སྐྱེས་བུའི་འདོད་པ་ལ་གནས་ཤིང་རག་ལས་པའོ། །གསུམ་པ་དེ་ཡི་གནད་དོན་བསྡུ་བ། འདོད་པས་གང་གང་གོ་འདོད་པ། དེ་དག་དེའི་ངོ་བོ་སྒྲུབ་པའི་ཚུལ་གྱིས་བརྗོད་པ་མ་ཡིན་ཏེ། དེ་མིན་རྣམ་པར་བསལ་བ་ཡི། རྣམ་བཅད་ཉིད་ཀྱི་སྒོ་ནས་འཇུག་པ་ཁོ་ནའོ། །མིང་ངམ་དེ་ཡི་ཚིག་ཕྲད་ཀྱིས། ངེས་བཟུང་འདོད་པའི་དོན་གང་ཡིན། དངོས་སུ་ཚིག་གི་ནུས་པའམ། ཚིག་འདྲ་ཡང་སྐབས་སུ་བབ་པ་ཉིད་ཀྱི་དོན་ཡིན་པ་ལས་ཀྱང་རྟོགས་པར་འགྱུར། དང་པོ་ཚིག་ནུས་ཀྱི་དཔེ་ཤིང་སྒྲས་ཆུ་སོགས་གཅོད་པར་བྱེད་ཅིང་། སྐབས་ཀྱིས་མདུན་ན་གནས་པའི་ཤ་བའང་གོ་བར་བྱེད་ལ། དངོས་སུ་ཚིག་ཕྲད་ཀྱིས་གོ་བ་ཁྱད་པར་སོགས་ཏེ་ཁྱད་གཞི་དང་སྦྱར་བའི་ཁོ་ན་ ཞེས་པའི་ཚིག་ཕྲད་དང་། ཙམ་སྒྲ་སོགས་ཀྱི་ཚིག་ཕྲད་ལས་དང་སྐབས་ཀྱིས་ཀྱང་གོ་བ་ནག་པ་ཁོ་ན་འཕོང་རྐྱེན་པ་དང་སྲིད་སྒྲུབ་འཕོང་རྐྱེན་ཞེས་པ་སོགས་བཞིན་ནོ། །དེས་སྤྱིར་བསྟན་ནས། གཉིས་པ་སྐབས་དོན་བྱེ་བྲག་ཏུ་བཤད་པ་ལ་གསུམ། གཞན་འདོད་བརྗོད་པ། དེ་ལ་བརྟག་པ། གནད་ཀྱི་དོན་བསྟན་པའོ། །དང་པོ། བྱེ་བྲག་ཏུ་བོད་འདི་ན་ཁ་ཅིག་བརྡ་ཡི་རྗོད་སྒྲོས། བསྲེས་ཏེ་དགག་སྒྲུབ་དམ་བཅའ་ལ། ཡིན་མིན་སོགས་གང་ལྟར་སྨྲས་ཀྱང་སྐྱོན་ནོ་ཟེར། གཉིས་པ། འདི་ཡང་ཡིན་ནམ་མིན་རེ་ཞིག་སྟེ་དང་པོར་བརྟག་པར་བྱ་སྟེ་མ་བརྟག་པར་མི་འཇུག་གོ། དེ་ལ་བརྟགས་ན། སྒྲུབ་པའི་རྣམ་པ་ཇི་སྙེད་པ། །ཡིན་དང་ཡོད་པར་སྒྲུབ་ལ་འདུ། །དགག་པའི་རྣམ་པ་ཇི་སྙེད་པ། །མིན་དང་མེད་པའི་དགག་པར་འདུ། ། དེ་ཕྱིར་འགལ་བའི་ཕྱོགས་ནས་བསྒྲུབ་བྱའི་དངོས་པོ་ལ། དེ་གཉིས་ཀ་ཡིན་པ་དང་གཉིས་ཀ་མིན་པ་ཞིག་མི་སྲིད་དེ། སྲིད་པ་དེ་ལྟ་སྲིད་ན་ཡིན་མིན་སོགས། ཕན་ཚུན་སྤང་འགལ་གྱི་དངོས་འགལ་མིན་པར་འགྱུར་བའི་ཕྱིར་རོ། །སྒྲ་དོན་ཙམ་གྱི་གཞན་སེལ་ལ། མི་རྟག་པ་དང་རྟག་པ་དང་ཡོད་མེད་ཀྱི། སྤྱིར་གྱུར་པའི་ཤེས་བྱ་ལ་སོགས་པ་བཞིན་ཏུ། གཉིས་ཀ་ཡོད་ཀྱང་འགལ་བ་མེད་དེ། དེ་ཡང་སེལ་བ་རང་ལྡོག་ནས་གཉིས་ཀ་ཡིན་པའི་གཞི་མཐུན་དུ་གྱུར་པ་མིན་གྱི། ལྡོག་པ་སྤྱི་ཡི་སྒྲ་དོན་འདི་ལ་དངོས་པོ་མེད་པའི་ཕྱིར། སྤྱི་འདི་བྱེ་བྲག་གི་རྗེས་སུ་འགྲོ་བ་ལྟར་སྣང་བའི། བྱེ་བྲག་གི་སྒོ་ནས་གཉིས་ཡིན་པ་ལྟ་བུའི་ཤན་ཕོག་པའོ། །དེ་ཕྱིར་ཡིན་མིན་སོགས་ཕྱོགས་གཉིས་ནས་སྨྲ་བ་གང་ཡིན་ཀྱང་། ཚིག་ལ་སྐྱོན་དུ་འགྱུར་བའི་ཐལ་བ་ཕལ་ཆེ་བ་ནི། སྨྲས་ཚིག་ཙམ་ལས་རྒོལ་བ་རང་གི་ཞེ་འདོད་ཞུགས་པ་ཡི། བློ་གྲོས་གྱ་གྱུའི་སྒྱུ་ཐབས་ཡིན། འོན་ཀྱང་ཐལ་བ་དེ་དག་ཚིག་རྣམས་དངོས་དབང་གིས་འཇུག་པར་འདོད་པའི་མུ་སྟེགས་པ་ལ་མི་འདོད་པའི་ཐལ་བ་འཕེན་ན་རིགས། ཚིག་འདྲ་བ་དོར་དུ་བསྡེབས་པའི་བསླུ་ཐབས་ཀྱིས། བྱིས་པ་འབྲིད་ན་ཉམས་མཚར་ཙམ། ཚིག་དེ་བཞིན་དུ་ཡིན་ནོ་སྙམ་དུ་རང་ཡང་ཡིད་རྟོན་ན། གཏོལ་མེད་བླ་བཅོལ་བ་སྟེ་ དོན་བ་ལྟ་བུ་མཐོང་ཀྱང་རྗོད་བྱེད་རྗེས་ལྟ་བུ་ཁོ་ན་འཚོལ་མཁན་དུ་ཟད་དོ། །གསུམ་པ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ། དང་པོ་ལ། རྫས་སྤྱི་སོགས་འདི་འདྲའི་འཇུག་པ་ཐམས་ཅད་ནི། མིང་གི་སྒྲ་ཙམ་ཉིད་ལས་ བརྩམས་ཏེ་འབྱུང་། གཉིས་པ་ལ། སྒྲ་ཉམས་པའི་སྦྱོར་བ་སྤང་བ། མ་ཉམས་པའི་སྦྱོར་བ་རྣམ་པར་བཞག་པ་གཉིས། དང་པོ། དེ་ལ་མིང་ནི་སྒྲ་ཡི་ངོ་བོ་དང་དེའི་མཚམས་སྦྱོར་གྱི་ཕྲད་རྣམས་ཕྱིན་ཅི་ལོག་པ་འདོན་མི་རུང་། དེ་ལ་བརྟེན་ནས་རྒོལ་བ་ན། རྒོལ་བ་རང་ཉིད་བརྡའ་ལ་རྨོངས་པར་མཚོན། གཉིས་པ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ། དང་པོ། སྒྲ་དང་མཚམས་སྦྱོར་མ་ཉམས་ཀྱང་། རྗོད་བྱེད་གཅིག་གིས་བརྗོད་བྱ་ཕྱོགས་འདྲ་བ་ཐ་དད་ དུ་མ་སྟོན་པ་ལ། དངོས་སུ་དོན་གཉིས་ལ་ཐུན་མོང་དུ་འཇུག་པ་དང་། རྗོད་པ་པོའི་བློའི་འདོད་པས་ཕྱེ་ཞིང་སྦྱར་བའི་ངག་གཉིས། གོ་བ་ལེན་ཚུལ་ཙམ་མོ། །གཉིས་པ་ལ། དངོས་སུ་ཐུན་མོང་དུ་འཇུག་པའི་སྒྲ་བཤད། འདོད་པས་གར་ ཡང་འཁྲིད་པའི་སྒྲ་བཤད་པ་གཉིས། དང་པོ། དང་པོ་གོ་ལ་སོགས་པ་བཞིན། སྒྲ་གཅིག་དུ་མའི་དོན་དག་ལ། འཇུག་པ་ཤིང་པགས་ཤུན་བཤུས་ན་འཆི་སོགས་སྒྲ་གྲུབ་ཀྱང་བརྡའ་སྦྱར་བའི་དོན་ཐ་དད་དེ། འོ་མ་ཤི་བ་དང་སྲོག་ཆགས་ཤི་བ་གཉིས་སྒྲ་འདྲ་ཡང་། དང་པོ་རུལ་བ་གཉིས་པ་སྲོག་དབང་འགགས་པ་ལྟ་བུ་ལ་སོགས་པ་དེ་ཡང་འཇུག་ཚུལ་ལ་དངོས་སུ་དང་བཏགས་པས་འཇུག་པ་གཉིས་ཡོད་དེ། དཔེར་ན་རི་བོང་ཅན་དང་དངུལ་ལ་ཟླ་བའི་སྒྲ་འཇུག་པ་བཞིན། རྒྱུ་མཚན་ཅན་ གྱི་བཏགས་པ་ཐམས་ཅད་ནི་དེ་དང་ཚུལ་འདྲ་བའམ། ཕན་ཚུན་འབྲེལ་བའི་རྒྱུ་མཚན་གྱི་ཚུལ་ལས་བརྗོད་པ་ཡིན། དངོས་དང་བཏགས་པའི་ཁྱད་པར་ལ། འདོད་རྒྱལ་དང་ནི་རྗེས་གྲུབ་ཅེས་ཀྱང་བྱའོ། །དངོས་བཏགས་ཀྱི་འཇུག་པ་དེ་ ལའང་བཤད་དུ་མེད་པ་མི་ཕལ་བ་ལ་སངས་རྒྱས་བཏགས་པ་ལྟ་བུ་ལ་སོགས་པ་དང་། བཤད་དུ་ཡོད་པ་དག་ཀྱང་སྟེ། །བཤད་དུ་ཡོད་ཀྱང་འཇུག་མེད་པ། མ་གྲགས་ཕྱིར་ན་དེ་མིང་མིན། །མིང་དེ་ཆོས་གཞན་ལ་བཤད་དུ་ཡོད་ཀྱང་ནི། འཇིག་ རྟེན་ན་གྲགས་པས་དོན་གཞན་ལ་འཇུག་པ་ཉིད། བཀག་ཕྱིར་དོན་རེ་རེའི་རྗོད་བྱེད་དུ། ངེས་པ་དཔེར་ན་ལག་ལྡན་གླང་པོ་དང་འགྲོ་ལྡན་རྟའི་མིང་ཁོ་ནར་ངེས་པ་བཞིན། དེ་ལ་དངོས་མིང་ལ་འདོད་རྒྱལ་རྗེས་གྲུབ་གཉིས། ཕྱི་མ་སངས་རྒྱས་ ལ་སོགས་པ་ལྟ་བུ། བཏགས་པ་ལ་འདོད་རྒྱལ་རྗེས་གྲུབ་གཉིས། དང་པོ་མི་ཕལ་པར་སངས་རྒྱས་སུ་བཏགས་པ་ལྟ་བུ། ཕྱི་མ་སངས་རྒྱས་ལ་ཉི་མ་བརྒྱ་པ་ཞེས་པ་ལྟ་བུ། གང་ལྟར་ཡང་མིང་ཐམས་ཅད་ཀྱི་རྩ་བ་འདོད་རྒྱལ་ཡིན་ལ། གཞན་ལ་བཏགས་པའམ། རང་ལའང་གཉིས་སྦྲེལ་ནས་བཤད་རྒྱུ་ཡོད། དང་པོའི་མིང་གི་རྩ་བ་མཐར་ཐུག་པ་བཤད་དུ་མེད་པ་འདོད་རྒྱལ་དང་། དེ་ལ་བརྟེན་ནས་བཤད་ཡོད་དུ་གྲུབ་པ་དེ་རྗེས་སུ་གྲུབ་པ་ཡིན་ནམ་ཚད་ཐུབ་གཞུང་བལྟ། འདོད་རྒྱལ་ལྷ་སོགས་ལ་བཤད་དུ་ཡོད་དེ་སངས་རྒྱས་བཞིན། གཞན་ལ་བཏགས་པ་རྒྱུ་མཚན་ཅན་ནི་འདོད་རྒྱལ་བ་ཡིན་ཀྱང་དེ་ལ་བཤད་ཡོད། བྲམ་ཟེ་ཉི་མ་ལྟ་བུ། རྒྱུ་མཚན་མེད་པ་བཤད་དུ་མེད་དེ་འདོགས་ཡུལ་དེ་ལ་ལྟོས་པའི་དཔེར་ན། མི་སངས་རྒྱས་གསེར་མདོག་བཞིན། དེས་ན་མིང་འདི་དག་འདོད་པས་སྦྱར་ནས་དོན་སྟོན་པ་སྟེ་ངོ་བོ་གྲུབ་པ་མེད་པར་ཤེས་སོ། །བཏགས་པ་རྒྱུ་མཚན་ཅན་ནི། མེ་ཏོག་ གི་དུས་སུ་སྐྱེས་པ་ལ་མེ་ཏོག་སྐྱེས་སོགས་བཞིན་ནོ། །བུམ་པའི་མཆུ་ལྟ་བུ་རྗེས་གྲུབ་སྟེ་དཔྱད། སངས་རྒྱས་སོགས་ཀྱི་བརྡའ་ལ་མ་འདྲིས་པའི་ཡུལ་དུ་བརྡའ་དེ་དག་ཀྱང་འདོད་རྒྱལ་དུ་འགྱུར་སྲིད། རང་ལ་འདོད་རྒྱལ་ཀྱང་བརྡའ་གཞན་ལ་རྗེས་གྲུབ་ལྟ་བུར་སོང་བ་སྲིད། མིང་རང་གི་ངོས་ནས་རྗེས་གྲུབ་ཡིན་ཀྱང་། འདོགས་ཡུལ་ལ་ལྟོས་ནས་འདོད་རྒྱལ་དང་། དེ་བཟློག་ཉི་མའི་དངོས་མིང་འདོད་རྒྱལ་བྲམ་ཟེ་ལ་རྗེས་གྲུབ་ཀྱི་མིང་དུ་སོང་བའང་སྲིད་དེ། འདོད་རྗེས་ཀྱི་བརྡའ་ཇི་ལྟར་སྦྱར། ངེས་ཚིག་ཇི་ལྟར་འཇོག གཞུང་ཁུང་ཐུབ་བཞིན་གཟོད་དཔྱད་པར་བྱའོ། །དངོས་མིང་ལ་རྒྱུ་མཚན་བཤད་དུ་ཡོད་པ་རིགས་བྱ་བ་ཡོན་ཏན་རྫས་ལས་བཏགས་ན་རིམ་པར། བྲམ་ཟེའི་བུ། བྱང་སེམས། རྐྱེན་པོ། དབྱིག་གུ་ཅན་ལྟ་བུ། རང་གི་ངོ་བོ་ལ་བཏགས་པ་ལྷས་སྦྱིན་སོགས་ལྟ་བུ། རིགས་ནི་ཐ་སྙད་འཇུག་པའི་གཞི། ཡོན་ཏན་དེའི་ནུས་པ། བྱ་ཚིག་ནི་དེས་ཡུལ་ལ་འཇུག་པ། རྫས་ནི་དེ་ལ་བརྟེན་ནས། ངོ་བོ་གཞན་པའོ། །ཡོན་ཏན་ནི་དེ་ལ་བརྟེན་པ་ངོ་བོ་གཅིག་པ་ཅན་འདྲ། མིང་ཐམས་ཅད་དེའི་རིགས་སུ་འདུ། །ཚོགས་སྤྱི་དང་རིགས་སྤྱི་གཉིས་རིགས་ཀྱི་མིང་གི་བྱེ་བྲག་གོ། གཉིས་པ་ལ། མདོར་བསྟན། རྒྱས་བཤད། ལན་གདབ་ཚུལ་གསུམ། དང་པོ། རང་གི་འདོད་པས་སྒྲ་གཅིག་དོན་སོ་སོར་སྦྱར་བ་ལ། ཚིག་གི་གཅོད་འཚམས་བཟུང་ཚུལ་དང་གཅིག འདོད་པ་ཙམ་གྱིས་རྒྱུ་མཚན་ལས། གང་འདོད་པའི་དོན་ལ་མིང་དེ་ཁྲིད་པའོ་སྟེ་གཉིས་སོ། །གཉིས་པ་ལ། གཅོད་མཚམས་འཛིན་ཚུལ། བསམ་པས་བསྒྱུར་ཚུལ་གཉིས། དང་པོ། དང་པོ་དཔེར་ན་ཤེས་བྱ་ཡོད་པར་རྟོགས་པའི་ཚད་མ་ནི་དངོས་པོར་རྟོགས་པའི་ཤེས་པ་ཡིན་ནོ་ཞེས་པ་བཞིན། གཉིས་པ། སྐྱེ་བོ་ཀུན་ལ་སྐྱོན་མེད་པའམ། སྐྱོན་ཡོད་ཅེས་པ་ལ་སོགས་བཞིན། འདིར། ཤེས་བྱ་ཆོས་ཅན་དང་། ཤེས་བྱ་དངོས་པོར་རྟོག་པའི་ཚད་མ་ཆོས་ཅན་དུ་བྱས་པ་དེ་གཉིས། དང་པོ་ལ་ཤེས་བྱ་ཤེས་པ་ཡིན་པ་མ་གྲུབ། མིན་ཀྱང་ཤེས་བྱ་སྤྱིར་སོང་ན་ཤེས་བྱ་ཡོད་པར་རྟོགས་པའི་ཚད་མ་དངོས་པོར་རྟོག་པའི་ཤེས་པ་ཡིན་ཞེས་ཁས་བླང་ན། ཅི་ཞིག་དངོས་པོར་རྟོག་ཅེས་དྲི་བར་བྱ། རང་ལྡོག་ལ་མིན་སྤྱིར་ཤེས་བྱ་ལ་ཟེར་ན་དངོས་པོར་མིན་རྟག་པར་མིན། ཐམས་ཅད་སྦྲེལ་ན་ཆོས་ཅན་མེད་པར་འགྱུར། ཡང་ན། ཤེས་བྱ་ཡོད་མེད་གཉིས་ལས་ཀ་བ་སོགས་ཡོད་པར་རྟོགས་པའི་ཚད་མ་ནི་དངོས་དང་དངོས་མེད་ གཉིས་ལས་དངོས་པོར་རྟོག་པའི་ཤེས་པ་ཡིན་ཟེར་ན་གནོད་མེད་ཡིན་པ་བཞིན་ནོ། །ཐམས་ཅད་སྦྲེལ་ན་བསྡུས་གྲྭ་ལྟར་ན་རྐྱང་རྩིས་སོགས་ལྟར་གྱི། ཆོས་ཅན་མེད་པའི་ཕྱིར་སོགས་ནས་ཚད་མ་མིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཟེར་ཀྱང་མི་འཐད་དོ། །གསུམ་པ་ལ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། འདི་འདྲའི་སྨྲ་བ་ཐུན་མོང་བར། རྒོལ་བའི་ཞེ་འདོད་གང་ཡིན་ཕྱེས་ནས་སམ། བདག་ཉིད་ཀྱིས་འདི་ལ་འདོད་ཞེས་སུ། རྣམ་པར་ཕྱེ་བའི་ལན་གྱིས་གདབ། གཉིས་པ་ལ། དོན་ཐོབ་ཀྱིས་བཅད་པར་དོན་བཞིན་ལན་གདབ་པ་དང་། མ་བཅད་པར་ཇི་ལྟར་འདོད་པར་ལན་གདབ་པ་གཉིས། དང་པོ། སྒྲ་རྣམས་གང་ཡིན་ཀྱང་ཁྱད་པར་གྱི་ཆོས་སུ་མ་བྱས་པར། ཁྱད་གཞི་ཆོས་ཅན་ཙམ་དུ་བྱས་ན་སྤྱི་ལྡོག་སྟེ། ཆོས་ཅན་གང་དང་སྦྱར་ན་དེ་ཡི་ཕྱོགས་འཛིན་པ། ཀུན་མཁྱེན་དང་སྐབས་བརྒྱད་པོ་ཀུན་མཁྱེན་ཞེས་པ་བཞིན། མིང་གི་སྒྲ་ཡི་འཇུག་པ་སྤྱི་ལའང་། བཤད་པ་ལས་འཇུག་པ་གཙོ་བོ་སྟེ། རི་ལས་སྐྱེས་པའི་མེ་ཏོག་ལ་ཆུ་ལས་མ་སྐྱེས་ཀྱང་ཆུ་སྐྱེས་ཀྱི་སྒྲ་འཇུག་པ་དང་ཆུ་ནང་གི་ཉ་ལ་ཆུ་ལས་སྐྱེས་ཀྱང་དེའི་སྒྲ་མི་འཇུག་པ་བཞིན་ནོ། །དེས་ན་དེ་ཡང་བཤད་པའི་དབང་དུ་ན་འདི་ལྟ་བུའོ་ཞེས་བཏགས་པར་བྱའོ། །འོན་ཀྱང་གྲགས་པས་འཇུག་པ་སོ་སོ་ཡི། དོན་ནི་སྐབས་ཀྱི་རྟོག་བྱ་ཡིན་མིན་ལས་ངེས་པར་བྱ་སྟེ། དཔེ་ཇི་ལྟར་ན་དོན་དེ་ངེས་པའི་ཕྱིར་དུ་ཚིག་ཕྲད་སོ་སོ་སྦྱར་བ་བཞིན། སྐབས་ཀྱི་དོན་ཀྱང་དེ་བཞིན་ནོ་སྟེ་དོན་ངེས་པའི་ཆེད་དུ་བརྗོད་པའི་ཕྱིར་ནའོ། །དཔེར་ན་སེནྡྷ་པ་ ཡི་སྒྲ་དག་ནི། གཡུལ་དུ་རལ་གྲི་སོགས་ལ་གོ་བ་བཞིན། མིང་འདི་ཡི་བརྗོད་བྱ་གང་ཡིན་པ་འཁྲུལ་མེད་དུ། གོ་བ་རྒོལ་བའི་བསྟན་བཅོས་ཀྱི་དོན་གང་ཡིན་པའི་སྐབས་ཀྱིས་ངེས་པ་ཡིན་ནོ། ། དེ་ལྟ་མིན་པར་ཚིག་ཙམ་ཁོ་ནའི་རྗེས་བསྙགས་ན་ཡུལ་དུས་བྱེ་བྲག་པའི་རང་མཚན་རྗོད་བྱེད་ཀྱི་ངག་མི་སྲིད་བར་དུ་དོན་མི་རྟོག་ལ་དེ་མི་སྲིད་པས་ཐ་སྙད་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །གཉིས་པ། སྐབས་ཀྱིས་རྣམ་པར་མ་བཅད་པ་ཡིན་ན་ནི། རང་གི་ཁས་བླང་བའི་ཚིག་དང་དངོས་སྟོབས་ཀྱི་རིགས་པ་དང་། བསྟན་བཅོས་དང་འཇིག་རྟེན་ན་གྲགས་པས་གནོད་པ་གསུམ་པོ་གང་ཡང་མི་སྲིད་ན་ནི། རང་གི་ཇི་ལྟར་འདོད་པ་བཞིན་དུ་སྦྱར་བས་ཆོག་སྟེ། རྒྱུ་མཚན་འདོད་པས་གར་ཡང་དྲང་བཏུབ་པའི། ཚིག་ལས་ད་ལྟའི་གང་འདོད་པའི་རང་འདོད་རྣམ་པར་བཅད་པ་ཡི། དོན་དེ་ཉིད་ལ་གཞན་གྱིས་དོན་གཞན་དུ་བཟུང་བའི་ཚིག་གིས་གཅིག་ཤོས་སུན་མི་འབྱིན། ཅི་ཕྱིར་ཞེ་འདོད་ཕན་ཚུན་བཟློག་ན་ཡང་། རུང་ཕྱིར་ཕན་ཚུན་གཅིག་ཁོ་ན་དངོས་སྟོབས་དང་ལྡན་པའི་རིགས་པ་མེད་པས་ གཉེན་པོ་མིན་པའི་ཕྱིར་རོ། །དོན་གྱིས་རྣམ་པར་བཅད་པ་ཡི་སྒོ་ནས་མིང་གིས་དོན་བརྗོད་པ་ལ་ནི། གཅིག་ཤོས་ཀྱི་ཚིག་གིས་མི་ཟློག་སྟེ་དཔེར་ན་མེ་གྲང་ངོ་ཞེས་པ་བཞིན་ནོ། །དེ་ལ་ངག་ནི་དེ་མིན་བསལ་བའི་ཚུལ་གྱིས་བརྗོད་བྱ་ངོས་ཟིན་པའི་དོན་དུ་སྦྱར་བ་ཡིན་ ན། ངག་གང་གིས་དོན་དེ་རྟོགས་ཟིན་དུས་མཛུབ་མོས་ཟླ་བ་བསྟན་པ་མཐོང་བ་བཞིན་དུ་དེ་ཙམ་གྱིས་ངག་གི་བྱ་བ་རྫོགས་ཤིང་དོན་གྲུབ་པ་ཡིན་གྱི། ད་རུང་དོན་ལ་མི་རྟོན་པར་ཚིག་རྗེས་གཅོད་ན་རང་མཚན་རྗོད་བྱེད་ཀྱི་ངག་ཁྱོད་ཀྱིས་སྟོན་ དང་རང་འདོད་ཙམ་གྱིས་ཐ་སྙད་གྲུབ་པས་ངོ་མཚར་ཆེ་བ་མཐོང་ཀྱང་ནགས་སོགས་སུ་བ་གར་སོང་འཚོལ་བྱེད་ཀྱི་རྗེས་གཅོད་པ་ངོ་མཚར་ཞེས་སོ། །གསུམ་པ་དོན་བསྡུ། མདོར་བསྡུ་ན་ངག་སྦྱར་བ་ཐམས་ཅད་ནི་དོན་གང་ཡིན་དེ་རྣམ་པར་གཅོད་པའི་དོན་ཅན་ཏེ། རྣམ་གཅོད་དེ་ཡང་གང་བརྗོད་པར་འདོད་པའི་ཞེ་འདོད་ཀྱི་རྩ་བ་ཅན་ཡིན་ལ། ཞེ་འདོད་འདི་ཡིས་སྣ་ཚོགས་པའི་ཐ་སྙད་ལ་གཞན་དང་མི་འདྲ་བར་ངོས་ཟིན་ཅིང་ཐེ་ཚོམ་མེད་པར་བྱས་པ་ཡིན་ནོ། །གསུམ་པ་བརྩམ་པ་རྫོགས་པའི་བྱ་བ་ལ། རྩོམ་པའི་དགོས་པ། དགེ་བ་བསྔོ་བ་གཉིས། དང་པོ། བསིལ་ལྡན་འདི་ན་ཆོས་སེར་སོགས། །རིགས་པ་རྣོ་བའི་འཁྲུལ་གར་གྱིས། །སློབ་གསར་རྨོངས་སུ་འཇུག་པའི་ངག །དེ་ནི་གཞུང་སྨྲ་རྒན་པོས་ཀྱང་། །རྗེས་བརྗོད་སྨྲ་བའི་གཞུང་བཟངབསླབ། །སྨྲ་བ་འདི་འདྲས་མཁས་རློམ་པ། །མགུ་ཡང་བདག་ཅག་སྨྲ་བ་འདི་འདྲ་བའི་རྗེས་སུ། བྲག་ཆ་བཞིན་དུ་མ་ཞུགས་སོ། །འཇམ་དབྱངས་བླ་མའི་བཀའ་དྲིན་གྱིས། །མུ་སྟེགས་གྲངས་ཅན་པའི་སྟེས་དབང་ཐལ་འགྱུར་ལྟའི། །ཚིག་ལ་དམིགས་བུར་མི་རེ་བར། །ཡང་དག་དོན་གྱི་ཡུལ་ཅན་གྱི་མིག་བཟང་ བགྲད། །ཅུང་ཟད་བརྗོད་པ་འདི་ཡི་ཆ། །ལེགས་པར་རྟོགས་ན་སྨྲ་བའི་ལྗགས། །འདམ་ལས་གྲོལ་པའི་པདྨ་བཞིན། །མི་གསར་པ་སྔར་བརྗོད་པའི་ནག་ནོག་སྐྱོན་གྱི་ཆ་ལས་རིང་། གཉིས་པ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཚིག་དང་དོན་གྱི་གནས་ཀུན་ ལ། །དྲི་མེད་བློ་ཡི་མཐུ་ཐོབ་ནས། །འཇམ་དབྱངས་གཞོན་ནུ་བཞིན་དུ་ཆོས་ཚུལ་ཀུན་ཐོགས་མེད་དུ་སྨྲ་བར་ཤོག །གསུམ་པ་མཛད་བྱང་། ཞེས་པ་འདིའང་མི་ཕམ་པས་བྲིས་པ་མངྒ་ལཾ། རྗེ་བླ་མ་རིན་པོ་ཆེ་འཇམ་མགོན་མི་ཕམ་རྒྱ་མཚོ་ཉིད་ཀྱིས་ མཛད་པའི་ས་བཅད་དང་ཕྱག་མཆན་ཕྱག་བྲིས་དངོས་ལས་ཕྲི་བསྣན་མེད་པར་ལྕགས་སྤྲེལ་ལོར་ཞེ་ཆེན་དུ་ཞལ་བཤུས་ཏེ་དཀྱུས་སུ་བཀོད་པ་དགེ། སརྦ་མངྒ་ལཾ།། །།

 

འཇུ་མི་ཕམ་མཆོག་གི་གསུང་འབུམ། (ཁ) ལས་ཁོལ་དུ་ཕྱུང།

 


Nov 24, 2013

སྙན་ཚོམས་གྲགས་ཅན་<<མེ་ཏོག་ཕྲེང་རྒྱུད>>ཀྱི་ཆེ་བ་བརྗོད་པ།




ཟླ་བ་གཞོན་ནུ།





<<མེ་ཏོག་ཕྲེང་རྒྱུད>>ནི་སྙན་དངགས་མཁན་པོ་ཇོ་བོ་ཉི་དབང་མགོན་པོའི<<སྙིམ་པའི་གླུ>>ཡི་རྗེས་ཀྱི་དབྱིན་ཡིག་ཏུ་སྐུ་དངོས་ཀྱིས་བསྒྱུར་བའི་སྙན་ཚོམས་གཉིས་པ་དེ་ཡིན་ལ། འདི་ལ་བསྡོམས་པས་སྙན་ངག་ཚན་པ༨༥ཡོད་ཅིང་། ད་ནས་བརྩིས་པའི་ཏག་ཏག་མི་ལོ་བརྒྱ་ཕྲག་གཅིག་གི་སྔོན་ཏེ། སྤྱི་ལོ༡༩༡༣ལོར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཐོག་མར་དཔར། སྙན་ཚོམས་འདི་ཕལ་ཆེ་བ་སྙན་དངགས་མཁན་ཉིད་ཀྱིས་སྔོན་གླེང་དུ་གསུངས་པ་བཞིན“བརྩེ་བ་དང་འཚོ་བའི་སྐོར་གྱི་དུངས་བརྗོད་སྙན་ངག་འབའ་ཞིག་ཡིན”ལ།  བངྒ་ལའི་སྐད་དུ་བརྩམས་པའི་སྙན་ངག་དག་ལས་བདམས་བསྒྱུར་བྱས་པ་རྐྱང་ངོ་།།

སྙན་ཚོམས་འདིར་གཏམ་རྒྱུད་ཀྱི་བྱུང་རིམ་གྱི་ཆ་དང་།  ཟློས་གར་གྱི་གཏམ་གླེང་གི་སྒྱུ་རྩལ། ལྷུག་རྩོམ་དང་སྙན་ངག་གི་རོ་ཉམས་སོགས་ཡིད་བརྙན་ཕུན་སུམ་ཚོགས་པའི་སྒྱུ་རྩལ་རྩོམ་རིག་གི་ཁྱད་རྟགས་སྣ་མང་འབུར་དུ་ཐོན་པས་རྒྱལ་ཁབ་གང་མང་གི་སྐད་རིགས་འདྲ་མིན་དུ་བྲེལ་གྱིས་བསྒྱུར་བར་གྱུར་ཞིང་།  སྙན་དངགས་རིང་མོ་འདི་སྒྱུ་རྩལ་རྩོམ་རིག་གི་གོ་གནས་ཀྱི་ཆ་ནས་ཧ་ལམ<<སྙིམ་པའི་གླུ>>དང་མཉམ་པའི་ཚད་དུ་འཇོག

སྙན་དངགས་མཁན་རང་ཉིད་བརྩེ་དུང་དང་འཚོ་བའི་ཕྱིར་དུ་མཛེས་སྡུག་གི་མེ་ཏོག་འདེབས་པའི་ལྡུམ་ར་བ་ཞིག་བྱེད་དགོངས་ཤིང་།  དེ་ནི་སྙན་ཚོམས་འདིའི་ཚན་པ་དང་བོར་གསལ་ཏེ།        

     བདག་གིས་ཕྲན་གྱི་ལས་ཀ་གཞན་དག་སྤང་བར་འགྱུར་ཞིང/ངས་རང་གི་རལ་གྲི་དང་མདུང་རིང་ས་ལ་གཡུག་པར་འགྱུར/བདག་རྒྱང་རིང་གི་ཕོ་བྲང་ལ་བསྐྱལ་བར་མ་གནང་དང/ང་རང་ལ་རྒྱལ་ཁ་གསར་བ་དག་ལྷུར་ལེན་རྒྱུར་བདམས་པར་མ་མཛད་ཅིག/དེ་ལས/ང་རང་ཁྱེད་ཀྱི་མེ་ཏོག་ལྡུམ་རའི་ལྡུམ་ར་བ་བྱེད་དུ་གཞུག་པར་མཛོད།

        … …

ཅེས་པ་ལྟར་སྙན་ངག་འདི་དག་ཀློག་པའི་ཚེ།  བདག་ཅག་གི་བསམ་པའི་རྩིག་ལྡེབས་སུ་སྙན་དངགས་མཁན་ནི་ལས་ལ་བརྩོན་པའི་ལྡུམ་ར་བ་ཞིག་དང་འདྲ་བར། ཚེགས་ཡང་གི་ཕྱག་ཟུང་ལ་བརྟེན་ནས་མཛེས་ཤིང་སྡུག་པའི་བརྩེ་དུང་གི་མེ་ཏོག་རེ་རེར་བརྩེ་བ་ཟབ་མོས་ཆབ་ཆུ་གཏོར་གྱིན་པ་ལྷན་ནེ་ལྷང་ངེ་ལྷམ་མེར་འཆར་འོང་བ་གདོན་མི་ཟ་བའོ།།

ཁོང་གིས་སྙན་ཞིང་འཇེབས་ལ་གཏན་ཚིགས་ཀྱིས་ཕྱུག་པའི་སྙན་ཚིག་འདི་དག་སྤྱད་ནས་དྭངས་གཙང་ལྷད་མེད་ཀྱི་བརྩེ་དུང་ལ་བསྟོད་གླུ་བླངས་ཡོད་པར་མ་ཟད།  རང་ཉིད་ཀྱི་མི་ཚེའི་ཕུགས་བསམ་ཡང་ལྷུག་པར་བརྗོད་པར་བྱས་འདུག  

སྙན་ཚོམས་འདི་དག་གི་ཁྲོད་དུ་ན་ཆུང་ཕོ་མོ་དག་གི་བརྩེ་བའི་ཁྲོད་ཀྱི་འཚེར་སྣང་དང་།  དྲན་གདུང་གི་སྡུག་བསྔལ།  རེ་སྒུག་གི་སེམས་ངལ།  དུས་ཆད་ལ་སྙེག་པའི་སྐབས་ཀྱི་འདར་གསིག   ད་དུང་གཉེན་སྒྲིག་གི་སྤྲོ་སྣང་དང་།  མ་ཤི་གསོན་བྲལ་གྱི་སྡུག་བསྔལ་སོགས་བརྗོད་གཞིར་བྱས་ཏེ་ངེད་ཅག་གསང་བ་ལྐོག་གྱུར་གྱི་བརྩེ་དུང་གི་འཇིག་རྟེན་ཞིག་ཏུ་འདྲེན་པར་བྱེད་ཅིང་།  དེའི་ཁྲོད་ཀྱི་སྡུག་བསྔལ་དང་དགའ་སྤྲོ། དུངས་སྣང་དང་འཚེར་སྣང་སོགས་ཀྱང་ཇི་དགར་ཉམས་སུ་མྱོང་དུ་འཇུག་པར་བྱེད་ལ།  དེ་དང་སྦྲགས་ཏེ་སྙན་དངགས་མཁན་ཁོང་གི་ཕུགས་བསམ་གྱི་འཚོ་བའི་རེ་སྨོན་དང་འཚོལ་སྙེག་ཀྱང་མངོན་པར་མཚོན་པར་བྱས་འདུག

ཇོ་བོ་ཉི་དབང་མགོན་པོ་མཆོག་ནི་བརྩོན་པས་མི་ཚེའི་ལམ་བུ་རྩལ་གྱིས་སྙེག་པའི་རླབས་ཆེན་གྱི་སྙན་དངགས་མཁན་ཞིག་སྟེ།  <<མེ་ཏོག་ཕྲེད་རྒྱུད>>དུ།  

སྙན་དངགས་མཁན་གྱིས་བརྗོད་དོན་ཟབ་ཅིང་བསླབ་བྱའི་རང་བཞིན་ལྡན་པའི་གཏམ་རྒྱུད་རང་བཞིན་གྱི་སྙན་ངག་དང་ཚིག་ཉུང་ལ་དོན་འདུས་པའི་གཏན་ཚིགས་རང་བཞིན་གྱི་སྙན་ངག་བརྒྱུད་ནས།  རང་ཉིད་ཀྱིས་སྤྱི་ཚོགས་དང་མི་ཚེ་ལ་གཏད་པའི་རྣམ་འགྱུར་གསལ་བར་བྱས་ཤིང་།  སྒྱུ་རྩལ་གྱི་སྒོ་ནས་སྐྱེ་བོ་རྣམས་ཅི་ཞིག་གི་སླད་དུ་འཚོ་དགོས་མིན་དང་ཇི་ལྟར་འཚོ་དགོས་མིན་སོགས་གལ་གནད་ཆེ་བའི་གནད་དོན་གང་མང་གསེད་བཀྲོལ་བྱས་འདུག  དེ་ཡང་ཚན་པ་སོ་བདུན་པར་སྙན་དངགས་མཁན་གྱིས་རང་གི་བཞེད་དགོངས་དེ“ལྷ་མོ”ཡི་གཟུགས་སུ་བཀོད་དེ།  སྒྱུ་རྩལ་གྱི་སྒོ་ནས་ལན་བཏབ་ཡོད་པ་སྟེ།         

       “ལྷ་མོ་ལགས/ཁྱེད་ཀྱིས་ཁྱེད་ཀྱི་མེ་ཏོག་གསར་བའི་སྐེ་རྒྱན་དེ་བདག་གི་སྐེ་ལ་བསྐོན་པར་འགྱུར་རམ།”/“འོན་ཏེ། ཁྱེད་ཀྱིས་ངེས་པར་རྟོགས་དགོས་པ་ཞིག་ནི/བདག་གིས་བསླེས་པའི་མེ་ཏོག་གི་སྐེ་རྒྱན་དེ་མི་གང་མང་ཞིག་གི་སླད་དུ་ལགས/བདག་གི་སྐེ་རྒྱན་ནི་ཟུར་མིག་སྐད་ཅིག་སྐད་ཅིག་ལ་འཕེན་མཁན་དེའི་ཆེད་དུ་དང/གསར་རྙེད་མ་བྱུང་བའི་ས་ཆ་དང་དེ་བཞིན་དུ་སྙན་དངགས་པ་རྣམས་ཀྱི་གླུ་ལ་གནས་མཁན་དེའི་ཆེད་དུའོ།།”

        … …

སྙན་ཚིག་འདིའི་ཁྲོད་ཀྱི“ལྷ་མོ”ནི་འཚོ་བར་བསུང་ངད་བསྣམས་འོང་མཁན་གྱི་སྙན་དངགས་མཁན་ཁོང་ཡིན་པ་ནི་ཧ་ཅང་གསལ་ལ།  རླབས་ཆེན་གྱི་སྙན་དངགས་མཁན་ཁོང་གིས་སྙན་ངག་གིས་མཛེས་པ་བཞེངས་སྐྲུན་དང་།  མཛེས་ཤིང་སྡུག་ལ་ཡིད་དབང་ཅིག་ཅར་འཕྲོག་པའི་སྒྱུ་རྩལ་གྱི་སྣང་བརྙན་གསར་བཞེངས། ད་དུང་ཡིད་ཀྱི་མིག་དབང་འཕྲོག་པའི་རྟོག་ལྗོངས་ཞིབ་འབྲི་བྱས་ཤིང་། མི་རྣམས་ཀྱིས་ནམ་ཡང་རེ་ཞིང་སྙེག་པའི་སྙན་ངག་གི་ཡིད་བརྙན་བཀོད་པ་སོགས་རླབས་ཆེན་གྱི་སྙན་ངག་པའི་ཁྱད་རྟགས་འབུར་དུ་ཐོན་པར་བྱས་འདུག

ཁོང་གིས་བརྩམས་པའི་སྙན་ཚོམས་འདི་ནི་མཛེས་མས་བརྒྱུས་པའི་མེ་ཏོག་གི་ཕྲེང་བ་ལྟར།  ཁ་དོག་སྣ་ལྔས་སྡུག་གུར་བརྒྱན་ཞིང་དྲི་བསུང་ཕྱོགས་བཅུར་འཐུལ་བ་ཞིག་ཏུ་འདུག་པ་ལྷོད་ཀྱིས་བཀླགས་པས་རྟོགས་ནུས།  “ལྷ་མོ”འདིའི་སྐད་ཆ་ལས་སྙན་དངགས་མཁན་ཁོང་གིས་འཚོ་བར་བཅངས་པའི་རེ་བ་ཟབ་མོ་མཚོན་པ་རྟོགས་ཐུབ་ཅིང་།  སྙན་ངག་ཚན་པ་འདིའི་མཇུག་ཏུ་དེ་ལས་ཁ་གསལ་བར།            བདག་གི་སེམས་པས་སེམས་པ་འདི་མི་གཅིག་འབའ་ཞིག་ལ་སྤྲོད་དུ་མི་གནང་བས/དེ་དུ་མ་ཞིག་ལ་སྤྲད་པར་བགྱིས་སོ།། 

འདི་ལས་སྙན་དངགས་མཁན་ཁོང་གི་སེམས་རྒྱ་ནམ་མཁའ་ལྟར་ཕ་མཐའ་བྲལ་བ་མཚོན་ཞིང་།  ཁོང་འཚོ་གཞེས་གནང་བ་ནི་རང་ཉིད་ཁོ་ན་དང་མི་ཁ་ཤས་འབའ་ཞིག་གི་ཆེད་དུ་མ་ཡིན་པར།  ཁོང་གི་སེམས་པ་ནི་རྒྱ་གར་མི་དམངས་དང་ཡང་ན་འཛམ་གླིང་གི་མི་དམངས་ལ་ལེགས་སྐྱེས་སུ་ཕུལ་བ་མཚོན་ལ།  འདི་ལྟ་བུའི་མི་ཚེའི་དམིགས་ཡུལ་ནི་ཤིན་ཏུ་ལེགས་ལ།  དྲང་བདེན་དང་།  ཧ་ཅང་དཀོན་པ་ནི་སྨོས་མ་དགོས་སོ།།


སྙན་དངགས་མཁན་ཁོང་མཛེས་སྡུག་དང་མ་བཅོས་པའི་རང་བྱུང་ཁམས་ལ་དགའ་བ་ཚད་མེད་ཅིག་ཡོད་པ་ནི་ཁོང་གི་སྙན་ངག་མང་དག་ཅིག་ལས་མཐོང་ཐུབ་པ་དང་།  ལྷག་པར་དུ་སྙན་ཚོམས་འདིའི་ཚན་པ་དོན་གསུམ་པར་སྙན་དངགས་མཁན་གྱིས་བརྩེ་བ་ཟབ་མོས་འདི་ལྟར་འབྲི་བཞེངས་མཛད་ཡོད་པ་སྟེ།

        འཛད་མཐའ་མེད་པའི་ལོངས་སྤྱོད་ནི་ཁྱེད་ལ་བདག་པ་མ་ལགས/བདག་གི་མུན་འཐིབས་པའི་མ་ཡུམ་ས་གཞི་བཟོད་སེམས་ཅན་ལགས/ཁྱེད་ཀྱིས་རང་ཉིད་ཀྱི་བྱིས་པ་རྣམས་ཀྱི་གྲོད་ཁོག་དགང་ཆེད་སྐུ་ངལ་བསྐྱོན་ནའང/བཟའ་ཆས་ནི་ཧ་ཅང་རྙེད་དཀའ་བར་གྱུར/ཁྱེད་ཀྱིས་བདག་ཅག་ལ་གནང་བའི་དགྱེས་པའི་ལེགས་སྐྱེས་ནི་ནམ་ཡང་ཡོངས་སུ་རྫོགས་པ་ཞིག་མ་ལགས་སོ/ཁྱེད་ཀྱིས་ཁྱེད་ཀྱི་བྱིས་པ་ཚོར་བཟོས་པའི་རྩེད་ཆས་ཚང་མ་ཆག་ཆོག་ཆོག་ཅིག་ཏུ་གདའ/ཁྱེད་ཀྱིས་རྣམ་པ་ཐམས་ཅད་དང་རེ་བ་མཐའ་དག་གི་ལྟོགས་པ་སེལ་བར་བྱེད་མི་ནུས་ནའང/ཅི་འདི་ཙམ་གྱིས་བདག་གིས་ཁྱེད་རང་བསྐྱུར་བར་བྱ་འོས་སམ?


        ན་ཟུག་གི་གྲིབ་མ་དང་བཅས་པའི་ཁྱེད་ཀྱི་འཛུམ་མདངས་ནི་ངའི་མིག་ཟུང་ལ་ཞིམ་མངར་ལྡན་ཞིང/ཚིམས་པའི་མཐའ་མི་རིག་པའི་ཁྱེད་ཀྱི་བརྩེ་བ་ནི་བདག་གི་སེམས་པར་ཧ་ཅང་སྙིང་ཉེ་བྱུང/ཁྱེད་ཀྱིས་ནུ་ཞོ་བླུད་དེ་བདག་ཅག་ལ་ཚེ་སྲོག་བསྟབས་ནའང/བདག་ཅག་ལ་འཆི་མེད་ཀྱི་གོ་འཕང་ཐོབ་ཏུ་འཇུག་མ་ཐུབ་པས་ཁྱེད་རང་ནམ་ཡང་གཉིད་མེད་དུ་བཞུགས་པའོ/ལོ་གང་མང་ཞིག་གི་རིང་ལ་ཁྱེད་ཀྱིས་ཁ་དོག་དང་གླུ་གཞས་ཀྱིས་ལས་ནའང/དེའི་ཡིད་སྐྱོ་བའི་བསམ་འཆར་ཁོ་ན་ཙམ་མ་གཏོགས/ཁྱེད་ཀྱི་དག་ཞིང་ད་དུང་བཞེངས་ཐུབ་པར་མ་གྱུར།

        … …

ཞེས་པ་ལྟར་ས་གཞི་དང་རང་བྱུང་ཁམས་ལ་བཅངས་པའི་བརྩེ་བ་ཟབ་མོ་མངོན་པར་མཚོན་ཞིང་།   བདག་ལེགས་པ་འབའ་ཞིག་དོན་དུ་གཉེར་བ་མ་ཡིན་པར།   ཇི་སྐད་དུ།

       ཁྱེད་ཀྱིས་རྣམ་པ་ཐམས་ཅད་དང་རེ་བ་མཐའ་དག་གི་ལྟོགས་པ་སེལ་བར་བྱེད་མི་ནུས་ནའང/ཅི་འདི་ཙམ་གྱིས་བདག་གིས་ཁྱེད་རང་བསྐྱུར་བར་བྱ་འོས་སམ?

ཞེས་པ་ལྟར་རང་གི་རེ་བ་མཐའ་དག་རྫོགས་པར་བྱེད་མི་ནུས་པ་ཙམ་དང“མ་ཡུམ”ལགས་དབུལ་ཞིང་ཕོངས་པའི་རྒྱུ་མཚན་ཙམ་གྱིས།  ས་གཞི་དང་རང་བྱུང་ཁམས་ཡལ་བར་འདོར་བར་མི་བྱེད་པའི་རླབས་ཆེན་གྱི་དགོངས་པ་མཚོན་པར་བདག་འདོད་དོ།།  

སྙན་དངགས་མཁན་གྱི་ངོར།  ས་གཞི་མ་ཡུམ་གྱི“ན་ཟུག་གི་གྲིབ་མ་དང་བཅས་པའི་འཛུམ་མདངས”ནི་ཧ་ཅང“ཞིམ་མངར་ལྡན”ལ།   ས་གཞི་མ་ཡུམ་གྱི“ཚིམས་པའི་མཐའ་མི་རིག་པའི་བརྩེ་བ”ནི“ཧ་ཅང་སྙིང་ཉེ”བའོ།།  ད་དུང་རང་ཉིད་ཀྱི་བརྩེ་བ་ས་གཞི་ལ་སྦྱར་ཏེ།  “རྩོལ་བ་ལ་བརྟེན་ནས་ཁྱེད་ལ་མཆོད་པ་བྱེད་པར་འགྱུར”ཞེས་པས་ཉི་དབང་མགོན་པོ་མཆོག་ས་གཞི་དང་རང་བྱུང་ཁམས་ལ་དགའ་ཞེན་ཚད་མེད་ཡོད་པར་མ་ཟད།  རང་ཉིད་ཀྱི་ཡོད་ཚད་ས་གཞི་དང་རང་བྱུང་ཁམས་ལ་འབུལ་འདོད་པའི་དགོངས་པ་མཚོན་ཞིང་།  འདི་ལྟ་བུའི་མི་ཚེའི་རེ་སྨོན་ནི་ཇི་འདྲའི་རླབས་ཆེ་ཞིང་རིན་ཐང་ལྡན་པ་ལ་ཨང་། དེ་ཡང་། རྒྱུ་ནོར་ལོངས་སྤྱོད་ལ་རྔམ་པའི་སྐྱེ་བོ་གང་མང་ཞིག་གིས་རྒྱུ་ནོར་ཡོད་པས་ཐམས་ཅད་ཡོད་པ་དང་ཐམས་ཅད་བདག་ཏུ་བཟུང་ནུས་པའི་འདོད་ཚུལ་ལ་སྙན་དངགས་མཁན་རང་ཉིད་ཀྱི་རིན་ཐང་གི་དགོངས་ཚུལ་གསུངས་པ་སྟེ།

      རྒྱུ་ཅན་ཁྱོད/ཁྱོད་ཀྱི་རྒྱུ་ནོར་ལ་ཉི་མའི་དགྱེས་པའི་གསེར་འོད་དང་བསམ་གཞིགས་ལ་ཐིམ་པའི་ཟླ་བའི་འོད་འཇམ་གྱི་བབ་ཆགས་ཀྱི་མཛེས་སྡུག་ཁྲོད་དུ་སྐལ་བ་ཅི་ཡང་མེད་ལ/ཐམས་ཅད་དུ་ཁྱབ་པའི་ནམ་མཁའི་གཟི་བྱིན་གྱིས་དེ་བྱིན་གྱིས་བརླབས་པར་མ་གྱུར་རོ/དེ་ནས་ནམ་ཞིག་འཆི་བ་ཐོན་ཙ་ན/དེ་ཉིད་སྐྱ་བོར་འགྱུར་ཞིང་སྐམ་རིད་དུ་འགྱུར་ལ/ས་འདོལ་དུ་བྲུལ་བར་འགྱུར་རོ།།

དེ་ཡང་།  སྙན་དངགས་མཁན་གྱིས་འཇིག་རྟེན་འདིར།  ཇི་ལྟར་འཚོ་བ་རོལ་དགོས་མིན་ལ་སྙན་ཚོམས་འདིའི་ཚན་པ་དང་བོར་ཁོང་གིས“སྲི་ཞུ་བ”ཡི་རྣམ་པར་བརྟེན་ནས་རང་ཉིད་ཀྱི་དགོངས་དོན་གསལ་བོར་བརྗོད་པར་བྱས་འདུག  སྲི་ཞུ་བ་ཁོང་ལ་མི་རྣམས་ཀྱིས་ཡིད་སྨོན་སྐྱེ་སའི་ཕྱག་ལས་ཏེ།  རྒྱལ་བོའི་ཕོ་བྲང་དུ་ལྷོད་ཀྱི་ལེར་གོ་ས་བཟུང་ཆོག་པར་མ་ཟད།  དམག་དཔུང་ཁྲིད་ཅིང་གཡུལ་ལ་བསྐྱོད་ནས་དཔའ་རྟགས་བཞག་སྟེ་མིང་གྲགས་ཀྱང་བླང་རུང་ནའང་།  ཁོང་གིས་མིང་གྲགས་དང་ཁེ་ཕན་ཁོ་ན་དོན་དུ་མི་གཉེར་ཞིང་། དབང་ཆ་དང་གོ་ས་དམིགས་ཡུལ་དུ་མི་འཛིན་པར། དེ་ལས་ལྡོག་སྟེ་རྒྱལ་མོ་ལ། “ང་རང་ཁྱེད་ཀྱི་མེ་ཏོག་ལྡུམ་རའི་ལྡུམ་ར་བ་བྱེད་དུ་གཞུག་པར་འཚལ”ཞེས་ཞུ་བ་ཕུལ་བ་དང་།  སྲི་ཞུ་བས་ལས་ཀ་གཞན་དག་ནི་སྤང་བར་བྱས།  རང་གི་རལ་གྲི་དང་མདུང་རིང་ནི་ཡང་ས་ལ་གཡུགས་ཏེ་ལས་ལ་བརྩོན་ཞིང་རྩི་ཤིང་དང་མེ་ཏོག་ལ་ཆབ་ཆུ་གཏོར་བའི་ལྡུམ་ར་བ་ཕལ་བ་ཞིག་བྱེད་འདོད་ཅིང་།   གླ་རྔན་མི་བསམས་པར།  རང་ཉིད་ཀྱི་དྲང་བདེན་དང་ལྷད་མེད་ཀྱི་ངལ་རྩོལ་ལ་བརྟེན་ནས་ལྡུམ་རའི་ཁྲོད་ཀྱི་མེ་ཏོག་གི་ཚོམས་ནམ་ཡང་སོས་པར་ཉར་བ་དང་། ལྡུམ་རའི་བདག་པོའི་ཡིད་སེམས་སྤྲོ་བས་བརྟས་པར་བྱས་ཏེ།  མཛེས་སྡུག་གི་འཇིག་རྟེན་ཞིག་ཏུ་འཚོ་བ་སྐྱེལ་དུ་འཇུག་པའི་དགོངས་པ་བླ་ན་མ་མཆིས་པ་མངོན་པར་མཚོན་ནོ།།

སྙན་ངག་ཁྲོད་ཀྱི“སྲི་ཞུ་བ”ནི་དོན་དུ་སྙན་དངགས་མཁན་ཁོང་གི་སྤྲུལ་བ་སྟེ། ཟེར་འོད་ཆེམ་ཆེམ་འཕྲོ་བའི་སྒྱུ་རྩལ་གྱི་རྣམ་པར་བརྟེན་ནས་རང་ཉིད་ཀྱི་རླབས་ཆེ་བའི་མི་ཚེའི་དགོངས་གཞི་མཚོན་པར་བྱས་ཤིང་།  སྤྱིར་བཏང་གི་ངལ་རྩོལ་བ་ཞིག་བྱས་ཏེ། མི་ཚེ་དང་བརྩེ་དུང་གི་སླད་དུ་མཛེས་སྡུག་གི་མེ་ཏོག་གསར་བ་བཏབ་ནས་མིའི་རིགས་མཛེས་ཤིང་སྡུག་པའི་འཇིག་རྟེན་ཞིག་ཏུ་འཚོ་བ་རོལ་དུ་འཇུག་པའི་རེ་སྨོན་མཚོན་པའོ།།

ཇོ་བོ་ཉི་དབང་མགོན་པོ་མཆོག་ཅིའི་ཕྱིར་མི་ཚེའི་འཚོལ་སྙེག་གི་བཤུལ་ལམ་རིང་མོའི་སྟེང་དུ་མགོ་ནས་མཇུག་བར་དུ་བརྩོན་འགྲུས་དང་བརྟན་བརླིང་།  ཡར་སྐུལ་གྱི་བསམ་པས་ཁེངས་ཡོད་པ་ཡིན་ནམ་ཞེ་ན།  དེ་ནི་དངོས་གནས་ང་ཚོས་ཞིབ་མོར་གླེང་རི་བའི་གནད་དོན་ཞིག་གོ། དེའི་རྒྱུ་མཚན་ང་ཚོས་སྙན་ཚོམས་འདིའི་ཚན་པ་གཉིས་པར་གཟིགས་པས་རྟོགས་ཐུབ་སྟེ། སྙན་ངག་ཚན་པ་འདིར་སྙན་དངགས་མཁན་གྱིས་ཁྱད་དུ་འཕགས་པའི་སྒོ་ནས་རང་ཉིད་དབུ་སྐྲ་དཀར་བོར་གྱུར་བའི་རྒད་པོ་ཞིག་གི་སྣང་བརྙན་དུ་བཞེངས་སྐྲུན་བྱས་ཤིང་།  དེ་མཐོང་བའི་མི་ཞིག་ན་རེ།

     “ཨཱ། སྙན་ངག་པ།  མཚན་གྱི་དུས་ཟིན་ལ་ཉེ་ཞིང་། ཁྱེད་ཀྱི་དབུ་སྐྲ་སྐྱ་བོར་ལོག་ཅིང་མཆིས/ཁྱེད་ཀྱིས་ཁེར་རྐྱང་གི་མནོ་བསམ་ལས་ཚེ་ཕྱི་མའི་གནས་ཚུལ་དེ་ཐོས་སམ?”

སྤྱིར་བཏང་གི་མི་ཞིག་གི་དབང་དུ་བྱས་ན།  འཇིག་རྟེན་འདིའི་མི་རྣམས་ན་རྒས་ཤིང་ལོ་ལོན་པར་གྱུར་ན། ད་ནི་ལས་དབང་ལ་སྐྱབས་སུ་སོང་ནས་དུས་རྒྱུན་འཆི་བ་དང་སྐྱེ་བ་རྗེས་མ་དྲན་ཏེ་ལོ་ཟླ་རེ་དོགས་ཀྱིས་སྐྱེལ་དགོས་པའི་ཚོད་ཡིན་ནའང་། ཧ་ཅང་ཡ་མཚན་པ་ཞིག་ལ་རྒད་པོ་འདིས་སྐད་ཆ་དེར་གསན་རྗེས་ད་དུང་ཐུགས་མི་ཕམ་པར།  ཁོང་ནི་རྒས་པར་གྱུར་ནའང་། འཇིག་རྟེན་འདིར་འཚོ་བའི་དུས། རང་ཉིད་འབའ་ཞིག་དོན་དུ་མི་གཉེར་བར། གཞན་དོན་སེམས་དགོས་པའི་རླབས་ཆེན་གྱི་བསམ་བློ་འཁྲུངས་ཡོད་མཁན་ཞིག་སྟེ།  ཁོང་རྒ་བའི་སྡུག་བསྔལ་གྱིས་མནར་ནའང་།  ཁོང་གིས་སྔར་བཞིན་དུ།

    “ལྷན་འཛོམས་མ་བྱུང་ཞིང་ན་གཞོན་པའི་སེམས་པ་དེ་དག་མཉམ་དུ་འཛོམས་མིན་དང/སྐོམ་པ་ཆེན་པོའི་མིག་ཟུང་ཆ་གཉིས་ཀྱིས་ཁོང་ཚོའི་ལྷིང་འཇགས་དཀྲོགས་པ་དང/ཁོང་ཚོའི་ཚབ་ཏུ་སྐད་ཆ་བཤད་སླད་རོལ་དབྱངས་ལ་རེ་འབོད་ཞུ་མིན་ལ་ཅེར་ཞིང་མཆིའོ།།”

རྒྱུ་མཚན་འདི་ཉིད་ལ་བརྟེན་ནས།  ཁོང་གིས་འདི་སྙམ་དུ་བསམས་ཏེ།

“གལ་ཏེ་ང་རང་ཚེ་སྲོག་གི་འཇུག་ངོགས་སུ་བསྡད་དེ/འཆི་བ་དང་ཚེ་ཕྱི་མར་སེམས་ལས་བྱས་ན/སུ་ཞིག་ནི་གནས་དེ་རུ་ཁོང་ཚོའི་བརྩེ་དུང་གི་གླུ་གཞས་འཐག་མཁན་ཡིན?”

        … …

ཞེས་རྒད་པོ་ཁོང་མི་ཚེའི་ལ་མགོར་བསླེབས་ཟིན་རུང་གཞན་དོན་འབའ་ཞིག་བསམས་པའི་དགོངས་གཞི་རིན་ཐང་བྲལ་ཞིང་བླ་ན་མ་མཆིས་པ་དེ་མཚོན་ཞིང་། དེ་ཙམ་དུ་མ་ཟད།  མི་ཚེའི་བཤུལ་ལམ་ནི་ཀྱག་ཀྱོག་ཆེ་ལ།

        “ཟླ་འོད་ཟད་པོའི་ཀློང་གི་ཁང་སྟོང་དེའི་ཁྱམས་ར་ལས་ཅེ་སྤྱང་གི་ཚོགས་སྡེབ་ཀྱིས་ངུ་སྔངས་བྱེད་ཅིང་མཆི”ལ།   ད་དུང་མུན་ནག་གི་སྤྱི་ཚོགས་ཁྲོད་དུ།  ཡུལ་གྱུར་བ།

       “ཁྱིམ་དང་བྲལ་ནས་གནས་འདི་རུ་མཚན་མོར་བལྟ་བ་དང/མུན་ནག་གི་ཤབ་ཤུབ་ལ་མགོ་སྒུར་ཏེ་ཉན་དུ་འོང་བ་ལ/གལ་ཏེ/ངས་སྒོ་རྣམས་བརྒྱབ་ནས་རང་ཉིད་མི་རྟག་པའི་འཆིང་ཐག་ལས་གྲོལ་རྩིས་བྱེད་པ་འོས་ན/སུ་ཞིག་ནི་གནས་དེ་རུ་ཁོང་གི་རྣ་བར་ཚེ་སྲོག་གི་གསང་བ་ལྐོག་ལབ་བྱེད་མཁན་ཡིན?

        … …

སྙན་དངགས་མཁན་གྱིས་རྒན་པོའི་རྣམ་པ་སྤྱད་ནས་རང་ཉིད་ཀྱི་མི་ཚེའི་ལྟ་ཚུལ་མཚོན་པར་བྱས་ཤིང་།  རྒན་པོའི་སྐད་ཆ་དང་བསམ་པའི་འཁྱེར་སོ་བརྒྱུད་ནས་ཁོང་གིས་མི་རྣམས་ལ་མི་ཚེའི་འཚོལ་སྙེག་ཁྲོད་ཀྱི་གསང་བ་བརྟོལ་བར་བྱས་པ་སྟེ།  མ་གཞི་མི་ཚེའི་དམིགས་ཡུལ་དང་མི་ཚེའི་རྣམ་འགྱུར་ནི་གཅིག་གྱུར་ཡིན་པ་དང་།  བརྩོན་སེམས་དང་ཡར་སེམས་ཀྱི་རྣམ་འགྱུར་ནི་རླབས་ཆེ་བའི་མི་ཚེའི་དམིགས་ཡུལ་ལ་བརྟེན་ནས་འོངས་པ་དང་།  རླབས་ཆེན་གྱི་འཚོ་བའི་དམིགས་ཡུལ་གྱིས་མི་རྣམས་ལ་བརྩོན་འགྲུས་དང་བརྟན་བརླིང་།  སྤྲོ་སྣང་གི་སྒོ་ནས་མི་ཚེ་ལ་གདོང་གཏོད་དུ་འཇུག་པས།  མི་ཚེའི་དམིགས་ཡུལ་དང་།  མི་ཚེའི་རྣམ་འགྱུར་རམ་ལྟ་སྟངས་ནི་གཅིག་ཕན་གཅིག་གྲོགས་སུ་སོང་བ་ཞིག་དགོས་པ་དང་། ཕན་ཚུན་མེད་དུ་མི་རུང་བ་ཡིན་པ་ནི་སྙན་ཚིག་འདི་ལས་གསལ་བོར་བསྟན་པར་བྱས་འདུག་སྙམ།  

ད་དུང་སྙན་དངགས་མཁན་ཇོ་བོ་ཉི་དབང་མགོན་པོའི་སྙུག་རྩེ་ལས། ཕྱུགས་ཆུང་བུ་མོའི་སེམས་ཀྱི་འགལ་འདུ་དང་རྙོག་དྲ་ཡང་གསལ་བོར་མཚོན་པར་བྱས་པ་སྟེ།   དེ་ཡང་སྙན་ངག་ཚན་པ་སོ་དྲུག་པར།

        ཁོས་ག་ལེ་ག་ལེར“བདག་གི་དགའ་མ།  ཁྱོད་ཀྱིས་མིག་ཟུང་འདེགས་པར་ཞུ”ཟེར/ངས་ངར་སྐད་དང་བཅས་ཏེ་ཁོ་ལ་གཤེ་ནས“ཕར་སོང”ཞེས་བཤད་མོད་ཀྱི/ཁོ་འགུལ་བར་མ་གྱུར་རོ།།

        ཁོ་ངའི་མདུན་དུ་ལངས་ཏེ་ངའི་ལག་ཟུང་འཇུས་པར་གྱུར/ངས“ང་ཐོངས”ཞེས་བཤད་མོད་ཀྱི/ཁོས་བཏང་བར་མ་གྱུར་རོ།།

        … …

        ཁོས་ངའི་སྐྲ་གསེང་ལ་མེ་ཏོག་ཅིག་བཙུགས་པར་གྱུར/ངས“དེས་ཀྱང་རྔོ་མི་ཐོགས”ཞེས་སྨྲས་མོད་ཀྱི/ཁོ་མ་འགུལ་བར་ལངས་ནས་བསྡད་པར་གྱུར།

       ཁོས་བདག་གི་སྐེ་ནས་མེ་ཏོག་གི་སྐེ་རྒྱན་དེ་བླངས་ནས་ཕྱིན་པར་གྱུར/ང་བཤུམས་ཏེ་རང་གིས་རང་ལ“ཁོ་ཇི་ག་ཕྱིར་མི་འོང་བ་ཡིན་ནམ”ཞེས་དྲིས།

ཉི་དབང་མགོན་པོའི་སྙུག་ཁ་རུ།  བརྩེ་དུང་ལ་ཞིམ་མངར་ལྡན་ཞིང་།  དགའ་སྤྲོས་བརྟས།

        ངེད་ཅག་གི་སེམས་པའི་ཟིན་ཐོ་ལག་པ་ཕྱག་ཟུང་ལ་དེ་བཞིན་འཐམས་ཏེ་དབུ་བཙུགས་ཤིང་/འདྲེན་བྱེད་སྤྱན་ཟུང་ལ་དེ་ལྟར་འཁྲེང་སྟེ་མགོ་ཚུགས/དེ་ནི་ཟླ་གསུམ་པའི་ཟླ་ངོགས་ཀྱི་མཚན་མོ་ཞིག་སྟེ/མེ་ཏོག་ཧིན་ནཱའི་ཞིམ་མངར་གྱི་དྲི་བསུང་མཁའ་དབུགས་ཁྲོད་འཐུལ་བར་གྱུར་ཞིང/བདག་གི་འཕྲེད་གླིང་ས་ཐོག་ཏུ་སྣང་མེད་ངང་འགྲིལ་འདུག་ལ/ཁྱེད་ཀྱི་མེ་ཏོག་གི་ཕྲེང་བ་ད་རུང་བརྒྱུས་ནས་ཚར་མེད/ང་དང་ཁྱོད་ཀྱི་བརྩེ་བ་འདི་གླུ་དབྱངས་ཤིག་དང་འདྲ་བར་དེ་འདྲའི་ལྷད་མེད་ཅིག      

… …

        ངེད་གཉིས་ཀྱིས་སྐབས་ནམ་ཞིག་ལའང/སེམས་གཏམ་བཞག་ནས་མཐའ་མེད་ཀྱི་ལྷིང་འཇགས་སུ་འཁྱམས་པར་མ་གྱུར/ངེད་གཉིས་ཀྱིས་དུས་ནམ་ཞིག་ལའང/རེ་བ་ལས་འགོངས་ཤིང་རྙེད་དཀོན་པའི་དངོས་པོ་གང་ཞིག་འཐོབ་ཆེད་དུ་ལག་ཟུང་སྟོང་བའི་དབྱིངས་སུ་བརྐྱངས་པར་མ་གྱུར/ཅི་ཞིག་ངེད་གཉིས་ཀྱིས་སྤྲད་པ་དང་གང་ཞིག་ངེད་གཉིས་ལ་འཐོབ་པ་དེ་འབའ་ཞིག་གིས་རུང་བར་ཡོད/ངེད་གཉིས་ཀྱིས་དགའ་སྤྲོ་རྡུལ་དུ་གཅིར་ནས་དེ་ལས་སྡུག་བསྔལ་གྱི་ཆང་རག་མ་བཙགས/ང་དང་ཁྱོད་ཀྱི་བརྩེ་བ་འདི་གླུ་དབྱངས་ཤིག་དང་འདྲ་བར་དེ་དྲའི་ལྷད་མེད་ཅིག

སྙན་དངགས་མཁན་ཁོང་གི་སྒྱུ་རྩལ་མཚོན་ཐབས་ནི་ཧ་ཅང་ཡིད་དབང་འཕྲོག་པ་ཞིག་སྟེ། ཟུར་དང་ཕྲ་མོ་བརྗོད་པ་སོགས་ལ་བརྟེན་ནས་གནས་ལུགས་ཤིག་དང་གནས་སྟངས་ཤིག་བསྡུས་པའི་ཚུལ་གྱིས་འགྲེལ་བརྗོད་དང་བཞེངས་སྐྲུན་བྱེད་ཅིང་།  ཉམས་ཀྱིས་གཏམས་ཤིང་ཡིད་སེམས་དབང་མེད་དུ་འདྲེན་པར་བྱེད་པ་སྟེ།   དཔེར་ན་ཚན་པ་ང་བཞི་བར།

        མཚན་གྱི་དུས་འདི་འདྲ་འཕྱི་བོ་ཞིག་ལ་ཁྲོམ་རའི་སྒོ་ཡང་བརྒྱབ་ཟིན་པས/ཁྱེད་ཀྱིས་སློ་མ་བཟུང་སྟེ་གང་ཞིག་ལ་བྲེལ་འཚུབ་ཀྱིས་བཞུད་ཅིང་མཆི?/ཁོང་ཚོ་ཚང་མ་ཁུར་བོ་དང་ལྷན་དུ་ཁྱིམ་ལ་ལོག་པར་གྱུར་ལ/ཟླ་བས་སྡེ་བའི་སྡོང་མགོ་ནས་ལྐོག་ལྟ་བྱེད་ཅིང་མཆི/གྲུ་གཟིངས་འབོད་ཀྱིན་པའི་བྲག་ཆ་ནི་ཆུ་མོ་ནག་པོ་དེ་བརྒྱུད་ནས་རྒྱང་རིང་གི/རི་སྐྱེས་ངང་བ་གཉིད་སའི་འདམ་རྫབ་ཡོད་སའི་བར་དུ་འཁྱིལ་ཞིང་གདའ/ཁྲོམ་རའི་སྒོ་ཡང་བརྒྱབ་ཡོད་པས་ཁྱེད་ཀྱིས་སློ་མ་བཟུང་སྟེ/གང་ཞིག་ལ་བྲེལ་འཚུབ་ཀྱིས་བཞུད་ཅིང་མཆི?

        … …

འདི་ནས་ན་ཆུང་མ་ཞིག་གིས་ཁྲོམ་རའི་སྒོ་བརྒྱབ་ཟིན་ནའང་ཕ་མ་དང་གྲོགས་པོ་གྲོགས་མོ་རྣམས་ཀྱིས་མི་རྟོགས་ཕྱིར་ཁྲོམ་ལ་ཚལ་ལམ་ཅི་ཞིག་ཉོ་རུ་འགྲོ་བའི་ཟོལ་གྱིས་རང་གི་སྙིང་སྡུག་གི་ཕྱོགས་སུ་འཚེར་སྣང་དང་ཐེ་ཚོམ་དང་བཅས་ཏེ།  སྐྲག་སྣང་གི་མིག་ཟུང་རིག་རིག་དང་། སུ་ཞིག་ལ་ཐུག་དོགས་དང་གང་ཞིག་དང་འགལ་དོགས་ཀྱིས་བྲེལ་འཚུབ་དང་དངངས་འཚབ་ཀྱིས་བཞུད་ཀྱིན་པའི་སྣང་བརྙན་ཞིག་མིག་ལམ་ལ་འཆར་བར་མི་བྱེད་དམ། འདི་དང་འདི་ལྟ་བུའི་ཡིད་དབང་སིམ་པར་བྱེད་པའི་སྙན་ངག་གི་ཉམས་ཧ་ཅང་ཕུན་སུམ་ཚོགས་པས་ཁྱེད་ཀྱིས་ག་ལེར་ཀློགས་དང་མཁྱེན་པར་འགྱུར་ལ་འདིར་མངས་སུ་དོགས་པས་སྙན་ཚོམས་འདིའི་ཁྱད་ཆོས་བརྗོད་པ་རེ་ཞིག་བསྐྱུངས་པར་བྱས་སོ།།

དེ་ཡང་འདིར་མི་བརྗོད་ཐུ་མེད་དུ་གྱུར་བ་ཞིག་ནི།   སྟེས་དབང་ངམ་རྟེན་འབྲེལ་གང་རུང་ཞིག་གི་དབང་གིས་ངེད་ཅག་ནི་སྙན་དངགས་མཁན་ཇོ་བོ་ཉི་དབང་མགོན་པོའི་སྐལ་བ་ལྡན་ཞིང“ལུང་དུ་བསྟན་པ”ཡི་ཀློག་མཁན་དག་ཡིན་པའང་འདྲ་སྟེ།  དེ་ཡང་སྙན་ཚོམས་འདིའི་ཚན་པ་ཆེས་མཐའ་མ་སྟེ་གྱ་ལྔ་བར།  ཇི་སྐད་དུ།

      ཝེ!  ལོ་ངོ་བརྒྱ་ཕྲག་གཅིག་གི་རྗེས་སུ་བདག་གི་སྙན་དངགས་ཀློག་མཁན་ཁྱོད་སུ་ཡིན? /བདག་གིས་དཔྱིད་ཀའི་ལོངས་སྤྱོད་ལས/ཁྱོད་ལ་མེ་ཏོག་རྐང་གཅིག་ཀྱང་བསྐུར་ཐུབ་པར་མི་འདུག་ལ/གནམ་མཐའི་སྤྲིན་ཚོམས་ལས་གསེར་རིས་རྐྱ་གཅིག་ཀྱང་བསྐུར་ཐུབ་པར་མི་འདུག་ལགས།

       ཁྱོད་ཀྱི་སྒོ་གླེགས་ཕྱེ་ནས་ཕྱི་རོལ་ཏུ་གཟིགས་པར་འཚལ/རང་གི་འབུས་ཀྱིན་པའི་ལྡུམ་ར་ལས་ལོ་ངོ་བརྒྱ་ཕྲག་གཅིག་གི་སྔ་རོལ་ཏུ་ཡལ་ཟིན་པའི/མེ་ཏོག་གི་ཚོམས་ཀྱི་དྲི་ཞིམ་གྱི་དྲན་ཤིང་འཐུ་བར་འཚལ/ཁྱོད་ཀྱིས་རང་ཉིད་ཀྱི་སེམས་པའི་དགའ་སྣང་དང་ལྷན་དུ/བཞུད་ཟིན་པའི་དཔྱིད་དུས་ཀྱི་ཞོགས་པ་ཞིག་ལ་བླངས་པའི་རང་གི་སྤྲོ་སྣང་གི་གྲེ་འགྱུར་དེ/བརྒྱ་ཕྲག་གཅིག་གི་རྗེས་ལ་རྫོགས་ཀྱིན་པའི་དགའ་བའང་ཉམས་སུ་མྱང་བར་ཤོག

ཞེས་པ་ལྟར“ཝེ!  ལོ་ངོ་བརྒྱ་ཕྲག་གཅིག་གི་རྗེས་སུ་བདག་གི་སྙན་ངག་ཀློག་མཁན་ཁྱོད་སུ་ཡིན? ”ཞེས་ངེད་ཅག་ལ་བཀའ་འདྲི་གནང་བའི་ཚུལ་གྱིས“ལུང་དུ་བསྟན”འདུག་ལ།  གོང་དུ་བརྗོད་ཟིན་པ་ལྟར་ད་ནས་བརྩིས་པའི་མི་ལོ་བརྒྱ་ཕྲག་གཅིག་ཏག་ཏག་གི་སྔོན་ཏེ་སྤྱི་ལོ༡༩༡༣ལོར།  སྙན་དེབ་འདི་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཐོག་མར་དཔར་ཞིང་།   ད་ལོ་སྟེ་སྤྱི་ལོ༢༠༡༣ལོར་བོད་གངས་ཅན་གྱི་སྐད་དུ་བསྒྱུར་ཞིང་དཔར་ནས་ཁྱེད་ཀྱི་ཕྱག་ཏུ་བསྣམས་ཡོད་པས་རྟེན་འབྲེལ་མ་བསྒྲིགས་རང་འགྲིག་ཏུ་སོང་ལ།  རང་ཉིད“ལུང་དུ་བསྟན”ཞིང་རྗེས་སུ་བཟུང་བའི་་ཀློག་མཁན་དུ་སྒོམ་ཞོར་སྙན་དངགས་མཁན་སྐུ་དངོས་ཀྱིས་ཁྱེད་ཀྱི་སྙན་ལམ་དུ་སྙན་ཚིག་རེ་རེ་ཤུབ་བུར་ཟློ་བཞིན་པའི་ཟོལ་གྱིས་རོལ་མྱོང་གནང་བར་ཞུ།

བརྩེ་བའི་ཀློག་པ་པོ་ལགས། ཁྱེད་ཅག་གིས་བྲེལ་འཚུབ་ཀྱི་ཕྱག་ལས་ཁྲོད་ནས་དབུངས་དབྱུང་གི་ཁོམ་སྐབས་རེ་བཙལ་ཏེ་སོས་དལ་ངང་བཞུགས་པའི་དུས། འོ་ཇའམ་འཚིག་ཇ་གང་རུང་ཞིག་མཆོད་ཞོར་དུ་སྙན་ཚོམས་འདི་དག་གི་བྲོ་བ་སྣ་འཛོམས་དེ་དག་ཤོག་ལྡེབས་གཅིག་རེའམ་གཉིས་རེ་བུལ་གྱིས་སློག་པར་བྱས་ནས་རིམ་གྱིས་མྱོངས་དང་། འདི་དག་གིས་ཁྱེད་ཀྱི་ཡིད་སེམས་བཟི་བར་བྱེད་ཅིང་། དག་ཞིང་ལྟ་བུའི་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་ཏུ་དྲངས་པར་བྱས་ཏེ། ཡིད་སེམས་ནི་སིམ་པ་དང་གདུང་བ། བར་མ་གསུམ་གྱིས་ཁྱབ་པར་འགྱུར་ཞིང་འཆར་ཡན་གྱི་འགྱུ་བག་རྒོད་པོས་ཁྱེད་ཉིད་ལ་ཨི་ཙི་ལུ་གུ་སྒོག་པ་ལྟ་བུ་དང་།  ན་ཆུང་གི་བརྩེ་ཞེན་དྲག་པོས་ཁྱེད་ཉིད་ལ་སེན་འཐོག་བྱེད་པ་ལྟ་བུ།  མཚན་ཉིད་པའི་གཏན་ཚིགས་སྲ་མོས་ཁྱེད་ཉིད་ལ་ཤ་གཅུ་ཐེངས་རེ་རྒྱག་པ་ལྟར་བྱེད་སྲིད་པས། དེ་དག་རང་ཉིད་ཀྱི་ཁེ་དང་ཐོབ་ཏུ་བསྒོམས་ནས་ཇི་དགར་ལོངས་སུ་སྤྱོད་པར་མཛོད་ཅིག

དེབ་འདིའི་ཁ་བྱང་སྤྱིར་དབྱིན་སྐད་ཐད་སྒྱུར་གྱི་དབང་དུ་བྱས་ན<<ལྡུམ་ར་བ>>ཞེས་འདོགས་རིགས་མོད།  སྙན་དངགས་མཁན་གྱིས་དབྱིན་སྐད་དུ་བསྒྱུར་བའི་ཚེ་དབྱིན་ཇིའི་ཀློག་པ་པོ་བློ་ཡུལ་དུ་འཇོག་དགོས་ཤིང་དེ་དག་ལ་རུང་བསྟུན་བྱེད་དགོས་པས་ལྡུམ་ར་བར་བསྒྱུར་བར་མངོན་ཞིང་།              <<སྙིམ་པའི་གླུ>>ཡོངས་སུ་རྫོགས་པ་བངྒ་ལའི་སྐད་ནས་ཧིན་སྐད་དུ་སྒྱུར་མཁན་མུ་ར་ལཱི་དྷ་ར། ཤྲཱི་བསྟཱབ་ཤེ་ཁར (मुरली धर शेखर)ལགས་ལ་ཇོ་བོ་ཉི་དབང་མགོན་པོ་ཉིད་ནས་བངྒ་ལའི་སྐད་དང་ཧིན་སྐད་ནི་གཤིས་ཀ་ཧ་ཅང་ཐག་ཉེ་བས།  ཧིན་སྐད་དུ་ཡང་བངྒ་ལི་སྐད་ལྟར་དུ། མཱ་ལཱི(माली)སྟེ་ལྡུམ་ར་བར་མ་ཡིན་པར། མཱ་ལ་ཀཱ་ར་(মালাকার)(मालाकार)སྟེ་མེ་ཏོག་ཕྲེང་རྒྱུད་རང་དུ་བསྒྱུར་ན་ལེགས་ཚུལ་གསུངས་པ་ལྟར། འདིར་བོད་འགྱུར་དུ་ཡང་སྙན་དངགས་མཁན་ཁོང་གི་ཞེ་འདོད་དེ་གཞིར་བཞག་ནས<<མེ་ཏོག་ཕྲེང་རྒྱུད>>ཅེས་བཏགས་པའོ།།

ཉི་ཟེར་སྒྱུ་འཕྲུལ་གྱི་སྣང་བ།། 

ཟླ་བ་གཞོན་ནུ་ལ་དབོག་ནས།། 

མུན་སྟུག་མུན་ནག་འདིའི་ཀློང་གི། 

ཀུ་མུད་འཛུམ་འཛུམ་ཞིག་བྱུང་ན།།

བོད་ཀྱི་རྩོམ་རིག་དབྱར་གྱི་ཆུ་བོ་ལྟར་རྒྱས་པར་གྱུར་ཅིག


སྤྱི་ལོ༢༠༡༣ལོའི་ཟླ༨པའི་ཚེས༢༢ཉིན་གྱི་མཚན་མོར་ཟླ་བ་གཞོན་ནུས་འཕགས་ཡུལ་བྱང་ཕྱོགས་དྷརྨཤཱལཱ་རུ་བྲེལ་སྟབས་ཀྱིས་སྦྱར་བ་དགེའོ།།