-->

Jul 13, 2021

༄༅། །ང་བརྒྱད་མའི་འགྲེལ་བ་བཞུགས།

 

༄༅། །ང་བརྒྱད་མའི་འགྲེལ་་བཞུགས།

 



༄༅། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་་ལ་ཕྱག་འཚལ་ལོ། །

སྒྲ་་ང་ཡིན་རྟོག་གེ་་ང་སྨྲ་བ་ངན་འཇོམས་ང་འདྲ་མེད། །

སྡེབ་སྦྱོར་ང་མཁས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང༌། །

དུས་སྦྱོར་ངས་ཤེས་ཕྱི་ནང་ཀུན་རིག་རྣམ་དཔྱོད་བློ་གྲོས་མཚུངས་མེད་ང༌། །

དེ་འདྲ་གང་ཡིན་ས་སྐྱ་པ་སྟེ་མཁས་པ་གཞན་དག་གཟུགས་བརྙན་ཡིན། །

འགའ་ཞིག་འདི་སྐད་དུ་འདྲི་སྟེ། ས་སྐྱ་པཎྜི་ཏ་ཁྱོད་མཁས་པ་རྣམས་ལ་ཡོངས་སུ་གྲགས་པའི་ཤེས་བྱ་ཕལ་ཆེ་བར་ཤེས་པར་ཁས་འཆེ་བ་ཅིག་འདྲ་ན་མངོན་པའི་ང་རྒྱལ་གྱིས་མི་ཤེས་བཞིན་དུ་ཤེས་སོ་སྙམ་ནས་ཁས་འཆེས་སམ། འོན་ཏེ་ཤེས་པ་དང་མི་ཤེས་པ་གང་གི་ཡང་རྟོག་དཔྱོད་མ་བཏང་བར་བསྙོན་ཚིག་ལྟར་འདོད་རྒྱལ་དུ་ཁས་བླངས་པ་ཞིག་གམ། གལ་ཏེ་ཡ་རབས་ཀྱི་ཚུལ་དུ་ལེགས་པར་ཤེས་པ་ལ་ཤེས་པར་བཟུང་ནས་དྲང་བོའི་རང་བཞིན་ཉིད་སྨྲས་པ་ཡིན་ཞེ་ན། སྨྲས་པ། འདི་རྒྱུ་མཚན་མེད་པར་སྨྲ་བ་མ་ཡིན་གྱི། ལེགས་པར་ཐོས་ཤིང་ཤེས་ལ། གཞན་དག་ལ་ཡང་ཆོས་དང་མཐུན་པར་ལེན་འདེབས་ནུས་པར་མྱོང་བས་གྲུབ་ནས་སྒྲ་་ང་ཡིན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལ་སྒྲ་ནི་བརྡ་སྤྲོ་པར་བྱེད་པའི་བསྟན་བཅོས་ཡིན་ལ། དེའི་གཙུག་གི་ནོར་བུ་ལྟ་བུ། སྒྲ་ཀ་ལཱ་པ་དང༌། ཙནྡྲ་པ་དང༌། དེ་དག་གི་མིང་གི་སྒྲ་སྒྲུབ་པ་སུ་པནྟི་དང༌། སྒྲའི་བྱིངས་སྒྲུབ་པ་ཏི་ངནྟའི་རབ་ཏུ་བྱེད་པ་གཉིས་དང༌། བྱེད་པའི་ཚིག་སྒྲུབ་པ་པུ་ཎྱ་ཤྲཱིས་མཛད་པའི་པྲ་ཀྲྀ་ཡ་ལ་སོགས་པ་སྒྲའི་བསྟན་བཅོས་ཡན་ལག་དང་བཅས་པ་ཐོས། འདི་དག་སྨྲ་བ་ལ་རྒྱ་གར་གྱི་པཎྜི་ཏ་སྒྲ་ལེགས་པར་ཤེས་པ། ཆགས་སྡང་མེད་ཅིང་གཟུ་བོར་སྨྲ་བ་ཅིག་ལ་དྲིས་ན། ཁོ་བོའི་རྣམ་པར་ཐར་་ཤེས་པར་འགྱུར་རོ། །སྒྲའི་བསྟན་བཅོས་བོད་ལ་ཉེ་བར་མཁོ་བ་ཙམ་ཞིག་ཁོ་བོས་མཁས་པ་རྣམས་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་སྦྱར་བ་དེར་བལྟ་བར་བྱའོ། །དེས་ན་སྒྲ་་ང་ཡིན་ཞེས་སྨྲས་སོ། །

རྟོག་གེ་་ང་ཡིན་ཞེས་སྨྲ་བ་ཡང༌། རྟོག་གེ་ནི་གཞུང་དོན་གྱི་འགལ་འབྲེལ་དཔྱོད་པའི་བསྟན་བཅོས་ཡིན་ལ་དེའི་བསྟན་བཅོས་གཙུག་གི་ནོར་བུ་ལྟ་བུ་ཚད་མ་ཀུན་ལས་བཏུས་དང༌། དེའི་ཚིག་དོན་གཏན་ལ་འབེབས་པ་ཚད་མ་རབ་ཏུ་བྱེད་པ་སྡེ་བདུན་ཡན་ལག་དང་བཅས་པ་ཤེས་ལ། རྣམ་འགྲེལ་ཉན་པ་ཉིད་ཀྱི་ཚེའང་ཚད་མ་ཀུན་ལས་བཏུས་ཀྱང་བཤད་གཞིར་བྱས་ནས་ཐོས་པ་ཡིན་ནོ། །འདི་དག་ལེགས་པར་ཤེས་པ་ཡང་རྒྱ་གར་གྱི་པཎྜི་ཏ་སྡེ་བདུན་ལེགས་པར་ཤེས་པ་རྣམས་དང༌། བོད་ཀྱི་རྟོག་གེ་་བློ་གྲོས་དང་ལྡན་པ། གཞུང་ལུགས་ཤེས་པ། བློ་གཟུ་བོར་གནས་པ་དག་དང་བརྩད་ཅིང་དྲིས་པའི་སྒོ་ནས་བདག་གིས་རྩོད་པའི་ཚུལ་དང་བཤད་པའི་སྒོ་ནས་གཞུང་དང༌། དོན་གྱི་འགལ་འབྲེལ་ལེགས་པར་བསྡེབས་པའི་བློའི་སྤོབས་པ་འདི་ཙམ་ཞིག་གོ་ཞེས་རྟོག་གེ་བ་དེ་དག་གིས་རྟོགས་པར་ཟད་དོ། །རིགས་པའི་འཇུག་ཚུལ་འདི་ཡང་ཁོ་བོས་བྱས་པའི་ཚད་མའི་བསྟན་བཅོས་རིགས་པའི་གཏེར་ཞེས་བྱ་བ་དེར་བལྟ་བར་བྱའོ། །དེས་ན་རྟོག་གེ་་ང་ཞེས་སྨྲས་པ་ཡིན་ནོ། །

སྨྲ་བ་ངན་འཇོམས་ང་འདྲ་མེད། །ཅེས་སྨྲ་བར་ནུས་པ་ཡང༌། རང་གི་སྡེ་་གྲུབ་མཐའ་འཛིན་པ་བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་་སྟེ་དོན་སྨྲ་བ་གཉིས་དང༌། རྣམ་བཅས་དང༌། རྣམ་མེད་པ་སྟེ་རྣམ་རིག་སྨྲ་བ་གཉིས་དང༌། ཐམས་ཅད་ངོ་བོ་ཉིད་མེད་པར་སྨྲ་བ་དབུ་མ་་སྟེ། བདེ་བར་གཤེགས་པའི་བསྟན་པ་ཁས་ལེན་པ་སངས་རྒྱས་པའི་རིགས་པར་སྨྲ་བ་ལྔ་དང༌། ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་། གྲངས་ཅན་པ་དང༌། རིག་པ་ཅན་དང༌། རིག་བྱེད་པ་དང༌། ཟད་བྱེད་པ་དང༌། ཚུ་རོལ་མཛེས་པ་བ་སྟེ། མུ་སྟེགས་རྟོག་གེ་སྡེ་ལྔ་སྟེ། མདོར་ན་རང་དང་གཞན་གྱི་སྡེ་་བཅུ་བོ་དེ་དག་ལ་གྲགས་པའི་ལུང་དང་རིགས་པའི་འགལ་འབྲེལ་གྱི་གནད་ཤེས་པས་མ་རྟོགས་པ་དང་ལོག་པར་རྟོག་པ་དང༌། ཐེ་ཚོམ་གྱི་སྐྱོན་གསུམ་སེལ་ཞིང་མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། ཡིད་ཆེས་པའི་ཚིག་དང༌། གྲགས་པ་གསལ་བའི་སྒོ་ནས་གནོད་པ་རྣམ་པ་བཞི་དང༌། དོན་དང༌། བློ་དང༌། སྒྲའི་སྐྱོན་བརྗོད་པས་གཏན་ཚིགས་ལྟར་སྣང་སུན་འབྱིན་པ་དང༌། ཚིག་དོན་དང༌། ལྟག་ཆོད་ལ་སོགས་པའི་སྒོ་ནས་སྒྱུ་ཐབས་སུ་སུན་འབྱིན་པ་དང༌། ཐུབ་པ་རྐང་མིག་ལ་སོགས་པ་ཚར་གཅད་པའི་གནས་ཉི་ཤུ་རྩ་གཉིས་བཤད་པ་དང༌། མཁས་པ་རྣམས་ཀྱི་གཙུག་ནི་ནོར་བུའི་བཞེད་པ་རྒོལ་བ་དང༌། ཕྱི་རྒོལ་བ་ལ་བརྟེན་པའི་ཚར་གཅད་པའི་གནས་ལེགས་པར་གོ་བས་ཆོས་དང་མཐུན་པར་ཕྱིར་རྒོལ་བ་ཚར་གཅོད་ཀྱི་རྩོད་པའི་སྐབས་འཆོལ་བར་བྱ་བའི་དོན་དུ། གར་དང༌། ཅ་ཅོ་དང༌། སྡིགས་མཛུབ་དང༌། མིག་ཟུར་དང༌། ཟུར་སྟོན་པ་དང༌། རྣ་བ་མི་གཏོད་པ་དང༌། རྒྱབ་ཀྱིས་ཕྱོགས་པ་དང༌། པུས་མོས་འགྲོ་བ་དང༌། སྤྲེའུ་ལྟར་མགོ་དང་ཁ་བཞིན་བསྒྱུར་བ་དང༌། སྨྱོན་པ་ལྟར་རྒྱུན་མ་ཆད་པར་སྨྲ་བ་དང༌། གོའི་དོགས་པ་ལྟར་མྱུར་བ་མྱུར་བར་བཤུགས་པ་དང༌། ས་འཐོར་བ་དང༌། སྨྲས་ནས་འཕྲོས་པ་དང༌། བརྗོད་པ་མ་རྫོགས་པར་རྒྱལ་བའི་སྒྲ་སྒྲོགས་པ་དང༌། དཔང་བོ་ལ་ངོར་བསྟོད་དེ། ཕྱོགས་སུ་སྡུད་པ་དང༌། དཔུང་འབྱིན་ཏེ་སྒྲོགས་སུ་འཇུག་པ་དང༌། ཡི་གེ་དང༌། ཕྲིན་དང༌། ཕོ་ཉའི་སྒོ་ནས་ཕ་རོལ་སྨ་ཅི་ཕབས་སུ་གཏོང་བ་དང༌། རང་ལ་རྒྱལ་བའི་སྒྲ་ཐོབ་པར་བྱ་བའི་ཕྱིར་ངན་གཡོ་བའི་སྦྱོར་བ་སྣ་ཚོགས་ཀྱི་སྒོ་ནས་ཕ་རོལ་གྱི་མགོ་སྨོད་པ་ནི། བླུན་པོ་འགའ་ཞིག་མགུ་བར་ནུས་ཀྱང༌། མཁས་པ་རྣམས་ཀྱིས་ཁྲེལ་ཞིང༌། རང་ཉིད་ངོ་ཚ་བའི་གནས་ཡིན་ནོ། །དེའི་ཕྱིར་དེ་ལྟ་བུའི་རྩོད་པ་ནི་མཁས་པ་རྣམས་མི་བཞེད་དོ། །གྲུབ་པའི་མཐའ་འདི་དག་ཀྱང་ཁོ་བོས་བྱས་པའི་གྲུབ་མཐའི་རྣམ་འབྱེད་ཅེས་བྱ་བའི་བསྟན་བཅོས་དེར་བལྟ་བར་བྱའོ། །དེ་ལྟར་རིགས་པ་དང་རིགས་པ་མ་ཡིན་པའི་རྩོད་ཚུལ་ཤེས་པས། སྨྲ་བ་ངན་འཇོམས་ང་འདྲ་མེད་ཅེས་སྨྲས་པ་ཡིན་ནོ། །

སྡེབ་སྦྱོར་ང་མཁས་ཞེས་སྨྲས་པ་ཡང༌། སྡེབ་སྦྱོར་ནི་ཡི་གེ་དང་ཚིག་བསྡེབས་པའི་སྦྱོར་བའོ། །དེ་ལའང་ཚིགས་སུ་བཅད་པ་གཉིས་ཏེ། རྒྱུད་འཕེལ་དང་བསྐྱེད་པའོ། །དང་བོ་ལའང་མཉམ་པ་དང༌། ཕྱེད་མཉམ་པ་དང༌། མི་མཉམ་པ་སྟེ་གསུམ་ལས། དེ་དག་སོ་སོའི་རྣམ་པར་གཞག་པ་ཡང༌། སྤྱིའི་མཚན་ཉིད་དང༌། བྱེ་བྲག་གི་མཚན་ཉིད་གཉིས་གཉིས་ཡོད་པ་ལས། སྤྱི་ལ་དབྱངས་སྒྲོགས་དང༌། རབ་དགའ་དང༌། རྗེས་སུ་བསྔགས་པ་ལ་སོགས་པ་དང༌། སོ་སོའི་དབྱེ་བ་དབུས་ཕྲ་དང༌། གཞོན་ནུ་རོལ་་དང༌། རྐང་བཀྲ་དང༌། བཤོལ་གདོང་དང༌། རྨ་བྱའི་འགྲོས་དང༌། དབང་བོ་རྡོ་རྗེ། ཉེ་དབང་རྡོ་རྗེ། ཉེར་བསྐྱེད། འཇོ་བ། ས་ལི་ནི་ལ་སོགས་པ་དང༌། དེ་བཞིན་དུ་སྟག་རྣམ་པར་རྩེན་པ་དང༌། སེང་གེ་རྣམ་པར་བསྒྱིངས་པ་དང༌། མེ་ཏོག་ཕྲེང་འཛིན་ལ་སོགས་པའོ། །གཉིས་པ་བསྐྱེད་པ་ལ་དབྱེ་ན། འཕགས་པ་དང༌། རོ་ལངས་ཅན་དང༌། ཕྱི་མོ་མཉམ་པ་སྟེ་གསུམ་མོ། །དེ་དག་སོ་སོའི་རྣམ་པར་གཞག་པ་ཡང༌། ཕན་བྱེད་དང༌། ཡངས་མ་དང༌། འཕགས་པའི་དབྱངས་ལ་སོགས་པ་ཕྱི་མོ་བགྲང་བའི་སྦྱོར་བ་རྣམས་ཡིན་ནོ། །དེ་དག་གི་ཡི་གེའི་སྦྱོར་བ་ཡང༌། རིང་བ་དང༌། ཐུང་བ་དང༌། མཐུག་པ་དང༌། སྲབ་པ་དང༌། རྐྱང་་དང༌། བརྩེགས་པ་རྣམས་ལ་ལྕི་ཡང་དང༌། ངལ་བསོ་བའི་གནས་ཀྱིས་ཕྱེ་བའི་སྡེབ་སྦྱོར་ཏེ། འདི་དག་ལེགས་པར་ཤེས་པར་འདོད་པས། ཁོ་བོས་བྱས་པའི་སྡེབ་སྦྱོར་སྣ་ཚོགས་མེ་ཏོག་གི་ཆུན་པོ་ཞེས་བྱ་བའི་བསྟན་བཅོས་སུ་བལྟ་བར་བྱའོ། །དེ་ལྟ་བུ་སྟོན་པའི་གཞུང༌། སྡེབ་སྦྱོར་རིན་ཆེན་འབྱུང་གནས་དང༌། བྲྀཏྟ་མཱ་ལ་ལ་སོགས་པ་ལེགས་པར་ཤེས་པས་སྡེབ་སྦྱོར་ང་མཁས་ཞེས་སྨྲས་པ་ཡིན་ནོ། །

སྙན་ངག་ང་ཉིད་ཅེས་སྨྲས་པ་ཡང་སྙན་ངག་གི་མཚན་ཉིད་སྟོན་པར་བྱེད་པ་རྒྱན་གྱི་བསྟན་བཅོས་དང༌། དེའི་མཚན་ཉིད་དང་མི་འགལ་བར་སྟོན་པར་བྱེད་པ་སྙན་ངག་གི་གཞུང་གཉིས་ལས། དང་བོ་ལའང་ཡི་གེ་དང༌། མིང་དང༌། ཚིག་དང༌། ངག་དང༌། རབ་ཏུ་བྱེད་པ་དང༌། དེ་དག་གི་དོན་དང༌། དཔེ་དང༌། དོན་གྱི་རྒྱན་དང༌། རྒྱན་གྱི་སྐྱོན་དང༌། ཡོན་ཏན་དང༌། སྒེག་པ་དང༌། དཔའ་བ་དང༌། མི་སྡུག་པ་དང༌། དགོད་པ་ལ་སོགས་པ་ཉམས་དགུའི་མཚན་ཉིད་དང༌། དེ་དག་གི་དབྱེ་བསྡུ་དང༌། དེས་བརྗོད་བྱའི་དོན་ལ་སྦྱོར་བ་དང༌། དེ་དག་གི་བརྒལ་ལན་དང༌། རྩོད་སྤོང་གི་སྒོ་ནས་གཞུང་ལུགས་དང་མི་འགལ་བའི་རིགས་པ་དང༌། སྔ་རབས་སྙན་ངག་པའི་ལུང་དང་སྦྱོར་བ་སྟོན་པ་དཎྜིའི་བསྟན་བཅོས་དང༌། དབྱངས་ཅན་གྱི་མགུལ་རྒྱན་སྟོང་ཕྲག་བརྒྱད་པའི་གཞུང་ལས་ཇི་ལྟར་འབྱུང་བའི་གནད་རྣམས་ཤེས་པ་དང༌། གཉིས་པ་དེས་བསྒྲུབས་པའི་སྙན་ངག་དངོས་ལ་ཡང་སྐྱེས་རབས་ལ་རྒྱུད་སྦྱར་བ་དང༌། ཟློས་གར་ལ་གཞི་སྦྱར་བ་གཉིས་ལས། དང་བོ་བསྟན་བཅོས་མཁས་པ་རྣམས་ལ་ལེགས་པར་གྲགས་པ། ཐོས་པ་ཙམ་གྱིས་དབྱངས་ཅན་གྱི་ངག་འཇུག་པ། སྣང་བའི་ཉི་མ་ལ་སོགས་པ་ཆེན་པོ་གསུམ་དང༌། གཞོན་ནུ་འབྱུང་བ་ལ་སོགས་པ་ཆུང་ངུ་གསུམ་ལེགས་པར་ཐོས་ལ། སྐྱེས་པའི་རབས་ཀྱི་ཕྲེང་བ། སྙན་ངག་གི་གཙུག་ལག་ལྟར་བཤད་ཤེས་པ་དང༌། འདི་དག་འཆད་པའི་བསྟན་བཅོས་ཀྱང༌། ཁོ་བོས་བྱས་པའི་མཁས་པའི་ཁ་རྒྱན་ཞེས་བྱ་བའི་བསྟན་བཅོས་དེར་བལྟ་བར་བྱའོ། །

གཉིས་པ་ཟློས་གར་ལ་ཡང་ཟློས་གར་གྱི་བསྟན་བཅོས་བྷ་ར་ཏ་ལས་ཇི་ལྟར་འབྱུང་བའི་མདོ་འཛིན་པ་དང༌། ཆས་སུ་འཇུག་པ་དང༌། བཞད་གད་མཁན་དང༌། དེ་དག་གི་སིལ་སྙན་དང༌། རྫ་རྔ་དང༌། པ་ཌ་ཧ་དང༌། མུ་ཀུ་ཏ་དང༌། པི་ཝང་དང༌། ཀ་ཎ་ཌི་དང༌། ཕེག་རྡོབ་དང༌། ཀ་ཎ་པ་དང༌། ཛྷ་ཛྷྲི་ལ་སོགས་པ་དུ་མ་དང༌། དེ་དག་གི་མཚན་ཉིད་རྣམས་དང༌། ངག་གི་འདོན་སྦྱོར་དུ་མ་དང༌། ལུས་ཀྱི་རྣམ་འགྱུར་སྣ་ཚོགས་དང༌། དབྱངས་ཀྱི་བྱེ་བྲག་ཐ་དད་པ་རྣམས་ལྔའི་རྗེས་སུ་སྐྱེས་པ་དང༌། དྲུག་གི་རྗེས་སུ་སྐྱེས་པ་དང༌། དྲང་སྲོང་གི་རྗེས་སུ་སྐྱེས་པ་དང༌། བློ་གསལ་གྱི་རྗེས་སུ་སྐྱེས་པ་ལ་སོགས་པའི་འདྲེན་པ་དང༌། དཀྱུས་གཅིག་སྦྱར་བ་དང༌། དཀྱུས་གཉིས་པ་དང༌། ཕྱེད་ཕྱི་མ་ལ་སོགས་པའི་མཚན་ཉིད་རྣམས་བསྟན་བཅོས་དང་མཐུན་པར་ཁོང་དུ་ཆུད་དོ། །ཟློས་གར་གྱི་བསྟན་བཅོས་དབྱངས་འདྲེན་པའི་ཕྱོགས་ཙམ་ཞིག་ཁོ་བོས་བྱས་པའི་རོལ་མོའི་བསྟན་བཅོས་སུ་བལྟ་བར་བྱའོ། །དེ་ལྟ་བུའི་ཟློས་གར་གྱི་བསྟན་བཅོས་བྱ་བ་ཀླུ་རྣམས་རབ་ཏུ་དགའ་བར་བྱེད་པའི་བསྟན་བཅོས་དང༌། གཟུགས་ཀྱི་སྙེམ་ལ་སོགས་པའི་བསྟན་བཅོས་ལ་རྗོད་བྱེད་དཀྱུས་མ་ཕལ་ཆེ་བ་ནི་ལེགས་པར་སྦྱར་བ་སཾ་སྐྲྀ་ཏའི་སྐད་གླུར་བླངས་པ་དང་བུད་མེད་ཀྱིས་བརྗོད་པ་ཕལ་ཆེ་བ་ནི་རང་བཞིན་གྱི་སྐད་པྲཱ་ཀྲྀ་ཏ། བྲན་པོ་དང༌། བྲན་མོ་དང༌། བཞད་གད་མཁན་ལ་སོགས་པས་སྐབས་བཙལ་ཞིང་ཅོ་འདྲི་བ་དང༌། གླེང་བསླང་བ་ལ་སོགས་པ་ཕལ་ཆེ་བ་ནི་ཨ་བྷྲཾ་ཤ་སྟེ་ཟུར་ཆག་པའི་སྐད། འབྱུང་བོ་དང༌། གནོད་སྦྱིན་དང༌། རོ་ལངས་ལ་སོགས་པ་དང༌། མི་དང་མི་མ་ཡིན་པ་འགའ་ཞིག་གི་སྐབས་སུ་བབ་པ་མགོ་སྨོས་པའམ། ཡོངས་སུ་རྫོགས་པའི་ཚིག་ཁྲོ་བ་དང༌། རྒོད་བག་དང༌། ཆགས་པ་དང༌། སྟེག་ཚིག་དང༌། མི་བཟོད་པ་དང༌། གཞོགས་འཕྱས་ལ་སོགས་པའི་ངག་ཕལ་ཆེ་བ་པཻ་ཤཱ་ཙི་ཞེས་བྱ་བ་ཤ་ཟའི་སྐད་ཀྱིས་བརྗོད་པ་སྟེ། མདོར་ན་སྐད་རིགས་བཞིའི་སྒོ་ནས་ཟློས་གར་གྱི་ཚོམས་གཅིག་བཤད་པས་མཁས་པ་ནས་བྱིས་པའི་བར་ཡིད་འཕྲོག་ཅིང་མགུ་བར་བྱེད་པ། ཟློས་གར་གྱི་བསྟན་བཅོས་ཀྱང་འཆད་ཤེས། དེ་ལྟར་ན་ཚིག་གི་རྒྱན་དང༌། སྐྱེས་པའི་རབས་དང་ཟློས་གར་ལ་སོགས་པ་མཁས་པ་དག་དགའ་བར་བྱེད་པའི་གཞུང་ལུགས་རྣམས་ཤེས་པས། དེས་ན་སྙན་ངག་ང་ཉིད་ཅེས་སྨྲས་པ་ཡིན་ནོ། །

མངོན་བརྗོད་འཆད་ལ་འགྲན་མེད་ང༌། །ཞེས་སྨྲས་པ་ཡང་མཁས་པ་རྣམས་ལ་གྲགས་པའི་མིང་གི་རྣམ་གྲངས། བརྡ་སྤྲོ་པ་རྣམས་ཀྱི་སྒྲས་ལེགས་པར་བསྒྲུབས་པའི་འཆི་མེད་མཛོད་དང༌། སྣ་ཚོགས་གསལ་བ་ལ་སོགས་པ་ནས་ཇི་ལྟར་འབྱུང་བའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་མཚན་གྱི་རྣམ་གྲངས་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། རིག་པ་འཛིན་པ་དང༌། དྲང་སྲོང་དང༌། ཕྱོགས་ཀྱི་གླང་པོ་བརྒྱད་དང༌། ཕྱོགས་སྐྱོང་བ་བཅུ་དང༌། གཟའ་དང༌། རྒྱུ་སྐར་དང༌། སྤྲིན་ལ་སོགས་པའི་མིང་དང༌། འབྱུང་བ་བཞི་དང༌། རིན་པོ་ཆེ་སྣ་ཚོགས་དང༌། ལྗོན་པ་དང༌། མེ་ཏོག་དང༌། འབྲས་བུ་དང༌། སྨན་ཐམས་ཅད་ཀྱི་མིང་དང༌། སྐད་ཅིག་དང༌། ཐང་ཅིག་དང༌། ཡུད་ཙམ་དང༌། ཐུན་དང༌། ཐུན་བཞི་དང༌། ཞག་དང༌། དེ་དག་གིས་བསྒྲུབས་པའི་མིག་འཛུམས་པ་དང༌། ཆུ་སྲང་དང༌། དབྱུ་གུ། འཕོ་བ། ཟླ་ཕྱེད། ཟླ་བ། ལོ། རྫོགས་ལྡན། སུམ་ལྡན། གཉིས་ལྡན། རྩོད་དུས། བར་བསྐལ། བསྐལ་པ་ཆེན་པོ་ལ་སོགས་པ་སྤྱི་དང་བྱེ་བྲག་གི་མིང་དང༌། རྒྱལ་པོ་དང༌། བློན་པོ་དང༌། སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང༌། བུ་མོ་དང༌། མ་ནིང་དང༌། ཁྲོམ་དང༌། དམག་དང༌། དཔུང་དང༌། དཔུང་བུ་ཆུང་དང༌། དཔུང་ཚོགས་དང༌། མཚོན་ཆ་དང༌། གོ་ཆ་དང༌། འཐབ་བསྡུམས་ལ་སོགས་པའི་མིང་དང༌། གླང་པོ་དང༌། རྟ་དང༌། རྔ་མོང་དང༌། བོང་བུ་དང༌། ར་དང༌། ལུག་དང༌། མ་ཧེ་དང༌། བ་ལང་དང༌། སེང་གེ་དང༌། སྟག་དང༌། དོམ་དང༌། དྲེད་དང༌། །བསེ་ཁ་སྒོ་དང༌། ཤ་བཀྲ་ལ་སོགས་པའི་རི་དྭགས་ཀྱི་རིགས་དང༌། རྨ་བྱ་ལ་སོགས་པ་བྱའི་ཚོགས་དང༌། སྦྲང་བུ་དང༌། བུང་བ་དང༌། ཕྱེ་མ་ལེབ་དང༌། སྲིན་བུའི་རིགས་རྣམ་པ་སྣ་ཚོགས་དང༌། རོ་ཧི་ཏ་དང༌། མཏྐུ་ར་དང༌། ཏི་མི་དང༌། ཉ་མིད་དང༌། ཆུ་སྲིན་དང༌། མ་ཀ་ར་དང༌། བྱིས་པ་གསོད་དང༌། འཛིན་ཁྲི་དང༌། ན་ཀྲ་ལ་སོགས་པ་ཆུ་ལ་སྤྱོད་པ་རྣམ་པ་སྣ་ཚོགས་པ་དང༌། ཡི་དྭགས་དང༌། དམྱལ་བའི་བར་འཁོར་བ་དང༌། མྱ་ངན་ལས་འདས་པས་བསྡུས་པ། ཕོ་དང༌། མོ་དང༌། མ་ནིང་དང༌། རྟགས་གསུམ་པའི་རྟགས་ཀྱིས་ཕྱེ་བ་ཁམས་གསུམ་གྱི་ལུས་དང༌། ལོངས་སྤྱོད་དང༌། ཀུན་ཏུ་སྤྱོད་པ་མཁས་པ་རྣམས་ལ་ཉེ་བར་མཁོ་བའི་མིང་གི་རྣམ་གྲངས། སྙན་ཅིང་འཇེབས་ལ་བརྡ་འཕྲོད་པ། བླུན་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་སོ་སོ་ཡང་དག་པར་རིག་པ་བཞིའི་རྒྱུར་འགྱུར་བའི་མིང་གི་རྣམ་གྲངས་ཕྱིན་ཅི་མ་ལོག་པར་ཤེས་པས་མངོན་བརྗོད་འཆད་ལ་འགྲན་མེད་ང༌། ཞེས་སྨྲས་སོ། །མིང་གི་རྣམ་གྲངས་འདི་དག་སྟོན་པ་ཡང༌། ཁོ་བོས་བྱས་པའི་མངོན་བརྗོད་ཀྱི་བསྟན་བཅོས་ཚིག་གི་གཏེར་ཞེས་བྱ་དེར་བལྟ་བར་བྱའོ། །

དུས་སྦྱོར་ངས་ཤེས་ཞེས་སྨྲ་བ་ཡང༌། དཔལ་དུས་ཀྱི་འཁོར་ལོ་ལས་འབྱུང་བའི་ཨངྒི་དང༌། དབྲི་བསྣན་དང༌། བགོ་བསྒྱུར་ཏེ་ཡི་གེའི་ཡན་ལག་ལྔ་དང༌། གཟའ་དང༌། ཚེས་དང༌། སྐར་མ་དང༌། སྦྱོར་བ་དང༌། བྱེད་པ་སྟེ་རྩིས་ཀྱི་ཡན་ལག་ལྔ་དང༌། གཟའ་ལྔ་སོ་སོའི་མྱུར་བ་དང༌། བུལ་བ་དང༌། དྲང་པོ་དང༌། འཁྱོག་པོའི་རྐང་པ་བཙལ་བ་དང༌། ཁྱིམ་དང༌། ལོངས་སྤྱོད་དང༌། དེ་དག་གི་དགེ་ལེགས་ཀྱི་རྩིས་དང༌། སྒྲ་གཅན་དང༌། དུས་ཀྱི་མེ་དང༌། དེ་དག་གིས་ཉི་ཟླ་འཛིན་པ་དང༌། དུ་བ་མཇུག་རིངས་ཀྱི་འཆར་བ་དང༌། ནུབ་པ་ལ་སོགས་པ་ཕྱིའི་རྩིས་མཐའ་དག་དང༌། ནང་གི་རྩ་དང༌། རླུང་དང༌། ཉི་མ་དང༌། ཟླ་བ་དང༌། གཟའ་དང༌། རྒྱུ་སྐར་དང༌། དུས་སྦྱོར་དང༌། དབུགས་དང༌། ཆུ་སྲང་དང༌། དབྱུ་གུ་དང༌། འཕོ་བ་དང༌། ཐུན་ཚོད་དང༌། ཉིན་མཚན་དང༌། ཉི་ཟླ་གཟས་ཟིན་པ་དང༌། དེ་དག་ལ་བརྟེན་ནས་ཡེ་ཤེས་འཆར་བ་དང༌། །ནུབ་པ་དང༌། མངོན་པར་རྫོགས་པར་འཚང་རྒྱ་བའི། རྩིས་མཐའ་དག་ལེགས་པར་ཤེས་པས། དུས་སྦྱོར་ངས་ཤེས་ཞེས་སྨྲས་པ་ཡིན་ནོ། །འདི་དག་མདོ་ཙམ་ཞིག་ཆོས་ཀྱི་རྗེ་དཔལ་ལྡན་ས་སྐྱ་པ་ཆེན་པོས་མཛད་པའི་བསྟན་བཅོས་སུ་གསུངས་པ་ལྟར་ཡིན་པས་དེར་བལྟ་བར་བྱའོ། །

ཕྱི་ནང་ཀུན་རིག་ཅེས་སྨྲས་པ་ཡང༌། །ཕྱི་རིག་པ་ལ་གཉིས་ཏེ། བཟོ་རིག་པ་དང༌། གསོ་བ་རིག་པའོ། །དེ་ལ་བཟོ་རིག་པ་ནི། རི་མོ་དང༌། སྐུ་གཟུགས་ཀྱི་མཚན་ཉིད་དང༌། ཆག་ཚད་ཀྱི་བསྟན་བཅོས་དང༌། དེ་དག་གི་དགེ་ལེགས་ལ་སོགས་པ་བརྟག་པ་དང༌། གཞན་ཡང་བརྟག་པ་རྣམ་པ་བརྒྱད་ལ་སོགས་པ་ཅི་རིགས་པར་ཤེས་པ་དང༌། རྩིས་ཀྱང་རིག་པའི་གནས་རྣམ་པ་ལྔ་ལས་བཟོ་རིག་པའི་གནས་སུ་མཁས་པ་རྣམས་ཀྱིས་བསྡུས་མོད་ཀྱི། བརྗོད་བྱ་གཙོ་ཆེ་བའི་དབང་དུ་བྱས་ན་ལོགས་ཤིག་ཏུ་སྔར་བཤད་ཟིན་ཏོ། །འདི་དག་ཀྱང་ཁོ་བོས་བྱས་པའི་སྐུ་གཟུགས་ཀྱི་བསྟན་བཅོས་དང༌། ས་བརྟག་པ་ལ་སོགས་པ་ཅི་རིགས་པ་དེ་དང་དེ་དག་ཏུ་བལྟ་བར་བྱའོ། །གཉིས་པ་གསོ་བ་རིག་པ་སྨན་དཔྱད་ཀྱི་བསྟན་བཅོས་ཡིན་པས་དེ་སྟོན་པར་བྱེད་པ། ཉིན་རེ་དཔྱད་པ་དང༌། དུས་སུ་དཔྱད་པ་ལ་སོགས་པའི་ཆོ་ག་དང༌། ནད་ཀྱི་མཚན་ཉིད་དང༌། དེ་མཐོང་བ་དང༌། དྲིས་པ་དང༌། རིག་པས་བརྟག་པར་བྱ་བའི་ཐབས་དང༌། དེ་གསོ་བ་ཞི་བྱེད་དང༌། སྦྱོང་བྱེད་ཀྱི་སྨན་དང༌། དཔྱད་ཀྱི་བྱེ་བྲག་རྣམས་དང༌། ནད་རྐྱང་་དང༌། ལྡན་པ་དང༌། འདུ་བའི་བྱེ་བྲག་རྣམས་དང༌། རྐྱང་བ་འཕེལ། མཆོག་ཏུ་འཕེལ། རབ་མཆོག་ཏུ་འཕེལ། སོ་སོར་ཟད། རབ་ཏུ་ཟད། རབ་མཆོག་ཏུ་ཟད་པ་ལ་སོགས་པའི་དབྱེ་བས་འཕེལ་ཟད་ཀྱི་འགྲོས་དང༌། སྟོད་སྨད་ཀྱི་དྲང་ཞིང་གནོད་པ་ལ་སོགས་པ་ལས་རྣམ་པ་ལྔའི་འཇུག་སྒོ་དང༌། དང་བོ་མི་འབྱུང་བར་བྱ་བ་དང༌། བྱུང་བ་ཕྱིར་བཅོས་པ། བཅོས་ནས་སླར་མི་བཟློག་པར་བྱ་བའི་ཐབས་སྟོན་པར་བྱེད་པའི་གཞུང༌། ཡན་ལག་བརྒྱད་པ་རྩ་འགྲེལ་ལ་སོགས་པ་ཐོས་ཤིང་དེ་དག་བཤད་པ་དང༌། ལག་ཏུ་བླང་བའི་རིམ་པ་ཤེས་པས། དེ་ལྟར་ན་བཟོ་རིག་པ་དང༌། གསོ་བ་རིག་པ་ལ་མཁས་པས་ཕྱི་ནང་ཀུན་རིག་ཅེས་སྨྲས་པ་ཡིན་ནོ། །གསོ་བ་རིག་པ་ཡང༌། ཁོ་བོའི་བྱས་པའི་ཡན་ལག་བརྒྱད་པའི་དོན་བསྡུས་ཞེས་བྱ་བ་ཡོད་པས་དེར་བལྟ་བར་བྱའོ། །

ནང་རིག་པ་ཡང༌། བདེ་བར་གཤེགས་པའི་གསུང་རབ་སྡེ་སྣོད་རིན་པོ་ཆེ་གསུམ་གྱིས་བསྡུས་པ་ཕ་རོལ་ཏུ་ཕྱིན་པ་དང༌། གསང་སྔགས་ཀྱི་ཐེག་པ་ཡིན་པ་ལས་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད། ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོར་སྟོན་པ་མངོན་པའི་སྡེ་སྣོད་དང༌། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པ་འདུལ་བའི་སྡེ་སྣོད་དང༌། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་སྟོན་པ་མདོ་སྡེའི་སྡེ་སྣོད་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བ་ལ་སོགས་པ་སྟོན་པའི་གཞུང་ལུགས་མང་དུ་ཐོས་པ་དང༌། རྡོ་རྗེ་ཐེག་པ་ལ་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། བླ་ན་མེད་པའི་རྒྱུད་སྡེ་རྣམས་རྩ་བ་དང་བཤད་པའི་རྒྱུད་འགྲེལ་བར་བཅས་པ་མང་དུ་ཐོས་པ་དང༌། དེ་དག་གི་ཇི་ལྟར་ཉམས་སུ་བླང་བའི་རིམ་པ། སྨིན་པར་བྱེད་པ་དབང་གི་བྱ་བ་དང༌། གྲོལ་བར་བྱེད་པ་ལམ་གྱི་སྒོ་ནས། ཏིང་ངེ་འཛིན་གྱི་མཚན་ཉིད་དང༌། དེ་མ་སྐྱེས་པ་སྐྱེད་པར་བྱེད་པའི་ཐབས་དང༌། སྐྱེས་པ་བོགས་དབྱུང་བ་དང༌། ལམ་གྱི་གེགས་སེལ་བ་དང༌། ཏིང་ངེ་འཛིན་གྱི་དྲོད་རྟགས་དང༌། ཡེ་ཤེས་སྐྱེ་བའི་རིམ་པ་དང༌། འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་ས་དང༌། ལམ་གྱི་བགྲོད་ཚུལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱིན་ཅི་མ་ལོག་པ་སྟོན་པར་བྱེད་པ། རྩ་བ་རྡོ་རྗེའི་ཚིག་ལམ་འབྲས་བུ་དང་བཅས་པའི་གདམས་ངག་གི་གནད། ཚེ་འདི་ཉིད་ལ་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་བྱེད་པའི་ཐབས་ལེགས་པར་ཤེས་པས། བརྩོན་འགྲུས་ཅན་ལུས་འདི་ཉིད་མ་སྤངས་པར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་ལམ་དུ་བཀྲི་བར་ནུས་པ་དང༌། གཞན་ཡང་རྒྱ་གར་གྱི་གྲུབ་པ་ཐོབ་པའི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ལ་གྲགས་པའི་གདམས་ངག་ཕལ་ཆེ་བ་དང༌། བོད་བགྲེས་པོ་རྣམས་ལ་གྲགས་པའི་བཀའ་གདམས་དང༌། ཞི་བྱེད་དང༌། རྫོགས་པ་ཆེན་པོ་དང༌། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ནས་གཅོད་ཀྱི་བར་དུ། ཡོངས་སུ་གྲགས་པའི་གདམས་ངག་ཐམས་ཅད་ཐོས་ཤིང་ཁོང་དུ་ཆུད་པ་དང༌། ལམ་དེ་དག་གི་རིམ་གྱིས་པ་དང༌། ཅིག་ཅར་བར་གྲགས་པའི་འཇུག་ཚུལ་ཐམས་ཅད་ཀྱང་ཤེས་སོ། །དེ་དག་གི་ནོར་་དང༌། མ་ནོར་བའི་གནད་རྣམས་ཀྱང་ཕྱིན་ཅི་མ་ལོག་པར་ཤེས་ཤིང་ཁོང་དུ་ཆུད། དེ་དག་གི་དམིགས་པ་འགའ་ཞིག་གིས་ནི་ཞི་གནས་ཙམ་སྐྱེ་ནུས། ལ་ལས་ནི་ནད་ཕྲ་མོ་ཙམ་སེལ་ནུས། ལ་ལས་ནི་མི་མ་ཡིན་པའི་འཇིགས་པ་ཙམ་ལས་སྐྱོབ་ནུས། ལ་ལས་ནི་ཕན་སེམས་ཙམ་བསྐྱེད་ནུས། ལ་ལས་ནི་སྤྲོས་བྲལ་གྱི་རྟོགས་པ་ཕྱོགས་རེ་ཙམ་བསྐྱེད་ནུས། ལ་ལས་ནི་གཟུགས་དང་གཟུགས་མེད་པའི་ཁམས་སུ་འཕེན་པ་ཙམ་ནུས། ལ་ལས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ཙམ་ལ་འཇུག་ནུས། ལ་ལས་ནི་བསྐལ་པ་གྲངས་མེད་པ་གསུམ་ཕན་ཆད་དུ་རིམ་གྱིས་འཚང་རྒྱ་བའི་རྟེན་འབྲེལ་ཙམ་བྱེད་ནུས། ལ་ལས་ནི་འཇིག་རྟེན་པའི་གྲུབ་པ་ཆེན་པོ་བརྒྱད་ཙམ་སྒྲུབ་ནུས། ལ་ལས་ནི་འཇིག་རྟེན་ལས་འདས་པའི་གྲུབ་པ་ཐོབ་པའི་མཐོང་བའི་ལམ་གྱི་ཡེ་ཤེས་ཡན་ཆད་བསྐྱེད་ནས་ཚེ་འདི་ཉིད་ལ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པའི་ནུས་པ་ཡོད་དོ། །དེ་དག་གི་རྣམ་པར་དབྱེ་བ་ཡང་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་བདག་ཅག་གི་བླ་མ་ཆོས་ཀྱི་རྗེ་དཔལ་ལྡན་ས་སྐྱ་་ཆེན་པོའི་བཀའ་དྲིན་གྱིས་དཔྱིས་ཕྱིན། ལྷག་མ་མ་ལུས་པ་ཐེ་ཚོམ་མི་ཟ་བར་རྟོགས་པས། ནང་གི་ཤེས་བྱ་ཀུན་རིག་ཅེས་སྨྲས་པ་ཡིན་ནོ། །འདི་དག་ལ་ཡང་འདུལ་བ་དང༌། མངོན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་ཁོ་བོས་བྱས་པའི་བསྟན་བཅོས་ཅི་རིགས་པ་ཡང་ཡོད་ལ། རྡོ་རྗེ་ཐེག་པ་ལའང་སྤྱི་དང་བྱེ་བྲག་གི་བསྟན་བཅོས་ཅི་རིགས་པར་བྱེད་འདོད་པ་ཡོད་མོད་ཀྱི། འོན་ཀྱང་བླ་མ་གོང་མ་དེ་དག་གི་གསུང་རབ་ལ་བོགས་དབྱུང་རྒྱུ་མ་མཐོང་བས་བསྟན་བཅོས་ཕྲ་མོ་ཙམ་མ་གཏོགས་པ་ལུས་ཡོངས་སུ་རྫོགས་པའི་བསྟན་བཅོས་སྔོན་ཆད་ཁོ་བོས་མ་བསྡེབས་སོ། །

རྣམ་དཔྱོད་བློ་གྲོས་མཚུངས་མེད་ང༌། །ཞེས་སྨྲས་པ་ཡང༌། རྟོག་པ་དང་དཔྱོད་པ་ཕྱིན་ཅི་མ་ལོག་པའི་བློས། ཚིག་དང་དོན་གྱི་འགལ་འབྲེལ་ཕྲ་བ་དང༌། ཆེས་ཤིན་ཏུ་ཕྲ་བའི་དོན་སྔར་ཡོངས་སུ་གྲགས་པ་དང༌། མ་གྲགས་པའི་ཤེས་བྱའི་གནས་ལ། བློ་ཞན་པ་འགའ་ཞིག་གིས་ཡུན་རིང་པོར་འབད་དུ་ཟིན་ཀྱང༌། ལེགས་པར་རྟོགས་མ་ནུས་པ་དེ་དག་ཀྱང༌། ཐོས་སམ་མ་ཐོས་ཀྱང་རུང་སྟེ། ཚེགས་ཆུང་ངུས་བདེ་བླག་ཏུ་རྟོགས་ཤིང་ཁོང་དུ་ཆུད་པས་ཤེས་བྱ་རིག་པའི་གནས་ལྔར་གྲགས་པ་དེ་དག་ལ་མཁས་པ་རྣམས་དང་ཕན་ཚུན་བརྩད་ཅིང་དྲིས་ན། བརྗོད་བྱ་དང་མཐུན་པར་ལན་འདེབས་ནུས་པར་མྱོང་བས་གྲུབ་པས། རྣམ་དཔྱོད་བློ་གྲོས་མཚུངས་མེད་ང༌། །ཞེས་སྨྲས་པ་ཡིན་ནོ། །མཚུངས་པ་མེད་པ་དེ་ཡང༌། རང་གི་ཕ་རོལ་གྱི་སོ་སོར་རྟོག་པའི་ཤེས་རབ་ཀྱི་སྒོ་ནས། རྩོམ་པ་དང༌། རྩོད་པ་དང༌། འཆད་པ་དེ་དག་གི་སྤོབས་པ་ཉམས་སུ་ལེན་པ། ཡུལ་དང་དུས་དང་གང་ཟག་གི་ས་མཚམས་བཟུང་ནས་སྨྲས་ཀྱི། ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པའི་གང་ཟག་སྤོབས་པ་ཉམས་སུ་མ་ལོན་པ་དེ་དག་ལ་དགག་པ་དང་བསྒྲུབ་པར་ག་ལ་ནུས། དེས་ན་མཚུངས་པ་དང༌། མི་མཚུངས་པའི་རྣམ་པར་དབྱེ་བ་མ་བྱས་སོ། །འཇིག་རྟེན་པ་ཕལ་ཆེ་བ་ཡང༌། མཚུངས་མི་མཚུངས་ཀྱི་རྣམ་གཞག་དེ་ཙམ་ལ་བརྟེན་ནས་བྱེད་དོ། །དེ་ལྟར་རིག་པའི་གནས་རྣམ་པ་ལྔ་ཤེས་པར་ཁས་འཆེ་བའི་གང་ཟག་དེ་སུ་ཡིན་ཞེས་འདྲི་ན། ས་སྐྱ་པ་དེ་ཞེས་ལན་བཏབ་བོ། །དེའང་དཔལ་ས་སྐྱའི་གཙུག་ལག་ཁང་དུ་གནས་པའི་ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་དེ་ཡིན་ནོ་ཞེས་སྨྲས་སོ། །

མཁས་པ་གཞན་དག་གཟུགས་བརྙན་ཡིན། །ཞེས་སྨྲས་པ་ཡང༌། སྔར་ཇི་སྐད་བརྗོད་པའི་ཤེས་བྱ་དེ་དག་གི་དོན་ཕྱིན་ཅི་མ་ལོག་པར་ཤེས་པ་ལྟ་སྨོས་ཀྱང་ཅི་དགོས། མིང་ཙམ་ཡང་མ་ཐོས་ཤིང༌། རྣམ་པ་ཙམ་ཡང་བློ་ལ་མ་ཤར་བཞིན་དུ་ཤེས་བྱ་ཕྱོགས་རེ་ཙམ་ལ་ནེ་ཙོའི་འདོན་པར་འདྲིས་པར་བྱས་ཀྱི། རང་གིས་ལེགས་པར་ཤེས་པར་ཁས་འཆེ་བ་དེ་ཉིད་ལ་ཡང༌། སྒྲ་དང༌། ཚད་མ་དང༌། སྡེབ་སྦྱོར་དང༌། སྙན་ངག་དང༌། ཚིག་གི་རྒྱན་དང༌། ཚིག་གི་རྣམ་པར་དབྱེ་བ་དང༌། བསྡུ་བ་ལ་སོགས་པའི་སྒོ་ནས་བརྩད་ཅིང་དྲིས་ན། ཆོས་དང་མཐུན་པར་ལེན་འདེབས་པ་ལ་ལུག་ལྟར་ལྐུགས་པར་གྱུར་བཞིན་དུ་མངོན་པའི་ང་རྒྱལ་གྱིས་རང་མཁས་པར་ཁས་འཆེ་ལ། གཞན་ཡོངས་སུ་རྫོགས་པའི་མཁས་པ་དག་ལའང་སྐུར་བ་འདེབས་ཤིང༌། མི་སྙན་པར་བརྗོད་པ་ཙམ་གྱིས་འཕྲིན་ལས་འགྲུབ་པར་འདོད་པའི་མཁས་པར་གྲགས་པ་དེ་དག་གཟུགས་བརྙན་དང་འདྲ་བ་ཡིན་ཏེ། ཆུ་ནང་དུ་ཤར་བའི་གཟུགས་བརྙན་ནི། ཟླ་བ་དང་འདྲ་བ་ཙམ་དུ་ཟད་ཀྱི། ཟླ་བའི་དོན་བྱེད་པ་མ་ཡིན་ནོ། །ལེགས་པར་ཤེས་པའི་མཁས་པ་གཞན་དག་གཟུགས་བརྙན་དང་འདྲ་བར་ག་ལ་སྲིད་དེ། ལྷ་དང་བཅས་པའི་འཇིག་རྟེན་པ་ཐམས་ཅད་ཀྱིས་བསྟེན་པར་འོས་པ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་སྲས་ཡིན་ནོ། །དེ་ལྟར་རང་གི་རྣམ་པར་ཐར་་ཅུང་ཟད་བཤད་པ་འདི་དག་ཀྱང༌། རྒྱ་གར་གྱི་པཎྜི་ཏ་ཤེས་བྱ་རིག་པའི་གནས་རྣམ་པ་ལྔ་ཡོངས་སུ་རྫོགས་པ་རྣམས་དང༌། བོད་ཉིད་ཀྱི་ཡང་གཞུང་དང་དོན་གྱི་ཆ་ལེགས་པར་དཔྱིས་ཕྱིན་པར་ཤེས་ཤིང་ཤེས་བྱ་ཐམས་ཅད་ལ་ཤེས་རབ་འཇུག་ལ། འབེལ་བའི་གཏམ་ལ་ཀུན་ནས་དགའ་བ། བདག་ལ་ཡུན་རིང་དུ་བརྩད་ཅིང་དྲིས་པ་གཟུ་བོར་གནས་པ་དེ་དག་གིས། བདག་གི་རང་བཞིན་ཤེས་པར་ཟད་ཀྱི། རང་གི་བློ་ལ་ཁྱབ་པ་བསྒྲུབས་ནས། ཕྱོགས་ཀྱི་ཆོས་གཞན་གྱི་ཤེས་རབ་ལ་སྦྱོར་བའི་བླུན་པོ་དེ་དག་གམ། སྒྲའི་སྦྱོར་བ་ཕྱོགས་རེ་ཙམ་དྲིས་པའམ། ཚད་མའི་སྦྱོར་སྐོར་འགའ་རེ་ཙམ་ལ་བརྩད་པའམ། ལུང་དང་མན་ངག་གི་གནད་འགའ་རེ་ཙམ་ལ་དྲི་གཏུག་ཅུང་ཟད་བྱས་པ་ཙམ་གྱིས། བདག་གི་ཡོན་ཏན་གྱི་མཐའ་རྟོགས་པར་དཀའོ། །དེ་ལྟ་མོད་ཀྱི། ཤེས་བྱའི་མཁའ་ལ་ཐོགས་པ་མེད་རྒྱུ་ཞིང༌། །ཕས་རྒོལ་ཉི་ཟླའི་གཟི་བརྗིད་ཟ་ནུས་ཀྱང༌། །རྟག་ཏུ་སྐྱེ་བོ་ཀུན་གྱིས་མ་མཐོང་བས། །ཀུན་དགའ་རྒྱལ་མཚན་ནམ་མཁའི་སྒྲ་གཅན་འདྲ། །ཞེས་སྨྲས་པ་ཡིན། ནམ་མཁའ་ནི་ཡངས་ཤིང་རྒྱ་ཆེ་ལ་ཐམས་ཅད་ཀྱི་གོ་སྐབས་ཤོང་བ་ལྟར། ཤེས་བྱའི་གནས་ཀྱང་ཟབ་ཅིང་གཏིང་དཔག་དཀའ་ཞིང་མཐའ་ཡས་ལ། རིགས་པ་དང་མི་རིགས་པ་ཐམས་ཅད་ཀྱི་གོ་སྐབས་ཡོད་པས། ནམ་མཁའི་དཔེ་དང་ཆོས་མཐུན་ནོ། །ཕས་རྒོལ་ཉི་ཟླའི་གཟི་བརྗིད་ཅེས་བྱ་བ་ནི། ཉི་མ་ནི་རང་གི་སྡེ་བ་དག་གི་དཔེར་བརྗོད་པ་སྟེ། རང་འོད་གསལ་ཞིང་གཞན་གྱི་འོད་ཟེར་ཐམས་ཅད་ཟིལ་གྱིས་གནོན་ལ། མུན་པ་སེལ་བར་བྱེད། པདྨོ་ལ་སོགས་པའི་མེ་ཏོག་ཕལ་ཆེ་བ་ཁ་འབྱེད་ཅིང་ཀུ་མུ་ཏ་ལ་སོགས་པ་འགའ་ཞིག་ཁ་འཛུམས་པར་ཡང་བྱེད་དོ། །ལྷ་དང་མི་ལ་སོགས་པ་དཀར་པོའི་ཕྱོགས་ལ་དགའ་བའི་སྐྱེ་དགུའི་ཚོགས་ཕལ་ཆེ་བ་ལུས་བདེ་ཞིང་ཡིད་དགའ་བར་ཡང་བྱེད། གཟུགས་ཕྲ་རགས་ཐམས་ཅད་སྐྱེད་པར་བྱེད་ཅིང་གསལ་བར་བྱེད། འབྱུང་པོ་དང༌། རོ་ལངས་དང༌། ཤ་ཟ་དང༌། འུག་དང༌། སྲིན་བྱ་དང༌། མེ་ཁྱེར་ལ་སོགས་པ་འབྲོས་ཤིང་ཁུང་དུ་འཇུག་པར་ཡང་བྱེད། རྩི་ཤིང་དང་ནགས་ཚལ་ཐམས་ཅད་སྐྱེད་པར་བྱེད་ཅིང༌། ཁ་བའི་ལྗོངས་དང༌། གངས་རིའི་ཁྲོད་ཕལ་ཆེ་བ་ཡང་འཇུ་བར་བྱེད། འབྲོག་དགོན་པར་འཁྱམས་པའི་བསྟི་གནས་མ་རྙེད་ཅིང༌། བསིལ་བའི་རེ་བ་དང་བཅས་པ་འགའ་ཞིག་ཀུན་ནས་གདུང་བར་ཡང་བྱེད་དོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གྲུབ་མཐའ་འཛིན་པའི་སྡེ་་རྣམས་ཀྱང་ཉི་མ་དང་འདྲ་སྟེ། རང་གི་སོ་སོར་རྟོག་པའི་ཤེས་རབ་ཀྱི་དཀྱིལ་འཁོར་ལ་བདེ་བར་གཤེགས་པའི་གསུང་རབ་ཀྱི་འོད་གསལ་ཞིང༌། ཕྱིར་རྒོལ་བ་མུ་སྟེགས་བྱེད་པ། ཟླ་བ་དང་རྒྱུ་སྐར་དང༌། སྲིན་བུ་མེ་ཁྱེར་ལ་སོགས་པའི་འོད་ཟེར་ཕྲ་མོ་ཐམས་ཅད་ཟིལ་གྱིས་གནོན་ལ། རང་གི་སློབ་མའི་ཚོགས་ཀྱི་བློའི་པདྨོ་ཁ་འབྱེད་ཅིང༌། རྟོག་གེ་ངན་པའི་ཆུ་ལས་སྐྱེས་པའི་གཞུང་ལུགས་ཀྱི་ཀུ་མུ་ཏའི་ཁ་ཟུམ་པར་བྱེད་ལ། ལོག་པར་ལྟ་བ་སྣ་ཚོགས་ཀྱིས་གཏིབས་པའི་མུན་པ་སེལ་བར་བྱེད་ཅིང་སྔོན་འཁོར་བ་དཔག་ཏུ་མེད་པ་ནས་བདེ་བར་གཤེགས་པའི་གསུང་རབ་ལ་འདྲིས་པའི་སྐྱབས་གསུམ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིའི་སྐྱ་རེངས་དང༌། འོད་ཟེར་མཐོང་བ་ཙམ་གྱིས། སྐལ་བ་དང་ལྡན་པའི་ལུས་དང༌། ཡིད་བདེ་ཞིང་དགའ་བར་བྱེད་ལ། སྤྱི་དང་རང་གི་མཚན་ཉིད་ཀྱིས་བསྡུས་པའི་ཤེས་བྱའི་གཟུགས་ཕྲ་བ་དང༌། རགས་པ་ཐམས་ཅད་གསལ་བར་སྟོན་པས། བདུད་དང༌། ཕྱིར་རྒོལ་དང༌། གཞན་ཀུན་ཏུ་རྒྱུ་བའི་འབྱུང་པོ་དང༌། རོ་ལངས་དང༌། ཤ་ཟ་དང༌། འུག་པ་དང༌། སྲིན་བྱ་དང༌། མེ་ཁྱེར་ལ་སོགས་པའི་ཤེས་རབ་ཀྱིས་ཉི་མའི་འོད་ཟེར་མི་བཟོད་པ་དེ་དག་ཀུན་ཏུ་འབྱེར་ཞིང༌། ངན་གཡོ་དང༌། སྒྱུ་ཐབས་ཀྱི་ཁུང་དུ་འཇུག་པར་ཡང་བྱེད་དོ། །མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་གཞི་དགེ་བ་དང་ལེགས་པའི་རྩི་ཤིང་དང༌། ནགས་ཚལ་ཐམས་ཅད་སྐྱེད་པར་ཡང་བྱེད། ལུས་དང༌། ངག་དང༌། ཡིད་ཀྱི་རི་ཁྲོད་ལ་བརྟེན་པར་ཡང་ལྟ་བ་དང༌། སྤྱོད་པ་ཕྱིན་ཅི་ལོག་གི་གངས་རི་དང༌། ཁ་བའི་ལྗོངས་ཕལ་ཆེ་བ་འཇུ་བར་ཡང་བྱེད་པ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་དང་ལྡན་པ། བདེ་བར་གཤེགས་པའི་གྲུབ་མཐའ་སྨྲ་བ་དེ་དག་རང་རང་གི་ཞེན་པའི་ཕྱོགས་ཀྱི་འོད་ཟེར་གྱིས་གདུངས་པས་སྐྱེ་བོ་གྲུབ་པའི་མཐའ་ལ་བརྟེན་ནས་ཡང་དག་པའི་ཡེ་ཤེས་ཀྱི་བསིལ་བ་ཚོལ་བ་དེ་དག་གི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་བསྟི་གནས་མ་རྙེད་པ་དེ་དག་ལ་གདུང་བ་སྐྱེད་པར་ཡང་བྱེད་དོ། །དེ་ལྟར་ན་རང་གི་སྡེ་་ཉི་མའི་དཀྱིལ་འཁོར་དང་ཆོས་མཐུན་པར་གྲུབ་བོ། །ཡང་དཔེ་གཉིས་པ་ཟླ་བ་ནི། གཞན་ཕྱི་རོལ་མུ་སྟེགས་བྱེད་ཀྱི་དཔེ་བརྗོད་པ་སྟེ། ཟླ་བ་དེའང་ཉི་མའི་དཀྱིལ་འཁོར་དང་མ་ཕྲད་པའི་ཚེ། རང་ཉིད་ཉ་གང་བ་སྟོན་པར་བྱེད། དཀར་ཞིང་གསལ་བའི་གཟི་བརྗིད་དང༌། འོད་ཟེར་རྣམ་པར་འཕྲོ་ཞིང༌། རི་བོང་གི་གཟུགས་བརྙན་ནག་པོས་དཀྱིལ་འཁོར་ཆ་ཀུན་ནས་རྙོག་པར་གྱུར་ལ། རྒྱུ་སྐར་ཐམས་ཅད་ཀྱི་ནང་ན་རྒྱལ་བོ་ལྟར་ཤིན་ཏུ་བརྗིད་ཅིང་གཟུགས་ཀྱི་དབྱིབས་ཙམ་སྟོན་པས། ཉི་མ་དང་བྲལ་བའི་པདྨོའི་ཚལ་རྣམས་ཁ་འཛུམས་ལ། ཀུནྡའི་ཚོགས་དང་ཁ་རྣམ་པར་འབྱེད་པ། ཉི་མའི་འོད་ཟེར་དང་ཉེ་བ་ན་མར་ངོར་འགྱུར་ཞིང༌། སྐྱེ་བོ་ཆགས་ཅན་གྱི་ཡིད་ལ་འབབ་བོ་ཞེས་ཀྱང་སྙན་ངག་མཁན་རྣམས་སྒྲོག་གོ །དེ་བཞིན་དུ་གཞན་མུ་སྟེགས་བྱེད་ཀྱི་ཟླ་བ་ཡང༌། བདེ་བར་གཤེགས་པའི་གསུང་རབ་ཀྱི་ཉི་མ་དང་མ་ཕྲད་པའི་ཚེ། རང་གི་ལོག་པར་རྟོག་པའི་ཤེས་རབ་ཉ་གང་བར་འགྱུར་ལ། རང་གི་ལུང་དང་རིགས་པའི་འོད་ཟེར་གསལ་བས། འཇིག་རྟེན་པའི་བློའི་མུན་པར་འོད་ཟེར་རྣམ་པར་འཕྲོ་ཞིང༌། བདག་ཏུ་འཛིན་པའི་རི་བོང་གི་གཟུགས་བརྙན་ནག་པོས་བློ་གྲོས་ཀྱི་དཀྱིལ་འཁོར་ཀུན་ནས་རྙོག་པར་བྱས་པས། བླུན་པོ་གྲུབ་པའི་མཐའ་རྣམ་པར་དཔྱོད་མི་ཤེས་པའི་རྒྱུ་སྐར་གྱི་ནང་ན་སྟོན་པའི་ཆ་བྱད་ལྟར་ཤིན་ཏུ་གསལ་བ། ཤེས་བྱའི་མཁའ་ལ་ལུང་དང༌། རིགས་པ་ལྟར་སྣང་བ་དེ་དག་གིས་རྣམ་པར་ཕྱེ་བའི་དབྱིབས་ཙམ་སྣང་གིས། ཆོས་དང་ཆོས་མ་ཡིན་པ་ཕྲ་བ་དང་ཤིན་ཏུ་ཆེས་ཕྲ་བའི་ཁ་དོག་དང་མཚུངས་པའི་ཆ་རྣམ་པར་མ་ཕྱེ་བས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པའི་ཉི་མ་ནུབ་པ་ན། ཡོན་ཏན་རིན་པོ་ཆེའི་ཚོགས་ཀྱི་ཟེའུ་འབྲུས་རྣམ་པར་སྤྲས་ཤིང་བགྲོད་པ་གཅིག་པའི་ལྟ་བའི་དཀྱིལ་འཁོར་དང་ལྡན་པ། ཕན་པ་དང་བདེ་བའི་འདབ་མ་རྒྱས་ཤིང༌། ཀུན་ནས་ཀླུབས་པའི་དམ་པའི་ཆོས་ཀྱི་པདྨོའི་ཁ་རྣམ་པར་ཟུམ་ལ། ལོག་པར་ལྟ་བའི་སྡོང་བུ་ལས་བྱུང་བ་ཆོས་དང་འདུལ་བ་གཏིང་དཔག་པར་དཀའ་བ་དང་འགལ་བའི་འཇིག་ཚོགས་ལ་ལྟ་བ་ཀུནྡའི་ཁ་རྣམ་པར་འབྱེད་པ། དོན་དང་ལྡན་པའི་སྤོབས་པའི་ཉི་མའི་འོད་ཟེར་དང་ཕྲད་པ་ན། སོ་སོར་རྟོག་པའི་ཤེས་རབ་ཀྱི་ཆ་མར་ངོའི་ཟླ་བ་ལྟར་ཞུམ་ཞིང༌། ཆེས་ཤིན་ཏུ་ཉམས་པར་གྱུར་། སྔོན་འཁོར་བ་ཐོག་མ་མེད་པ་ནས། དམ་པའི་ཆོས་ཀྱི་བག་ཆགས་ཞན་པ། བཤེས་གཉེན་ཕྱིན་ཅི་ལོག་གིས་བསྟན་པའི་གཟུགས་བརྙན་ལ་མངོན་པར་ཞེན་པས། ལོག་པའི་དོན་ལ་འཆལ་བའི་བག་ཆགས་ཅན་དགའ་བར་བྱེད་པས། མུ་སྟེགས་བྱེད་ཀྱི་གཞུང་ལུགས་ནི། ཟླ་བ་དང་ཆོས་མཐུན་པར་གྲུབ་བོ། །དེ་ལྟར་རང་དང་གཞན་གྱི་གྲུབ་པའི་མཐའ་འཛིན་པའི་རྒོལ་བ་ཉི་མ་དང་ཟླ་བ་ལྟ་བུ་གཉིས་པོ་དེ་ཡང་རྒན་པོ་དག་གི་ཟེར་སྒྲོས་ཀྱི་རྒྱུ་སྐར་གྱི་གནས་རྙོག་ཅིང༌། གཞུང་ལུགས་དམ་པའི་འཇུག་སྒོའི་རླུང་གིས་ཡང་དག་པའི་འཇུག་ངོགས་ཀྱི་གཡས་སྐོར་གྱིས་འཕུལ་དུ་ཟིན་ཡང༌། ལོག་པའི་ཤེས་རབ་ཀྱི་ཤིང་རྟས་དྲངས་ནས་རིགས་པའི་ཤུགས་ཀྱི་འགྲོ་ཕྱོགས་དོར་ཏེ། ཕྱིན་ཅི་ལོག་གི་ཤེས་བྱའི་ནམ་མཁའ་ལ་གཡོན་སྐོར་དུ་འགྲོ་བར་མཐོང་ངོ༌། །དེ་ལྟ་བུའི་རྒོལ་བ་ངན་པ་ལོག་ལྟའི་དཀྱིལ་འཁོར་རབ་ཏུ་རྒྱས་པ་ཁ་དོག་སྣ་ཚོགས་ཀྱི་གཟི་བརྗིད། ལུང་དང་རིགས་པའི་འགལ་འབྲེལ་གྱི་གནད་ཁྱད་པར་ཅན་གྱི་སྤོབས་པའི་འགྲོ་ཕྱོགས་མ་འཁྲུལ་བའི་གདོང་གིས་བཅོམ་ནས། དྲང་བ་དང་ངེས་པའི་དོན་གྱི་ཤེས་བྱའི་བཅུད་ཟ་ནུས་ཀྱང༌། རྟག་ཏུ་སྐྱེ་བོ་ཀུན་གྱིས་མ་མཐོང་བས། ཀུན་དགའ་རྒྱལ་མཚན་ནམ་མཁའི་སྒྲ་གཅན་འདྲ། །ཞེས་སྨྲས་པས། ཀུན་དགའ་རྒྱལ་མཚན་དཔལ་བཟང་བོ་ཞེས་བྱ་བ་དེ་ཡང་སྒྲ་གཅན་དང་ཆོས་མཐུན་པར་བསྟན་ཏེ་སྒྲ་གཅན་དེའང་མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་ལྡན་ལ། འཇིག་རྟེན་གྱི་དགེ་བ་དང་ལེགས་པ་ཐམས་ཅད་གཞི་བྱེད་པ། ཉི་མ་དང་ཟླ་བ་ལ་སོགས་པའི་གཟའ་ཐམས་ཅད་བསོད་ནམས་དམན་པས་གཡོན་སྐོར་དུ་འགྲོ་ཡང༌། སྒྲ་གཅན་བསོད་ནམས་བརྒྱའི་མཚན་དང་ལྡན་པས། གཡས་སྐོར་གྱིས་འགྲོ་བ་དང༌། གླིང་བཞི་རི་རབ་དང་བཅས་པ་རྒྱུ་སྐར་གྱི་ཚོགས་ཀྱིས་བསྐོར་བའི་ཕྱེད་རིལ་པོ་ལུས་ཀྱིས་ཁེབས་པ་དང༌། ལུས་དྲི་མ་མེད་པའི་ཆུ་ཤེལ་ལྟར་དྭངས་པས་ས་དང་ནམ་མཁའ་ལ་རྒྱུ་བའི་གཟུགས་བརྙན་ཐམས་ཅད་མི་བསྒྲིབ་པ་དང༌། མགོ་བོ་སྒྲ་གཅན་དང༌། མཇུག་མ་དུས་ཀྱི་མེའི་ཁ་གཉིས་དང་ལྡན་པས། ཉི་མ་དང་ཟླ་བའི་གཟི་བརྗིད་ནམ་རྒྱས་པ་ན། གང་དང་འཕྲད་པའི་གནས་དེར་ཟ་བར་ནུས་པ་དང༌། དེ་ལྟ་བུའི་སྒྲ་གཅན་དེ་ནམ་མཁའ་ལ་སྤྱོད་པའི་ལྷ་རྣམས་ཀྱིས་མཐོང་གི ས་ལ་རྒྱུ་བའི་མི་དང་དུད་འགྲོ་ལ་སོགས་པ་རྣམས་ཀྱིས་མཐོང་བའི་ཡུལ་དུ་མ་གྱུར་པ་ཡིན་ནོ། །དེ་བཞིན་དུ་ཀུན་དགའ་རྒྱལ་མཚན་དེའང་ལྷན་ཅིག་སྐྱེས་པ་དང་སྦྱངས་པ་ལས་བྱུང་བའི་ཡོན་ཏན་གྱི་ཚོགས་ཀྱིས་རྫུ་འཕྲུལ་དང་ལྡན་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ལ་ལུང་དང་རིགས་པ་དང་མན་ངག་གི་སྒོ་ནས་དགེ་བ་དང་ལེགས་པའི་གཞི་འཛུགས་པ། སྐྱེ་བོ་ཕལ་ཆེ་བ་བསོད་ནམས་ཀྱི་ཤུགས་ཀྱིས་ལོག་པའི་བློས་ཁྲིས་པས་གསུང་རབ་ཀྱི་འཇུག་ངོགས་ལས་བཟློག་སྟེ། ཕྱིན་ཅི་ལོག་ཏུ་འགྲོ་ལ། སྐྱེས་བུ་དེ་ནི་སྔོན་གྱི་བསོད་ནམས་ཀྱི་སྟོབས་དང༌། བླ་མ་དམ་པ་རྣམས་ཀྱི་ཐུགས་རྗེའི་ཤུགས་ཀྱིས་བསྟན་པ་རིན་པོ་ཆེའི་རླུང་འགྲོས་དང་མཐུན་པར་གཡས་ཕྱོགས་སུ་འགྲོ་བ་དང༌། བདེ་བར་གཤེགས་པའི་ཡེ་ཤེས་ཀྱི་ལྷུན་པོ་གསུང་རབ་ཀྱི་གླིང་གིས་ཀུན་ནས་བརྒྱན་པ་དང༌། ཡོན་ཏན་དུ་མའི་རྒྱུ་སྐར་གྱི་ཚོགས་ལ་ཇི་ལྟར་རིགས་པར་བློ་གྲོས་ཀྱི་ལུས་ཀྱིས་བསྐོར་བ་དང༌། སོ་སོར་རྟོག་པའི་ཤེས་རབ་དྲི་མ་མེད་པའི་ལུས་ལ་གཞན་གྱི་རིགས་པ་དང༌། རིགས་པ་མ་ཡིན་པའི་ཆོས་ལུགས་ཐམས་ཅད་གཡོ་སྒྱུའི་དྲི་མས་མི་བསྒྲིབ་པར་གསལ་བར་འཆད་པ་དང༌། ཚིག་རྣམ་པར་དབྱེ་བ་དང་བསྡུ་བ་ལ་མཁས་པར་བརྡ་སྤྲོད་པའི་བསྟན་བཅོས་སྒྲ་གཅན་གདོང་དང༌། དོན་གྱི་འགལ་འབྲེལ་རྣམ་པར་དཔྱོད་པའི་གནད་རིགས་པའི་བསྟན་བཅོས་ཚད་མ་ལ་མཁས་པ་དུས་ཀྱི་མེའི་ཁས་རང་དང་གཞན་གྱི་སྡེ་པ་རིགས་པ་མ་ཡིན་པའི་ང་རྒྱལ་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཤར་བའི་ཚེ། རྒོལ་བ་དང་ཕྱིར་རྒོལ་བ་དང༌། དབང་པོའི་དུས་ཚིགས་ཀྱི་གནས་ཡོངས་སུ་ཕྲད་པ་ན། ཕས་ཀྱི་རྒོལ་བ་ཉི་ཟླའི་གཟི་བརྗིད་ཟ་ནུས་པ་དང༌། ཤེས་བྱའི་གནས་ཀྱི་ནམ་མཁའ་ལ་རྒྱུ་བའི་མཁས་པ་ལྷའི་དབང་པོ་དང་འདྲ་བ་འགའ་ཞིག་གིས་མཐོང་གི རང་རང་གི་གཞུང་ལུགས་ངན་པའི་ས་ལ་རྒྱུ་བ། ཤེས་རབ་ཀྱི་མིག་ཞན་པ། འགལ་འབྲེལ་གྱི་སྒྲ་གཅན་གྱི་རྩིས་མི་ཤེས་པ་དག་གིས། སྒྲ་གཅན་དེའི་རྒྱུས་མི་ཤེས་སོ། །དེ་བཞིན་དུ་བླུན་པོར་གྱུར་པའི་མི་དང་དུད་འགྲོ་ལ་སོགས་པ་དང་འདྲ་བའི་སྐྱེ་བོ་རྣམས་ཀྱིས་མ་མཐོང་བས། ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ནི་ནམ་མཁའི་སྒྲ་གཅན་དང་ཆོས་མཐུན་པར་བསྟན་པ་ཡིན་ནོ། །མདོག་བཟང་དྲི་ཞིམ་དབྱིབས་མཛེས་མེ་ཏོག་ལ། །འགྲོ་ཀུན་དགའ་བས་རྒྱན་བྱེད་བསྣམས་ན་ཡང༌། །སྦྲང་རྩི་འཛིན་པ་སྦྲང་རྩིའི་བརྟུལ་ཞུགས་ཅན། །སྦྲང་བུ་མིན་པས་སྦྲང་རྩིའི་བཅུད་མི་རྙེད། །པདྨོ་དང༌། ཨུཏྤལ་དང༌། སཽ་གནྡྷི་ཀ་དང༌། ན་བ་མ་ལི་ཀ་ལ་སོགས་པ་མེ་ཏོག་གི་ཚོགས། ཁ་དོག་བཟང་ལ་དྲི་ཞིམ་པ། དབྱིབས་ཡིད་དུ་འོང་བ་དག་ལ། འགྲོ་བ་ཕལ་ཆེར་མངོན་པར་ཞེན་པའི་སྒོ་ནས་འགའ་ཞིག་ནི་ལྟ། འགའ་ཞིག་ནི་རྒྱན་དུ་བྱེད། འགའ་ཞིག་ནི་སྙིམ་པར་འཛིན་མོད་ཀྱི། སྦྲང་རྩི་འཛིན་པའི་བུང་བ་མ་ཡིན་པ། གཞན་གྱིས་སྦྲང་རྩིའི་བཅུད་མི་རྙད་དོ། །དེ་བཞིན་དུ། ཤེས་བྱའི་མེ་ཏོག་ཡོན་ཏན་དྲི་བསུང་ཅན། །སྙན་པའི་མདོག་མཛེས་ཀུན་གྱིས་བསྔགས་ན་ཡང༌། །སྦྲང་རྩི་འཛིན་པ་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོ་མིན་པས་ཤེས་བྱའི་བཅུད་མ་རྙེད། །ཤེས་བྱའི་གནས་འདི་ནི་མེ་ཏོག་ལྟར་ཆོས་རྣམ་པ་སྣ་ཚོགས་པ་ཡིན་ལ། དེ་ལ་ཡོད་པའི་ཡོན་ཏན་གྱི་དབྱེ་བ་ནི་དྲི་དང་རོ་དང་ནུས་པ་ལ་སོགས་པ་དང་ཆོས་མཐུན་ཞིང༌། མེ་ཏོག་དེའི་མདོག་མཛེས་པ་ལྟར། ཡོན་ཏན་དང་ལྡན་པའི་སྙན་པའི་གྲགས་པ་ཤིན་ཏུ་གསལ་ཞིང་མཛེས་པ་ཐམས་ཅད་ཀྱིས་བསྔགས་པར་འོས་པ་ཡིན་ནོ། །དེ་ལྟ་བུའི་ཤེས་བྱའི་མེ་ཏོག་ཆོས་དུ་མ་འཛིན་པ་དེ་ལ་ཡང༌། ལྟ་བ་དང་སྒོམ་པ་ལ་སོགས་པ་དང༌། ཆོས་མཐུན་པར་ཉན་པ་དང༌། འཆད་པ་དང༌། རྩོམ་པ་ལ་སོགས་པས་ཆེ་ཆེར་འཛིན་པའི་སྐྱེ་བོ་མང་ཡང༌། སྦྲང་རྩི་འཛིན་པའི་བུང་བ་དང་འདྲ་བ། ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མིན་པས་ཤེས་བྱའི་གནས་ཀྱི་མེ་ཏོག་གི་བཅུད་རྙེད་པར་དཀའོ། །འདི་དག་ཀྱང་ང་རྒྱལ་གྱི་སྒོ་ནས་གཞན་ལ་ཟུར་ཟ་བ་མ་ཡིན་གྱི། སྔོན་གྱི་མཁས་པ་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པ་དང༌། བློ་གྲོས་བརྟན་པ་དང༌། ཤེས་རབ་འབྱུང་གནས་སྦས་པ་དང༌། ཤཾ་ཀར་ནནྡ་དང༌། སྨྲ་བའི་སེང་གེ་ལ་སོགས་པ་མཁས་པ་ཆེན་པོ་བྱོན་ཟིན་པ་དེ་རྣམས་ཀྱིས་ཀྱང༌། ང་རྒྱལ་མི་མངའ་བར་ཟིན་ཡང༌། རང་རང་གི་རྣམ་པར་ཐར་པ་བཤད་པ་ཚིགས་སུ་བཅད་པ་མཛད་དོ། །འདི་དག་བསྒྲགས་པས་མ་འོངས་པའི་མཁས་པ་ཆེན་པོ་རྣམས་དང༌། སློབ་གྲྭའི་སྐྱེ་བོ་མཁས་པ་དོན་དུ་གཉེར་བ་རྣམས་ཀྱིས། དེ་དག་གི་རྣམ་པར་ཐར་པ་ཁོང་དུ་ཆུད་པར་འགྱུར་བ་དང༌། བླུན་པོ་ཡོན་ཏན་ཕྱོགས་རེ་ཙམ་གྱིས་ཆོག་པར་འཛིན་པའི་བློ་འདོར་བ་དང༌། བློ་གསལ་བའི་གཞོན་ནུ་དག་བདག་ཀྱང་འདི་ལྟ་བུའི་མཁས་པ་ཆེན་པོར་གྱུར་ན་ཅི་མ་རུང་སྙམ་དུ་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར། ང་རྒྱལ་གྱི་ཚིགས་སུ་བཅད་པ་དེ་ལྟ་བུར་མངོན་པར་ཡོད་དེ། སློབ་དཔོན་ཆོས་ཀྱི་གྲགས་པས་ཇི་སྐད་དུ། སྤྲེའུའི་ཚོགས་ཀྱིས་རི་བོང་བཟུང་ནས་ཆུ་གཏེར་བཞག་ཅེས་གྲོག་མཁར་སྨྲ། །རྒྱས་པ་སྲིད་སྒྲུབ་མདའ་ཞེས་དེ་དག་བདེན་མིན་ལོ་རྒྱུས་སྒྲོགས་པར་བྱེད། །ཁོ་བོས་ཚིགས་དོན་སྲང་ལ་འཇལ་བཞིན་ཇི་ལྟར་གནས་པ་བདེན་སྨྲས་ཀྱང༌། །འགྲོ་ཀུན་མགྲིན་པ་བརྐྱང་ནས་སུན་འབྱིན་དེ་ཕྱིར་གྲགས་ལྡན་ཁྱེད་ལ་འདུད། །ཅེས་སྨྲས་པ་དང༌། ཡང༌། གལ་ཏེ་ཆོས་ཀྱི་གྲགས་པ་ཡིས། །སྨྲ་བ་ཉི་མ་ནུབ་པ་ན། །ཆོས་ཉིད་གཉིད་ལོག་ཡང་ན་ཤི། །ཆོས་མ་ཡིན་རྣམས་ད་གཟོད་ལངས། །ཞེས་གསུངས་སོ། །སློབ་དཔོན་བློ་གྲོས་བརྟན་པས། བདག་བློ་ཕྱོགས་གཅིག་བཞག་པ་དང༌། །གཞན་བློ་ཕྱོགས་གཅིག་བཞག་པ་གཉིས། །གལ་ཏེ་ཚད་ལ་གཞལ་རུང་ན། །སྲང་ལ་བཅལ་ན་བདག་བློ་ལྕི། །ཞེས་གསུངས་པ་དང༌། སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པས་ཀྱང༌། རིགས་པའི་འོད་ཟེར་སྟོང་གིས་བརྒྱན་པ་ཡི། །ཤེས་རབ་འབྱུང་གནས་བློ་ཡི་ཉི་མ་ཤར། །མུ་སྟེགས་བློ་ངན་མཚན་མོར་རབ་རྒྱུ་བའི། །རྒྱུ་སྐར་མེ་ཁྱེར་ཚོགས་རྣམས་མྱུར་དུ་བྲོས། །ཞེས་པ་དང༌། ཡང་དེས། ཤེས་རབ་འབྱུང་གནས་སྐྱེས་པ་ན། །ཤེས་བྱའི་ཚོགས་རྣམས་མི་འདར་ན། །དེ་ལ་སེམས་མེད་ཡང་ན་ནི། །ལྐུགས་སམ་བ་ལང་མངོན་སུམ་ཡིན། །ཞེས་གསུངས་པ་དང༌། བྲམ་ཟེའི་སློབ་དཔོན་ཤཾ་ཀར་ནནྡས། བཱ་རཱ་ཎ་སཱིར་བྲམ་ཟེའི་པཎྜི་ཏ་རྣམས་དང་བརྩད་པ་ན། སློབ་དཔོན་གྱི་རིགས་པ་ཤིན་ཏུ་བརླིང་་དེ་དག་གིས་མ་གོ་བས། སློབ་དཔོན་ལ་རྟོག་གེའི་འཇུག་པ་མ་ཤར། ཞེས་སྨྲས་པའི་ཚེ། སློབ་དཔོན་གྱིས་སྨྲས་པ། ཉ་བའི་ཚོགས་ཀྱིས་རིན་ཆེན་རིན་ཐང་མེད་རྙེད་པ། །ཀུན་གྱིས་རབ་མནམས་ཡང་ཡང་མྱང་ཞིང་བརྡར་མོད་ཀྱི། །དྲི་དང་རོ་དང་ཁ་དོག་འདོད་བཞིན་མ་རྙེད་ནས། །རྣམ་པར་སྨད་དེ་རྒྱ་མཚོའི་ནང་དུ་དོར་ཞེས་གྲགས། །ཀྭ་ཡེ་རིན་ཆེན་བླུན་པོའི་ཚོགས་ཀྱི་ལག་འགྲིམས་ནས། །མ་བསྲེགས་མ་བརྡུངས་ཕྱེ་མར་མ་བརླགས་པར། །རང་གི་གནས་སུ་ཕྱིན་པས་དགའ་བ་ཅིས་མི་བསྒོམ། །བདེ་བྱེད་དགའ་ན་གནས་སྐབས་དེ་དང་འདྲ་བར་འགྱུར། །ཞེས་གསུངས་ཤིང༌། ཡང་སློབ་དཔོན་སྨྲ་བའི་སེང་གེས། ཡང་ནས་ཡང་དུ་ལག་གཉིས་བརྐྱང་ནས་རབ་སྨྲས་ན། །ཇི་ལྟར་རིགས་པར་རིངས་རིངས་ལྟར་ཏེ་བརྗོད་པའི་ཚེ། །སྨྲ་བའི་སེང་གེ་རྒོལ་བ་ཁོ་བོ་འཁོད་གྱུར་ན། །དབང་ཕྱུག་ཆེན་པོའང་ཡི་གེ་ཙམ་ཡང་ཤེས་མ་ཡིན། །ཞེས་བྲིས་ནས་སྨྱུག་རིངས་ལ་བཏགས་ནས་མཁས་པའི་གྲྭ་རྣམས་སུ་དྲིལ་བསྒྲགས་པ་དང༌། པཎྜི་ཏ་དཱ་ན་ཤྲཱི་ན་རེ། རབ་ཏུ་བྱེད་པ་སྡེ་བདུན་ལུས་གྲིམས་རྣམས་འགྲེལ་རྒྱན་གྱི་མཆེ་བ་ཅན། །ཆོས་མཆོག་རལ་པའི་ཁུར་འཛིན་བརྡ་སྤྲོད་བྱེད་པའི་སྡེར་མོ་རབ་རྣོ་བས། །མུ་སྟེགས་གླང་པོའི་ཀླད་འགེམས་རྒོལ་བ་ངན་རྣམས་སྐྲག་ཕྱེད་གང་ཡིན་པ། །དེ་ནི་དཔལ་སྟུག་དཔལ་འཛིན་འཇིགས་མེད་སེང་གེ་སྒྲ་ཆེན་ཀུན་ཏུ་སྒྲོགས། །ཞེས་སྨྱུག་རིངས་ལ་བཏགས་ནས་ཀ་ལིངྒའི་རྒྱལ་པོའི་སྒོར་བཏགས་སོ། །ཞེས་གྲག་གོ །འདི་ལྟ་བུའི་རང་གི་ཡོན་ཏན་བསྔགས་པའི་ཚིགས་སུ་བཅད་པ་བརྗོད་པ་ནི། མཁས་པ་ཐམས་ཅད་ཀྱི་རྣམ་པར་ཐར་པ་ཡིན་པས་མཛེས་ཀྱི་གཞན་དུ་ན། རང་གི་རིགས་དང༌། ལོངས་སྤྱོད་དང༌། འཁོར་དང༌། དམག་དཔུང་དང༌། དབང་ཕྱུག་ལ་སོགས་པ་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་རྣམས་ཀྱི་སྒོ་ནས་ང་རྒྱལ་སྨྲ་བ་ནི། མཁས་པ་རྣམས་ཁྲེལ་ཞིང་རང་ངོ་ཚ་བའི་གནས་ཡིན་པས། སྔོན་བྱུང་བའི་དམ་པ་དེ་དག་གིས་བསྒྲགས་པའང་མེད་པས་གཞན་གྱིས་དེ་བཞིན་དུ་ཤེས་པར་བྱོས་ཤིག ཐོག་མར་ཤེས་བྱ་ཀུན་ལ་མཁས་པར་བྱ། །བར་དུ་མཁས་པའི་ཚོགས་སུ་ལེགས་པར་བཤད། །ཕྱི་ནས་འདྲིས་པའི་དོན་ལ་བརྩོན་པས་བསྒོམ། །དུས་གསུམ་རྒྱལ་བ་རྣམས་ཀྱི་བཞེད་གཞུང་ཡིན། །བདག་གིས་སྔར་བཤད་པའི་ཤེས་བྱའི་གནས་མཁས་པ་རྣམས་ས་བསླབ་པར་བྱ་བ་རགས་རིམ་ཞིག་བསྟན་པ་དེའང༌། རང་ཉིད་ཤེས་བྱ་ཀུན་ལ་མཁས་པར་གྱིས་ཤིག་པ་དང༌། སློབ་མའི་ཚོགས་རྣམས་དེ་ལྟ་བུ་ལ་གཞུག་པར་མཛོད་ཅིག་ཅེས་གསོལ་བ་བཏབ་པ་དང༌། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པའང་དེ་ལྟ་བུ་དག་ཤེས་ན་རྒྱས་པར་འགྱུར་རོ། །ཞེས་ཚུལ་དེ་ལྟ་བུ་མི་ཤེས་པ་རྣམས་ལ་བསྟན་པར་བྱ་བའི་དོན་དུ་འདི་བཤད་ཀྱིས། མཁས་པ་གསལ་བ་ཡིད་གཞུངས་པ། རང་རང་གིས་ལེགས་པར་བསླབས་པའི་གཞུང་ལུགས་དཔྱིས་ཕྱིན་པར་ཤེས་པ་དེ་དག་ཟུར་ཟ་བ་མ་ཡིན་ལ། ཐོས་པ་དང༌། བསམ་པ་དང༌། བསྒོམ་པ་མ་འཁྲུལ་བའི་སྒོ་ནས། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་གྱུར་ན་ཅི་མ་རུང་ཞེས་བསམས་ནས་སྨྲས་པ་ཡིན་ནོ། །བདག་གིས་ཤེས་བྱའི་གནས་ལུགས་ཅུང་ཟད་ཙམ། །མཐོང་དང་ཐོས་དང་འདྲིས་པར་བྱས་པའི་ཚུལ། །བཤད་པ་འདི་ལ་འགལ་བ་ཅི་མཆིས་པ། །དེ་ནི་མཁས་པའི་ཚོགས་ལ་བཟོད་པར་གསོལ། །ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏྲ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ།།  །།  ༈ གུ་རུས་དཔར་རྩ་སྤེལ་བའོ།།

 

No comments:

Post a Comment