[ནང་དོན་གནད་བསྡུས།]
«སྡེ་བསྟན»དུ་བཞུགས་པའི་ཚད་མའི་སྡེ་ཚན་དུ་འཁོད་པའི་ཆོས་ཚན་དྲུག་ཅུ་རེ་བཞི་དང་། པོ་ཏི་«སྡེ་བསྟན»ཚད་མ་པོད་རྟགས་<ཅེ>ནས་<ཡེ>འི་བར་པོད་ཉི་ཤུ་ཐམ་པ་ཡོད། ད་དུང་པེ་ཅིང་དང་སྣར་ཐང་«བསྟན་འགྱུར»དུ་བཞུགས་པའི་མར་ཐུང་དད་པ་ཤེས་རབ་ཀྱིས་བསྒྱུར་བའི་«ཀུན་བཏུས»རྩ་འགྲེལ་གཉིས་དང་། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བའི་«རིགས་པ་ལ་འཇུག་པའི་སྒོ»བཅས་གསུམ་བགྲང་ན་ཆོས་ཚན་དྲུག་ཅུ་རེ་བདུན་ཡོད། ཆོས་ཚན་དེ་དག་ལས་དཱ་ན་ཤི་ལའི་«གླེགས་བམ་ཀློག་པའི་ཐབས»ཞེས་པ་དེ་ཚད་གཞུང་ངོ་མ་ཞིག་མིན། དེ་དག་མཛད་པ་བོ་རྒྱ་གར་གྱི་པཎྜི་ཏ་ཉེར་དྲུག་ཡོད་པ་དང་། དེ་དག་གིས་ཚད་གཞུང་དེ་དག་སྔ་ཤོས་དུས་རབས་དྲུག་པའི་ནང་བརྩམས་ཤིང་ཕྱི་ཤོས་དུས་རབས་བཅུ་གཉིས་པའི་ནང་ཡོངས་སུ་བརྩམས་གྲུབ་པ་ཡིན། ཚད་གཞུང་དེ་དག་བོད་དུ་སྒྱུར་བ་མཛད་མཁན་གྱི་ལོ་ཙཱ་བ་ལ་ཡང་གསར་སྒྱུར་མཛད་མཁན་ཉི་ཤུ་རྩ་བཞི་དང་། དེའི་སྟེང་འགྱུར་བཅོས་ཁོ་ན་མཛད་མཁན་གྱི་ལོ་ཙཱ་བ་བཞི་བགྲངས་པས་ཉི་ཤུ་རྩ་བརྒྱད་ཡོད། དེའི་ནང་བསྟན་པ་སྔ་དར་སྐབས་ཀྱི་ལོ་ཙཱ་བ་ལྔ་ཡོད། འགྱུར་གྱི་རོགས་པཎྜི་ཏ་ཡང་བསྟན་པ་སྔ་དར་སྐབས་ཀྱི་འགྱུར་གྱི་རོགས་འཁོད་པའི་གཞུང་བཅུ་བཞི་ལ་པཎྜི་ཏ་བརྒྱད་དང་། བསྟན་པ་ཕྱི་དར་སྐབས་ཀྱི་གཞུང་སུམ་ཅུ་སོ་བཞི་ལ་འགྱུར་གྱི་རོགས་པཎྜི་ཏ་ཉི་ཤུ་རྩ་གཅིག་བཅས་བསྡོམས་པས་པཎྜི་ཏ་ཉེར་དགུ་ཡོད། འགྱུར་བྱང་ཡོད་མེད་ཀྱང་འགྱུར་བྱང་འཁོད་པའི་གཞུང་ཚན་ལྔ་བཅུ་ང་བཞི་དང་། འགྱུར་བྱང་མ་འཁོད་པ་བཅུ་གསུམ། དེའི་ནང་སྒྱུར་བ་བོ་གང་ཡིན་མི་ཤེས་པ་བདུན་བཅས་ཡོད་དོ། །
[གནད་ཚིག] ཚད་མ། ལོ་ཙཱ་བ། པཎྜི་ཏ། འགྱུར་བྱང་།
གཅིག སྔོན་འགྲོའི་སྤྱི་བཤད།
གཙོ་བོ་«སྡེ་དགེའི་བསྟན་འགྱུར»གཞིར་བཟུང་དང་དེའི་སྟེང་«སྡེ་བསྟན»རང་དུ་འཁོད་མེད་ཀྱང་«སྡེ་བསྟན་དཀར་ཆག»ཏུ་བཀོད་པ་དག་བསྣན་ནས་ཚད་མའི་སྐོར་གྱི་གཞུང་ཚན་དང་པོ་ཏི་དུ་ཡོད་དང་། དེ་དག་མཛད་པ་བོ་དང་སྒྱུར་བོ་དང་འགྱུར་གྱི་རོགས་བཅས་ཞུ་ན། བོད་འགྱུར་ཚད་མའི་གཞུང་ལུགས་ལ་གཞུང་ཚན་དང་གླེགས་བམ་གྱི་དབང་དུ་བྱས་ན།«སྡེ་བསྟན»ཚད་མ་<ཞེ>འི་ནང་དུ་བཞུགས་པའི་དཱ་ན་ཤི་ལའི་«གླེགས་བམ་ཀློག་པའི་ཐབས»ཞེས་པ་དེ་བརྗོད་བྱའི་ཆ་ནས་ཚད་གཞུང་ཞིག་མིན་ཡང་«སྡེ་བསྟན»དུ་ཚད་མའི་ཆོས་ཚན་གྱི་གྲས་སུ་བཅུག་ཡོད། དེ་ཉིད་བགྲང་ན་གཞུང་ཚན་དྲུག་ཅུ་རེ་བདུན་ཡོད་ཅིང་། དེའི་ནང་«ཚད་མ་མདོ་ཀུན་ལས་བཏུས་པའི་རྩ་བ་»དང་དེའི་«རང་འགྲེལ»པཎྜི་ཏ་གསེར་གྱི་གོ་ཆ་དང་ལོ་ཙཱ་བ་དད་པ་ཤེས་རབ་གཉིས་ཀྱིས་བསྒྱུར་བ་གཉིས་དང་། ཞ་མ་སེང་གེ་རྒྱལ་མཚན་གྱིས་བསྒྱུར་བ་གཉིས་ཏེ་འགྱུར་མི་འདྲ་བ་བཞི་ཡོད། ཡང་«རིགས་པ་ལ་འཇུག་པ»ལ་འགྲོ་མགོན་འཕགས་པའི་སློབ་མ་དགེ་བའི་བཤེས་གཉེན་སྟོན་གཞོན་གྱིས་རྒྱ་ནག་ནས་བསྒྱུར་ཞིང་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་འགྱུར་བཅོས་མཛད་པ་གཅིག་དང་། ཡང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་ལེགས་སྦྱར་ནས་བསྒྱུར་བ་གཅིག་སྟེ་གཉིས་ཡོད། དེ་ལས་མར་ཐུང་དད་པ་ཤེས་རབ་ཀྱིས་བསྒྱུར་བའི་«ཀུན་བཏུས»ཀྱི་རྩ་འགྲེལ་གཉིས་དང་། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་ལེགས་སྦྱར་ནས་བསྒྱུར་བའི་«རིགས་པ་ལ་འཇུག་པའི་སྒོ»གཉིས་«སྣར་ཐང་བསྟན་འགྱུར»དང་«པེ་ཅིང་བསྟན་འགྱུར»དུ་བཞུགས་པ་ལས་«སྡེ་བསྟན»དུ་བཞུགས་མེད། གཞན་ཚང་མ་«སྡེ་བསྟན»དུ་བཞུགས་ཤིང་དེ་དག་«སྡེ་བསྟན»སྡེ་ཚན་ཚད་མ་དང་པོད་རྟགས་<ཅེ>ནས་<ཡེ>འི་བར་པོད་ཉི་ཤུ་ཐམ་པ་ཡོད། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་«སྡེ་བསྟན་དཀར་ཆག»ལས། “སྒྲུབ་དང་སེལ་བ་རྣམ་པར་དག་པ་ཡི། །ཡང་དག་རིགས་པས་ལྟ་ངན་སུན་འབྱིན་ཅིང་། །ཤེས་བྱའི་གནས་ལུགས་གསལ་བྱེད་རིག་པའི་གཞུང་། །བཅུ་ཕྲག་དྲུག་ལ་བརྒྱད་ཀྱིས་བརྒྱན་པ་བཞུགས། །”[1] ཞེས་ཚད་མའི་སྐོར་ལ་ཆོས་ཚན་དྲུག་ཅུ་རེ་བརྒྱད་ཡོད་པར་གསུངས་ཀྱང་། ཆོས་མཆོག་གི་«རྣམ་ངེས»ལེའུ་དང་བོ་གཉིས་ཀྱི་འགྲེལ་བ་དང་། ལེའུ་གསུམ་པའི་འགྲེལ་པ་གཉིས་པོ་ཏི་སོ་སོར་བཞུགས་པས་ལོགས་སུ་བགྲངས་སམ་སྙམ།
ཚད་གཞུང་དྲུག་ཅུ་རེ་བདུན་པོ་དེ་དག་གང་གིས་མཛད་པའི་རྒྱ་གར་གྱི་པཎྜི་ཏ་ཉེར་དྲུག་གམ་ཉེར་བདུན་ཡོད་ཅིང་། དེ་ཡང་བོད་འགྱུར་«རིགས་པ་ལ་འཇུག་པ»འདི་ལ་ལེགས་སྦྱར་ནས་བོད་ཡིག་ཏུ་བསྒྱུར་བ་གཅིག་དང་། རྒྱ་ནག་གི་ཡི་གེ་ནས་བོད་ཡིག་ཏུ་བསྒྱུར་བ་གཉིས་ཡོད་པའི་གཉིས་ཀའི་འགྱུར་བྱང་དུ་སློབ་དཔོན་ཕྱོགས་གླང་གིས་མཛད་པ་འཁོད་ཡོད། འོན་ཀྱང་རྒྱ་ནག་གི་འགྱུར་ལ་གཞུང་འདི་ཕྱོགས་གླང་གི་སློབ་མ་ཞིག་གིས་མཛད་པ་འཁོད་ཡོད་པས་དེའི་ཐད་མཁས་པ་དག་གི་བཞེད་ཚུལ་གཅིག་མཐུན་མིན། དེས་ན་བསྟན་བཅོས་དེ་ཉིད་ཕྱོགས་གླང་གིས་མཛད་པར་བརྩིས་ན་མཁས་པ་ཉེར་དྲུག་དང་། སློབ་དཔོན་གཞན་ཞིག་གིས་མཛད་པ་ཡིན་ན་ཉེར་བདུན་ཡོད་པ་ཡིན། དེ་དག་བརྩམས་སའི་ཡུལ་གྱི་དབང་དུ་བྱས་ན་ཡེ་ཤེས་དཔལ་བཟང་གི«རྣམ་ངེས»ཀྱི་འགྲེལ་བའི་འགྱུར་བྱང་དུ། “ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད་མཁས་པའི་གྲགས་པས་རྒྱ་མཚོའི་མཐས་ཀླས་པར་ཁྱབ་པ། སློབ་དཔོན་ཡེ་ཤེས་དཔལ་བཟང་བོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།གནས་བརྟན་མཁས་པ་ཆེན་པོ་ཛྙཱ་ན་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བརྩོན་འགྲུས་ཀྱིས་བསྒྱུར། ཁྱུང་བོ་མཚན་བཞི་ཁམས་ཟླ་ཧོར་ཐུག་གིས་སྦྱིན་པར་བྱ་བའི་ཆོས་རྣམས་ཉེ་བར་སྦྱར་ཞིང་གསོལ་བ་བཏབ་ནས། གཞུང་ཉེ་བར་སྦྱར་ཏེ་བརྩམས་ནས་བསྒྱུར་བ་ལགས་སོ།། །།”[2] ཞེས་འཁོད་པ་ལ་བལྟས་ན་རུས་ཁྱུང་བོ་ཅན་ཞིག་གིས་བསྐུལ་ནས་བོད་དུ་བརྩམས་སམ་སྙམ། པཎྜི་ཏ་ཁོང་ནི་མངའ་བདག་རྩེ་ལྡེའི་སྐུ་དུས་ཙ་ན་བོད་དུ་བཞུགས་པ་ཁྱད་པར་བཤེས་གཉེན་གྱིས་མཛད་པའི་«འདུལ་བ་བསྡུས་པ»ཞེས་པའི་འགྱུར་བྱང་དུ་གསལ། དེ་ཉིད་ཕུད་པའི་བསྟན་བཅོས་གཞན་རྣམས་བོད་ཡུལ་དུ་བརྩམས་པ་གསལ་བོར་གང་ཡང་མི་སྣང་། མཁས་པ་དེ་དག་གི་ནང་ནས་བོད་དུ་ཕེབས་མྱོང་པ་ནི། བསྟན་པ་སྔ་དར་སྐབས་ཀྱི་ཞི་བ་འཚོ་དང་། ཀ་མ་ལ་ཤཱི་ལ། ཛི་ན་མི་ཏྲ་བཅས་གསུམ་བོད་དུ་ཕེབས་ཤིང་། ཕྱི་དར་སྐབས་སུ་ཡེ་ཤེས་དཔལ་བཟང་བོད་དུ་ཕེབས་ཡོད། གཞན་«གླེགས་བམ་བཀླག་པའི་ཐབས»རང་འགྱུར་དུ་མཛད་མཁན་གྱི་དཱ་ན་ཤི་ལ་ཞེས་པ་འདིས་བོད་ཡིག་མཁྱེན་པ་ལས་དཔག་ན་བོད་དུ་ཕེབས་པར་ཤེས། འོན་ཀྱང་ད་བར་ཁོ་བོས་མཐོང་ཚོད་ལྟར་ན་བསྟན་པ་སྔ་དར་གྱི་སྐབས་སུ་དཱ་ལ་ཤཱི་ལའི་མཚན་ཅན་གཅིག་དང་ཕྱི་དར་སྐབས་སུ་ཇོ་བོ་རྗེའི་དབོན་པོ་དཱ་ན་ཤཱི་ལ་དང་པཎ་ཆེན་ཤཱཀྱ་ཤྲཱིའི་འཁོར་པཎ་ཆུང་དགུའི་གྲས་དཱ་ལ་ཤཱི་ལ་གཅིག་བཅས་མཚན་འདྲ་བའི་པཎ་ཆེན་གསུམ་བོད་དུ་ཕེབས་ཡོད་པ་ཆོས་འབྱུང་ཁག་ཏུ་འཁོད་པས་གང་ཡིན་བཤད་དཀའ་ཡང་། «འཕགས་མ་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས»ཞེས་པའི་འགྱུར་བྱང་དུ། “རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལས་རང་འགྱུར་དུ་མཛད་པའོ།། ” [3]ཞེས་འཁོད་ཡོད་པ་དང་། ཡང་ཞང་རྒྱལ་བ་དཔལ་གྱིས་མཛད་པའི་ས་སྐྱ་པཎྜི་ཏའི་རྣམ་ཐར་དུ་ཡང་ཁ་ཆེའི་པཎ་ཆེན་གྱི་འཁོར་པཎ་ཆུང་དགུའི་ནང་གི་དཱ་ན་ཤཱི་ལའི་སྐོར་གསུངས་སྐབས་སུ། “མཁས་པའི་གངས་རི་ལ་བརྟེན་ནས་བློ་གྲོས་ཀྱི་རྩལ་རྫོགས་ཤིང་ཡོན་ཏན་གྱི་རལ་བས་བརྒྱན་ཏེ། རིགས་པའི་མཆེ་སྡེར་གྱིས་རྒོལ་བའི་གླང་བོ་དྲེགས་པས་མྱོས་པའི་ཀླད་པ་འགེམས་པ། སྨྲ་བའི་སྐྱེས་བུ་མཆོག་ཏུ་གྲགས་པའི་སྐྱེས་བུ་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དཱ་ན་ཤཱི་ལ་ཞེས་བྱ་བ་ལ།” [4] ཞེས་གསུངས་པས་ཕྱི་དར་སྐབས་ཀྱི་པཎ་ཆེན་ཤཱཀྱ་ཤྲཱིའི་འཁོར་པཎ་ཆུང་དགུའི་ནང་གི་དཱ་ན་ཤཱི་ལ་ཞེས་པ་ཡིན་ནམ་སྙམ་པ་སྟེ། དེ་ལྟར་སྔ་ཕྱིར་མཁས་པ་ལྔ་བོད་དུ་ཕེབས་ཡོད། བརྩམས་པའི་དུས་ཀྱི་དབང་དུ་བྱས་ན་སྔ་ཤོས་ནི་ཕྱོགས་གླང་གི་གཞུང་རྣམས་ཡིན་པ་སྨོས་མ་དགོས་ཤིང་། དེ་ཉིད་དུས་རབས་དྲུག་པའི་ནང་བརྩམས་པ་དང་ཕྱི་ཤོས་ནི་ཛ་གཏྟའི་གཙུག་ལག་ཁང་ཆེན་པོའི་སློབ་དཔོན་ཐར་འབྱུང་སྦས་པས་མཛད་པའི་«རྟོག་གེའི་སྐད»དེ་དུས་རབས་བཅུ་གཉིས་པའི་ནང་ཙམ་ལ་བརྩམས། དེས་ན་ཚད་མའི་སྐོར་གྱི་གཞུང་ཚན་དྲུག་ཅུ་རེ་བདུན་པོ་དེ་དག་དུས་རབས་དྲུག་པ་ནས་མགོ་བརྩམས་ཏེ་དུས་རབས་བཅུ་གཉིས་པའི་ནང་ཡོངས་སུ་བརྩམས་གྲུབ་ཡོད། ཕྱི་ནང་གི་གྲུབ་མཐའི་དབང་དུ་བྱས་ན། སྤྱིར་བཀའ་བསྟན་གྱི་ནང་དུ་ད་ལྟ་བཞུགས་པའི་ཕྱི་རོལ་བའི་གཞུང་རང་རྒྱུད་པ་ཆ་ཚང་བ་གང་ཡང་འགྱུར་མེད་པ་དང་། དེ་བཞིན་ཚད་གཞུང་དེ་དག་ཚང་མའི་མཛད་པ་བོ་ནང་བ་ཁོ་ན་ཡིན་ཞིང་ཕྱི་རོལ་བའི་མཁས་པས་བརྩམས་པའི་ཚད་གཞུང་གང་ཡང་བོད་དུ་བསྒྱུར་བ་མི་སྣང་། འོན་ཏེ་ཕྱོགས་སྔ་མའི་ཚུལ་དུ་འཁོད་པ་མང་བོ་ཡོད་པ་སྨོས་མ་དགོས། ནང་བའི་གྲུབ་མཐའི་དབང་དུ་བྱས་ན་ཡང་རྒྱན་རྗེས་འབྲངས་དང་བཅས་པས་«རྣམ་འགྲེལ»གྱི་དགོངས་པ་དབུ་མར་བཀྲལ་བ་ལས་གཞན་མང་བོ་ཞིག་ནི་སེམས་ཙམ་པའི་ལུགས་དང་། འགའ་ཞིག་མདོ་སེམས་གཉིས་ཀས་ཁས་ལེན་པའི་གཏན་ཚིགས་ཀྱི་རྣམ་བཞག་སོགས་སྟོན་པ་ལས་འདི་ཡིན་འདི་མིན་གྱི་ཁྱད་པར་དབྱེ་དཀའ། «ཕྱི་རོལ་གྱི་དོན་གྲུབ་པའི་ཚིག་ལེའུར་བྱས་པ»སློབ་དཔོན་དགེ་སྲུངས་ཀྱིས་མཛད་པ་དེ་མདོ་སྡེ་བའི་གཞུང་རང་རྒྱུད་པ་ཡིན་ཞིང་། དེའི་ནང་དུ་དབྱིག་གཉེན་གྱི་«ཉི་ཤུ་བ»དང་། ཕྱོགས་གླང་གི་«དམིགས་བརྟག» ཆོས་གྲགས་ཀྱི་«རྣམ་འགྲེལ»སོགས་སུ་གསུངས་པའི་ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་སོགས་ཕྱི་དོན་འགོག་པའི་རིགས་པ་དག་ལ་ལན་མཛད་ཡོད་པ་དང་། ཕྱི་དོན་ཡོད་པའི་སྒྲུབ་བྱེད་སོགས་བཤད་པའི་གཞུང་གལ་ཆེན་ཞིག་ཡིན། ཁོང་གི་གཞུང་གཞན་ཐོར་བུ་འགའ་ཡོད་པ་རྣམས་ཀྱང་མདོ་སྡེ་བའི་ལུགས་གཞིར་བཟུང་གིས་བརྩམས་པ་ལགས།
ཚད་གཞུང་དེ་དག་བོད་དུ་སྒྱུར་བ་མཛད་མཁན་གྱི་ལོ་ཙཱ་བ་ལ་ཡང་བསྡོམས་ན། དཱ་ན་ཤཱི་ལ་བགྲངས་པས་ཉི་ཤུ་རྩ་གསུམ་དང་། དེའི་སྟེང་ཞི་བ་འཚོའི་«རྩོད་རིགས་ཀྱི་འགྲེལ་བ»དེ་འབྲོ་སེང་དཀར་དང་ཟངས་དཀར་འཕགས་པ་ཤེས་རབ་གཉིས་ཀས་མཉམ་དུ་བསྒྱུར་བས་དེའི་ཕྱིར་ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་བགྲང་ན་ཉི་ཤུ་རྩ་བཞི་དང་། དེའི་སྟེང་འོག་ཏུ་འཆད་འགྱུར་གྱི་འགྱུར་བཅོས་ཁོ་ན་མཛད་མཁན་གྱི་ལོ་ཙཱ་བ་བཞི་བགྲངས་པས་ཉི་ཤུ་རྩ་བརྒྱད་ཡོད། དེ་ཡང་འོག་ཏུ་འགོད་འགྱུར་གྱི་གཞུང་གསར་བསྒྱུར་མཛད་མཁན་གྱི་ལོ་ཙཱ་བ་ཉི་ཤུ་རྩ་བཞི་ཡོད་ཅིང་། གཞན་གྱིས་བསྒྱུར་བ་ལ་འགྱུར་བཅོས་མཛད་མཁན་གྱི་ལོ་ཙཱ་བ་བདུན་ཏེ། ཟངས་དཀར་འཕགས་པ་ཤེས་རབ་དང་། ཅོག་གྲུ་ཏིང་ངེ་འཛིན་བཟང་བོ་དང་། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། དར་མ་གྲགས། ཀློག་སྐྱ་ཤེས་རབ་བརྩེགས་དང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དང་རྒྱ་ནག་གི་བཙུན་པ་ལྷ་བཙུན་ཆོས་ཀྱི་རིན་ཆེན་བཅས་ཡིན། དེའི་ནང་ནས་ཀློག་སྐྱ་ཤེས་རབ་བརྩེགས་དང་། དར་མ་གྲགས་དང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དང་། རྒྱ་ནག་གི་བཙུན་པ་ལྷ་བཙུན་ཆོས་ཀྱི་རིན་ཆེན་བཞི་ནི་འགྱུར་བཅོས་ཁོ་ན་མཛད་མཁན་ཡིན་པས་ལོ་ཙཱ་བ་དེ་བཞི་ཡིས་བསྒྱུར་བའི་ཚད་གཞུང་རང་རྒྱུད་པ་གང་ཡང་ད་ལྟའི་«བསྟན་འགྱུར»དུ་བཞུགས་མེད།
ལོ་ཙཱ་བ་གཉིས་ཀྱིས་མཉམ་དུ་བསྒྱུར་བའི་གཞུང་གཅིག་སྟེ། ཞི་བ་འཚོའི་«རྩོད་པའི་རིགས་པའི་འགྲེལ་བ་དོན་རྣམ་པར་འབྱེད་པ»ཞེས་པ་དེ་འབྲོ་སེང་དཀར་ཤཱཀྱ་འོད་དང་ཟངས་དཀར་འཕགས་པ་ཤེས་རབ་གཉིས་ཀྱིས་མཉམ་དུ་བསྒྱུར་ཡོད། ཚད་གཞུང་དེ་དག་གི་ནང་ནས་རྒྱ་ནག་ནས་འགྱུར་བ་གཅིག་སྟེ། «རིགས་པ་ལ་འཇུག་པ»འགྲོ་མགོན་འཕགས་པའི་སློབ་མ་ཡིན་ཞིང་ད་ལྟ་བཞུགས་པའི་«རྣམ་འགྲེལ་གྱི་རྣམ་བཤད་གངས་ཅན་གྱི་རྒྱན»ཞེས་པ་དེའི་མཛད་པ་བོ་ལོ་ཙཱ་བ་བཙུན་པ་སྟོན་གཞོན་དང་རྒྱའི་དགེ་བཤེས་སིང་གྱང་ཇུས་གཉིས་ཀྱིས་བོད་སྐད་དུ་བསྒྱུར་ཞིང༌། ཕྱིས་རྒྱ་ནག་གི་ལྷའི་བཙུན་པ་ཆོས་ཀྱི་རིན་ཆེན་གྱིས་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་རྒྱའི་དཔེ་དང་བོད་ཀྱི་དཔེ་གཉིས་པོ་ལེགས་པར་གཏུགས་ཤིང་བཅོས་ཏེ་དག་པར་བསྒྱུར་བ་དེ་ཡིན། གཞན་ཚང་མ་ལེགས་སྦྱར་ནས་བོད་ཡིག་ཏུ་བསྒྱུར་བ་ཁོ་ནར་སྣང་། «ཀུན་བཏུས་རྩ་འགྲེལ»ལ་འགྱུར་མི་འདྲ་བ་གཉིས་བྱུང་ཞིང་། «རིགས་པ་ལ་འཇུག་པ»ལ་འགྱུར་མི་འདྲ་བ་གཉིས་བྱུང་བ་རྣམས་བགྲང་ན་བོད་དུ་འགྱུར་བ་གཞུང་ཚན་དྲུག་ཅུ་རེ་བདུན་ཡོད་པའི་ནང་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་བསྒྱུར་བའི་«རྟོག་གེའི་སྐད»དང་། རྒྱལ་དབང་བློའི་«ཀུན་བཏུས་ཀྱི་འགྲེལ་བཤད»གཉིས་པཎྜི་ཏ་ལ་མ་ལྟོས་པར་རང་འགྱུར་དུ་མཛད་པ་ཕུད་གཞན་ཚང་མ་འགྱུར་གྱི་རོགས་པཎྜི་ཏ་དང་བཅས་ཏེ་བསྒྱུར་བ་རྐྱང་ཡིན།
དེའི་ནང་བསྟན་པ་སྔ་དར་སྐབས་ཀྱི་བོད་ཀྱི་ལོ་ཙཱ་བ་དྷརྨ་ལོ་ཀ་དང་། བཻ་རོ་ཙ་ན་དང་། ཡེ་ཤེས་སྡེ་དང་། དཔལ་བརྩེགས་དང་། ལོ་ཆེན་ནམ་མཁའ་སྟེ་ལྔ་ཡོད་པ་དེ་དག་གིས་བསྒྱུར་བའི་འགྱུར་བྱང་འཁོད་པའི་གཞུང་ཚན་བཅུ་བཞི་བཞུགས་པའི་ནང་དྷརྨ་ལོ་ཀས་བསྒྱུར་བའི་«ཕྱོགས་ཆོས་དགུའི་འཁོར་ལོའི»འགྱུར་བྱང་དུ། “ཕྱོགས་ཆོས་དགུའི་འཁོར་ལོ་སློབ་དཔོན་ཕྱོགས་ཀྱི་གླང་བོས་མཛད་པ་རྫོགས་སོ།། །།ཟ་ཧོར་གྱི་མཁས་པ་བོ་དྷི་སཏྭ་དང༌། དགེ་སློང་དྷརྨ་ཨཱ་ལོ་ཀས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། ། །”[5]ཞེས་མཁན་ཆེན་ཞི་བ་འཚོ་དང་མཉམ་དུ་བསྒྱུར་བ་གསལ་བ་ལས་ཁྲི་སྲོང་གི་སྐུ་དུས་སུ་བསྒྱུར་བ་ཤེས་ཐུབ་ཅིང་། བཻ་རོ་ཙ་ན་ཡང་དེའི་དུས་ཀྱི་ལོ་ཙཱ་ཡིན་པས་དེས་བསྒྱུར་བའི་«རིགས་པ་གྲུབ་པའི་སྒྲོན་མ»ཞེས་པའང་དེའི་སྔ་ཕྱི་ཙམ་ཞིག་ལ་བསྒྱུར་ཡོད་སྲིད། ཡེ་ཤེས་སྡེ་ནི་ཁྲི་ལྡེ་སྲོང་བཙན་སྐབས་ཀྱི་ལོ་ཙཱ་ཡིན་པ་«སྒྲ་སྦྱོར་བམ་གཉིས»སུ་གསལ་ཞིང་། དཔལ་བརྩེགས་ཀྱང་ཡེ་ཤེས་སྡེ་དང་དུས་རགས་པ་མཉམ་སྟེ། པཎྜི་ཏ་ཛི་ན་མི་ཏྲ་དང་རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་མཉམ་དུ་ཡེ་ཤེས་སྡེ་དང་དཔལ་བརྩེགས་གཉིས་ཀས་བསྒྱུར་བའི་གཞུང་ཡོད་པས་སོ། །ལོ་ཆེན་ནམ་མཁའ་ནི་རལ་བ་ཅན་གྱི་སྐུ་དུས་ཀྱི་ལོ་ཙཱ་ཡིན་པ་«ལྡེའུ་ཆོས་འབྱུང»དུ་གསུངས། འོན་ཀྱང་ཛྙཱ་ན་གརྦྷ་དང་མཉམ་དུ་ལོ་ཙཱ་བ་ནམ་མཁའ་དང་དྷརྨ་ལོ་ཀ་གཉིས་ཀས་གཞུང་བསྒྱུར་བ་ཡོད་པས་དེ་གཉིས་དུས་རགས་པ་མཉམ་པ་ཤེས་ཐུབ་ཅིང་། རྗེ་འབངས་ཉེར་ལྔའི་ནང་གི་དྲན་པ་ནམ་མཁའ་དང་འདི་གཉིས་མི་གཅིག་ཡིན་མིན་སོགས་ཟུར་དུ་དཔྱད་དགོས་པར་འདུག །
རྒྱ་ནག་གི་འགྱུར་«རིགས་པ་ལ་འཇུག་པ»ཞེས་པ་འགྲོ་མགོན་འཕགས་པའི་(༡༢༣༥-༡༢༨༠)སློབ་མ་དགེ་བའི་བཤེས་གཉེན་སྟོན་གཞོན་གྱིས་དུས་རབས་བཅུ་གསུམ་པའི་ནང་བསྒྱུར་ཞིང་། «རྟོག་གེའི་སྐད»དང་། རྒྱལ་དབང་བློའི་«ཀུན་བཏུས་ཀྱི་འགྲེལ་བཤད»གཉིས་དཔང་ལོས་(༡༢༧༦-༡༣༤༢)དུས་རབས་བཅུ་བཞི་བའི་སྟོད་ཙམ་ལ་བསྒྱུར་བ་དང་། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་[6]གྱིས་བསྒྱུར་བའི་«རིགས་པ་ལ་འཇུག་པའི་སྒོ»ལེགས་སྦྱར་གྱི་འགྱུར་དེའང་ས་སྐྱའི་དུས་རབས་སུ་བསྒྱུར་བ་ཡིན། གཞན་ཚང་མ་བོད་སིལ་བུའི་དུས་སུ་བསྒྱུར་བ་ཡིན་ཞིང་དེའི་ནང་«རྣམ་འགྲེལ»དང་། དེའི་«རང་འགྲེལ།» «ལྷ་དབང་བློའི་འགྲེལ་བ།» «ཤཱཀྱ་བློའི་འགྲེལ་བཤད།»«རྩོད་པའི་རིགས་པ»བཅས་ལོ་ཆེན་ཐེངས་གཉིས་པ་ཁ་ཆེར་ཕེབས་དུས་རོགས་སུ་ཡོད་པའི་རིག་པ་ཅན་གྱི་ཁྱེའུ་ལྔའི་ནང་གི་གཅིག་སྟེ་རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ་ལྔ་དང་། ཁྱེའུ་ལྔ་དེ་ཉིད་ཀྱི་གྲས་མང་འོར་ལོ་ཙཱ་བ་བྱང་ཆུབ་ཤེས་རབ་ཀྱིས་བསྒྱུར་བའི་«ཚད་མ་རྒྱན་གྱི་འགྲེལ་བཤད»སློབ་དཔོན་རྒྱལ་བ་ཅན་གྱིས་མཛད་པ་དང་། ཁྱུང་བོ་ཆོས་བརྩོན་གྱིས་བསྒྱུར་བའི་ཡེ་ཤེས་དཔལ་བཟང་གི་«རྣམ་ངེས་ཀྱི་འགྲེལ་བ»དང་། འབྲོ་སེང་དཀར་ཤཱཀྱ་འོད་ཀྱིས་བསྒྱུར་བ་རྣམས་ཅུང་སྔ་ཞིང་གཞན་རྣམས་རྔོག་ལོས་གཞུང་བསྒྱུར་བའི་སྔ་ཕྱི་ཙམ་ལ་བསྒྱུར་བར་སྣང་། དེ་དག་ལས་བསྒྱུར་མང་ཤོས་བདག་ཉིད་ཆེན་པོ་རྔོག་ལོ་ཡིན་ཞིང་། དེའི་འཕྲོར་དཔལ་བརྩེགས་དང་དེའི་འཕྲོར་འབྲོ་སེང་དཀར་ཤཱཀྱ་འོད། དེའི་འཕྲོར་རྨ་དགེ་བློ་དང་། དེའི་འཕྲོར་པ་ཚབ་ཚུལ་ཁྲིམས་རྒྱལ་བ་བཅས་ཡིན། འོན་ཀྱང་དེ་དག་གཞུང་ཚན་གྱི་གྲངས་འབོར་ཆ་ནས་བཤད་པ་ཡིན་པ་ལས་གཞུང་རེ་རེའི་གཏོས་ཆེ་ཆུང་གི་ཆ་ནས་བཤད་ན་རྔོག་ལོ་ཕུད་པའི་འཕྲོར་རྨ་ལོས་བསྒྱུར་བའི་གཞུང་ཁོ་ན་རྒྱ་ཆེ་བར་སྣང་། འོག་ཏུ་ཚད་གཞུང་དེ་དག་རྒྱ་གར་གྱི་མཁས་པ་གང་དང་གང་གིས་བརྩམས་པ་དང་། བོད་ཀྱི་ལོ་ཙཱ་བ་སུས་ཇི་ལྟར་བསྒྱུར་བ་རགས་བསྡུས་སུ་དགོད་པར་བྱ།
གཉིས། རྒྱ་གར་གྱི་མཁས་པ་སུ་ཡིས་གཞུང་གང་དང་གང་མཛད་པ།
1 ཕྱོགས་གླང་གིས་མཛད་པའི་གཞུང་དྲུག་གམ་བདུན་ཡོད་དེ། «སྡེ་བསྟན»ཚད་མ་<ཅེ>འི་ནང་དུ་བཞུགས་པའི་«ཚད་མ་མདོ་ཀུན་ལས་བཏུས་པ།» དེའི་«རང་འགྲེལ།» «དམིགས་པ་བརྟག་པ།» དེའི་«རང་འགྲེལ།» «དུས་གསུམ་བརྟག་པ།» «ཕྱོགས་ཆོས་དགུའི་འཁོར་ལོ»བཅས་སོ། །ད་དུང་མཛད་པ་བོ་རྩོད་གཞི་ཅན་ཚད་མའི་བསྟན་བཅོས་«རིགས་པ་ལ་འཇུག་པ»ཡང་ཁོང་གིས་མཛད་པའི་ལུགས་ལྟར་ན་བདུན་ཡོད་པ་ཡིན་ནོ། ། 2 ཆོས་ཀྱི་གྲགས་པས་བརྩམས་པའི་གཞུང་དགུ་ཡོད་དེ་«ཚད་མ་སྡེ་བདུན་»ཞེས་རྒྱུན་དུ་གྲགས་པ་རྣམས་ལས་«རྩོད་པའི་རིགས་པ་»དང་«རྒྱུད་གཞན་གྲུབ་པ»གཉིས་«སྡེ་བསྟན»ཚད་མ་<ཆེ>འི་ནང་དུ་བཞུགས་ཤིང་། གཞན་རྣམས་དང་«རྣམ་འགྲེལ་ལེའུ་དང་བོའི་རང་འགྲེལ»དང་། «འབྲེལ་བ་བརྟག་པའི་རང་འགྲེལ»བཅས་«སྡེ་བསྟན»ཚད་མ་<ཅེ>འི་ནང་དུ་བཞུགས་སོ། ། 3 ལྷ་དབང་བློས་མཛད་པ་གཅིག་སྟེ། «སྡེ་བསྟན»ཚད་མ་<ཆེ>འི་ནང་དུ་བཞུགས་པའི་«ཚད་མ་རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་བ»དེའོ། ། 4 སློབ་དཔོན་དགེ་སྲུངས་ཀྱིས་མཛད་པ་ལ་ལྔ་སྟེ། «སྡེ་བསྟན»ཚད་མ་<ཞེ>འི་ནང་དུ་བཞུགས་པའི་«ཐམས་ཅད་མཁྱེན་པ་གྲུབ་པའི་ཚིག་ལེའུར་བྱས་པ»དང་། «ཕྱི་རོལ་གྱི་དོན་གྲུབ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ»དང་། «ཐོས་པ་བརྟག་པའི་ཚིག་ལེའུར་བྱས་པ»དང་། «གཞན་སེལ་བརྟག་པའི་ཚིག་ལེའུར་བྱས་པ»དང་། «དབང་ཕྱུག་འཇིག་པའི་ཚིག་ལེའུར་བྱས་པ»རྣམས་སོ། ། 5 ཤཱཀྱ་བློས་མཛད་པ་གཅིག་སྟེ། «སྡེ་བསྟན»ཚད་མ་<ཇེ་ཉེ>གཉིས་ཀྱི་ནང་དུ་བཞུགས་པའི་«ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་སྟོང་ཕྱེད་དང་ཕྲག་བཞི་བ་དང་ལྷ་དབང་བློའི་འགྲེལ་བ་གཉིས་ཀྱི་འགྲེལ་བཤད་བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་ཞབས་ལ་བརྟེན་པ་སློབ་དཔོན་ཤཱཀྱ་བློས་མཛད་པ»ཞེས་པའོ། ། 6 སློབ་དཔོན་ཙནྡྲ་གོ་མིས་མཛད་པ་ལ་གཅིག་སྟེ། «སྡེ་བསྟན»ཚད་མ་<ཞེ>འི་ནང་དུ་བཞུགས་པའི་«རིགས་པ་གྲུབ་པའི་སྒྲོན་མ»ཞེས་པའོ། ། 7 མཁན་པོ་ཛི་ན་མི་ཏྲས་མཛད་པ་ལ་གཅིག་སྟེ། «སྡེ་བསྟན»ཚད་མ་<ཝེ>འི་ནང་དུ་བཞུགས་པའི་«རིགས་པའི་ཐིགས་པའི་དོན་བསྡུས་པ»ཞེས་པའོ། ། 8 ཞི་བ་འཚོས་མཛད་པ་ལ་གཉིས་ཏེ། «སྡེ་བསྟན»ཚད་མ་<ཞེ>འི་ནང་དུ་བཞུགས་པའི་«རྩོད་པའི་རིགས་པའི་འགྲེལ་བ་དོན་རྣམ་པར་འབྱེད་པ»དང་།«སྡེ་བསྟན»ཚད་མ་<ཟེ>འི་ནང་དུ་བཞུགས་པའི་«ཚད་མའི་དེ་ཁོ་ན་ཉིད་བསྡུས་པ»གཉིས་སོ། ། 9 ཀ་མ་ལ་ཤྲཱི་ལས་མཛད་པ་ལ་གཉིས་ཏེ། «སྡེ་བསྟན»ཚད་མ་<ཝེ>འི་ནང་དུ་བཞུགས་པའི་«རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ»དང་། «སྡེ་བསྟན»ཚད་མ་<ཟེ>སྨད་དང་<འེ>གཉིས་ཀྱི་ནང་དུ་བཞུགས་པའི་«ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ»གཉིས་སོ། ། 10 སློབ་དཔོན་དུལ་བ་ལྷས་མཛད་པ་ལ་དྲུག་སྟེ། «སྡེ་བསྟན»ཚད་མ་<ཝེ>འི་ནང་དུ་བཞུགས་པ་«རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་བ་སློབ་མ་ལ་ཕན་པ»དང་། «གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་བ»གཉིས་དང་། «སྡེ་བསྟན»ཚད་མ་<ཞེ>འི་ནང་དུ་བཞུགས་པའི་«འབྲེལ་བ་བརྟག་པའི་རྒྱ་ཆེར་བཤད་པ།» «རྒྱུད་གཞན་གྲུབ་པའི་འགྲེལ་བ།» «རྩོད་པའི་རིགས་པའི་འགྲེལ་བ་ཆ་མ་ཚང་བ།» «དམིགས་པ་བརྟག་པའི་རྒྱ་ཆེར་བཤད་པ»བཅས་སོ། ། 11 ཆོས་མཆོག་གིས་མཛད་པ་ལ་བདུན་ཏེ། «སྡེ་བསྟན»ཚད་མ་<ཚེ>དང་<ཛེ>གཉིས་ཀྱི་ནང་དུ་བཞུགས་པའི་«ཚད་མ་རྣམ་པར་ངེས་པའི་ཊཱིཀ་འཐད་ལྡན»དང་། སྡེ་བསྟན་ཚད་མ་<ཝེ>འི་ནང་དུ་བཞུགས་པའི་ «རིགས་པའི་ཐིགས་པའི་རབ་ཏུ་བྱེད་པའི་རྒྱ་ཆེར་འགྲེལ་བ»དང་། «སྡེ་བསྟན»ཚད་མ་<ཞེ>འི་ནང་དུ་བཞུགས་པ་«གཞན་སེལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ»དང་། «འཇིག་རྟེན་ཕ་རོལ་གྲུབ་པ»ཞེས་བྱ་བ་དང་། «སྐད་ཅིག་མ་འཇིག་པ་གྲུབ་པ»ཞེས་བྱ་བ་དང་། «ཚད་མ་བརྟག་པ»ཆེ་ཆུང་གཉིས་བཅས་སོ། ། 12 སློབ་དཔོན་རྒྱན་མཁན་པོས་མཛད་པ་ལ་གཉིས་ཏེ། «སྡེ་བསྟན»ཚད་མ་<ཏེ་ཐེ་>གཉིས་ཀྱི་ནང་དུ་བཞུགས་པའི་«ཚད་མ་རྣམ་འགྲེལ་ལེའུ་གཉིས་པ་མན་ཆད་ཀྱི་འགྲེལ་བ་རྣམ་འགྲེལ་གྱི་རྒྱན»དང་། «སྡེ་བསྟན»ཚད་མ་<ཞེ>འི་ནང་དུ་བཞུགས་པའི་«ལྷན་ཅིག་དམིགས་པར་ངེས་པར་གྲུབ་པ»ཞེས་པའོ། ། 13 སློབ་དཔོན་རྒྱལ་བ་ཅན་གྱིས་མཛད་པ་ལ་གཅིག་སྟེ།«སྡེ་བསྟན»ཚད་མ་<དེ་ནེ>གཉིས་ཀྱི་ནང་དུ་བཞུགས་པའི་«ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད་སློབ་དཔོན་རྒྱལ་བ་ཅན་གྱི་ཞལ་སྔ་ནས་མཛད་པ»ཞེས་པའོ། ། 14 ཉི་མ་སྦས་པས་མཛད་པ་གཅིག་སྟེ། «སྡེ་བསྟན»ཚད་མ་<པེ>དང་<ཕེ>གཉིས་སུ་བཞུགས་པའི་«ཚད་མ་རྣམ་འགྲེལ་ལེའུ་གཉིས་པ་དང་གསུམ་པ་གཉིས་ཀྱི་འགྲེལ་བ»རྒྱན་གྱི་རྗེས་སུ་འབྲངས་ནས་མཛད་པའོ། ། 15 བྲམ་ཟེ་ཨ་ཙ་ཊས་མཛད་པ་ལ་གཅིག་སྟེ། «སྡེ་བསྟན»ཚད་མ་<ཝེ>འི་ནང་དུ་བཞུགས་པའི་«གཏན་ཚིགས་ཐིགས་པའི་འགྲེལ་བ»འོ། ། 16 ཛཱ་མ་རིས་མཛད་པ་གཅིག་སྟེ། «སྡེ་བསྟན»ཚད་མ་<བེ་མེ་ཙེ>གསུམ་གྱི་ནང་དུ་བཞུགས་པའི་«ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ»ཞེས་པའོ། ། 17 བྲམ་ཟེ་ཆེན་པོ་བདེ་བྱེད་དགའ་བས་མཛད་པ་བཞི་སྟེ། «སྡེ་བསྟན»ཚད་མ་<པེ>རྟགས་ཅན་དུ་བཞུགས་པའི་«ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་བྲམ་ཟེ་བདེ་བྱེད་དགའ་བས་མཛད་པ་རྣམ་འགྲེལ་གྱི་རྗེས་སུ་འབྲང་བའི་འཕྲོ་ཇི་སྙེད་པ»དང་། «སྡེ་བསྟན»ཚད་མ་<ཞེ>འི་ནང་དུ་བཞུགས་པའི་«འབྲེལ་བ་བརྟག་པའི་རྗེས་སུ་འབྲངས་པ»དང་། «སེལ་བ་གྲུབ་པ།» «འབྲེལ་བ་གྲུབ་པ»བཅས་སོ། །18 རིན་ཆེན་རྡོ་རྗེས་མཛད་པ་ལ་གཅིག་སྟེ། «སྡེ་བསྟན»་ཚད་མ་<ཞེ>འི་ནང་དུ་བཞུགས་པའི་«རིགས་པའི་སྦྱོར་བ»ཞེས་བྱ་བའོ། ། 19 སློབ་དཔོན་བྲམ་ཟེ་མུ་ཏིག་བུམ་པས་མཛད་པ་ལ་གཅིག་སྟེ། «སྡེ་བསྟན»ཚད་མ་<ཞེ>འི་ནང་དུ་བཞུགས་པའི་«སྐད་ཅིག་མ་འཇིག་པ་གྲུབ་པའི་རྣམ་པར་འགྲེལ་བ»ཞེས་པའོ། ། 20 ཛྙཱ་ན་ཤྲཱི་མི་ཏྲས་མཛད་པ་ལ་གཅིག་སྟེ། «སྡེ་བསྟན»ཚད་མ་<ཞེ>འི་ནང་དུ་བཞུགས་པའི་«རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པ»ཞེས་བྱ་བའོ། ། 21 རིན་ཆེན་འབྱུང་གནས་ཞི་བས་མཛད་པ་ལ་གཉིས་ཏེ། «སྡེ་བསྟན»ཚད་མ་<ཞེ>འི་ནང་དུ་བཞུགས་པའི་«རྣམ་པར་རིག་པ་ཙམ་ཉིད་དུ་གྲུབ་པ»ཞེས་བྱ་བ་དང་། «ནང་གི་ཁྱབ་པ»ཞེས་པ་གཉིས་སོ། ། 22 ཛི་ཏཱ་རིའི་ཞལ་སྔ་ནས་མཛད་པ་ལ་གསུམ་སྟེ། «སྡེ་བསྟན»ཚད་མ་<ཞེ>འི་ནང་དུ་བཞུགས་པའི་«གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ»དང་། «ཆོས་དང་ཆོས་ཅན་གཏན་ལ་ཕབ་པ»ཞེས་བྱ་བ་དང་། «བྱིས་པ་འཇུག་པའི་རྟོག་གེ»ཞེས་བྱ་བ་བཅས་སོ། ། 23 ཡེ་ཤེས་དཔལ་བཟང་གིས་མཛད་པ་གཅིག་སྟེ། «སྡེ་བསྟན»ཚད་མ་<ཚེ>འི་ནང་དུ་བཞུགས་པའི་«ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད»ཁྱུང་བོ་ཆོས་བརྩོན་གྱིས་བསྒྱུར་བ་དེའོ། ། 24རྒྱལ་དབང་བློས་མཛད་པ་ལ་གཅིག་སྟེ། «སྡེ་བསྟན»ཚད་མ་<ཡེ>འི་ནང་དུ་བཞུགས་པའི་«ཚད་མ་མདོ་ཀུན་ལས་བཏུས་པའི་འགྲེལ་བཤད»དོ། ། 25 ཐར་འབྱུང་སྦས་པས་མཛད་པ་ལ་གཅིག་སྟེ། «སྡེ་བསྟན»ཚད་མ་<ཞེ>འི་ནང་དུ་བཞུགས་པའི་«རྟོག་གེའི་སྐད»ཅེས་པའོ། ། 26 པཎྜི་ཏ་དཱ་ན་ཤཱི་ལས་མཛད་ཅིང་རང་འགྱུར་དུ་མཛད་པ་གཅིག་སྟེ། «སྡེ་བསྟན»ཚད་མ་<ཞེ>འི་ནང་དུ་བཞུགས་པའི་«གླེགས་བམ་བཀླག་པའི་ཐབས»ཞེས་པའོ། །
རྒྱ་གར་མའི་གཞུང་དེ་དག་ལས་ཕྱོགས་གླང་གིས་མཛད་པའི་གཞུང་དྲུག་གམ་བདུན་ལས་«ཚད་མ་མདོའི»འགྲེལ་བ་ལ་གསུམ་ཡོད་དེ། «རང་འགྲེལ»གྱི་འགྱུར་མི་འདྲ་བ་གཉིས་དང་། དེའི་«འགྲེལ་བཤད»རྒྱལ་དབང་བློས་མཛད་པ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་བསྒྱུར་བའོ། །འོན་ཀྱང་ད་ལྟ་«རང་འགྲེལ»དུ་གྲགས་པ་འདི་རང་འགྲེལ་མིན་པར་འདོད་པའི་མཁས་པ་ཡང་བྱུང་སྟེ། དཔེར་ན་གཡག་སྟོན་གྱི་སློབ་མ་བོད་ཀྱི་ནཱ་ལེནྡྲའི་མཁན་རབས་གསུམ་པ་དགེ་བ་རྒྱལ་མཚན་གྱི་«ཚད་མ་ཀུན་ལས་བཏུས་པའི་རྒྱན་ཆེན»ཞེས་པའི་ནང་དུ་འདི་ཉིད་«རང་འགྲེལ»མིན་པའི་སྐོར་འཁོད་པ་ལྟ་བུའོ། །«དམིགས་པ་བརྟག་པ»ལ་འགྲེལ་བ་གཉིས་བྱུང་ཡོད་དེ། ཕྱོགས་གླང་རང་གི་«རང་འགྲེལ»དང་། དུལ་བ་ལྷས་མཛད་པའི་དེའི་«རྒྱ་ཆེར་འགྲེལ་བ»གཉིས་སོ། །གཞན་«དུས་གསུམ་བརྟག་པ»དང་། «ཕྱོགས་ཆོས་དགུའི་འཁོར་ལོ»དང་«རིགས་པ་ལ་འཇུག་པ»གསུམ་ལ་འགྲེལ་བ་རྒྱ་གར་མ་གང་ཡང་བྱུང་མེད།
ཆོས་གྲགས་ཀྱིས་མཛད་པའི་བོད་འགྱུར་གཞུང་དགུ་ལས་«རྣམ་འགྲེལ»ལ་ལེའུ་དང་བོ་ལ་«རང་འགྲེལ»མཛད་ཡོད་པ་དང་། ལེའུ་ཕྱི་མ་གསུམ་ལ་ལྷ་དབང་བློས་འགྲེལ་བ་མཛད་ཡོད་པ་གཉིས་བསྡོམས་པ་ལ་ཚད་མ་སྟོང་ཕྲག་བཅུ་གཉིས་པ་ཞེས་འབོད་སྲོལ་མཆིས། དེ་ནས་ཤཱཀྱ་བློས་«རང་འགྲེལ»དང་ལྷ་དབང་བློའི་ལེའུ་ཕྱི་མ་གསུམ་བཅས་ཀྱི་«འགྲེལ་བཤད»མཛད་པ་བོད་འགྱུར་པོད་གཉིས་བཞུགས་ཤིང་། «རྣམ་འགྲེལ»ལེའུ་བཞི་ཀའི་འགྲེལ་བ་བོད་དུ་འགྱུར་བ་འདི་ཉིད་གཅིག་པུ་ཡིན། དེ་ནས་རྒྱན་མཁན་པོས་མཛད་པའི་«རྣམ་འགྲེལ»ལེའུ་ཕྱི་མ་གསུམ་གྱི་འགྲེལ་བ་«རྣམ་འགྲེལ་གྱི་རྒྱན»ཞེས་པ་མཛད་ཡོད་ཅིང་། ཉི་མ་སྦས་པས་རྒྱན་གྱི་རྗེས་སུ་འབྲངས་ནས་ལེའུ་གཉིས་པ་དང་གསུམ་པ་གཉིས་ལ་འགྲེལ་བ་མཛད་ཡོད། «ཚད་མ་རྒྱན»གྱི་འགྲེལ་བ་ལ་ཡང་གཉིས་ཡོད་དེ། སློབ་དཔོན་རྒྱལ་བ་ཅན་གྱིས་མཛད་པའི་«རྒྱན་གྱི་འགྲེལ་བཤད»པོད་གཉིས་དང་། ཛཱ་མ་རིས་མཛད་པའི་«རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ»ཞེས་པ་ཤིན་ཏུ་རྒྱས་པ་བོད་འགྱུར་པོད་གསུམ་བཞུགས་ཡོད། «ཚད་མ་རྒྱན་གྱི་འགྲེལ་བཤད»གཉིས་ཡོད་པ་དེའང་དོན་གྱིས་«རྣམ་འགྲེལ»གྱི་འགྲེལ་བ་ཡིན་པ་སྨོས་མ་དགོས་ཕྱིར་དེ་དག་བསྡོམས་པས་«རྣམ་འགྲེལ»གྱི་འགྲེལ་བ་བོད་འགྱུར་བདུན་བྱུང་ཡོད་ཅིང་། དེའི་ནང་ལེའུ་བཞི་ཀའི་འགྲེལ་བ་གཅིག་དང་། ལེའུ་དང་བོའི་«རང་འགྲེལ»དང་། ལེའུ་ཕྱི་མ་གསུམ་ཙམ་གྱི་འགྲེལ་བ་བཞི་དང། ལེའུ་གཉིས་པ་གསུམ་པ་གཉིས་ཀྱི་འགྲེལ་བ་གཅིག་བཅས་ཡོད་པ་ཡིན།
«ཚད་མ་རྣམ་ངེས»ལ་ཆོས་མཆོག་གི་ལེའུ་གསུམ་ཀའི་འགྲེལ་བ་«འཐད་ལྡན»ཞེས་པ་ཡོད་ཅིང་། ལེའུ་དང་བོ་གཉིས་ཀྱི་འགྲེལ་བ་ལ་«འཐད་ལྡན་ཆེ་བ»དང་ལེའུ་གསུམ་པའི་འགྲེལ་བ་ལ«འཐད་ལྡན་ཆུང་བ»ཞེས་ཀྱང་འབོད་སྲོལ་མཆིས། ད་དུང་ཡེ་ཤེས་དཔལ་བཟང་གི་ལེའུ་གསུམ་ཀའི་འགྲེལ་བ་ཁྱུང་བ་ཆོས་བརྩོན་གྱིས་བསྒྱུར་བ་བཅས་གཉིས་བྱུང་ཡོད། «རིགས་ཐིགས»ལ་ཆོས་མཆོག་གི་«རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ»དང་། དུལ་བ་ལྷའི་«རིགས་ཐིགས་ཀྱི་རྒྱ་ཆེར་འགྲེལ་སློབ་མ་ལ་ཕན་པ»བཅས་གཉིས་བྱུང་ཡོད། ད་དུང་དོན་འགྲེལ་ལྟ་བུར་ཀ་མ་ཤཱི་ལའི་«རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ»དང་། ཛི་ན་མི་ཊས་མཛད་པའི་«རིགས་པའི་ཐིགས་པའི་དོན་བསྡུས་པ»གཉིས་ཡོད། «གཏན་ཚིགས་ཐིགས་པ»ལ་བྲམ་ཟེ་ཨ་ཙ་ཊའི་འགྲེལ་བ་དང་། དུལ་བ་ལྷའི་«གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ»བཅས་གཉིས་བྱུང་ཡོད། «འབྲེལ་བ་བརྟག་པ»ལ་ཆོས་གྲགས་ཀྱི་«རང་འགྲེལ»དང་། བྲམ་ཟེ་བདེ་བྱེད་དགའ་བའི་«འབྲེལ་བ་བརྟག་པའི་རྗེས་སུ་འབྲངས་པ»དང་། དུལ་བ་ལྷའི་«འབྲེལ་བ་བརྟག་པའི་འགྲེལ་བཤད»་བཅས་གསུམ་བྱུང་ཡོད། ད་དུང་«འབྲེལ་བརྟག»གི་དོན་བསྡུས་ལྟ་བུར་བྲམ་ཟེ་བདེ་བྱེད་དགའ་བའི་«འབྲེལ་བ་གྲུབ་པ»ཞེས་པ་ཞིག་ཀྱང་ཡོད། «རྒྱུད་གཞན་གྲུབ་པ»ལ་བོད་འགྱུར་འགྲེལ་བ་དུལ་བ་ལྷས་མཛད་པ་གཅིག་ཁོ་ན་བཞུགས་ཡོད། «རྩོད་པའི་རིགས་པ»ལ་དུལ་བ་ལྷས་མཛད་པ་སྟོད་ཅུང་ཟད་ཙམ་ཞིག་དང་། ཞི་བ་འཚོའི་«རྩོད་པའི་རིགས་པའི་འགྲེལ་བ་དོན་རྣམ་པར་འབྱེད་པ»བཅས་གཉིས་བྱུང་ཡོད། «རྣམ་འགྲེལ་རང་འགྲེལ»ལ་ཤཱཀྱ་བློས་མཛད་པའི་«འགྲེལ་བཤད»དང་། བྲམ་ཟེ་བདེ་བྱེད་དགའ་བས་མཛད་པ་«རྣམ་འགྲེལ་གྱི་རྗེས་སུ་འབྲང་བའི་འཕྲོ་ཇི་སྙེད་པ»སྟེ་སྟོད་ཙམ་པ་ཞིག་བཅས་གཉིས་བྱུང་ཡོད། «འབྲེལ་བ་བརྟག་པའི་རང་འགྲེལ»ལ་ཡང་གོང་ཞུས་«འགྲེལ་བཤད»གཉིས་བྱུང་ཡོད་པ་ཡིན། ཞི་བ་འཚོའི་«ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་རྩ་བ»ལ་ཀ་མ་ལ་ཤཱི་ལས་«དཀའ་འགྲེལ»མཛད་ཡོད་ཅིང་། «ཆོས་མཆོག་གི་སྐད་ཅིག་མ་འཇིག་པ་གྲུབ་པ»ལ་བྲམ་ཟེ་མུ་ཏིག་བུམ་པའི་«སྐད་ཅིག་མ་འཇིག་པ་གྲུབ་པའི་འགྲེལ་བ»མཛད་པ་བཅས་ཡོད། དེ་དག་ཕུད་པའི་གཞུང་གཞན་རྣམས་ལ་འགྲེལ་བ་བོད་འགྱུར་མ་བྱུང་མེད།
གསུམ། ལོ་ཙཱ་བ་གང་གིས་གཞུང་གང་དང་གང་བསྒྱུར་བ།
ཚད་གཞུང་དེ་དག་གང་གིས་བསྒྱུར་བ་དང་འགྱུར་བཅོས་མཛད་པའི་ལོ་ཙཱ་བ་ཉི་ཤུ་རྩ་བརྒྱད་ཡོད་པ་རྣམས་ཀྱིས་བསྒྱུར་བ་དང་འགྱུར་བཅོས་མཛད་པའི་གཞུང་གང་དང་གང་ཡོད་པ་རྣམས་ཀྱང་རེ་རེ་བཞིན་དགོད་པར་བྱ།
1 དགེ་སློང་དྷརྨ་ལོ་ཀས་བསྒྱུར་བའི་གཞུང་གཉིས་ཏེ། «རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་བ»སློབ་དཔོན་ཆོས་མཆོག་གིས་མཛད་པ་དང་། ཕྱོགས་གླང་གིས་མཛད་པའི་«གཏན་ཚིགས་འཁོར་ལོ་གཏན་ལ་ཕབ་པ»གཉིས་བསྒྱུར། 2 བཻ་རོ་ཙ་ནས་བསྒྱུར་བ་གཅིག་ཡོད་དེ། «རིགས་པ་གྲུབ་པའི་སྒྲོན་མ»ཞེས་བྱ་བ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་བསྒྱུར། 3 ཞང་ཡེ་ཤེས་སྡེས་བསྒྱུར་བ་ལ་གཉིས་ཡོད་དེ། དུལ་བ་ལྷས་མཛད་པའི་«རིགས་པའི་ཐིགས་པ་རྒྱ་ཆེར་འགྲེལ་བ་སློབ་མ་ལ་ཕན་པ»ཞེས་བྱ་བ་དང་། «རིགས་པའི་ཐིགས་པའི་དོན་བསྡུས་པ»རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲས་མཛད་པ་གཉིས་སོ། ། 4 སློབ་དཔོན་དཔལ་བརྩེགས་ཀྱིས་བསྒྱུར་བའི་གཞུང་ཚན་བདུན་ནམ་དགུ་ཡོད་དེ། «གཏན་ཚིགས་ཀྱི་ཐིགས་པ»སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པ་དང་། «རྒྱུད་གཞན་གྲུབ་པ»ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་དྷརྨཱ་ཀཱི་རྟིས་མཛད་པ་དང་།«རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ»སློབ་དཔོན་མང་དུ་ཐོས་པ་ཀ་མ་ལ་ཤཱི་ལས་མཛད་པ་དང་། དུལ་བ་ལྷའི་«གཏན་ཚིགས་ཀྱི་ཐིགས་པའི་རྒྱ་ཆེར་འགྲེལ་བ»དང་། «རྒྱུད་གཞན་གྲུབ་པའི་འགྲེལ་བཤད»སློབ་དཔོན་དུལ་བའི་ལྷས་མཛད་པ་དང་། «དམིགས་པ་བརྟག་པ་རྒྱ་ཆེར་བཤད་པ»སློབ་དཔོན་དུལ་བའི་ལྷས་མཛད་པ་དང་། «ཕྱི་རོལ་གྱི་དོན་གྲུབ་པ»ཞེས་བྱ་བའི་ཚིག་ལེའུར་བྱས་པ་སློབ་དཔོན་དགེ་སྲུངས་ཀྱིས་མཛད་པ་བཅས་བདུན་བསྒྱུར་ཡོད། «འབྲེལ་བ་བརྟག་པའི་རང་འགྲེལ»ཡང་ལོ་ཙཱ་བ་འདིས་བསྒྱུར་བ«སྡེ་བསྟན་དཀར་ཆག»[7]ཏུ་གསུངས་ཤིང་། འོན་ཀྱང་གཞུང་རང་གི་འགྱུར་བྱང་དུ། “འབྲེལ་བ་བརྟག་པ་ཞེས་བྱ་བའི་འགྲེལ་བ། སྨྲ་བའི་སེང་གེ་སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པས་མཛད་པ་རྫོགས་སོ།། །།”ཞེས་པ་ཙམ་ལས་འཁོད་མེད་དོ། །ཡང་«སྡེ་བསྟན་དཀར་ཆག»ཏུ། “ཐམས་ཅད་མཁྱེན་པ་གྲུབ་པའི་ཚིག་ལེའུར་བྱས་པ་དང་། ཕྱི་རོལ་གྱི་དོན་གྲུབ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ་སློབ་དཔོན་དགེ་སྲུངས་ཀྱིས་མཛད་པ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཆེན་པོ་ཛི་ན་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏའི་འགྱུར།”[8]ཞེས་«ཐམས་ཅད་མཁྱེན་པ་གྲུབ་པ»ཞེས་པ་དེའང་དཔལ་བརྩེགས་ཀྱིས་བསྒྱུར་བ་ལྟ་བུར་གསུངས་ཀྱང་འགྱུར་བྱང་དུ།“ཐམས་ཅད་མཁྱེན་པ་གྲུབ་པའི་ཚིག་ལེའུར་བྱས་པ། སློབ་དཔོན་དགེ་སྲུངས་ཀྱིས་མཛད་པ་རྫོགས་སོ། །”[9]ཞེས་པ་ལས་སུས་བསྒྱུར་བ་འཁོད་མེད། 5 ལོ་ཙཱ་བ་ནམ་མཁས་བསྒྱུར་བ་ལ་གཉིས་ཏེ། «འབྲེལ་བ་བརྟག་པའི་རབ་ཏུ་བྱེད་པ།» སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པ་དང་། «འབྲེལ་བ་བརྟག་པའི་འགྲེལ་བཤད»དུལ་བའི་ལྷས་མཛད་པ་གཉིས་བསྒྱུར་ཡོད། «དཀར་ཆག་ལྡན་དཀར་མར»[10]བསྟན་པ་སྔ་དར་གྱི་དུས་སུ་ཆོས་གྲགས་ཀྱི་«འབྲེལ་བ་བརྟག་པ»འགྱུར་བ་འཁོད་ཅིང་ལོ་ཙཱ་སུས་བསྒྱུར་བ་མི་གསལ་ཡང་ལོ་ཙཱ་བ་འདི་ཉིད་ཀྱིས་བསྒྱུར་བ་ཚོད་དཔག་བྱ་ཐུབ། 6 རྨ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བའི་གཞུང་བཞིའམ་ལྔ་སྟེ། ཆོས་གྲགས་ཀྱི་«རྣམ་འགྲེལ»དང་།«ལྷ་དབང་བློའི་འགྲེལ་བ»དང་། «ཤཱཀྱ་བློའི་འགྲེལ་བཤད»དང་། ཆོས་གྲགས་ཀྱི་«རྩོད་པའི་རིགས་པ»རྣམས་བསྒྱུར་ཡོད། གཞན་ཡང་«རྣམ་འགྲེལ་རང་འགྲེལ»རང་གི་མཇུག་ཏུ་འགྱུར་བྱང་འཁོད་མེད་ཀྱང་«བུ་སྟོན་ཆོས་འབྱུང་ཆོས་འབྱུང་»དང་«སྡེ་བསྟན་དཀར་ཆག»གཉིས་ཀར་རྨ་ལོས་བསྒྱུར་བར་གསུངས་ཤིང་དོན་ལ་ཡང་དེ་ལྟར་དུ་སྣང་། 7 མང་འོར་ལོ་ཙཱ་བ་བྱང་ཆུབ་ཤེས་རབ་ཀྱིས་བསྒྱུར་བའི་གཞུང་གཅིག་སྟེ། «ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད་སློབ་དཔོན་རྒྱལ་བ་ཅན་གྱི་ཞལ་སྔ་ནས་མཛད་པ»བོད་འགྱུར་ལ་པོད་གཉིས་ཅན་ཞིག་བསྒྱུར་ཡོད། 8 མར་ཐུང་དད་པ་ཤེས་རབ་ཀྱིས་བསྒྱུར་བ་གཉིས་ཏེ། «ཚད་མ་མདོ་ཀུན་ལས་བཏུས་པའི»རྩ་བ་དང་«རང་འགྲེལ»པཎྜི་ཏ་གསེར་གྱི་གོ་ཆ་དང་མཉམ་དུ་བསྒྱུར་བའོ། ། 9 ལྷ་བླ་མ་ཞི་བ་འོད་ཀྱིས་བསྒྱུར་བའི་གཞུང་གཅིག་སྟེ། ཞི་བ་འཚོས་མཛད་པའི་«ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་རྩ་བ»བསྒྱུར་ཡོད། 10 འབྲོ་སེང་དཀར་ཤཱཀྱ་འོད་ཀྱིས་བསྒྱུར་བའི་གཞུང་དྲུག་ཡོད་དེ། «རྩོད་པའི་རིགས་པའི་འགྲེལ་བ་དོན་རྣམ་པར་འབྱེད་པ»ཞེས་བྱ་བ་སློབ་དཔོན་ཆེན་པོ་ཤཱནྟ་རཀྵི་ཏས་མཛད་པ་ཟངས་དཀར་འཕགས་པ་ཤེས་རབ་དང་མཉམ་དུ་བསྒྱུར་བ་དང་། «ལྷན་ཅིག་དམིགས་པར་ངེས་པར་གྲུབ་པ»ཞེས་བྱ་བ། ཤེས་རབ་འབྱུང་གནས་སྦས་པའི་ཞལ་སྔ་ནས་ཀྱིས་མཛད་པ་དང་། «རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པ»ཞེས་བྱ་བ། མཁས་པ་ཆེན་པོ་ཛྙཱ་ན་ཤྲཱི་མི་ཏྲའི་ཞལ་སྔ་ནས་ཀྱིས་མཛད་པ་དང་། «རྣམ་པར་རིག་པ་ཙམ་ཉིད་དུ་གྲུབ་པ»ཞེས་བྱ་བ་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་ཀྱིས་མཛད་པ་དང་། «ནང་གི་ཁྱབ་པ»མཁས་པ་དཔལ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པ་དང་། «གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ»མཁས་པ་ཆེན་པོ་ཛེ་ཏཱ་རིའི་ཞལ་སྔ་ནས་མཛད་པ་བཅས་བསྒྱུར་ཡོད། 11 ཅོག་གྲུ་ཏིང་ངེ་འཛིན་བཟང་བོས་བསྒྱུར་བ་གཅིག་སྟེ། «རིགས་པའི་སྦྱོར་བ»ཞེས་བྱ་བ་སློབ་དཔོན་ཆེན་པོ་རིན་ཆེན་རྡོ་རྗེས་མཛད་པ་བསྒྱུར་ཡོད། 12 ཁྱུང་བོ་ཆོས་ཀྱི་བརྩོན་འགྲུས་ཀྱིས་བསྒྱུར་བ་ལ་གཅིག་སྟེ། «ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད»སློབ་དཔོན་ཡེ་ཤེས་དཔལ་བཟང་བོའི་ཞལ་སྔ་ནས་མཛད་པ་བསྒྱུར་ཡོད། 13 ལོ་ཙཱ་བ་དགེ་སློང་དགའ་བའི་རྡོ་རྗེས་བསྒྱུར་བ་གཅིག་སྟེ། «འབྲེལ་བ་བརྟག་པའི་འགྲེལ་བ»བྲམ་ཟེ་ཤཾ་ཀ་རཱ་ནནྟས་མཛད་པ་བསྒྱུར་ཡོད། 14 རྔོག་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བ་ལ། གྲོ་ལུང་བས་མཛད་པའི་རྔོག་ལོའི་རྣམ་ཐར་[11] དུ་རྔོག་ལོས་བསྒྱུར་བའི་ཚད་གཞུང་བཅོ་ལྔ་ཡོད་པར་བཤད་ཅིང་། དེའི་ནང་དུ་«རྣམ་འགྲེལ»ལེའུ་གསུམ་ཁ་ཆེའི་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་བོ་དང་མཉམ་དུ་འགྱུར་བཅོས་མཛད་ཅིང་། ཆོས་མཆོག་གི་«རིགས་ཐིགས་ཀྱི་རྒྱ་ཆེར་འགྲེལ»རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་(བློ་བཟང་གྲགས་པ།)དང་མཉམ་དུ་འགྱུར་བཅོས་མཛད། གཞན་«ཚད་མ་བརྟག་པ»བར་བ་ད་ལྟ་«བསྟན་འགྱུར»དུ་མི་བཞུགས་པ་ཕུད་པའི་ལྷག་མ་གཞུང་བཅུ་གཉིས་སམ་བཅུ་གཅིག་ཡོད་དེ། ཆོས་གྲགས་ཀྱི་«ཚད་མ་རྣམ་པར་ངེས་པ»ཞེས་བྱ་བ་དང་། «རིགས་པའི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ»དང་། «ཚད་མ་བརྟག་པ»སློབ་དཔོན་ཆོས་མཆོག་གིས་མཛད་པ་ཆེ་ཆུང་གཉིས་དང་། སློབ་དཔོན་ཆོས་མཆོག་གིས་སྦྱར་བ་«རྣམ་པར་ངེས་པའི་ཊཱི་ཀ་འཐད་ལྡན»ཞེས་བྱ་བ་དང་། «ཚད་མའི་བཤད་པ་ཆེན་པོ་རྣམ་འགྲེལ་གྱི་རྒྱན»ཤེས་རབ་འབྱུང་གནས་སྦས་པའི་ཞལ་སྔ་ནས་ཀྱིས་མཛད་པ་དང་། «གཞན་སེལ་བ་གྲུབ་པ»དགེ་བསྙེན་དམ་པ་བྲམ་ཟེ་ཤཾ་ཀ་རཱ་ནནྡས་མཛད་པ་དང་། སློབ་དཔོན་ཆོས་མཆོག་གིས་སྦྱར་བ་«སྐད་ཅིག་མ་འཇིག་པ་གྲུབ་པ»ཞེས་བྱ་བའི་རབ་ཏུ་བྱེད་པ་དང་། «འབྲེལ་བ་གྲུབ་པ»དགེ་བསྙེན་དམ་པ་ཤཾ་ཀ་རཱ་ནནྡ་མཛད་པ་དང་། སློབ་དཔོན་ཆོས་མཆོག་གིས་མཛད་པ་«གཞན་སེལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ»དང་། ཛཱ་མ་རིའི་«རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ»རྣམས་བསྒྱུར་ཡོད། གཞན་བྲམ་ཟེ་བདེ་བྱེད་དགའ་བས་མཛད་པའི་«རྣམ་འགྲེལ་རང་འགྲེལ་གྱི་འགྲེལ་བཤད»སྟོད་ཙམ་པ་ཞིག་བཞུགས་པ་དེའི་འགྱུར་བྱང་འཁོད་མེད་ཀྱང་རྔོག་ལོས་བསྒྱུར་བ་གྲོ་ལུང་བས་མཛད་པའི་«འཇིག་རྟེན་མིག་གཅིག་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར»ཞེས་པར་གསུངས་སོ། ། 15 ཞ་མ་སེང་གེ་རྒྱལ་མཚན་གྱིས་བསྒྱུར་བའི་གཞུང་གཉིས་ཏེ། «ཚད་མ་མདོ་ཀུན་ལས་བཏུས་པ»དང་དེའི་«རང་འགྲེལ»གཉིས་བསྒྱུར་ཡོད། 16 པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བ་གཅིག་སྟེ། «འཇིག་རྟེན་ཕ་རོལ་གྲུབ་པ»ཞེས་བྱ་བ་སློབ་དཔོན་ཆོས་མཆོག་གིས་མཛད་པ་བསྒྱུར་ཡོད། 17 ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས་ཚད་མའི་སྐོར་ལས་«དམིགས་པ་བརྟག་པའི»རྩ་འགྲེལ་གཉིས་དང་། «དུས་གསུམ་བརྟག་པ»རྣམས་བསྒྱུར་བ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་«སྡེ་བསྟན་དཀར་ཆག»ཏུ་གསུངས། འོན་ཀྱང་ད་ལྟའི་«དམིགས་བརྟག»རྩ་འགྲེལ་གཉིས་ཀྱི་འགྱུར་བྱང་དུ་ལོ་ཙཱ་བ་སུས་བསྒྱུར་མི་གསལ་བ་ལ། «དཀར་ཆག་ལྡན་དཀར་མ»[12]རུ་བསྟན་པ་སྔ་དར་གྱི་དུས་སུ་«དམིགས་བརྟག»རྩ་འགྲེལ་གཉིས་འགྱུར་བ་འཁོད་ཡོད་པས་ད་ལྟ་«བསྟན་འགྱུར»དུ་བཞུགས་པ་འདི་སྔ་འགྱུར་ཡིན་ནམ་ཕྱི་འགྱུར་ཡིན་དཔྱད་དགོས་པར་སྣང་། «དུས་གསུམ་བརྟག་པའི»འགྱུར་བྱང་དུ། “ དུས་གསུམ་བརྟག་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་བོས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཤཱན་ཏཱ་ཀ་ར་གུ་པ་ཏའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། །”[13]ཞེས་འཁོད་པས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བ་ལ་དོགས་པ་མི་དགོས་སོ། ། 18 མང་ནང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའི་གཞུང་གཉིས་ཏེ། ཀ་མ་ལ་ཤཱི་ལས་མཛད་པའི་«ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ»དང་། བྲམ་ཟེ་མུ་ཏིག་བུམ་པས་མཛད་པའི་«སྐད་ཅིག་མ་འཇིག་པ་གྲུབ་པའི་འགྲེལ་བ»གཉིས་སོ། ། 19 སུམ་པ་ལོ་ཙཱ་བ་དཔལ་མཆོག་དབང་བོའི་རྡོ་རྗེས་བསྒྱུར་བ་གཅིག་སྟེ། «བྱིས་པ་འཇུག་པའི་རྟོག་གེ»ཞེས་བྱ་བ་སློབ་དཔོན་ཆེན་པོ་དགྲ་ལས་རྒྱལ་བས་མཛད་པའོ། ། 20 དགེ་བའི་བཤེས་གཉེན་སྟོན་གཞོན་གྱིས་བསྒྱུར་བ་གཅིག་སྟེ། «སྡེ་བསྟན»ཚད་མ་<ཅེ>ནང་དུ་བཞུགས་པའི་«རིགས་པ་ལ་འཇུག་པ»ཞེས་པ་རྒྱའི་དགེ་བཤེས་སིང་གྱང་ཇུས་དང་མཉམ་དུ་རྒྱ་ནག་གི་ཡི་གེ་ནས་བོད་ཡིག་ཏུ་བསྒྱུར་ཡོད། 21 ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ་ལ་གཅིག་ཡོད་དེ། འགྱུར་གྱི་རོགས་སུ་པཎྜི་ཏ་ཐམས་ཅད་མཁྱེན་པས་བསྲུང་བ་དང་མཉམ་དུ་«རིགས་པ་ལ་འཇུག་པའི་སྒོ»ཞེས་པ་ལེགས་སྦྱར་ལས་བོད་ཡིག་ཏུ་བསྒྱུར་བ་དེ་ཡིན་ཞིང་། འདི་སྣར་ཐང་དང་པེ་ཅིང་པར་མའི་པོད་རྟགས་<ཅེ>ཅན་གྱི་ནང་དུ་བཞུགས་ཡོད། 22 དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་བསྒྱུར་བ་གཉིས་ཏེ། «ཡངས་པ་དང་དྲི་མ་མེད་པ་དང་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད།» སློབ་དཔོན་རྒྱལ་བའི་དབང་བོའི་བློ་གྲོས་ཀྱི་ཞབས་ཀྱིས་མཛད་པ་དང་། «རྟོག་གེའི་སྐད»དགེ་སློང་ཐར་བའི་འབྱུང་གནས་སྦས་པས་མཛད་པའོ། །འདི་གཉིས་ལ་འགྱུར་གྱི་རོགས་སུ་པཎྜི་ཏ་མེད། 23 «གླེགས་བམ་བཀླག་པའི་ཐབས»པཎྜི་ཏ་དཱ་ན་ཤཱི་ལས་རང་འགྱུར་དུ་མཛད་པ་ཞིག་ཡོད་ཀྱང་དེ་ནི་བརྗོད་བྱའི་ཆ་ནས་ཚད་གཞུང་ཞིག་མིན་ལ་ཡིག་ཕྲེང་འགའ་ལས་མེད་པ་ཞིག་གོ །དེ་ལྟར་ཚད་གཞུང་དེ་དག་བོད་དུ་སྒྱུར་བ་མཛད་མཁན་གྱི་ལོ་ཙཱ་བ་བསྡོམས་ན། དཱ་ན་ཤཱི་ལ་བགྲངས་པས་ཉི་ཤུ་རྩ་གསུམ་དང་། དེའི་སྟེང་ཞི་བ་འཚོའི་«རྩོད་རིགས»ཀྱི་འགྲེལ་བ་དེ་འབྲོ་སེང་དཀར་དང་ཟངས་དཀར་གཉིས་ཀས་མཉམ་དུ་བསྒྱུར་བས་དེའི་ཕྱིར་ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་བགྲང་ན་ཉི་ཤུ་རྩ་བཞི་དང་། དེའི་སྟེང་འོག་ཏུ་འཆད་འགྱུར་གྱི་འགྱུར་བཅོས་ཁོ་ན་མཛད་མཁན་གྱི་ལོ་ཙཱ་བ་བཞི་བགྲངས་པས་ཉི་ཤུ་རྩ་བརྒྱད་ཡོད་དོ། །
བཞི། འགྱུར་བཅོས་མཛད་མཁན་གྱི་ལོ་ཙཱ་བ་བདུན།
1 ཅོག་གྲུ་ཏིང་ངེ་འཛིན་བཟང་བོས་འགྱུར་བཅོས་མཛད་པ་གཅིག་སྟེ། «འབྲེལ་བ་བརྟག་པའི་རབ་ཏུ་བྱེད་པ»སློབ་དཔོན་མཁས་པ་ཆེན་པོ་ཆོས་ཀྱི་གྲགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་། ལོ་ཙཱ་བ་ནམ་མཁའི་འགྱུར་ལ། སླད་ཀྱིས་པཎྜི་ཏ་རབ་འབྱོར་ཞི་བ་དང་། ལོ་ཙཱ་བ་ཏིང་ངེ་འཛིན་བཟང་བོས་བཅོས་ཤིང་གཏན་ལ་ཕབ་བོ། ། 2ཟངས་དཀར་འཕགས་པ་ཤེས་རབ་ཀྱིས་འགྱུར་བཅོས་མཛད་པ་གཅིག་སྟེ། «ཚད་མ་རྣམ་འགྲེལ་ལེའུ་གཉིས་པ་མན་ཆད་ཀྱི་འགྲེལ་བ་རྣམ་འགྲེལ་གྱི་རྒྱན»ཞེས་བྱ་བ་ཁ་ཆེའི་མཁན་པོ་པཎྜི་ཏ་སྐལ་ལྡན་རྒྱལ་བོ་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱི་འགྱུར་ལ། སླད་ཀྱིས་ཁ་ཆེའི་མཁན་པོ་པཎྜི་ཏ་ཀུ་མཱ་ར་ཤྲཱི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་ཞུས་ཤིང་བཅོས་སོ། །འགོས་ཀྱི་«དེབ་སྔོན»དུ་ཟངས་དཀར་གྱིས་མེ་ཕོ་འབྲུག་གི་ཆོས་འཁོར་གྱི་སྐབས་སུ་ཚད་མ་རྒྱན་བསྒྱུར་བ་གསུངས་ཀྱང་། མེ་ཕོ་འབྲུག་གི་ཆོས་འཁོར་དུས་སུ་རྔོག་ལོ་གཞི་ནས་ཁ་ཆེར་ཕེབས་འགྱུར་ཡིན་པས་དཔྱད་དགོས། 3 རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་འགྱུར་བཅོས་མཛད་པ་ལ་གཉིས་ཏེ།«རིགས་པའི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པའི་རྒྱ་ཆེར་འགྲེལ་བ»སློབ་དཔོན་ཆོས་མཆོག་གིས་མཛད་པ་བསྟན་པ་སྔ་དར་སྐབས་ཀྱི་ལོ་ཙཱ་བ་དགེ་སློང་དྷརྨ་ཨཱ་ལོ་ཀས་བསྒྱུར་བ་ལ་འགྱུར་བཅོས་མཛད་ཅིང་། རྨ་དགེ་བློས་བསྒྱུར་བའི་«རྣམ་འགྲེལ»ལ་འགྱུར་བཅོས་མཛད་པ་འགྱུར་བྱང་དུ་འཁོད་ཡོད་ལ། གྲོ་ལུང་བའི་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར་དུ་ལེའུ་གསུམ་ཙམ་ལ་འགྱུར་བཅོས་མཛད་པ་གསལ། 4 ཀློག་སྐྱ་ཤེས་རབ་བརྩེགས་ཀྱིས་འགྱུར་བཅོས་མཛད་པ་གཅིག་སྟེ། «རྣམ་པར་རིག་པ་ཙམ་ཉིད་དུ་གྲུབ་པ»ཞེས་བྱ་བ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། བལ་ཡུལ་གྱི་པཎྜི་ཏ་ཤཱནྟི་བྷ་དྲ་དང་། བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། སླད་ནས་པཎྜི་ཏ་ཆེན་པོ་དེ་ཉིད་དང་། ཀློག་སྐྱ་ཤེས་རབ་བརྩེགས་ཀྱིས་གཏན་ལ་ཕབ་པའོ། ། 5 དར་མ་གྲགས་ཀྱིས་འགྱུར་བཅོས་མཛད་པ་གཅིག་སྟེ། རྨ་དགེ་བློས་བསྒྱུར་བའི་«རྩོད་པའི་རིགས་པ»ལ་འགྱུར་བཅོས་མཛད་པའོ། ། 6 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་འགྱུར་བཅོས་མཛད་པ་གཅིག་སྟེ། «ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ»རྒྱ་གར་མཁན་པོ་སུ་བྷཱུ་ཏི་ཤྲཱི་ཤཱནྟི་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར་ལ། ཁ་ཆེའི་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་བོ་དང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རྔོག་བློ་ལྡན་ཤེས་རབ་ཀྱིས་བཅོས་ཤིང་། དུས་ཕྱིས་མཁས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་ལ་སོགས་པ་དང་། ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན་དཔལ་བཟང་བོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། 7 ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་འགྱུར་བཅོས་མཛད་པ་གཅིག་སྟེ། «ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ»ཞེས་བྱ་བ་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་བོས་མཛད་པ། རྒྱ་གར་ལས་རྒྱའི་ལོ་ཙཱ་བ་ཐང་སང་ཙང་གིས་རྒྱའི་སྐད་དུ་བསྒྱུར་བ་ལས། སླད་ཀྱིས་རྒྱའི་དགེ་བཤེས་སིང་གྱང་ཇུས་དང་། བོད་ཀྱི་དགེ་བའི་བཤེས་གཉེན་སྟོན་གཞོན་གྱིས་བོད་སྐད་དུ་བསྒྱུར་ཤིང་། ཕྱིས་རྒྱ་ནག་ཆེན་པོའི་ལྷའི་བཙུན་པ་ཆོས་ཀྱི་རིན་ཆེན་གྱིས་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་རྒྱའི་དཔེ་དང་བོད་ཀྱི་དཔེ་གཉིས་པོ་ལེགས་པར་གཏུགས་ཤིང་བཅོས་ཏེ་དག་པར་བསྒྱུར་བའོ། །
ལྔ། འགྱུར་བྱང་འཁོད་པ་དང་མ་འཁོད་པ།
དེ་ལྟར་ཚད་མའི་སྐོར་གྱི་གཞུང་ཚན་དྲུག་ཅུ་རེ་བདུན་ཡོད་པ་ལས་«སྡེ་བསྟན»གཞིར་བཟུང་གིས་དཔྱད་ན་འགྱུར་བྱང་འཁོད་མེད་པའི་གཞུང་བཅུ་གསུམ་ཡོད་དེ་«རྣམ་འགྲེལ་རང་འགྲེལ།» «དམིགས་བརྟག»རྩ་འགྲེལ་གཉིས། «འབྲེལ་བ་བརྟག་པའི་རང་འགྲེལ།» བྲམ་ཟེ་བདེ་བྱེད་དགའ་བའི་«རང་འགྲེལ་གྱི་འགྲེལ་བཤད།» བྲམ་ཟེ་ཨ་ཙ་ཊའི་«གཏན་ཚིགས་ཐིགས་པའི་འགྲེལ་བ།» དུལ་བ་ལྷའི་«རྩོད་རིགས་ཀྱི་འགྲེལ་བ»གཤམ་མ་ཚང་བ། དགེ་སྲུངས་ཀྱི་«ཐམས་ཅད་མཁྱེན་པ་གྲུབ་པའི་ཚིག་ལེའུར་བྱས་པ།» «ཐོས་པ་བརྟག་པའི་ཚིག་ལེའུར་བྱས་པ།» «གཞན་སེལ་བརྟག་པའི་ཚིག་ལེའུར་བྱས་པ།» «དབང་ཕྱུག་འཇིག་པའི་ཚིག་ལེའུར་བྱས་པ།» ཛེ་ཏཱ་རིའི་«ཆོས་དང་ཆོས་ཅན་གཏན་ལ་ཕབ་པ།» ཉི་མ་སྦས་པའི་«ལེའུ་གཉིས་པ་གསུམ་པ་གཉིས་ཀྱི་འགྲེལ་པ»བཅས་ཡོད། དེ་དག་ལས་ད་ལྟ་«སྡེ་བསྟན»ཚད་མ་པོད་རྟགས་<པེ>ཅན་གྱི་ནང་དུ་བྲམ་ཟེ་བདེ་བྱེད་དགའ་བས་མཛད་པའི་«རང་འགྲེལ་གྱི་འགྲེལ་བཤད»སྟོད་ཙམ་ཞིག་བཞུགས་པ་དེ་རུ་འགྱུར་བྱང་མི་གསལ་ཡང་སྒྱུར་མཁན་རྔོག་ལོ་ཆེན་པོ་ཡིན་པ་གྲོ་ལུང་བས་མཛད་པའི་«འཇིག་རྟེན་མིག་གཅིག་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར»ཞེས་པ་རུ་གསལ། རྣམ་ཐར་དེར་གསུངས་པ་ལྟར་ན་རྔོག་ལོས་བསྒྱུར་བ་ལ་ད་དུང་«ཚད་མ་བརྟག་པ»ལ་ཆེ་ཆུང་གཉིས་དང་«ཚད་མ་བརྟག་པ»བར་བ་ཞིག་བཅས་གསུམ་ཡོད་འདུག་པ་ལ་ད་ལྟ་«བསྟན་འགྱུར»དུ་གཉིས་ལས་མི་བཞུགས།
གཞན་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས་ཚད་མའི་སྐོར་ལས་«དམིགས་པ་བརྟག་པའི»རྩ་འགྲེལ་གཉིས་དང་། «དུས་གསུམ་བརྟག་པ»རྣམས་བསྒྱུར་བ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་«སྡེ་བསྟན་དཀར་ཆག»ཏུ་གསུངས་ཤིང་། «བུ་སྟོན་ཆོས་འབྱུང»དུ[14]«དམིགས་བརྟག»རྩ་འགྲེལ་གཉིས་དཔལ་བརྩེགས་ཀྱིས་བསྒྱུར་བ་དང་། «དུས་གསུམ་བརྟག་པ»ནག་ཚོས་བསྒྱུར་བར་གསུངས། འོན་ཀྱང་ད་ལྟའི་«དམིགས་བརྟག»རྩ་འགྲེལ་གཉིས་ཀྱི་འགྱུར་བྱང་དུ་ལོ་ཙཱ་བ་སུས་བསྒྱུར་མི་གསལ་ཞིང་། «དུས་གསུམ་བརྟག་པའི»འགྱུར་བྱང་དུ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བ་འཁོད་ཡོད། པ་ཚབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའི་«དྲན་པ་ཉེར་བཞག»གི་འགྱུར་གྱི་རོགས་སུ་པཎྜི་ཏ་ཆེན་པོ་ཤཱནྟ་ཨཱ་ཀ་ར་འགུཔྟ་ཞེས་པ་ཞིག་ཡོད་པ་ལ་བརྟག་ན་ཚུལ་ཁྲིམས་རྒྱལ་མཚན་འདི་བ་ཚབ་ཚུལ་ཁྲིམས་རྒྱལ་མཚན་ཡིན་པར་སྣང་། པ་ཚབ་ཚུལ་རྒྱལ་བསྟན་པ་སྔ་དར་སྐབས་ཀྱི་ཡིན་པ་ཆོས་འབྱུང་འགར་བྱུང་བའང་མི་འཐད་པ་«དྲན་པ་ཉེར་བཞག»གི་འགྱུར་བྱང་དེར་རྒྱལ་བོ་རཱ་མ་པ་ལའི་སྐབས་སུ་བསྒྱུར་བ་གསུངས་པ་ལས་ཤེས། གཞན་«ཐམས་ཅད་མཁྱེན་པར་གྲུབ་པའི་ཚིག་ལེའུར་བྱས་པ»དང་། «འབྲེལ་བ་བརྟག་པའི་རང་འགྲེལ»གཉིས་ལ་ཡང་གཞུང་རང་དུ་འགྱུར་བྱང་འཁོད་མེད་ཀྱང་«སྡེ་བསྟན་དཀར་ཆག»ཏུ་དཔལ་བརྩེགས་ཀྱིས་བསྒྱུར་བར་གསུངས་ཡོད། «རྣམ་འགྲེལ་རང་འགྲེལ»ལ་གཞུང་རང་དུ་འགྱུར་བྱང་འཁོད་མེད་ཀྱང་དེ་དང་ལྷ་དབང་བློའི་འགྲེལ་བ་གཉིས་བསྡོམས་ཏེ་རྨ་དགེ་བློས་བསྒྱུར་བ་«བུ་སྟོན་ཆོས་འབྱུང»དང་«སྡེ་བསྟན་དཀར་ཆག»གཉིས་ཀར་གསུངས་པས་དེ་ལྟར་ཡིན་པར་སྣང་། དེ་ལྟར་ན་འགྱུར་བྱང་མེད་པའི་གཞུང་ཚན་བཅུ་གསུམ་ལས་དུལ་བ་ལྷའི་«རྩོད་རིགས»ཀྱི་གཤམ་མ་ཚང་བ། བྲམ་ཟེ་ཨ་ཙ་ཊའི་«གཏན་ཚིགས་ཐིགས་པའི་འགྲེལ་བ།» དགེ་སྲུངས་ཀྱི་«གཞན་སེལ་བརྟག་པའི་ཚིག་ལེའུར་བྱས་པ།» «ཐོས་པ་བརྟག་པའི་ཚིག་ལེའུར་བྱས་པ།» «དབང་ཕྱུག་འཇིག་པའི་ཚིག་ལེའུར་བྱས་པ།» ཛེ་ཏཱ་རིའི་«ཆོས་དང་ཆོས་ཅན་གཏན་ལ་ཕབ་པ།» ཉི་མ་སྦས་པའི་«ལེའུ་གཉིས་པ་གསུམ་པ་གཉིས་ཀྱི་འགྲེལ་བ»བཅས་བདུན་གྱི་སྒྱུར་བ་བོ་སུ་ཡིན་མིན་ཆོས་འབྱུང་ཁག་ཏུ་ཡང་བཀོད་མེད། དེས་ན་འགྱུར་བྱང་འཁོད་པའི་གཞུང་ཚན་ལྔ་བཅུ་ང་བཞི་དང་། འགྱུར་བྱང་མ་འཁོད་པ་བཅུ་གསུམ། དེའི་ནང་སྒྱུར་བ་བོ་གང་ཡིན་མི་ཤེས་པ་བདུན་བཅས་ཡོད་པས་དེ་དག་གི་སྒྱུར་བ་བོ་སུ་ཡིན་པའང་དཔྱད་བྱར་ལུས་ཡོད།
དྲུག། པཎྜི་ཏ་གང་གིས་གཞུང་གང་གི་འགྱུར་གྱི་རོགས་བྱས་པ།
1བསྟན་པ་སྔ་དར་སྐབས་ཀྱི་པཎྜི་ཏ་བརྒྱད།
1 ཟ་ཧོར་གྱི་མཁན་པོ་བོ་དྷི་ས་ཏྭ།(བྱང་ཆུབ་སེམས་དཔའ།) དགེ་སློང་དྷརྨ་ལོ་ཀས་བསྒྱུར་བའི་«ཕྱོགས་ཆོས་དགུའི་འཁོར་ལོ»ལ་འགྱུར་གྱི་རོགས་བྱས། 2 རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ། (ཡེ་ཤེས་སྙིང་བོ།) ལོ་ཙཱ་བ་ནམ་མཁས་བསྒྱུར་བའི་«འབྲེལ་བ་བརྟག་པའི་རབ་ཏུ་བྱེད་པ» དང་། དུལ་བ་ལྷས་མཛད་པའི་«འབྲེལ་བ་བརྟག་པའི་འགྲེལ་བཤད»དང་། དགེ་སློང་དྷརྨ་ལོ་ཀས་བསྒྱུར་བའི«རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་བ»སློབ་དཔོན་ཆོས་མཆོག་གིས་མཛད་པ་གསུམ་ལ་འགྱུར་གྱི་རོགས་བྱས། 3 རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་(ལྷ་དབང་བྱང་ཆུབ)། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་བའི་«རིགས་པའི་ཐིགས་པའི་དོན་བསྡུས་པ»ལ་འགྱུར་གྱི་རོགས་བྱས། འདི་ཉིད་བོད་དུ་ཕེབས་པ་«བུ་སྟོན་ཆོས་འབྱུང»དུ་གསལ། 4 རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ། (རྒྱལ་བའི་བཤེས་གཉེན) ཡེ་ཤེས་སྡེས་བསྒྱུར་བའི་དུལ་བ་ལྷས་མཛད་པའི་«རིགས་པའི་ཐིགས་པ་རྒྱ་ཆེར་འགྲེལ་བ་སློབ་མ་ལ་ཕན་པ»དང་། དཔལ་བརྩེགས་ཀྱིས་བསྒྱུར་བའི་«ཕྱི་རོལ་གྱི་དོན་གྲུབ་པ»གཉིས་ལ་འགྱུར་གྱི་རོགས་བྱས། འདི་ཉིད་བོད་དུ་ཕེབས་པ་«བུ་སྟོན་ཆོས་འབྱུང»སོགས་སུ་གསལ། 5 པྲ་ཛྙཱ་ཝར་མ།(ཤེས་རབ་གོ་ཆ།) དཔལ་བརྩེགས་ཀྱིས་བསྒྱུར་བའི་«གཏན་ཚིགས་ཀྱི་ཐིགས་པ»དང་དུལ་བ་ལྷའི་ «གཏན་ཚིགས་ཀྱི་ཐིགས་པའི་རྒྱ་ཆེར་འགྲེལ་བ»གཉིས་ལ་འགྱུར་གྱི་རོགས་བྱས། འདི་ཉིད་བོད་དུ་ཕེབས་པ་«བུ་སྟོན་ཆོས་འབྱུང»སོགས་སུ་གསལ། 6 རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ(རྣམ་དག་སེང་གེ)། དཔལ་བརྩེགས་ཀྱིས་བསྒྱུར་བའི་«རྒྱུད་གཞན་གྲུབ་པ»དང་། «རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ»དང་། དུལ་བ་ལྷའི་«རྒྱུད་གཞན་གྲུབ་པའི་འགྲེལ་བཤད»གསུམ་ལ་འགྱུར་གྱི་རོགས་བྱས། འདི་ཉིད་བོད་དུ་ཕེབས་པ་«བུ་སྟོན་ཆོས་འབྱུང»དུ་གསུངས། 7 རྒྱ་གར་གྱི་མཁན་པོ་ཤཱཀྱ་སིཾ་ཧ། དཔལ་བརྩེགས་ཀྱིས་བསྒྱུར་བའི་«དམིགས་པ་བརྟག་པ་རྒྱ་ཆེར་བཤད་པ»ལ་འགྱུར་གྱི་རོགས་བྱས། 8 པཎྜི་ཏ་ཤྲཱི་སིཾ་ཧ་པྲ་བྷཱ། བཻ་རོ་ཙ་ནས་བསྒྱུར་བའི་«རིགས་པ་གྲུབ་པའི་སྒྲོན་མེ»ལ་འགྱུར་གྱི་རོགས་བྱས།
2 བསྟན་པ་ཕྱི་དར་གྱི་སྐབས་ཀྱི་པཎྜི་ཏ་ཉེར་གཅིག་དང་འགྱུར་བཅོས་ཀྱི་རོགས་མཛད་པའི་པཎྜི་ཏ་གཉིས་བསྣན་པས་ཉེར་གསུམ།
1 རབ་འབྱོར་ཞི་བ། ལོ་ཙཱ་བ་ཏིང་ངེ་འཛིན་བཟང་བོས་བསྒྱུར་བའི་«རིགས་པའི་སྦྱོར་བ»ལ་འགྱུར་གྱི་རོགས་བྱས། རྨ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བའི་«རྣམ་འགྲེལ»དང་། «ཚད་མ་སྟོང་ཕྲག་བཅུ་གཉིས་པ»གཉིས་ལ་འགྱུར་གྱི་རོགས་རྒྱ་གར་གྱི་མཁན་པོ་སུ་བྷཱུ་ཏི་ཤྲཱི་ཤནྟི་ཞེས་པའང་འདི་ཉིད་ཡིན་པར་སྣང་བས་དེས་ན་འདིས་འགྱུར་གྱི་རོགས་བྱས་པའི་གཞུང་གསུམ་ཡོད། ད་དུང་«འབྲེལ་བ་བརྟག་པའི་རབ་ཏུ་བྱེད་པ»ཞེས་པ་ལོ་ཙཱ་བ་ནམ་མཁའི་འགྱུར་ལ། ལོ་ཙཱ་བ་ཏིང་ངེ་འཛིན་བཟང་བོ་དང་མཉམ་དུ་འགྱུར་བཅོས་བྱས། 2པཎྜི་ཏ་ཤྲཱི་དཱི་པཾ་ཀ་ར་རཀྵི་ཏ། མང་འོར་ལོ་ཙཱ་བ་བྱང་ཆུབ་ཤེས་རབ་ཀྱིས་བསྒྱུར་བའི་«ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད་སློབ་དཔོན་རྒྱལ་བ་ཅན་གྱི་ཞལ་སྔ་ནས་མཛད་པ»ལ་འགྱུར་གྱི་རོགས་བྱས། རྨ་དགེ་བློས་བསྒྱུར་བའི་«རྩོད་པའི་རིགས་པ»ལ་དར་མ་གྲགས་དང་མཉམ་དུ་འགྱུར་བཅོས་མཛད། འདི་བས་བསྒྱུར་བའི་«རྡོ་རྗེ་སེམས་དཔའི་སྒྲུབ་པའི་ཐབས་ཀྱི་བཤད་པ»སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་དེ་ཐོ་ལྡིང་གི་གཙུག་ལག་ཁང་དུ་བསྒྱུར་བ་འཁོད་པས་བོད་དུ་ཕེབས་ཡོད། 3 རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཤྲཱི་བྷ་དྲ(གཞོན་ནུ་དཔལ་བཟང་)། འབྲོ་སེང་དཀར་ཤཱཀྱ་འོད་དང་ཟངས་དཀར་འཕགས་པ་ཤེས་རབ་གཉིས་ཀྱིས་མཉམ་དུ་བསྒྱུར་བའི་«རྩོད་པའི་རིགས་པའི་འགྲེལ་བ་དོན་རྣམ་པར་འབྱེད་པ»ལ་འགྱུར་གྱི་རོགས་བྱས། འདི་བསམ་ཡས་སུ་བསྒྱུར་བ་འགྱུར་བྱང་དུ་འཁོད་པས་པཎྜི་ཏ་དེ་ཡང་བོད་དུ་ཕེབས་ཡོད། «རྣམ་འགྲེལ་གྱི་རྒྱན»ལ་ཟངས་དཀར་འཕགས་པ་ཤེས་རབ་དང་མཉམ་དུ་འགྱུར་བཅོས་མཛད་མཁན་གྱི་ཁ་ཆེའི་མཁན་པོ་པཎྜི་ཏ་ཀུ་མཱ་ར་ཤྲཱི་ཞེས་པའང་འདི་ཉིད་ཡིན་པར་སྣང་། 4 བལ་ཡུལ་གྱི་པཎྜི་ཏ་ཙ་ཧཾ་དུ་ཤཱན་ཏི་བྷ་དྲ། འབྲོ་སེང་དཀར་གྱིས་བསྒྱུར་བའི་«ལྷན་ཅིག་དམིགས་པར་ངེས་པར་གྲུབ་པ»ལ་འགྱུར་གྱི་རོགས་བྱས། 5 རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤ་(གཞོན་ནུའི་བུམ་པ)། འབྲོ་སེང་དཀར་གྱིས་བསྒྱུར་བའི་«རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པ»དང་«ནང་གི་ཁྱབ་པ»དང་«གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ»གསུམ་ལ་འགྱུར་གྱི་རོགས་བྱས། བོད་དུ་ཕེབས་པ་«བུ་སྟོན་ཆོས་འབྱུང»དུ་གསུངས། 6 བལ་ཡུལ་གྱི་པཎྜི་ཏ་ཤཱནྟི་བྷ་དྲ(ཞི་བ་བཟང་བོ)། འབྲོ་སེང་དཀར་གྱིས་བསྒྱུར་བའི་«རྣམ་པར་རིག་པ་ཙམ་ཉིད་དུ་གྲུབ་པ»ལ་འགྱུར་གྱི་རོགས་བྱས། 7 ཛྙཱ་ན་ཤྲཱི་བྷ་དྲ། (ཡེ་ཤེས་དཔལ་བཟང)། རྨ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བའི་«རྩོད་པའི་རིགས་པ»དང་། ཁྱུང་བོ་ཆོས་བརྩོན་གྱིས་བསྒྱུར་བའི་«ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད»གཉིས་ལ་འགྱུར་གྱི་རོགས་བྱས། འདི་ཉིད་མངའ་བདག་རྩེ་ལྡེའི་སྐབས་སུ་བོད་དུ་བཞུགས་ཡོད། (གཞུང་དེ་གཉིས་ཀྱི་འགྱུར་གྱི་རོགས་སུ་ཡོད་པའི་པཎྜི་ཏའི་མཚན་འདྲ་ཡང་མི་གཅིག་ཡིན་མིན་ལ་ད་དུང་དོགས་པ་ཅུང་ཡོད།) 8 རྒྱ་གར་གྱི་པཎྜི་ཏ་ཆེན་པོ་པ་ར་ཧེ་ཏ། ལོ་ཙཱ་བ་དགའ་བའི་རྡོ་རྗེས་བསྒྱུར་བའི་«འབྲེལ་བ་བརྟག་པའི་འགྲེལ་བ་བྲམ་ཟེ་ཤཾ་ཀ་རཱ་ནནྟས་མཛད་པ»ལ་འགྱུར་གྱི་རོགས་མཛད། «ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ»འི་འགྱུར་བྱང་དུ། “རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཤཱནྟི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པ་ལས། སླད་ཀྱིས་ཁ་ཆེའི་མཁན་པོ་པཎྜི་ཏ་པ་ར་ཧེ་ཏ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགའ་རྡོར་གྱིས་ཐུགས་དམ་ས་ཐོ་ལིང་གི་གཙུག་ལག་ཁང་དུ་བཅོས་ཤིང་གཏན་ལ་ཕབ་པ།”ཞེས་འཁོད་པ་ལས་མངའ་རིས་སུ་ཕེབས་པ་ཤེས། 9པཎྜི་ཏ་གསེར་གྱི་གོ་ཆ། ལོ་ཙཱ་བ་དད་པ་ཤེས་རབ་ཀྱིས་བསྒྱུར་བའི་«ཀུན་བཏུས»རྩ་བ་དང་དེའི་«རང་འགྲེལ»ལ་འགྱུར་གྱི་རོགས་བྱས། འདི་ཉིད་བོད་དུ་ཕེབས་པ་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་«ཆོས་འབྱུང་དཔག་བསམ་ལྗོན་བཟང»དུ་གསུངས། 10 པཎྜི་ཏ་ཆེན་པོ་ཤཱན་ཏཱ་ཀ་ར་གུཔྟ། (ཞི་བ་འབྱུང་གནས་སྦས་པ།) པ་ཚབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའི་«དུས་གསུམ་བརྟག་པ་»ལ་འགྱུར་གྱི་རོགས་བྱས། 11 པཎྜི་ཏ་གཞན་ལ་ཕན་པ་བཟང་བོ། རྔོག་ལོས་བསྒྱུར་བའི་«ཚད་མ་རྣམ་པར་ངེས་པ»དང་། «རིགས་པའི་ཐིགས་པ»དང་«རྣམ་པར་ངེས་པའི་ཊཱི་ཀ་འཐད་ལྡན»གསུམ་བསྒྱུར་བའི་འགྱུར་གྱི་རོགས་བྱས། 12 ཁ་ཆེའི་མཁན་པོ་པཎྜི་ཏ་སྐལ་ལྡན་རྒྱལ་བོ། རྔོག་ལོས་བསྒྱུར་བའི་«ཚད་མའི་བཤད་པ་ཆེན་པོ་རྣམ་འགྲེལ་གྱི་རྒྱན»དང་། «འབྲེལ་བ་གྲུབ་པ»དང་«གཞན་སེལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ»དང་«སྐད་ཅིག་མ་འཇིག་པ་གྲུབ་པ»བཅས་བཞི་དང་། པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའི་«འཇིག་རྟེན་ཕ་རོལ་གྲུབ་པ»བཅས་ལྔའི་འགྱུར་གྱི་རོགས་བྱས། ད་དུང་རྔོག་ལོ་ཙཱ་བ་དང་མཉམ་དུ་«ཚད་མ་རྣམ་འགྲེལ»ལ་འགྱུར་བཅོས་མཛད། 13 ཁ་ཆེའི་པཎྜི་ཏ་མ་ནོ་ར་ཐ། རྔོག་ལོས་བསྒྱུར་བའི་«གཞན་སེལ་བ་གྲུབ་པ»ལ་འགྱུར་གྱི་རོགས་བྱས། 14 པཎྜི་ཏ་སུ་མ་ཏི། (བློ་བཟང) རྔོག་ལོས་བསྒྱུར་བའི་«རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ»ལ་འགྱུར་གྱི་རོགས་བྱས། ཆོས་མཆོག་གི་«རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ»ལ་རྔོག་ལོ་དང་མཉམ་དུ་འགྱུར་བཅོས་མཛད་མཁན་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་(བློ་བཟང་གྲགས་པ།)ཞེས་པའང་འདི་ཉིད་ཡིན་པར་སྣང་། བོད་དུ་ཕེབས་པ་«བུ་སྟོན་ཆོས་འབྱུང»དུ་གསུངས། 15 རྒྱ་གར་གྱི་མཁན་པོ་དཔལ་གུ་ཎཱ་ཀ་ར་ཤྲཱི་བྷ་དྲ(ཡོན་ཏན་འབྱུང་གནས་དཔལ་བཟང་བོ)། ཞི་བ་འོད་ཀྱིས་བསྒྱུར་བའི་«དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ»ལ་འགྱུར་གྱི་རོགས་མཛད། འདི་ཉིད་གུ་གེ་ཡུལ་གྱི་དབེན་ས་རི་བོ་དགེ་གནས་ཕུན་ཚོགས་གླིང་དུ་བསྒྱུར་བ་འགྱུར་བྱང་དུ་འཁོད་པས་པཎྜི་ཏ་དེ་ཡང་བོད་དུ་ཕེབས་ཡོད། 16 རྒྱ་གར་གྱི་མཁན་པོ་བ་སུ་དྷ་ན་རཀྵི་ཏ། (ནོར་འཛིན་བསྲུང་བ།) ཞ་མ་སེང་གེ་རྒྱལ་མཚན་གྱིས་བསྒྱུར་བའི་«ཀུན་བཏུས»དང་དེའི་«རང་འགྲེལ»གཉིས་ལ་འགྱུར་གྱི་རོགས་བྱས། 17 རྒྱ་གར་གྱི་མཁན་པོ་བི་ན་ཡ་ཀ །གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའི་«སྐད་ཅིག་མ་འཇིག་པ་གྲུབ་པའི་འགྲེལ་བ»བསྒྱུར་བ་ལ་འགྱུར་གྱི་རོགས་བྱས། 18 རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དེ་བེན་དྲ་བྷ་དྲ(ལྷ་དབང་བཟང་བོ)། ལོ་ཙཱ་བ་ཤཱཀྱའི་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའི་«དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ»ལ་འགྱུར་གྱི་རོགས་བྱས། 19 རྒྱ་གར་གྱི་མཁན་པོ་ནཱ་ག་རཀྵྀ་ཏ(ཀླུའི་བསྲུང་བ)། སུམ་པ་ལོ་ཙཱ་བ་དཔལ་མཆོག་དང་བོའི་རྡོ་རྗེས་བསྒྱུར་བའི་«བྱིས་པ་འཇུག་པའི་རྟོག་གེ»ཞེས་པ་ལ་འགྱུར་གྱི་རོགས་བྱས། 20 ཁ་ཆེའི་པཎྜི་ཏ་ཆེན་པོ་ཐམས་ཅད་མཁྱེན་དཔལ་བསྲུང་བ། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བའི་«རིགས་པ་ལ་འཇུག་པའི་སྒོ»འི་འགྱུར་གྱི་རོགས་བྱས། འདི་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་བ་འགྱུར་བྱང་དུ་འཁོད་པས་བོད་དུ་ཕེབས་ཡོད། 21 རྒྱའི་དགེ་བཤེས་སིང་གྱང་ཇུས། བཙུན་པ་སྟོན་གཞོན་གྱིས་བསྒྱུར་བའི་«རིགས་པ་ལ་འཇུག་པ»ལ་འགྱུར་གྱི་རོགས་བྱས།
དེ་ལྟར་སྤྱིར་ཚད་མའི་བསྟན་བཅོས་དྲུག་ཅུ་རེ་བདུན་ལས་དཱ་ན་ཤཱི་ལའི་«གླེགས་བམ་བཀླག་པའི་ཐབས»ཞེས་པ་དེ་རང་འགྱུར་དུ་མཛད་པས་དེ་ཕུད། དེའི་སྟེང་འགྱུར་བྱང་མ་འཁོད་པ་བཅུ་གསུམ་ཕུད། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་བསྒྱུར་བའི་གཞུང་གཉིས་པཎྜི་ཏ་ལ་མ་བརྟེན་པར་བསྒྱུར་བར་མཛད་པས་དེ་གཉིས་ཕུད། ཤཱཀྱ་བློའི་འགྲེལ་བཤད་དེ་«སྡེ་བསྟན»དཀར་ཆག་ཏུ་པཎྜི་ཏ་སུ་བྷཱུ་ཏི་ཤྲཱི་དང་མཉམ་དུ་བསྒྱུར་བར་འཁོད་ཀྱང་འགྱུར་བྱང་རང་དུ་འགྱུར་གྱི་རོགས་སུ་ཡིན་མི་གསལ་བས་དེ་དང་། ཆོས་མཆོག་གི་«ཚད་མ་བརྟག་པ»ཆེ་ཆུང་གཉིས་ཀ་ལ་འགྱུར་གྱི་རོགས་སུ་ཡིན་མིན་མི་གསལ་བས་དེ་གསུམ་ཕུད་པའི་ལྷག་མ་འགྱུར་བྱང་དུ་འགྱུར་གྱི་རོགས་སུ་ཡིན་མིན་གསལ་བར་འཁོད་པའི་བསྟན་པ་སྔ་དར་སྐབས་ཀྱི་གཞུང་བཅུ་བཞི་ལ་འགྱུར་གྱི་རོགས་པཎྜི་ཏ་བརྒྱད་དང་། བསྟན་པ་ཕྱི་དར་སྐབས་ཀྱི་གཞུང་སུམ་ཅུ་སོ་བཞི་ལ་འགྱུར་གྱི་རོགས་པཎྜི་ཏ་ཉི་ཤུ་རྩ་གཅིག་བཅས་བསྡོམས་པས་པཎྜི་ཏ་ཉེར་དགུ་ཏག་ཏག་ཡོད། «རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པ»ལ་འགྱུར་བཅོས་མཛད་མཁན་གྱི་ཨནནྡ་དང་། ས་པཎ་དང་མཉམ་དུ་«རྣམ་འགྲེལ»ལ་འགྱུར་བཅོས་མཛད་མཁན་གྱི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་གཉིས་ཀྱིས་འགྱུར་བཅོས་ཁོ་ན་མཛད་པ་ལས་ད་ལྟ་བཞུགས་པ་གང་གི་ཡང་གསར་འགྱུར་གྱི་རོགས་བྱས་པ་མེད། དེ་གཉིས་བགྲང་ན་སུམ་ཅུ་སོ་གཅིག་ཡོད་པ་ཡིན་ནོ། །དེའི་ནང་དུ་ད་ལྟའི་«སྡེ་བསྟན»དུ་མ་བཞུགས་པའི་«ཀུན་བཏུས»རྩ་འགྲེལ་གཉིས་དང་«རིགས་པ་ལ་འཇུག་པའི་སྒོ»བསྒྱུར་བའི་འགྱུར་གྱི་རོགས་ཏེ་པཎྜི་ཏ་གསེར་གྱི་གོ་ཆ་དང་ཐམས་ཅད་མཁྱེན་དཔལ་བསྲུང་བ་གཉིས་ཀྱང་བགྲངས་ཡོད་པ་ཡིན་ནོ། །
མཆན་དང་ལུང་ཁུངས།
[1] [7] [8] ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། «སྡེ་བསྟན་དཀར་ཆག་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་བ།» «སྡེ་བསྟན»དཀར་ཆག <ཤྲཱི > ཤ 0 915 ཤ 0909 ཤ0913
[2] ཡེ་ཤེས་དཔལ་བཟང་། «ཚད་མ་རྣམ་པར་ངེས་པའི་འགྲེལ་བ།» «སྡེ་བསྟན»ཚད་མ། <ཛེ> ཤ0589
[3] སྣ་ཚོགས་དམར་བོ། «འཕགས་མ་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས།» «སྡེ་བསྟན»རྒྱུད། <ཏ >ཤོག་ངོས་0560
[4] དྷི་ལྷ་ལྡན་གྱིས་བསྒྲིགས། «ལོ་པཎ་གྱི་རྣམ་ཐར་ཕྱོགས་བསྒྲིགས།» དེབ་དགུ་བ། ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་། 2019ལོ། ཤོག་ངོས་160
[5] སློབ་དཔོན་ཕྱོགས་ཀྱི་གླང་བོ། «ཕྱོགས་ཆོས་དགུའི་འཁོར་ལོ།» «སྡེ་བསྟན»ཚད་མ། <ཅེ> ཤ0185
[6] འདིའི་གྲགས་པ་རྒྱལ་མཚན་ཞེས་པ་དེ་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་དུ་བཀོད་པའི་«བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་»ཞེས་པ་རུ་ཀུན་སྤངས་གྲགས་པ་རྒྱལ་མཚན་ཡིན་པར་གསུངས།
[9] དགེ་སྲུངས། «ཐམས་ཅད་མཁྱེན་པ་གྲུབ་པའི་ཚིག་ལེའུར་བྱས་པ།» «སྡེ་བསྟན»ཚད་མ། <ཞེ> ཤ 0378
[10] སྐ་བ་དཔལ་བརྩེགས་སོགས། «ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་དམ་པའི་ཆོས་འགྱུར་རོ་ཅོག་གི་དཀརཆག» «སྡེ་བསྟན»སྣ་ཚོགས། <ཇོ> ཤ0618
[11] «འཇིག་རྟེན་མིག་གཅིག་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར»ཞེས་པ་ལས། “དེ་ལ་རྟོག་གེའི་ཚད་མའི་གཞུང་ལས་ནི་རིགས་ཐིགས་དང་། རྣམ་ངེས་དང་། རྣམ་འགྲེལ་རྩ་བ་ལེའུ་གསུམ་དང་། སློབ་དཔོན་ཆོས་མཆོག་གི་ཊཱི་ཀ་ཆེ་ཆུང་གཉིས་དང་། ཚད་མ་བརྟག་པ་ཆེ་ཆུང་གཉིས་དང་། གཞན་སེལ་བ་གྲུབ་པ་དང་། སྐད་ཅིག་འཇིག་པ་གྲུབ་པ་དང་། རྣམ་འགྲེལ་གྱི་རྒྱན་དང་། དེའི་ཊཱི་ཀ་ཡ་མ་རིས་སྦྱར་བ་དང་། བྲམ་ཟེ་ཆེན་པོའི་རྣམ་འགྲེལ་གྱི་རྗེས་སུ་འབྲངས་པ་སྟོད་པ་དང་། ཚད་མ་བརྟག་པ་བར་མ་དང་། སེལ་བ་གྲུབ་པ་དང་། འབྲེལ་བ་གྲུབ་པ་སྟེ། སྤྱིར་བདུན་ཁྲི་ཉིས་སྟོང་ལྷག་དང་བཅས་པ་ཕལ་ཆེར་གཞི་བསྒྱུར། ཅུང་ཟད་ཞུ་ཆེན་མཛད་པས་ཤིན་ཏུ་དག་པའི་གཞུང་མིག་པས་ཀྱང་ཡིད་ཆེས་པའི་གསལ་བྱེད་དུ་གནས་སོ། །”ཞེས་གསུངས་སོ། ། གྲོ་ལུང་བ་བློ་གྲོས་འབྱུང་གནས། «ལོ་ཆེན་རིན་ཆེན་བཟང་བོ་དང་། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་གསུམ་གྱི་རྣམ་ཐར།» [G] ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་། པར་དུས་མི་གསལ། ཤ267
[12] «དཀར་ཆག་ལྡན་དཀར»མ་ལས། “ཏར་ཀའི་ཕྱོགས་ལ། ལས་དང་འབྲས་བུའི་འབྲེལ་བ་བརྟགས་པ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། དེའི་འགྲེལ་བ་ཤློ་ཀ་དགུ་བརྒྱ་སྟེ་བམ་པོ་གསུམ། རིགས་པའི་ཐིགས་པ། ཤློ་ཀ་སུམ་བརྒྱ་སྟེ་བམ་པོ་གཅིག །དེའི་འགྲེལ་བ། སློབ་དཔོན་དྷ་རྨ་ཨུཏྟས་མཛད་པ། ཤློ་ཀ་སྟོང་ལྔ་བརྒྱ་སྟེ་བམ་པོ་ལྔ། དེའི་རྒྱ་ཆེར་བཤད་པ། ཤློ་ཀ་དགུ་བརྒྱ་སྟེ་བམ་པོ་གསུམ། རིགས་པའི་ཐིགས་པའི་ཕྱོགས་ལྔ་མ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། ཤློ་ཀ་བརྒྱ། རིགས་པའི་ཐིགས་པའི་ཕྱོགས་སྔ་མ་བསྡུས་པ། ཤློ་ཀ་བརྒྱ་ལྔ་བཅུ། གཏན་ཚིགས་ཐིགས་པ་ཤློ་ཀ་ཉིས་བརྒྱ། དེའི་འགྲེལ་བ། ཤློ་ཀ་སུམ་སྟོང་དྲུག་བརྒྱ་སྟེ་བམ་པོ་བཅུ་གཉིས། འབྲེལ་བ་བརྟག་པ། ཤློ་ཀ་དྲུག་བརྒྱ་ཉི་ཤུ་རྩ་བཞི་སྟེ་བམ་པོ་གཉིས་དང་ཤློ་ཀ་ཉི་ཤུ་རྩ་བཞི། དམིགས་པ་བརྟག་པ། ཤློ་ཀ་བརྒྱད། དེའི་འགྲེལ་བ། ཤློ་ཀ་བཞི་བརྒྱ་ལྔ་བཅུ་རྩ་ལྔ་སྟེ་བམ་པོ་གཅིག་དང་ཤློ་ཀ་བརྒྱ་ལྔ་བཅུ་རྩ་ལྔ།”ཞེས་སོགས་གསུངས། སྐ་བ་དཔལ་བརྩེགས་སོགས། «ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག།» སྡེ་དགེའི་«བསྟན་འགྱུར།» སྣ་ཚོགས། <ཇོ> ཤ0618
[13] ཕྱོགས་ཀྱི་གླང་བ། «དུས་གསུམ་བརྟག་པ།» «སྡེ་བསྟན»ཚད་མ། <ཅེ> ཤ0176
[14] «སྡེ་བསྟན་དཀར་ཆག»ལས། “དམིགས་པ་བརྟག་པ། དམིགས་པ་བརྟག་པའི་འགྲེལ་བ། དུས་གསུམ་བརྟག་པ་རྣམས་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་བོས་མཛད་པ། པཎྜི་ཏ་ཆེན་པོ་ཤཱནྟ་ཀ་ར་གུཔྟའི་ཞལ་སྔ་ནས་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར།”ཞེས་བྱུང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། «སྡེ་བསྟན་དཀར་ཆག་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་བ།» «སྡེ་བསྟན»དཀར་ཆག་ཤྲཱི ཤ0 908 «བུ་སྟོན་ཆོས་འབྱུང»ལས། “དམིགས་པ་བརྟག་པ་ཤུ་ལོ་ཀ་བརྒྱད། དེའི་རང་འགྲེལ་ཤུ་ལོ་ཀ་སུམ་ཅུ་རྩ་གཉིས་པ་དཔལ་བརྩེགས་ཀྱི་འགྱུར།”ཞེས་བྱུང་། བུ་སྟོན་རིན་ཆེན་གྲུབ། 《བུ་སྟོན་ཆོས་འབྱུང་།》[M] པེ་ཅིང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1988ལོ། ཤ249
#རྩོམ་པ་བོ། བྱ་ཉ་བློ་བཟང་ཚུལ་ཁྲིམས།
#ཡོང་ཁུངས།2021ལོའི་མཚོ་སྔོན་ནང་བསྟན་སློབ་གྲྭའི་ནང་ཁུལ་རིག་དེབ་《ནང་རིག་འོད་སྣང》དེབ་དང་བོ།
No comments:
Post a Comment