ཟླ་བ་གཞོན་ནུས་བསྒྱུར།
རྒྱན་གྱི་བསྟན་བཅོས་ནི་དཔྱོད་པ་པོ་རྣམས་ཀྱི་ཕྲ་བའི་ལུགས་ཀྱི་དཔྱོད་སྟངས་གོ་བྱེད་ཉིད་དེ། བསྟན་བཅོས་འདི་རིག་བྱེད་སོགས་ནས་མགོ་བརྩམས་ཏེ་འཇིག་རྟེན་པའི་གླེགས་བམ་རྣམས་ཡོངས་སུ་རྫོགས་པར་རྟོགས་པ་ལ་ཧ་ཅང་གལ་ཆེན་པོ་ཡིན་པ་རེད། རྒྱུ་རྐྱེན་འདི་ཉིད་ལ་བརྟེན་ནས་རཱ་ཛ་ཤེ་ཁར་ཡིས་རྒྱན་གྱི་བསྟན་བཅོས་རིག་བྱེད་ཀྱི་ཡན་ལག་ཅིག་ཏུ་བཞེད་དོ།། ཁོས་རྩོམ་རིག་གི་བསླབ་པ་རང་དབང་ཅན་གྱི་རིག་པ་རང་དུ་མི་བཞེད་པར། ཁོང་གིས་ཁོང་ལ་གྲགས་པའི་རིག་པ་བཞི་སྟེ། རྟོག་གེ་དང་། གསུམ་པ། གྲོས། ཉེས་ཆད་གཅོད་ལུགས་སོགས་ཁས་འཆེས་པ་རེད། རྒྱན་གྱི་བསྟན་བཅོས་ཀྱི་ཆེ་བ་ཉིད་ཤིན་ཏུ་རྣམ་པར་གསལ་བ་སྟེ། སྙན་ངག་ཏུ་སྒྲ་དང་དེ་བཞིན་དོན་གྱི་མཛེས་པ་སྣོན་པ་དང་དེ་ཡིད་དུ་འོང་བ་ཞིག་བྱེད་པ་ལ་རྒྱན་གྱི་བསྟན་བཅོས་ནི་སྤྱོད་སྒོ་ཤིན་ཏུ་ཆེ་བ་ཡོད་པ་ཡིན།
མིང་གི་བྱུང་བ།
བསྟན་བཅོས་འདིའི་མིང་རྒྱན་གྱི་བསྟན་བཅོས་ཟེར། མིང་འདི་དེ་འདྲ་ཞིག་མི་འོས་ན་ཡང་ཧ་ཅང་རྙིང་བ་ཞིག་ཡིན། བྷཱ་མ་ཧ་ཡིས་རང་ཉིད་གྱི་རྒྱན་གྱི་གླེགས་བམ་ལ་<<སྙན་ངག་གི་རྒྱན>>ཞེས་འབོད་པས། མིང་རྙིང་བ་རྒྱན་གྱི་བསྟན་བཅོས་ཞེས་པ་འདི་ཡིན་ཞིང་། འདི་ལ་དོགས་གནས་ཅི་ཡང་མེད་པ་རེད།འདི་དུས་སྐབས་དེའི་མངོན་བརྗོད་དེ་དེ་དུས་སྙན་ངག་ལ་རྒྱན་གྱི་ནུས་པ་ནི་ཐམས་ཅད་ལས་ཤིན་ཏུ་གལ་ཆེ་བ་དང་། དེ་བཞིན་བླང་བྱར་ངོས་འཛིན་པ་ཡིན། རྒྱན་གྱི་དུས་ཉིད་བསྟན་བཅོས་འདི་ཉིད་ཀྱི་བྱུང་བའི་ཁྲོད་ཐམས་ཅད་ཀྱི་ཐོག་མ་ཡིན་པ་དང་དུས་སྐབས་དེ་རང་དུ་མིང་བཏགས་འདི་མཛད་ཡོད་པ་རེད།
རཱ་ཛ་ཤེ་ཁར་ཡིས་བསྟན་བཅོས་འདི་ལ་<<སྙན་ངག་དཔྱོད་པ་>>ཞེས་བརྗོད་པ་དང་། མིང་འདི་བྷཱ་མ་ཧའི་(དོན་ལྡན་སྒྲ་ནི་སྙན་ངག་གོ།།)་ཞེས་པའི་སྙན་ངག་གི་མཚན་ཉིད་གཞིར་བཞག་ནས་བཏགས་པ་ཞིག་རེད། སྙན་ངག་ནི་གང་དུ་སྒྲ་དང་དོན་གྱི་ཡང་དག་པར་འོས་པའི་མཐུན་པ་ཉིད་ཡོད་པ་དང་། གང་དུ་རྩོམ་རིག་ཡོད་པ་ཞིག་གོ།། རྩོམ་རིག་གི་རྟོག་པ་འདི་ལ་སྔོན་གྱི་རྒྱན་སྨྲ་བ་དག་གིས་ཁས་ལེན་མཉེས་པོ་མཛད་ཡོད་པ་རེད།ཀུནྟཀ་ནི་རྩོམ་རིག་གི་རྟོག་པ་ལ་སྔོན་དུ་འགྲོ་མཁན་ཁྲོད་ཀྱི་གཙོ་གྲས་ཡིན་པ་རེད། བྷོ་ཛརཱ་ཛ་ཡི་<<རྒྱན་གྱི་སྣང་བ>> ནི་རྩོམ་རིག་གི་རིག་པ་འདི་གཞིར་བཞག་ནས་མཛད་ཡོད། རྩོམ་རིག་གི་རིག་པ་དང་ཡང་ན་རྩོམ་རིག་གི་བསྟན་བཅོས་ཞེས་པའི་མིང་འདི་ཧ་ཅང་མཛེས་པ་དང་དེ་བཞིན་རིགས་པ་དང་ལྡན་པ་ཞིག་ཡིན་ཡང་དེའི་ཚོད་ཀྱི་གྲགས་པ་བྱུང་མ་ཐུབ།
གནའ་སྔོན་མའི་དུས་སྐབས་སུ་འདིའི་མིང་ཀྲིཡཱཀལྤ་སྟེ་བྱ་བའི་ཆོ་ག་ཡིན་པ་རེད། བཱཏྶྱཡན་གྱིས་(<<འདོད་པའི་མདོ>>༡།༣།༡༦)སྒྱུ་རྩལ་དྲུག་ཅུ་རེ་བཞིའི་ཁོངས་སུ་བྱ་བའི་ཆོ་ག་ཡང་སྒྱུ་རྩལ་གྱི་ཁོངས་སུ་བགྲང་ཡོད་པ་རེད། ཀྲིཡཱ་བྱ་བའི་དོན་ནི “སྙན་ངག་གི་གླེགས་བམ”དང་ཀལྤ་བྱ་བ་ནི་“ཐབས་སམ་རྣམ་གཞག་”གི་དོན་ནོ།།འདི་ལྟར་བྱ་བའི་ཆོ་ག་ནི་བསྟན་བཅོས་འདིའི་མཚན་ཡིན་ཡང་མཚན་འདི་གྲགས་པ་ཆེར་བྱུང་མ་ནུས་ཤིང་། ཀུན་ལ་རབ་ཏུ་གྲགས་པའི་མཚན་ནི་རྒྱན་གྱི་བསྟན་བཅོས་ཉིད་ཡིན། ཡིན་ནའང་། རྒྱན་གྱི་རྟོག་པ་ནི་འགྱུར་ཞིང་འོང་བའོ།།
ཝཱམན་ཡི་དགོངས་པར་རྒྱན་ནི་སྒྲ་དང་དོན་འབའ་ཞིག་མཛེས་པར་བྱེད་པའི་ཕྱི་ཡུལ་གྱི་རྐྱེན་ཙམ་ཞིག་མ་ཡིན་པར། དེ་ལས་ལྡོག་སྟེ་སྙན་ངག་ལ་དགའ་བར་བྱེད་པའི་ནང་གི་ཆོས་ཤིག་ལ་བཞེད་ཅིང་། ཁོང་གིས་རྒྱན་ནི་མཛེས་པའི་མིང་གི་རྣམ་གྲངས་སུ་བཞེད་པ་ཡིན། (<<མཛེས་པའི་རྒྱན>>ལས།)འདི་ལྟར་རྒྱན་གྱི་བསྟན་བཅོས་གྱིས་སྙན་ངག་གི་མཛེས་པ་ཕུན་སུམ་ཚོགས་པར་བྱེད་པའི་རྐྱེན་ཆ་ཚང་ལ་དེ་སྒྲུབ་བྱེད་ཀྱི་བསྟན་བཅོས་རེ་ཡོད་པ་རེད།རྒྱན་གྱི་ཚིག་འདི་ལ་ཁྱབ་བྱེད་ཀྱི་དོན་འདི་དག་ཡོད་པ་ཡིན།
སྔོན་གྱི་རབས།
རཱ་ཛཤེ་ཁར་ཡིས་<<སྙན་ངག་དཔྱོད་པ༌>>རུ་བསྟན་བཅོས་འདིའི་བྱུང་བའི་སྐོར་ལ་ཉན་སྤྲོ་བའི་གཏམ་རྒྱུད་ཅིག་བྲིས་ཡོད་པ་སྟེ། དེ་ཡང་ཁོང་ལྟར་ན། ལེགས་ལྡན་བདེ་བྱེད་ཀྱིས་བསྟན་བཅོས་འདིའི་བསླབ་པ་ཐོག་མའི་ཡང་ཐོག་པར་ལྷ་ཚངས་པ་ལ་གནང་ཞིང་། དེས་ཀྱང་དེའི་མན་ངག་ལྷ་རྣམས་ལ་བསྩལ་པ་དང་། དེ་བཞིན་དྲང་སྲོང་རྣམས་ལའང་གནང་བ་རེད། མན་ངག་སྦྱིན་པ་པོ་བཅོ་བརྒྱད་ཀྱིས་རབ་བྱེད་དམ་ལེའུ་བཅོ་བརྒྱད་ཀྱི་བདག་ཉིད་ཅན་གྱི་བསྟན་བཅོས་འདི་མཛད་ཅིང་། བྷ་ར་ཏ་ཡིས་གཟུགས་ཅན་ལ་ངེས་པར་རྟོག་པ་མཛད་པ་དང་། ནནྡཱིཀེཤྭར་ཡིས་ཉམས་དང་། གྷིཥཎ་ཡིས་སྐྱོན་དང་། ཨུཔམནྱུ་ཡིས་ཡོན་ཏན་ལ་ངེས་རྟོག་མཛད་ཅེས་པ་འདི་རྟོག་བཟོ་ཡིན་ནམ་ཡང་ན་དངོས་གནས་ཡིན་མ་རྟོགས་སོ།།
སྙན་ངག་མེ་ལོང་གི་ཊཱི་ཀཱ་<<ཡིད་དུ་འོང་བ>>ལྟར་ན་ཀཱཤྱཔ་དང་མཆོག་སྲེད་གཉིས་ཀྱིས་སྙན་ངག་མེ་ལོང་གི་སྔོན་ལ་རྒྱན་གྱི་གླེགས་བམ་བརྩམས་ཡོད་པར་འདོད་ཅིང་། ཤྲུཏཱནུཔཱལིནཱིའི་འགྲེལ་པར་ཀཱཤྱཔ་སྟེ་འོད་སྲུངས། བྲཧྨདཏྟ་སྟེ་ཚངས་པས་སྦྱིན། དེ་བཞིན་ནནྡཱི སྭམཱི་སྟེ་དགའ་ལྡན་རྗེ་སོགས་ཀྱི་མིང་དབྱུག་པ་ཅན་ལས་སྔ་བའི་རྒྱན་སྨྲ་བ་བོའི་ཁྲོད་དུ་བརྩིས་ཡོད་མོད། འདི་དག་གི་གླེགས་བམ་ད་བར་རྙེད་སོན་བྱུང་མེད།
དེ་ཡང་<<མེའི་སྔོན་གྱི་རབས>>་སུ་རྒྱན་གྱི་བསྟན་བཅོས་སྐོར་གྱི་སྒྲུབ་བྱེད་བཀོད་ཡོད་མོད། འདིའི་ལོ་རྒྱུས་ཀྱི་ཁུངས་ཇི་ཙམ་རྙིང་བ་ཡོད་མེད་ལ་མཁས་པ་ཁག་ཐུགས་དོགས་གནང་བ་སྟེ། བརྒྱ་ཕྲག་གཉིས་པའི་སྐབས་ཀྱི་རྡོ་བརྐོས་ཡི་གེ་དག་ལས་གསལ་བོར་སྣང་བ་ཞིག་ནི་དེ་དུས་ནས་རྒྱན་གྱི་བསྟན་བཅོས་དར་འཕེལ་བྱུང་ཟིན་པ་དེ་རེད། རུ་དྲ་དཱ་མན་གྱི་རྡོ་བརྐོས་ཡི་གེའི་སྐད་ནི་རྒྱན་གྱིས་ཡོངས་སུ་བཅིངས་པ་མ་ཡིན་ཡང་། དེ་རུ་རྒྱན་གྱི་བསྟན་བཅོས་གྲུབ་མཐའ་ཉུང་ཟད་ཅིག་ཀྱང་བསྟན་ཡོད་པ་རེད།
སྙན་ངག་ལ་ཚིགས་བཅད་དང་ལྷུག་པ་ཞེས་རིགས་གཉིས་ཡོད་ཅིང་། ལྷུག་པ་ལ་དྭངས་པ་དང་སྙན་པ། མཛེས་པ། དེ་བཞིན་རྒྱ་ཆེ་བའི་ཉམས་སོགས་སྤྱོད་པ་དགོས་ངེས་སུ་བརྩི་ཞིང་། འདིར་སྙན་ངག་མེ་ལོང་དུ་བསྟན་པའི་རབ་དྭངས་དང་། སྙན་པ། མཛེས་པ་དང་རྒྱ་ཆེ་བ་ལ་སོགས་པའི་ཡོན་ཏན་གསལ་བོར་བསྟན་འདུག
ཧ་རི་ཥེ་ཎ་ཡིས་རྒྱལ་བོ་རྒྱ་མཚོ་སྦས་པ་ལ་(སྙན་ངག་གི་རྒྱལ་བོ་སྒྲ་ལ་རབ་ཏུ་གནས་པ)ཞེས་བྲིས་ནས་རྒྱན་གྱི་བསྟན་བཅོས་ཀྱི་ཆེ་བ་ཉིད་ཀྱི་ཕྱོགས་སུ་བརྡ་བསྟན་ཡོད་ཅིང་། བསྟན་བཅོས་དེ་འདི་ལས་ཀྱང་རྙིང་བ་ཡིན་པ་རེད། པཱ་ཎི་ནི་ཡིས་ཀྲྀ་ཤཱ་ཤྭ་དང་དེ་བཞིན་ཤི་ལཱ་ལི་གཉིས་ཀྱིས་མཛད་པའི་ཟློས་གར་གྱི་མདོའི་མིང་ཡང་བསྟན་ཡོད་ཅིང་། ཡཱསྐ་ཡི་སློབ་དཔོན་སྔ་མ་ཨཱཙཱརྱ་གཱརྒྱ་ཡིས་དཔེ་རྒྱན་གྱི་མཚན་ཉིད་ཧ་ཅང་རྣམ་དཔྱོད་དང་ལྡན་པ་ཞིག་( གཱརྒྱས་དཔེ་རྒྱན་ནི་དོན་གྱིས་འདི་དེ་དང་མཚུངས་པའོ་ཞེས་པའོ།།) མཛད་ཡོད་ཅིང་། ནི་རུཀྟ་ཡིས་དཔེ་རྒྱན་གྱི་དཔེར་བརྗོད་དུ་ངེས་བརྗོད་རིག་བྱེད་ཀྱི་གསང་ཚིག་གང་མང་ཞིག་དྲངས་ཡོད་པ་རེད། བྷ་ར་ཏ་ཡི་<<གར་གྱི་བསྟན་བཅོས>>་ཀྱི་རྗེས་ལ་བསྟན་བཅོས་འདིར་གོམས་པ་བྱེད་པའི་བསྟན་བཅོས་ཧ་ཅང་མང་བོ་བྱུང་ཡོད་པ་རེད། འདིར་བསྟན་བཅོས་འདིའི་བྱུང་བ་སྙིང་བསྡུས་དང་དེ་བཞིན་ རྒྱན་གྱི་ལུགས་སྣ་ཚོགས་པའི་གྲུབ་མཐའ་དག་གི་འཕེལ་ཚུལ་བརྗོད་པར་བྱ་བའོ།།
བྷ་ར་ཏ།
པཱ་ཎཱི་ནི་ཡིས་རང་ཉིད་ཀྱི་ལེའུ་བརྒྱད་པ་རུ་ཤི་ལཱ་ལི་དང་། དེ་བཞིན་ཀྲྀ་ཤཱ་ཤྭ་ཡིས་བརྩམས་པའི་<<གར་གྱི་མདོ>>་ཡི་སྐོར་བཀོད་ཡོད་ཅིང་། <<གར་གྱི་མདོ>>འི་དགོངས་དོན་ནི་སྡིངས་ཆའི་སྟེང་ཟློས་གར་འཁྲབ་པ་དང་། ཆས་འཛིན་སྟངས་དང་། དེ་བཞིན་དགོས་ངེས་ཀྱི་ཡོ་བྱད་དག་གཙོ་བོར་བཟུང་བའི་གླེགས་བམ་ཁག་དང་འབྲེལ་ཡོད།
པཱ་ཎཱི་ནིས་བསྟན་པའི་<<གར་མདོ>>ནི་དིང་སང་རྙེད་སོན་མ་བྱུང་། དིང་སང་ཟློས་གར་དང་། དེ་བཞིན་རྒྱན་གྱི་སྐོར་གྱི་གླེགས་བམ་རྙེད་སོན་བྱུང་ཡོད་པ་ནི་བྷ་ར་ཏ་ཡིས་མཛད་པའི་<<གར་གྱི་བསྟན་བཅོས>>་ཡིན། གླེགས་བམ་འདི་ལ་ང་ཚོས་རྒྱ་གར་གྱི་མཛེས་པའི་སྒྱུ་རྩལ་སྐོར་གྱི་འཇིག་རྟེན་ཀུན་ཁྱབ་མཛོད་ཅེས་བརྗོད་ཆོག་སྟེ། རྒྱུ་མཚན་ནི། དེ་རུ་ཟློས་གར་གཙོར་བཟུང་ཡོད་ཀྱང་དེའི་གྲོགས་སུ་སོང་བའི་རྒྱན་གྱི་བསྟན་བཅོས། རོལ་མོའི་བསྟན་བཅོས། སྡེབ་སྦྱོར་གྱི་བསྟན་བཅོས་ལ་སོགས་པའི་གྲུབ་མཐའི་རྩ་བ་ཡི་ངེས་བྱེད་ཀྱང་རྙེད་པ་རེད། གླེགས་བམ་དེར་ལེའུ་༣༦ཡོད་པ་དང་། དེ་བཞིན་ཤོ་ལོ་ཀ་༥༠༠༠ཡོད་པ་ཕལ་ཆེ་བ་རྗེས་སུ་འབྲེལ་བའི་སྡེབ་སྦྱོར་ཡིན་ལ། ལེའུ་དྲུག་པ་དང་། བདུན་པ། དེ་བཞིན་༢༨་པ་འབའ་ཞིག་ཏུ་དུམ་བུ་འགའ་ལྷུག་མར་ཡང་ཡོད་དོ།།
<<གར་གྱི་བསྟན་བཅོས>>་ནི་དུས་སྐབས་གཅིག་རང་གཅིག་ལ་བརྩམས་པ་ཞིག་མ་ཡིན་པར། དེ་ལས་ལྡོག་སྟེ་བརྒྱ་ཕྲག་གང་མང་ཞིག་གི་རྩོམ་རིག་གི་དུས་ཡུན་རིང་མོའི་རྩོལ་བ་ལ་བརྟེན་ནས་བྱུང་བའི་འབྲས་བུ་ཤིན་ཏུ་མཛེས་པ་ཞིག་ཡིན།<<གར་གྱི་བསྟན་བཅོས>>་ལ་དུམ་བུ་གསུམ་ཡོད་པ་སྟེ།
༡༽ མདོའི་བཤད་པ། ཚིག་ལྷུག་ཏུ་ཡོད་པའི་དུམ་བུ་འདི་གླེགས་བམ་གྱི་རྙིང་བའི་གཟུགས་སུ་ཡོད་ཅིང་། རྩ་བའི་གླེགས་བམ་དུ་མདོ་དང་དེ་བཞིན་བཤད་པ་འབའ་ཞིག་ཡོད་པ་དེ་ཡར་རྒྱས་བྱུང་རྗེས་དུམ་བུ་གཞན་པ་དང་སྦྱར་ཡོད།
༢༽ ཚིག་ལེའུར་བྱས་པ། རྩ་བའི་གླེགས་བམ་གྱི་དགོངས་དོན་འགྲེལ་སླད་ཚིགས་སུ་བཅད་པ་འདི་དག་མཛད་ཡོད།
༣༽ རྗེས་སུ་དབང་བའི་ཚིགས་བཅད། དཔོན་སློབ་གྱི་བརྒྱུད་པ་ལས་བྱུང་བའི་ཚིགས་བཅད་རྙིང་བ་སྟེ། འཕགས་པའི་དབྱངས་དང་རྗེས་སུ་འབྲེལ་བའི་སྡེབ་སྦྱོར་རུ་སྦྱར་ཡོད་པ་ལྟར་རོ།།རྒྱལ་བོ་ཨ་བྷི་ན་བ་གུཔྟ་སྟེ་མངོན་གསར་སྦས་པའི་འགྲེལ་པ་གཞིར་བཞག་ན་ཚིགས་བཅད་འདི་དག་བྷ་ར་ཏ་མུ་ནི་ལས་ཀྱང་སྔ་བའི་སློབ་དཔོན་དག་གིས་མཛད་པར་བཤད།རང་ཉིད་ཀྱི་མདོ་དག་རྒྱས་པར་བྱེད་པའི་སླད་དུ་བྷ་ར་ཏ་ཡིས་དེ་དག་གླེགས་བམ་དུ་བསྡུས་སོ།།
བྷ་ར་ཏ་ནི་ཉམས་ཀྱི་ལུགས་འཛིན་པའི་སློབ་དཔོན་ཞིག་ཡིན་ལ།ཁོང་གི་དགོངས་པར་ཟློས་གར་ལ་ཉམས་འབའ་ཞིག་གཙོ་བོར་བཞེད་ཅིང་། ཞར་བྱུང་དུ་ལེའུ་༦། ༧། ༡༦་སོགས་སུ་<<རྒྱན་གྱི་བསྟན་བཅོས>>་ལ་རྣམ་དབྱེ་མཛད་ཡོད། གླེགས་བམ་འདི་དུས་ནམ་ཞིག་ལ་མཛད་མིན་ད་བར་མ་ངེས་ཀྱང་། གླེགས་བམ་འདི་ནག་མོ་འཁོལ་ལས་ཀྱང་སྔ་བ་སྟེ། ནག་མོ་འཁོལ་བིཀྲམོརྦཤཱིཡ་སྟེ་<<རྒྱལ་བོ་རྣམ་གནོན་དང་དཔལ་ལྷ་མོ>>་རུ་༼༢།༡༧༽བྷ་ར་ཏའི་ལྷ་རྣམས་ཀྱི་ཟློས་གར་གྱི་སློབ་དཔོན་གྱི་ཚུལ་དུ་བཀོད་ཡོད་པར་མ་ཟད། ཟློས་གར་དག་ཏུ་ཉམས་བརྒྱད་པོའི་ཡར་རྒྱས་བྱུང་བ་དང་། དེ་བཞིན་འདོད་ལྷ་དག་གིས་འཁྲབ་པ་ཁག་ཀྱང་བསྟན་ཡོད་པ་རེད།ནམ་མོ་འཁོལ་ལས་སྔ་བའི་རྒྱུ་མཚན་གྱིས། བྷ་ར་ཏ་མུ་ནི་ཡེ་ཤུའི་འདས་ལོའི་བརྒྱ་ཕྲག་དང་བོ་ལས་བརྒལ་མི་སྲིད་པ་དང་། རྩ་བའི་མདོ་དག་དེ་ལས་ཀྱང་སྔ་བའོ།།
ཨཱཙཱརྱ་བལ་དེབ་ཨུཔཱདྷྱཱཡས་མཛད་པའི་<<ལེགས་སྦྱར་རྩོམ་རིག་ལོ་རྒྱུས>>ལས་ཚན་སྒྱུར་བྱས།
༼ལེགས་སྦྱར་དང་ཧིནྡཱི་ལས་བསྒྱུར།༽
བྷོཛ་རཱ་ཛ་ལགས་ཀྱི་<>་ཟེར་བ་སྙན་ངག་གི་གཞུང་གྲགས་ཅན་དེ་འདིར་སྒྱུར་རྩིས་བྱེད་ཀྱིན་འདུག
ReplyDeleteཡིན་ནའང་ད་དུང་ལོ་ཅུང་མང་བོ་འགོར་སྲིད་པ་འདྲ། དིང་སང་འདི་ལྟ་བུར་སེམས་ཁ་ཕྱོགས་མཁན་ཤིན་ཏུ་ཉུང་བས་ངལ་བའི་གནས་ཁོ་ནར་གྱུར་ནས་གདའ།
ཟམ་གདོང་ལགས་ཀྱི་དེ་ལའང་བདེན་པའི་ཤས་ཆེ་ཡང་། སློབ་དཔོན་དབྱུག་པ་ཅན་གྱི་སྙན་ངག་མེ་ལོང་མ་འདི་རང་ག་བ་ཞིག་ཁྱོན་ནས་རེད་མི་འདུག
དིང་སང་གི་རྒྱ་གར་མཁས་པ་དག་གིས་ད་དུང་གལ་ཏེ་མི་རིགས་གཞན་གྱིས་རྒྱ་གར་ལས་སྙན་ངག་གི་གཞུང་སྒྱུར་ན་ད་དུང་མེ་ལོང་མ་སྒྱུར་རོགས་ཞེས་སྐད་གསེང་མཐོན་པོས་སྒྲོག་པ་དེ་ཡང་གནས་ལུགས་ཁྱོན་ནས་མེད་པ་ཞིག་ག་ནས་ཡིན།
སྙན་ངག་མེ་ལོང་མ་འདི་སྐད་ཡིག་གི་ས་མཚམས་གཞུང་གཞན་དག་ལས་བརྒལ་ཏེ་ཐུན་མོང་གི་རྒྱན་གྱི་བསྟན་བཅོས་སུ་གྲུབ་ཡོད་པ་འདིས་འདི་ལྟར་བརྗོད་ཀྱིན་ཡོད་པར་འདོད།
བོད་པ་འུར་རྒྱག་མཁན(རང་མོས་སྙན་ངག་འབྲི་ཁུལ་བྱེད་ཀྱང་། སྲོལ་རྒྱུན་སྙན་ངག་ཀློག་མི་ཤེས་ལ་འབྲི་དེ་བས་ཀྱང་མི་ཤེས་པ་དག)་དག་གིས་སྙན་ངག་མེ་ལོང་ལ་སྨད་ར་གཏོང་ཚུལ་འདི་གཞུང་ལུགས་འཆིང་ཞགས་སུ་སོང་བ་ཞེ་གཅིག་ཏུ་འདོད།
འདི་ལྟ་བའི་སྐབས་སུ་མཁས་དབང་ཨ་ལགས་དོར་ཞི་གདོང་དྲུག་སྙེམས་བློས་ཀྱང་ཇི་སྐད་དུ། གཞུང་ལུགས་འཆིང་ཞགས་མ་ཡིན་སྒྲོན་མེ་ཡིན།། ཞེས་རྨད་དུ་བྱུང་བའི་ལེགས་བཤད་གནང་བ་འདི་དགོངས་པ་འདི་དག་ལ་དམིགས་པ་འདྲ་ཞིག་བདག་སྙམ་མོ།།
གཞུང་ལུགས་ལ་ངོས་ཟིན་མ་ཐོབ་པ་ཡང་གང་མང་མི་འདུག་གམ།