-->

Aug 23, 2010

གྲངས་ཀ་བརྗོད་པའི་མིང་གི་གྲུབ་ཚུལ།

གྲངས་ཀ་བརྗོད་པའི་མིང་གི་གྲུབ་ཚུལ། 

ལྕགས་ཐར་རྒྱལ། 


དངོས་པོའི་རྣམ་གྲངས་རྩི་བྱེད་ཀྱི་གྲངས་ཀའི་མིང་ལ་ཚེག་དབར་གཅིག་དང་དུ་མ་ཅན་ཅི་རིགས་ཡོད་པ་ལས། གཅིག བཅུ། བརྒྱ། སྟོང༌། ཁྲི། འབུམ་སོགས་ཚེག་ཁྱིམ་རྐྱང་བ་རྣམས་ནིའདོད་རྒྱལ་གྱི་མིང་ཡིན་པས་གྲུབ་ཚུལ་གྱི་གནས་ལུགས་འཆད་དཀའ་ཕྱིར། འདིར་བཅུ་ནས་བརྒྱ་ཐམ་པའི་བར་གྱི་མིང་འདུས་མའི་གྲུབ་ཚུལ་སྒྲ་མདོ་དང་བསྟུན་ཏེ་སྤྲོའོ།། གྲངས་གནས་བཅུ་ཡི་སྐབས། བཅུ་ཐམ་པ་ཞེས་པ་ནི་དགུ་ཡི་ཐ་མ་བཅུ་ཡིན་པས་ཐ་དང་མ་གཉིས་གཅིག་ཏུ་བསྡུས་ཏེ་ཐམ་ཞེས་པ་ལ། རིམ་གྲངས་སྟོན་པ་གོ་བའི་ཕྱིར་དུ་ཕྱི་རྐྱེན་པ་སྦྱར་ནས་དེ་ལྟར་གྲུབ་པ། སུམ་ཅུ་ཐམ་པ། བརྒྱ་ཐམ་པ། སྟོང་ཐམ་པ་སོགས་ལའང་རིགས་སྒྲེས། བཅུ་གཅིག བཅུ་གཉིས། བཅུ་གསུམ། བཅུ་བཞི། བཅུ་དྲུག བཅུ་བདུན། བཅུ་དགུ་རྣམས་ནི་གྲངས་རྐྱང་བ་བརྗོད་པའི་མིང་ཕན་ཚུན་བསྡེབས་པ་ལས་གྲུབ་ཅིང༌། བཅོ་ལྔ་དང༌། བཅོ་བརྒྱད་གཉིས་ནི་རང་གནས་ཀྱི་གྲངས་གཞན་དང་མི་འདྲ་བར་ཨི་སོགས་དབྱངས་བཞིའི་གང་ཡང་མེད་པས་སྡེབ་སྦྱོར་གྱི་དབང་གིས། སྒྲ་མདོ་ལས། ཨུ་ཝའོ་ཞེས་བཅུའི་ཨུ་ཕྲལ་བ། ཕ་རོལ་ལྔ་དང་བརྒྱད་ཀྱི་སྲོག་གི་ཨ་དང་འཕྲད་པས་ཝ་རུ་གྱུར་པ་ལ་དྲངས་པས། བཅྭ་ལྔ༌། བཅྭ་བརྒྱད་ཅེས་པར་འགྱུར་བ། ཝ་བཏགས་ཕལ་ཆེར་ན་རོ་སྟེ། །ཝ་སྒྲ་ཅུང་ཞིག་ལྡན་པར་བཀླག ། ཅེས་པ་ལྟར་བཀླག་པ་ཡི་གེར་ཕབ་པ་ལས། བཅོ་ལྔ༌། བཅོ་བརྒྱད་ཅེས་བྱུང་ལ། བོད་སྐད་ལ། བཅུ་ལྔ། བཅུ་བརྒྱད་ཅེས་བརྗོད་མི་བདེ་བའི་ཕྱིར་རོ།། གྲངས་གནས་ཉི་ཤུའི་སྐབས། ཉི་ཤུ་ཞེས་པའི་ཉི་ནི་གཉིས་ཀྱི་དོན་དང༌། ཤུ་ནི་ཤུ་ད་ཞེས་པ་བརྡ་རྙིང་བའི་བསྡུས་མིང་སྟེ། གཉིས་ཤུ་ཞེས་ན་ཤུ་ལ་འཕུལ་རྟེན་མེད་པས་གཉིས་དང་སྡེབ་མི་མཚུངས་ཕྱིར། ཉི་ཤུ་ཞེས་གྲུབ། གཉིས་ཀྱི་གའི་ཨ་ཕྲལ། ག྄་སྲོག་མེད་ཕྱིས། ག྄་སྲོག་གི་ཨ་དང༌། ཉིའི་ཨ་གཉིས་ཨ་ཨི་ལ་ཨེའོ་ཞེས་ཨེར་གྲུབ་པ་ལ་ཉ྄་དྲངས་པས་ཉེས་ཞེས་པ། སའི་ཨ་ཕྲལ། ས྄་ར྄་དག་གི་རྣམ་བཅད། ཉེཿཞེས་པ་བོད་སྐད་ལ་རྣམ་བཅད་མི་འབྱོར་བས། ནཱ་མི་ལས་ར྄འོ་ཞེས་ཉེར་གྲུབ་པ་ལ། གཅིག་ནས་དགུའི་བར་རིམ་གྱིས་སྦྱར་པས་ཉེར་གཅིག་ནས་ཉེར་དགུའི་བར་གྱི་གྲངས་རྣམས་གྲུབ་པ་ཡིན། ཉི་ཤུ་རྩ་ལྔ། སུམ་ཅུ་རྩ་བདུན། བརྒྱད་རྩ་བརྒྱད་སོགས་ཀྱི་རྩ་ནི་ལྷག་མའི་དོན་ནོ།། གྲངས་གནས་སུམ་ཅུའི་སྐབས། གསུམ་བཅུ་ཟེར་དགོས་པ་ལ་སྡེབ་སྙོམས་པས་བྱེད་ཆེད་ག་འགོག་དོན་ལྟར་ཕྱིས། སྔ་མའི་རྗེས་འཇུག་གིས་ཕྱི་མའི་སྔོན་འཇུག་ལ་ཤུགས་སྐྱེད་སྟབས་ཀྱིས་བ་དབྱི་བ་ལས་ཅུ་ཞེས་པར་འགྱུར་བ་ཕྱི་མ་དག་ལའང་སྦྱོར། ད་ལྟར་སུམ་གྱི་ཨུ་ཕྲལ་བ། མིའི་ཨ་དང་འདུས་པས་ཨོ་རུ་གྱུར་པ་ལ་དྲངས་པས་སོ་ཞེས་གྲུབ། མ྄་སྲོག་མེད་ཕྱིས་པ་ལ་གཅིག་ནས་དགུའི་བར་གྱི་གྲངས་དག་བསྣན་པས་གྲུབ་བོ།། གྲངས་གནས་བཞི་བཅུའི་སྐབས། བཞིའི་བའི་ཨ་ཕྲལ། བ྄་སྲོག་མེད་དབྱི། ཨ་ཞིའི་ཨི་དང་འདུས་པའི་ཨེ་ལ་ཞ྄་དྲངས་པས་ཞེ་གྲུབ་པ་ལ་བགྲང་གྲངས་སྦྱར་ཏེ་གྲུབ། གྲངས་གནས་ལྔ་བཅུའི་སྐབས། ལྔའི་ལ་མགོ་ལེགས་སྦྱར་སྐད་ལ་དེ་ལྟར་སྦྱོར་ལུགས་མེད་པས་དབྱི། མིང་གཞི་ང་རང་ཤུལ་དུ་གནས་པ་གྲངས་གཞན་སྦྱར་པས་གྲུབ། གྲངས་གནས་དྲུག་ཅུའི་སྐབས། དྲུག་གི་ད་དང་ར་གཉིས་མིང་གཞི་བརྩེགས་མར་བལྟས་ཏེ་ད་དབྱི། རུག་ཅེས་གནས་པའི་ཨུ་ཕྲལ་བ་གའི་ཨ་དང་འདུས་པའི་ཨོ་ལ་དྲངས་པ་བེམ་རོའི་སྒྲ་དང་མཚུངས་པས་རེ་རུ་བསྒྱུར་པ་ལ་གྲངས་གཞན་སྦྱར་པས་གྲུབ། གྲངས་གནས་བདུན་ཅུའི་སྐབས། བདུན་གྱི་བའི་ཨ་ཕྲལ། བ྄་སྲོག་མེད་འགོག་དོན་གྱིས་དབྱི། དེ་དའི་ཨུ་ཕྲལ་བ་དང་འདུས་པས་ཨོ་ཞེས་གྲུབ། ད྄་སྲོག་མེད་ཨོ་ལ་དྲངས་པས་མཐའ་རྟེན་དང་བཅས་པས་དོན་ཞེས་གྲུབ་པ་ལ་བགྲང་གྲངས་བསྣན་པས་དོན་གཅིག་ནས་དོན་དགུའི་བར་གྲུབ་བོ།། གྲངས་གནས་བརྒྱད་ཅུའི་སྐབས། བརྒྱད་ཀྱི་ར་ག་ཡ་གསུམ་མིང་གཞི་བརྩེགས་མར་བལྟས་ཏེ་ལེགས་སྦྱར་དང་རུང་མཐུན་སྦྱར་ཏེ་ར་ཕྱིས། བགྱད་དུ་གནས་པའི་བ་ཡིག་གི་ཨ་ཕྲལ། བ྄་སྲོག་མེད་དབྱི། ཨ་དང་གྱའི་ཨ་འདུས་པའི་ཨཱ་ལ་དྲངས་པས་གྱཱད་དུ་གྲུབ་པ། བོད་སྐད་ལ་དབྱངས་རིང་བོ་མེད་པ་དང༌། གྱད་ཅེས་ན་གྱད་མིའི་སྒྲ་དང་མཐུན་པས་གོལ་ས་ལྡོག་པའི་ཕྱིར། ད་ཕྱིས་པ་ལ་གྲངས་གཞན་སྦྱར་ནས། གྱ་གཅིག གྱ་གཉིས་ཞེས་པ་སོགས་གྲུབ་བོ།། གྲངས་གནས་དགུ་བཅུའི་སྐབས། དགུའི་དའི་ཨ་ཕྲལ་བ། གུའི་ཨུ་དང་འདུས་པས་ཨོ་རུ་འགྱུར་བ་ལ་ག྄་སྲོག་མེད་དྲངས་པས་གོ་ཞེས་གནས་པ་ལ། གྲངས་གཞན་སྦྱར་པས་དེ་ལྟར་གྲུབ། སྤྱིར་གྲངས་ཀའི་མིང་བྱུང་བ་སྔ་ལ། ཡི་གེར་ཕབ་པའི་སྲོལ་བྱུང་བ་ནི་འཕྱིས་ཀྱང༌། འདིར་གྲངས་ཀའི་མིང་གྲུབ་ཚུལ་ལ་བོད་སྐད་ཀྱི་ངེས་སྲོལ་ཞིག་མ་རྙེད་པས། སྒྲ་མདོ་དང་བསྟུན་ཏེ་བསྒྲུབས་པ་ཨེ་ཡིན་སྙམ་པའི་རྟོག་པས་འོལ་ཚོད་ཀྱིས་སྦྱར་པ་ཡིན་པས་དཔྱད་པར་ཞུའོ།། 


 གསལ་བཤད། འདི་ནི་༡༩༦༣ལོར་མཚོ་སྔོན་ཁྲི་ཀ་རྫོང་སྟག་རི་སྡེར་སྐྱེས་པའི་ལྕགས་ཐར་རྒྱལ་ལགས་ཀྱིས་མཛད་པའི་༼བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད།༽ཅེས་པའི་མིང་བྱེ་བྲག་པའི་གྲུབ་ཚུལ་བཤད་པ་ལ་བཞི་རུ་གསུངས་འདུག་པ་དེའི་དབྱེ་བ་བཞི་བ་སྟེ། གྲངས་ཀ་བརྗོད་པའི་མིང་གི་གྲུབ་ཚུལ་དུ་གསལ་བོར་བསྟན་འདུག་ལ། ཁ་སྔོན་སྒོམ་སྡེ་ལྷ་རམས་པ་ལགས་ནས་འདིའི་སྐོར་གྱི་དོགས་སློང་རེ་མཛད་སོང་བས་དེ་དུས་གཏགས་བསམས་མོད། ཁོམ་པ་མ་བྱུང་བས་དེ་རིང་གླགས་བཙལ་ནས་གཏགས་པ་འདིས་ཀྱང་གང་མང་ཞིག་གི་རིག་པའི་སྒོ་མོ་རྒྱ་ཆེར་དབྱེ་བར་གྱུར་ཅིག ༠༩།༡༢།༣ལ།

ཆར་བའི་སྐད་སྒྲ།



ཝོལཊ་ཝཻཊ་མཱན།
(Walt Whitman)


ཁྱེད་རང་སུ་ཡིན་ཞེས།
ལྷོད་ཀྱིས་འབབ་ཀྱིན་པའི་ཆར་རྒྱུན་ལ་དྲིས་ཚེ།
ཡ་མཚར་བ་ཞིག་ནི་དེས་ལན་ཞིག་སྤྲད་བྱུང་ལ།
དེ་ནི་ཇི་ལྟར་འདིར་བསྒྱུར་ཡོད་པ་ལྟར་ཏེ།
ང་ནི་ས་ཆེན་གྱི་སྙན་ངག་ཡིན་ཞེས་ཆར་བའི་སྐད་ཀྱིས།
བདག་ནི་ས་གཞི་དང་གཞལ་དཀའི་རྒྱ་མཚོ་ལས་ཐོགས་མེད་དུ་ཡང་ཡང་ལངས་ཤིང༌།
གནམ་གྱི་ཕྱོགས་གང་ལ་རབ་རིབ་ཀྱི་གཟུགས་སུ་གྲུབ་པར་མཆི་བའོ།།
རྣམ་པ་ནི་འདྲ་མིན་དུ་འགྱུར་ཡང༌། ང་རང་ནི་དེ་ག་རང་ཡིན་ཞེས་སྨྲས་བྱུང༌།

ང་རང་མར་ཕབ་ནས།
ས་སྒང་རིལ་མོ་འདིའི་སྐམ་ཤས་དང༌། རྡུལ་ཕྲན། ས་རྡུལ་གྱི་རིམ་པ་དག་དང༌།
ང་རང་མར་ཕབ་ནས།
ང་མེད་པར་ས་བོན་ཁོ་ན་ཡིན་ཞིང་བག་ལ་ཉལ་བ་དང༌། སྐྱེས་མ་ཟིན་པ་ཡིན་པ་གང་དག་འཁྲུ་ཕྱིར་ཡོང་གི་ཡོད།
ངས་དུས་ནམ་ཡང་སྟེ། ཉིན་མཚན་རྟག་པར་རང་གི་འབྱུང་གཞི་ལ་ཕྱིར་ཚེ་སྲོག་སྤྲོད་ཀྱིན་ཡོད་ལ།
དེ་ཉིད་དྭངས་གཙང་དང་སྡུག་གུར་བཟོ་བཞིན་ཡོད།
(རྒྱུ་མཚན་ནི། གླུ་གཞས་ཀྱིས་རང་ཉིད་ལ་འཁྲི་བའི་ལས་འགན་རྫོགས་རྗེས། ཚོར་ཤེས་ཀྱིས་བཟུང་མིན་ལ་མི་བལྟོས་པར་བརྩེ་བ་དང་མཉམ་དུ་རང་ཉིད་འབྱུང་ས་དེར་འགྲོ་བས་སོ།།)

བརྗོད་སྙིང༌།
ཉིན་ཞིག་ལ་སྙན་ངག་པས་ལྷོད་ཀྱི་ལེར་འབབ་བཞིན་པའི་ཆར་བར་ཁྱེད་རང་སུ་ཡིན་ཞེས་པར་དྲིས་པར། ཡ་མཚར་བ་ཞིག་ལ་ཆར་བས་ཁོང་ལ་ལན་བསྐྱོན་བྱུང༌། དེས་བཤད་རྒྱུར་ཁོང་ནི་ས་ཆེན་གྱི་རོལ་དབྱངས་ཡིན་ལ། ཁོ་རང་ནི་ཁུ་སིམ་སིམ་གྱིས་འཛིན་མ་དང་མཚོ་མོ་ལས་མཁའ་རུ་འཕགས་ཤིང༌། གནས་དེ་རུ་སྨུག་པར་གྱུར་ནས་སླར་ཡང་ས་ཡི་གཞི་མར་འབབ་ཀྱིན་ཡོད་པ་དང༌། ཁོང་གི་རྣམ་པ་དང་བཟོ་ལྟ་དག་ཇི་ལྟར་འགྱུར་ཡང༌། ཁོ་རང་གི་ངོ་བོ་ནི་ནམ་ཡང་མི་འགྱུར་བར་སྡོད་ཟེར།
དེས་ས་ཆེན་གྱི་བྲང་གཞུང་སྟེ་ཐལ་རྡུལ་གྱིས་གཡོགས་པའི་ས་གཞི་ལ་ཁྲུས་ཆུ་ལྟ་བུའི་ཆུ་ཡི་ཟེགས་མ་བསྣམས་ནས་ཕེབས་ཤིང༌། ས་བོན་ཆ་ངེ་ཆུང་ངེ་རྣམས་འབུས་ཤིང་སྐྱེས་པར་བྱས་རྗེས། ཁོ་རང་གི་འབྱུང་གཞི་ལ་བཞུར་ནས་འགྲོ་ལ་དེ་ཉིད་དྭངས་གཙང་དང་སྡུག་གུར་བསྒྱུར་བར་བྱེད།
སྙན་ངག་པས་རོལ་དབྱངས་ཀྱང་ཆར་བ་དང་མཚུངས་པར་བཤད་ཅིང༌། དེས་ཉན་པོར་ཕན་པ་ཙམ་མ་ཟད། ལེན་མཁན་ལ་ཡང་ཕན་པར་བརྗོད་པ་སྟེ། དེས་ཁོང་དང་ཁོ་མོའི་སེམས་པ་དྭངས་གཙང་དུ་བསྒྱུར་བར་གསུངས།
༠༩།༡༢།༢༢ལ་རྫོགས་པར་བསྒྱུར།

བཅོམ་ལྡན་མཆོད་པའི་སྙིམ་གླུ།

འཇིག་རྟེན་ཕན་ཞུགས་སྲུང་བ་གཅིག་ཉིད་ཉག་གཅིག་དཔའ་བ་ཁྱེད་ཉིད་དེ།། 
གཉིས་པ་མེད་ཅིང་གཉིས་སུ་མི་གསུང་ཞི་གནས་ལྷག་མཐོང་གིས་བཞུགས་པ།།  
རིག་གསུམ་གསལ་ཞིང་བསླབ་གསུམ་ལེགས་བསླབས་དུལ་གནས་གསུམ་གྱི་གཞི་ལ་མཁས།།  
ཆུ་བོ་བཞི་བརྒལ་རྫུ་འཕྲུལ་རྐང་བཞིའི་གཞིར་གནས་བསྡུ་དངོས་བཞི་ལ་སྦྱངས།། 
ཡན་ལག་ལྔ་སྤངས་འགྲོ་ལྔ་ལས་འདས་ཕུང་ལྔ་བདག་མེད་ཉིད་སྟོན་ཞིང༌།། 
ཡན་ལག་དྲུག་ལྡན་ཕར་ཕྱིན་དྲུག་རྫོགས་དབང་བོ་དྲུག་གི་སྒོ་བསྡམས་པ།། 
བྱང་ཆུབ་ཡན་ལག་བདུན་གྱི་མེ་ཏོག་བསྣམས་ཤིང་འཕགས་པའི་ནོར་བདུན་སྟོན།། 
འཇིག་རྟེན་ཆོས་བརྒྱད་དྲི་ཙམ་མ་གོས་ལམ་གྱི་ཡན་ལག་བརྒྱད་སྟོན་མཁན།། 
སྙོམས་འཇུག་གསུམ་གསུམ་དགུ་ལ་མཁས་ཤིང་མནར་སེམས་དངོས་དགུ་ལ་བྱང་བ།། 
སྟོབས་བཅུ་མངའ་ཞེས་སྙན་པའི་གྲགས་པ་ཕྱོགས་བཅུར་རྒྱས་པ་དེ་ལ་འདུད།།

རེ་སྒུག

ཟླ་བ་གཞོན་ནུ།
་་ཝེ། ཁྱེད་ཀྱིས་ག་རེ་བྱེད་ཀྱིན་ཡོད།་་རྒྱབ་ལོགས་ནས་གྲགས་འོང་བའི་སྐད་སྒྲ་འདིས་ངའི་སེམས་འཚབ་ཀྱིས་ལྡིང་གིན་པའི་སྙིང་གི་ལྟིག་སྒྲའང་ལྷོད་འཇགས་སེར་བཏང་བྱུང་བས། མྱུར་དུ་ཁ་ཕྱིར་འཁོར་དུས་ཡིན་པ་ནི་དུས་འཁོར་ཐང་ལ་བློར་འཛིན་དུ་བསྐྱོད་རྗེས་ཕྱིར་ཉལ་ཁང་དུ་ལོག་བཞིན་པའི་བསྟན་འཛིན་རེད་འདུག་་ཨོ། ངས་ཅང་བྱེད་ཀྱིན་མེད།་་གསང་བ་མི་རྟོགས་ཕྱིར། ངས་རྫུན་མི་གཏམ་ཀ་མེད་བྱུང༌།་་ཞལ་ལག་གཏང་གྲབས་འདུག་པས། ཕེབས་རྒྱུ་མིན་ནམ།་་་་ཁྱེད་སྔོན་ལ་ཕེབས་དང༌། ང་ག་ལེར་ཡོང་གི་ཡིན།་་་་ཨེའི། སྙིང་སྡུག་ལ་སྒུག་གིན་ཡོད་པ་མིན་ནམ།་་ཞེས་གོམ་འགའ་སྤོས་རྗེས་ཕྱིར་འཁོར་ནས་བསྟན་བཤིག་གི་རྣམ་འགྱུར་དང་བཅས་བཤད་བྱུང་བར། ངས་མྱུར་དུ་མགོ་བོ་ཐད་དུ་གཡུག་བཞིན་མིན་པའི་བརྡ་བསྟན་མོད།ཁོ་རང་གིས་ཡང་བསྐྱར་བསྟན་བཤིག་གི་རྣམ་འགྱུར་ཞིག་བསྟན་རྗེས་ཁྱེད་ཀྱི་ཚུགས་ཀར་གཅིག་ལྟོས་དང་ཟེར།་་རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས།།གང་ཞིག་གཞན་གྱི་སྡུག་བསྔལ་ཀུན།།ཡང་དག་བསལ་བར་ཀུན་ནས་འདོད།།སྐྱེས་བུ་དེ་ནི་མཆོག་ཡིན་ནོ།།་་ཞེས་ལྡབ་བེ་ལྡིབ་བེ་ཞིག་སྐྱོར་ཞོར་དུ་འགྲོ་བཞིན་པའི་ཁོང་གི་རྒྱབ་གཟུགས་ལ་བལྟས་ཏེ། ང་རང་རང་དབང་མེད་པར་ཁོང་དགོད་ཅིག་ཤོར་བྱུང༌།ལོ་རེའི་ངག་རྒྱུགས་དང་རྒྱུགས་སྤྲོད་ལ་ཉེ་བའི་དུས་སུ་སྐྱོར་སྦྱོང་དང་བློར་འཛིན་ལ་བྲེལ་བའི་སློབ་མ་ནི་ལྡབ་འགྱུར་གྱིས་མང་དུ་འགྲོ་བ་དང༌། ནངས་དགོང་ལ་ཧུར་བརྩོན་བྱེད་པའི་སློབ་མའི་ཁ་གྲངས་ཀྱང་ངེས་ཅན་དུ་འཕེལ་བར་མ་ཟད། དཔེ་མཛོད་མདུན་ཐང་དུའང་་་གདུལ་བྱ་་སྐྱོང་མཁན་དང༌། ་་བླ་མ་་འཚོལ་མཁན་ཡང་སྐོར་དང་སྐོར་བྱས་ནས་མཐོང་རྒྱུ་ཡོད་པས། ངས་རྟག་པར་དུས་སྐབས་འདི་འདྲ་ཞིག་ལ་ཕྱི་ལོགས་ནས་མགོ་འཁྲིད་དམ་ལྟ་སྐོར་བ་ཆ་མེད་འདྲ་ཕེབས་ཚེ། ཡིད་སེམས་དབང་མེད་དུ་ཤོར་ངེས་རེད་སྙམ་གྱི་ཡོད། 
ཨོ། ཁོ་མོ་ད་དུང་མི་སླེབས་པ་འདི་ཅི་ཡིན་ནམ། མོས་ང་རང་འདིར་བོས་སོང་ཟེར་བས་དོན་དངོས་སུ་ཅི་ཞིག་བཤད་བསམས་པ་ཡིན་ནམ། བརྩེ་འཕྲིན་དེ་མོའི་ཕྱག་ཏུ་འབྱོར་ཡོད་དམ། གལ་ཏེ་འབྱོར་ཟིན་པ་ཡིན་ན་མོས་དེ་རིང་བདག་ལ་ལན་ཅི་འདྲ་ཞིག་སྤྲད་སྲིད་དམ། ཆུ་ཚོད་གཅིག་ལྷག་གི་རིང་ལ། ངས་མོ་རང་ངའི་མདུན་དུ་ཇི་ལྟར་འཐོན་འོང་སྙམ་པ་དང༌། ཐོན་ནས་ཀྱང་ཅི་ཞིག་བཤད་འོང་སེམས་ཞོར། དྲི་རྟགས་མང་པོའི་ཀློང་ན་སྐར་ཆ་རེ་རེའང་སེམས་འཚབ་དང་རེ་དོགས་དཀྲུགས་ནས་སྐྱེལ་གྱིན་ཡོད་མོད། ད་དུང་མི་སླེབས་པ་འདི་ང་ལ་བསམ་གཟས་ནས་སྡུག་པོ་གཏོང་གི་ཡོད་པ་མ་རེད་དམ་སྙམ་བཞིན་དེ་བས་སྡོད་བཟོད་མི་བདེ་བར་གྱུར།ངོ་ཚ་དང་འཚེར་སྣང་གིས་གཙེས་ཀྱིན་པའི་བདག་གི་སེམས་པ་འདི་ལྷོད་ལ་འབབ་ཆེད། ངས་རང་ཉིད་བགྲོད་ཀྱིན་པའི་ལམ་ཕྲན་འདིའི་གཡས་གཡོན་གྱི་ཁོར་ཡུག་ལ་དོ་སྣང་བྱེད་མགོ་བརྩམས་པ་ཡིན། ཆུ་ཚོད་དྲུག་པ་ཡོལ་ཟིན་པས་ཡོད་ཚད་མག་མོག་ཏུ་གྱུར་འདུག་ཀྱང༌། ལམ་འགྲམ་དག་ཏུ་བསྟར་ནས་བཙུགས་ཡོད་པའི་གློག་སྒྲོན་དག་སྤར་བྱུང་བས། སློབ་གྲའི་ར་སྐོར་ནང་ལ་སྔར་བས་མཛེས་ཉམས་ཤིག་བསྣན་སོང༌། ང་རང་གིས་གོམ་པ་ཡང་མོར་ལེན་ཞོར་མདུན་དུ་བསྐྱོད་པ་ཡིན། ཧཱ། ལྟོས་དང༌། ཡིད་དུ་འོང་བའི་ནགས་བྱི་ཆུང་ཆུང་ཞིག་ངའི་མདུན་ཕྱོགས་སུ་ང་ལ་རྒྱབ་བསྟན་ནས་གྲགས་འགུལ་ཅི་ཡང་མེད་པར་འཛུགས་སེར་ལངས་ནས་འདུག་པས། ཁོང་གིས་ཀྱང་ཁ་ཟས་འཚོལ་དུ་ཆས་པའི་རང་ཉིད་ཀྱི་དགའ་མར་སྒུག་གིན་ཡོད་པ་འདྲ། ངས་ཁོང་ལ་སེམས་ཁྲལ་ཡོད་སྲིད་ཀྱང་ང་ལྟར་འཚེར་སྣང་འདྲ་ཡོད་དམ་སྙམ་པའི་མཚར་སྣང་དང་བཅས་ཏེ། ་་ཝེ། ཁྱེད་ཀྱིས་ཀྱང་རང་ཉིད་ཀྱི་དགའ་མར་སྒུག་གིན་ཡོད་དམ།་་ཞེས་དྲིས་པར། ཁོ་རང་མཆོངས་སྟངས་ཁ་ཤས་ཀྱིས་བདག་གི་མིག་ཡུལ་ནས་ཡེར་སོང་བས། ང་རང་གིས་རང་གི་ཁ་ལ་ཐལ་ལྕག་ཅིག་གཞུས་ཏེ། ད་ཅི་དྲི་བ་མ་དྲིས་པར་དོན་དག་ཅི་འབྱུང་ལ་ཁ་རོག་གེར་བལྟས་ཡོད་ན། ཁོང་གིས་དོན་དངོས་སུ་ཅི་ཞིག་བྱེད་ཀྱིན་ཡོད་མེད་ཤེས་ཐུབ་ངེས་སྙམ་བཞིན་བྱུང་ཟིན་གྱི་ནོར་འཛོལ་དང་ཧོལ་རྒྱུགས་ལ་ལེ་བདའ་བྱེད་མགོ་བརྩམས།ནགས་བྱི་ཆུང་ཆུང་སྙིང་ལ་རྗེ་བོ་དེ་གར་སོང་ཆ་མེད་དུ་གྱུར་སྟབས། ང་རང་གིས་གོམ་ཁ་ཕྱིར་བསྐོར་བ་ཡིན། པད་འབྱུང་ཁང་ཚན་ནས་ལག་ཏུ་ཇ་མོག་རེ་ཐོགས་ཏེ་སློབ་གྲོགས་རྣམས་ཆད་ཆད་མཐུད་མཐུད་ཀྱིས་ཕྱི་ལོགས་སུ་འོ་མ་ཉོ་རུ་ཐོན་གྱིན་འདུག་པས། ཞལ་ལག་བཏང་ཟིན་པ་རྟོགས་ཐུབ། ཁོ་མོ་ད་དུང་མི་སླེབས་པ་ཅི་ཡིན་ནམ། ཁོ་མོས་ཡི་གེ་དེ་མཐོང་རྗེས་ཁོང་ཁྲོ་ལངས་ཡོད་པ་ཡིན་ནམ། ཡིན་མི་སྲིད་དེ། ཁོང་ཁྲོ་ལངས་ཡོད་ན་དེ་རིང་ཞོགས་པར་འཛིན་ཁང་དུ་ནམ་རྒྱུན་གྱི་འཛུམ་མདངས་དེ་སྟོན་མི་སྲིད་པས་ཅུང་ཙམ་སྒུག་ན་ཡོང་ངེས་ཡིན་བསམ་ཞོར་ངེད་གཉིས་ཁོམ་སྐབས་སུ་རྒྱུན་དུ་འགྲོ་བཞིན་པའི་ལམ་ཕྲན་ཀྱ་ཀྱུ་དེའི་ཕར་ཕྱོགས་ཀྱི་ཆུ་རྫིང་ཆུང་ཆུང་དེའི་འགྲམ་དུ་ག་ལེར་བསྐྱོད་པ་ཡིན། 
ཆུ་རྫིང་གི་ཆུ་ངོས་ཀྱི་ཆ་མང་ཆེ་བ་པད་མའི་ལྗང་སྣུམ་གྱི་འདབ་ལོས་བཀབ་འདུག་པས། གསེར་ཉ་ཆ་གཅིག་ཡོད་པ་དེ་གཉིས་ཀྱང་མི་མཐོང་བར་གྱུར་འདུག ངས་ངེད་གཉིས་ཀྱིས་དེ་གཉིས་ལ་ཁ་ཟས་འདྲ་མིན་གཏོར་དུས་ཀྱི་སྐད་རྒྱག་སྟངས་ལྟར་དུ་ཁོ་གཉིས་ཀྱིས་ཉན་ལོབས་སུ་སོང་ཡོད་པའི་སྐད་དེ་བརྒྱབ་པར། གསེར་ཉ་དེ་གཉིས་མྱུར་སྟབས་ཀྱིས་ཆུ་རྫིང་གི་ཟུར་ཞིག་ནས་འབུར་ཙམ་འབུར་ཙམ་བྱས་བྱུང་བར་ཆུ་རྫིང་དུ་ལྡོག་གཟུགས་ཀྱིས་འཆར་བའི་གློག་སྒྲོན་གྱི་ཤེལ་ཏོག་ཉ་གང་ཟླ་དབྱིབས་དེའང་རླབས་ཀོར་གྱི་ཆེར་བསྐྱེད་དང་བསྟུན་ཏེ་ཆག་གྲུམ་དུ་གྱུར་སོང༌། ངས་ད་ཐེངས་ལག་ལ་ཅི་ཡང་བཟུང་མེད་པས། ཁོང་གཉིས་ཀྱིས་གདང་བཙུམ་རེས་ཀྱིས་བྱེད་བཞིན་པའི་ཁ་ལ་ཅེར་ཏེ། ཁོང་གཉིས་ཀྱིས་ཀྱང་ངེད་གཉིས་བསྐྱར་དུ་འོང་བར་རེ་ཞིང་སྒུག་གིན་ཡོད་པ་རེད་ཨང་སྙམ་བཞིན་ཡང་བསྐྱར་ངའི་སེམས་ངོགས་སུ་ལྷོད་འཇམ་གྱི་ཁོ་མོ་བཞུར་བྱུང༌། ཁོ་མོ་ནི་སློབ་སྦྱོང་ལ་དོ་སྣང་ཆེ་བར་མ་ཟད། སྲོག་ཆགས་ཀྱི་རིགས་ཏེ། བྱ་བྱེའུ་འབའ་འབུ་ཐམས་ཅད་རྟག་ཏུ་སྙིང་རྗེ་དང་གཅེས་པས་སྐྱོང་མཁན་ཞིག་ཡིན་པས། དུས་ད་ལྟ་བསམ་ན། ང་རང་མོ་ལ་འདི་ལྟར་དགའ་ཞིང་དུངས་དགོས་དོན་ཡང་རྒྱུ་རྐྱེན་འདི་དག་གིས་ཡིན་པ་འདྲ།དྲན་ཡུལ་དུ་ནམ་ཡང་ངང་ངམ་ཤུགས་ཀྱིས་འཆར་འོང་བ་ནི། ཟླ་འོད་ཆེམ་ཆེམ་དུ་འབབ་པའི་སྟོན་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་མཚན་མོ་ཞིག་ལ། བདག་གིས་སེམས་ཀྱིས་འཐག་ཅིང་སྙིང་ལ་བསྙལ་བའི་རྒུམ་ཆང་ལྟ་བུའི་སྙན་ངག་ཅིག ཟླ་ངོགས་ཀྱི་མཚན་ལྗོངས་འཆན་ཡན་གྱིས་ཕྱུག་པའི་འགྱུ་བག་ཁྲོད་ནས། ཁོ་མོ་ལ་དམིགས་བསལ་གྱི་ལེགས་སྐྱེས་སུ་ཕུལ་བ་དུས་ད་ལྟའང་ཡིད་ལ་གསལ་ལྷང་ངེར་འདུག་པ་དེ་རེད། ཁོ་མོའི་རྣ་བར་འཇེབས་པའི་དགོད་སྒྲ་དང་ལྷན་དུ་བདག་གིས་ཤེད་ཀྱིས་གྱེར་བའི་སྙན་ངག་དེའི་ཚིགས་བཅད་ཁ་ཤས་ད་དུང་རྣ་ལམ་ན་ལྷང་ལྷང་དུ་གྲགས་བཞིན་པ་འདི་ལྟ་སྟེ།
བརྩེ་བ་འོད་ཀྱིས་འཕྲོ་་བའི་ཟླ་ངོགས་ཀྱི་ལྡུམ་ར།། སེམས་པ་ཕྱག་གིས་འགྱོགས་པའི་ན་གཞོན་གྱི་བརྩེ་འདང༌།། བྱད་བཞིན་འཛུམ་དུ་འཁྱིལ་བའི་ཕྱུགས་ཆུང་གི་འཇོ་སྒེག། འདོད་ལྡན་མིག་དབང་འཕྲོག་པའི་གཞི་མ་རུ་བསྟབས་འདུག། ཆུ་དྭངས་རྫིང་བུར་ཟགས་པའི་འོད་དཀར་གྱི་ཟླ་གཞོན།། ལྗང་སྣུམ་པད་འདབ་མཉེན་མོའི་སེང་རས་ཀྱི་ཕག་ནས།། ཤབ་ཤུབ་སྙིང་གཏམ་མཆེད་པས་མཚན་གུང་གི་ལྷིང་འཇགས།། དཀྲོགས་ལ་མཚར་སྣང་སྟོང་གི་རྣ་བ་དེ་བླགས་འདུག། སྐར་ཚོགས་བྱེ་བས་བཏུམས་པའི་ཉ་གང་གི་ཟླ་བ།། མཛའ་མོ་གློ་བ་དགའ་བའི་བཞིན་སྣོད་དུ་འདོད་ནས།། སྲིད་རིང་གནམ་སྐས་སྐྱོར་བའི་དགུ་ཚིགས་ཀྱི་རྨུ་ཐག། ཟླ་བ་ཕྱག་གིས་ལེན་པའི་རྨི་ལམ་དུ་བཟུང་འདུག། ལོ་ཟླ་ནི་ཆུ་དང་རླུང་བཞིན་བཞུད་ན་ཡང༌། བརྩེ་བས་ལྟེམས་པའི་ཉིན་ཞག་དག་མིག་སྔ་རུ་འདི་ལྟར་གསལ་ཞིང་ཐིངས་པ་ནི་སུ་ཞིག་གིས་ཆེད་དུ་བཟོས་པ་དང་གང་ཞིག་གིས་བྲིས་ནས་བཤམས་པ་བཞིན།འབྲེལ་འདྲིས་ཀྱི་རྒྱུད་རིམ་ཁྲོད་དུ། ང་ལ་བག་ཆགས་ཆེས་ཟབ་པ་དང་བསམ་གཞིག་གི་རྨ་ཁ་ཆེས་ཆེན་པོ་ཞིག་བཞག་པ་ནི། ཉིན་ཞིག་ལ་གངས་རིའི་གླེང་གཞི་ལས་འཕྲོས་ཏེ་ཁོ་མོས་ཁ་བའི་འདབ་མ་མཇལ་མ་མྱོང་ཚུལ་བརྗོད་པ་དེ་རེད། སྐད་ཆ་དེ་གོ་མ་ཐག་ང་ལ་གློག་གིས་བརྒྱབ་པ་ལྟ་བུའི་གདུང་ཚོར་ཞིག་བྱུང་ལ། དེ་དང་མཉམ་དུ་ཡ་མཚན་པ་དང་ཡིད་མི་ཆེས་པའི་བསམ་ཚོར་ཞིག་ཀྱང་སྐྱེས་མོད། ཞིབ་ཏུ་བསམས་རྗེས་དེར་ཡང་ཁག་ཅི་ཡང་མེད་པ་རྟོགས་བྱུང༌། ཁ་བའི་འདབ་མ་མཐོང་མ་མྱོང་ཞིང༌། ཁ་བའི་གདན་དུ་བསྡད་མ་མྱོང་མཁན་གྱི་ཁ་བ་རི་བ་ནི་ཁོ་མོ་གཅིག་བུ་ཙམ་ག་ལ་ཡིན། འདི་ཡང་མི་ལོ་ལྡ་བཅུའི་སྐྱོ་གར་ཁྲོད་ཀྱི་ཆ་ཤས་ཤིག་མ་ཡིན་ནམ། རེ་སྒུག་གི་ལོ་ཟླ་སྐྲ་ལོ་དང་དཔྲལ་བར་བྲིས་བྲིས་ཏེ། ད་དུང་ཇི་ཙམ་ཞིག་ལ་རེ་ཞིང་སྒུག་དགོས་ཨང༌། རེ་སྒུག་གི་སེམས་པ་བསམ་གཞིག་གི་སྣེ་མོར་བཏགས་ཏེ་གཉིད་ལ་ཞུགས་པའི་མཚན་མོ་དེར། ཁ་བའི་གཞི་རུ་ཁོ་མོ་དང་ལྷན་དུ་ལག་རྡང་སྦྲེལ་ནས་སྐྱོད་བཞིན་པའི་རྨི་ལམ་ཞིག་རྨིས་བྱུང་ལ། རེ་སྒུག་གི་ཁ་བ་མིག་ཀོང་ལས་བཞུར་ཏེ་སྔས་གཞི་བརླན་པའང་ཞོགས་པའི་སྐྱ་མདའ་བཏང་བ་མཉམ་དུ་མ་གཏོགས་ཚོར་མ་བྱུང༌།ང་རང་ཨར་འདམ་གྱིས་འཇམ་ཞལ་བྱས་ཡོད་པའི་རྫིང་ཁར་ཙོག་པུར་བསྡད་ནས། ཆུ་ཁར་ལྷོད་ཀྱིས་གཡེང་བའི་གསེར་ཉ་གཉིས་ཆ་ལ་ལྟ་ཞོར་ལྟ་ཞོར་དུ། རེས་གསལ་རེས་རིབ་ཀྱི་དྲན་པ་དེ་ཡང་བསྐྱར་རང་དབང་མེད་པར་ཁོ་མོའི་ཕྱོགས་སུ་བསྐྱོད་བྱུང༌། རྟག་ཏུ་གཟའ་སྤེན་པའི་ཕྱི་དྲོའི་ཆུ་ཚོད་གཅིག་རིང་གི་ཟུར་ཁྲིད་དེ་མཇུག་རྫོགས་རྗེས། ང་རང་ཁོ་མོའི་འདོད་དོན་ལྟར། བག་ལེབ་བཞར་མ་འགའ་ཉོས་ཏེ་མོ་དང་མཉམ་དུ་གསེར་ཉ་དེ་གཉིས་དང་ཉ་ཕྲུག་དེ་ཚོར་གསོལ་སྟོན་རེ་བཤམ་དུ་འགྲོ་དགོས། ཁ་ཟས་ལ་འབད་ཀྱིན་པའི་ཉ་ཕྲུག་དག་ལ་བལྟས་ཏེ། ཁོ་མོའི་བཞིན་རས་ལས་ཡིད་ཚིམས་ཀྱི་པད་མའི་མེ་ཏོག་བཞད་འདྲའི་འཛུམ་མདངས་དེ་མངོན་འོང་ངེས་ལ། དེ་ལ་ལྟ་ཞོར་དུ་ང་རང་ལའང་དགའ་ཚོར་རེ་སྐྱེ་བར་བྱེད་ཅིང༌། ང་རང་ཡང་ཁོ་མོ་དང་འདྲ་བར་ལྐོག་ལྐོག་སུད་སུད་ཀྱི་ལས་ཀ་འདི་འདྲའི་རིགས་བྱེད་རྒྱུར་ཤིན་ཏུ་མོས་སྟབས། ངས་ནམ་ཡང་ཁོ་མོའི་རེ་འདོད་ལ་སྣང་མེད་དང་འབྲས་མེད་བྱས་མ་མྱོང༌།ཉི་འོད་དྲོད་བུག་གེར་འགྱེད་པའི་ཉིན་ཞིག་ལ། ངེད་གཉིས་ཀྱིས་ནམ་རྒྱུན་བཞིན་ཆུ་རྫིང་འདིའི་ཁ་རུ་བསྡད་དེ། ཕྱོགས་ཡར་མར་ལ་ལབ་གླེང་བྱེད་དུས། ཁོ་མོས་གསེར་ཉ་ཆ་འདི་ཆུ་མོ་གང་གཱར་བསྐྱེལ་ཏེ་རང་དབང་གི་ཁོར་ཡུག་དེར་ལོངས་སྤྱོད་དུ་གཞུག་རྒྱུའི་གྲོས་མགོ་བཏོན་བྱུང༌། ངས་ཀྱང་བཟང་ཚུལ་དང་ཚོད་ལྟ་བྱེད་ཆོག་ཚུལ་བཤད་མོད། ས་འདི་ནས་ཆུ་མོ་གང་གཱ་བར་དུ་སྤྱི་ལེ་བཅུ་གསུམ་ལྷག་ཡོད་ལ། ཉ་རིགས་སྐྱེལ་སྟངས་ཀྱི་ཉམས་མྱོང་གིས་མ་འདང་བ་དང༌། ཐབས་བཀོད་ཡག་པོ་ཞིག་མ་རྙེད་པས་ད་ཐུག་ཏུ་ལག་བསྟར་བྱེད་མ་ཐུབ་པར་གནས་འདིར་སྔར་བཞིན་ལྷགས་པ་རེད།ཁོ་གཉིས་ཀྱིས་ཕན་ཚུན་ལ་འཐམ་རེས་དང་འཁྱུད་རེས། འདེད་རེས་བྱེད་ཞོར། གདང་ཙམ་གདང་ཙམ་བྱེད་ཀྱིན་པའི་ཁ་དེས་ཅི་ཞིག་གི་གསང་བ་འཆད་བཞིན་པ་ཡིན་ཏུ་ཆུགས་ཀྱང༌། ངས་ནི་ཅི་ཡང་གོ་མ་ཐུབ་པས། ང་རང་ཁོ་གཉིས་ཀྱིས་ཕན་ཚུན་ལ་སྐད་དང་ཡི་གེའི་རྒྱུད་ལམ་གང་ཡང་མེད་པར་བརྩེ་བ་སྤྲོད་པའི་བརྡ་སྤྲོད་སྟངས་དེར་ཧ་ལས་ཤིང་ཧོན་འཐོར་ཞོར། བསམ་གཞིག་སྟུག་པོ་ཞིག་གི་ཀློང་དུ་ཚུད་དེ། ངས་ཁོ་མོར་བརྩེ་འཕྲིན་བསྐུར་བ་ནི་ནོར་འཁྲུལ་ལམ་ནག་ཉེས་ཤིག་ཡིན་པའི་ཚོར་སྣང་མཐུག་ཏུ་ཕྱིན་པ་དང༌། དུང་སེམས་མཚོན་པ་ལ་སྐད་ཡིག་ལས་འགོང་བའི་རྒྱུད་ལམ་ཞིག་ཡོད་པ་རྟོགས་རྗེས། སེམས་ལ་སྔར་བས་འཚབ་སྣང་བཟོད་གླགས་མེད་པ་ཞིག་སྐྱེས་བྱུང༌། ་་བརྩེ་དུང་སྟེ། ལྷད་མེད་ཀྱི་བརྩེ་དུང༌།བཅོས་ཤིང་བྲིས་ཏེ་བསྐུར་ནས་སྟོན་དགོས་པ་ཞིག་མ་ཡིན་པར།ངང་ངམ་ཤུགས་ཀྱིས་བཞུར་བ་མཐོང་དགོས་པ་ཞིག་ཡིན་་་ཞེས་པའི་སྙན་ཚིག་དེའི་བདེན་ཚད་དང་རིན་ཐང་ཡང་གསར་དུ་རྟོགས་བྱུང༌། དེ་ལྟ་ནའང༌། སེམས་འཕྲིན་ནི་བསྐུར་ཟིན་པས་བཟང་ངན་གང་ཡིན་ཡང་མཐའ་འབྲས་དང་དུ་ལེན་པ་ལས་གཡོལ་ཐབས་མེད་སྙམ་གྱིན་ཡར་ལངས་ཤིང༌། རེ་སྒུག་གི་མགོ་བོ་ཡར་ལ་གཅིག་བསྟད་དེ། བསྐྱར་དུ་ལམ་ཕྲན་ཀྱ་ཀྱུ་དེའི་ཕྱོགས་སུ་གོམ་པ་སྤོས་་་་་་་་་་་་་་་་་་་་་ 

ཝཱ་ཎའི<<རིག་རླབས>>སྟེང་བཀོད་མྱོང་།

རཱ་མ་ཎའི་གཏམ་རྒྱུད་བསྡུས་པ།



རཱ་མ་ཎའི་གཏམ་རྒྱུད་བསྡུས་པ།




དེ་ཡང་སིངྒ་ལའི་རྒྱལ་བོ་སྲིན་པོ་སྒྲ་སྒྲོགས་ཀྱི་བུ་རཱཝཎ་དེས་དབང་ཕྱུག་ཆེན་པོ་ཡུན་རིང་བསྒྲུབས་ཀྱང་མ་གྲུབ་པས་རང་ཉིད་ལ་མགོ་བཅུ་ཡོད་པ་རེ་རེ་ནས་བཅད་དེ་སྦྱིན་སྲེག་ཏུ་ཕུལ་ཏེ། མགྲིན་པའི་ལྷག་ག་ཙམ་རེ་ལུས་པར་བྱས་པས་ལངྐཱ་མགྲིན་བཅུར་གྲགས། དེའི་བྱ་དཀའ་བའི་སྙིང་སྟོབས་ཆེན་པོ་དེ་ལ་དབང་ཕྱུག་ཆེན་པོ་མགུ་ནས་ལྷ་མོ་ལ་ཨུ་མ་ཁྱོད་སོང་ལ་དངོས་གྲུབ་བྱིན་ཅིག་ཅེས་བསྒོ་བ་ལྟར་དེ་དེའི་གམ་དུ་སོང་ནས་ཅི་འདོད་སྦྱིན་པར་ཁས་བླངས་པ་ལ། བདག་བུད་མེད་ལས་དངོས་གྲུབ་མི་འདོད་ཅེས་སྨྲས་པ་ལ་ཨུ་མ་ཁྲོས་ནས་མ་འོངས་པ་ན་ཁྱོད་ཀྱི་རྒྱལ་སྲིས་བུས་མེད་ཀྱིས་འཇོམས་པར་གྱུར་ཅིག་ཅེས་བརྗོད་ནས་ཕྱིར་སོང་ངོ༌།། 
སླར་ཡང་ལྷ་ཆེན་པོས་རང་གི་བུ་བར་བ་སྤྲེའུའི་གདོང་ཅན་མངགས་པར་དངོས་གྲུབ་ཅི་འདོད་ཅེས་དྲིས་པ་ལ། ང་སྤྲེའུ་ལས་དངོས་གྲུབ་ལེན་པར་མི་འདོད་ཟེར། དེ་ཡང་ཁྲོས་ནས་མ་འོངས་པ་ན་ཁྱོད་ཀྱི་རྒྱལ་སྲིས་སྤྲེའུས་བརླག་པར་གྱུར་ཅིག་ཅེས་བརྗོད་ནས་སོང་ངོ༌།། དེ་ནས་དབང་ཕྱུག་ཆེན་པོ་རང་ཉིད་བྱོན་ནས་དེའི་མགྲོན་པ་རྣམས་སླར་ཡང་མགོ་བོ་དང་ལྡན་པར་བྱིན་གྱིས་བརླབས་ནས་དབུས་ཀྱི་རྟ་མགོ་མ་བཅད་པར་འཆི་བ་མེད་པ་དང་ས་གསུམ་ལས་རྣམ་པར་རྒྱལ་བ་ཆེན་པོའི་དངོས་གྲུབ་བྱིན་པར་འཇིག་རྟེན་གསུམ་བྲན་དུ་འཁོལ་བར་གྱུར་ཏོ།། 
དེ་འཇོམགས་པར་བྱེད་པ་ཁྱབ་འཇུག་གི་འཇུག་པ་བཅུ་ཡི་ནང་ཚན་རཱ་མ་གཉིས་ལས་ཤིང་རྟ་བཅུ་བའི་བུ་དགའ་བྱེད་རཱ་མ་ཎ་ཞེས་བྱ་བ་དེ་ནི། ར་གྷུ་ཞེས་པ་རིགས་ཡིན་པས་འདི་ལ་ར་གྷུའི་བུ་ཡང་ཟེར་རོ།། དེའི་ཡབ་ཀྱིས་རཱ་མ་ཎ་ལ་སྨྲས་པ། ང་སྔོན་ལྷ་དང་ལྷ་མིན་གཡུལ་འགྱེད་པའི་སར་ཕྱིན་ཏེ་ལྷའི་ཕྱོགས་བཟུང་ནས་ལྷ་མིན་དང་འཐབ་པས་ལྷ་མ་ཡིན་གྱི་མཚོན་ཆ་མང་བོ་ངའི་ལུས་ལ་ཟུག་པའི་རྨ་ཡོད་པ་དེ། གྲོང་ཁྱེར་འཐབ་པ་མེད་པ་ཞེས་བྱ་བ་བར་ངའི་ཆུང་མ་ཀཻ་ཀེ་ཡིའས་གསོས་པའི་བྱ་དགའ་ལ་ཀཻ་ཀེ་ཡིའའི་བུ་ཁྱོད་ཀྱི་ནུ་བོ་བྷ་ར་ཏ་ལ་རྒྱལ་སྲིད་སྦྱིན་རྒྱུ་ཡིན་པས། རཱ་མ་ཎ་ཁྱོད་ཆུང་མ་སི་ཏཱ་དང་བཅས་པ་ལོ་བཅུ་གཉིས་ནགས་སུ་སོང་ཞིག་ཅེས་བཀའ་སྩལ་པ་ན། དང་དུ་བླངས་ནས་ཆུང་མ་དང་བཅས་པ་ནགས་སུ་སོང་ངོ༌།། 
འདིའི་ཆུང་མ་སི་ཏཱ་ཞེས་པ་དེ་ནི། སྲིན་ཡུལ་དུ་བུ་མོ་མཚར་སྡུག་ཅན་ཞིག་སྐྱེས་པ་དེ་ཉིད་ཡུལ་དེར་བཞག་ན་ལངྒཱའི་གྲོང་བརླག་པའི་མཚན་མ་ཤར་བས་བུ་མོ་དེ་ཟངས་སྒྲོམ་དུ་བཅུག་ནས་ཆུ་ལ་བསྐྱུར་བ། འཛམ་བུའི་གླིང་དུ་ཞིང་ལ་ཆུ་དྲངས་པའི་རྨོས་རོལ་གྱི་ནང་དུ་ཁྱེར་བྱུང་བ་ཞིང་པ་རྣམས་ཀྱིས་སྒྲོམ་དེ་ཁ་ཕྱེ་ནས་བལྟས་པས་བུ་མོ་ཁྱད་འཕགས་ཤིག་འདུག་པ་མི་ཐི་ལའི་རྒྱལ་བོ་སྐྱེད་པ་པོ་ལ་ཕུལ། རང་གི་བུ་མོ་ལྟར་བསྐྱངས་པས་སྐྱེད་པ་པོའི་བུ་མོར་གྲགས་པ་དེ་ཉིད་འཛམ་བུའི་གླིང་གི་རྒྱལ་པོ་ཤིང་རྟ་བཅུ་བའི་སྲས་རྒྱལ་པོ་རཱ་མ་ཎ་ལ་བཙུན་མོར་ཕུལ་ཏོ།། དེའི་མིང་ཞིང་བ་རྣམས་ཀྱིས་རོལ་ནང་ནས་རྙེད་པས་རོལ་རྙེད་མའམ་སི་ཏཱ་ཞེས་པར་གྲགས་སོ།། 
རཱ་མ་ཎ་སི་ཏཱ་དང་བཅས་པ་ནགས་སུ་རྩེ་དགའ་ལ་རོལ་ཞིང་གནས་པ་ལས། ལན་ཅིག་གི་ཚེ་སྲིན་རྒྱལ་སྒྲ་སྒྲོགས་ཀྱི་བུ་དེས་འཛམ་གླིང་འདི་ན་བུ་མོ་སུ་མཛེས་བརྟགས་པ་ལས། སི་ཏཱ་ཁོ་ན་མཛེས་པ་མཐོང་ནས་དེ་འཕྲོག་པའི་ཕྱིར་སྲིན་མོ་སླུ་བྱེད་མ་ཞེས་པ་ཆེན་པོ་ལ་འོས་པའི་པགས་པ་ཅན་གྱི་རི་དྭགས་ཤིག་ཏུ་སྤྲུལ་པ་དེ་རཱ་མ་ཎས་གཟུང་པར་འདོད་ནས། སི་ཏཱ་ལ་ཁྱེད་ང་མ་བསླེབས་བར་དུ་འོད་ཀྱི་རྭ་བས་བསྐོར་བ་འདི་ལས་འདས་ནས་མ་འགྲོ་ཞིག གལ་ཏེ་སོང་ན་ཚེའི་དུས་བྱེད་པར་གྱུར་ཅིག་ཅེས་དམོད་བོར་ནས་འོད་ཀྱི་རྭ་བས་བསྐོར་ནས་བཞག་གོ། རང་ཉིད་རི་དྭགས་དེའི་རྗེས་སྙེགས་བཞིན་རྒྱ་མཚོའི་མཐར་ཐུག་འདེད་དུ་ཕྱིན་པའི་ཤུལ་དུ་སྲིན་རྒྱལ་རཱ་ཝཎ་བྲམ་ཟེའི་གཟུགས་སུ་སྤྲུལ་ནས་སི་ཏཱ་བླང་བར་བརྩམས་པ་ན། རྒྱལ་བོ་རཱ་མ་ཎ་བདེན་ཚིག་གྲུབ་པའི་བཀའ་ལས་འདའ་བར་མ་ནུས་ཚེ་སྲིན་པས་རྫུ་འཕྲུལ་གྱིས་སི་ཏཱ་འོད་ཀྱི་རྭ་བ་དང་བཅས་པའི་ས་གཞིའི་ཁྱོན་དེ་ཁྱེར་ནས་སྲིན་ཡུལ་དུ་སོང་བར་གྱུརད་ཏོ།། 
རྒྱུལ་བུ་རཱ་མ་ཎས་རི་དྭགས་དེ་ཇི་ཙམ་བདས་ཀྱང་མ་ཟིན་པས་མིག་བསྒྱུར་བ་ཡིན་པར་གོ་ནས་སླར་རང་གནས་སུ་ལོག་པ་ན་སི་ཏཱ་ས་གཞི་དང་བཅས་པ་འབོད་སྒྲོགས་ཀྱིས་ཁྱེར་བར་རིག་ནས་རྗེས་བརྩད་དེ་ཕྱིན་པ་དང༌། ཆུ་དྲོན་མོ་ཁ་དོག་ཁམ་སྐྱ་དྲི་ང་ཞིང་རླངས་པ་འཚུབ་པ་གཅིག་དང་ཕྲད། དེ་ག་ནས་འབབ་པ་ལྟར་ཕྱིན་པས་ལུང་པ་དེའི་ཕུ་ན་སྤྲེའུའི་རྒྱལ་པོ་བཱ་ལི་དང་མགྲིན་བཟང་ཞེས་བྱ་བ་གཉིས་དམག་གི་ཚོགས་དང་བཅས་ཏེ། རྒྱལ་སྲིད་ལ་མ་འཆམས་པར་གཡུལ་འགྱེད་པའི་ངལ་བ་ལས་བྱུང་བའི་རྔུལ་གྱིས་རྙོག་པའི་ཆུ་ཡིན་པར་འདུག དེར་ཕྱིན་པས་སྤྲེལ་རྒྱལ་མགྲིན་བཟང་གིས་ངེད་རྣམས་རྒྱལ་སྲིད་ཀྱི་དོན་དུ་འཐབ་པ་ཡིན། ད་ཉི་མ་གསུམ་ནས་ཁོ་རང་རྒྱལ་བར་འགྱུར་བས་ཁྱེད་ངེད་ཀྱི་གྲོགས་བྱ་བར་རིགས་ཟེར་བ་ལ། དགའ་བྱེད་དེ་ནི་མདའ་འཕངས་ཚད་ཕོག་པ་དང༌། ཕོག་ཚད་འཆི་བ་དང༌། ཤི་ཚད་ལྷར་སྐྱེ་བའི་དངོས་གྲུབ་གྲུབ་པ་ཡིན་པས། དེས་མདའ་འཕངས་ཏེ་སྤྲེལ་རྒྱལ་བཱ་ལི་གསོད་པར་ཁས་བླངས་སོ།། 
འོན་ཀྱང་དེ་ཉི་མ་དང་པོར་སྤྲེའུའི་དམག་འཐབ་པའི་ལྟད་མོར་གཡེངས་བས་ལུས། གཉིས་པར་དེ་གཉིས་མི་འཁྲུལ་བའི་རྟགས་སུ་མགྲིན་བཟང་གི་དཔྲལ་བ་ལ་མི་ལོང་བཏགས་ཏེ་འཐབ་པ་ན་དགའ་བྱེད་ཀྱི་མདའ་འཕངས་་པས་བཱ་ལི་བསད་ནས་མགྲིན་བཟང་གིས་རྒྱལ་སྲིད་ཐོབ་པར་བྱས་སོ།། དེ་ནས་མགྲིན་བཟང་དེས་དགའ་བྱེད་ཅི་འདོད་སྒྲུབ་པར་ཁས་བླངས་པ་ལ། དེ་ལྟར་ན་ཁོ་བོའི་ཆུང་མ་སི་ཏཱ་སྲིན་པོས་ཁྱེར་བ་ལོངས་ཤིང་ཅེས་བྱ་བ་ལས། མགྲིན་བཟང་ན་རེ། བདག་ལ་བློན་པོ་ཁྱད་པར་ཅན་ཧ་ནུ་མན྄ཐ་ཞེས་ཡོད་པ་དེ་དང་གྲོས་བྱ་བར་འོ་སྐོལ་ཐབས་ཅིག་གཤེགས་ཞེས་ཟེར་བ་ལྟར་དེར་ཕྱིན་པས། རི་ལུང་ཐམས་ཅད་སྤྲེའུས་གང་བའི་ཁྲོད་ན། ཚུལ་སྟོན་ཕྱོགས་མ་གཏོགས་དབང་ཕྱུག་ཆེན་པོའི་བུ་བར་པ་ཡིན་པར་གྲགས་པ་སྤྲེའུ་མིག་གསུམ་པ་ཞིག་འདུག་པ་ལ། མགྲིན་བཟང་གིས་སྔར་གྱི་ལོ་རྒྱུས་བསྙད་དེ། རྒྱལ་པོ་འདིའི་དྲིན་ལན་བསབ་ཕྱིར་སི་ཏཱ་འགུགས་ཐབས་ཅི་ཡོད་ཅེས་བྱས་པ་ན། དེས་ཡུད་ཙམ་བསམས་ནས་དོན་དེ་བསྒྲུབ་པའི་ཕྱིར་དང་པོ་སྲིན་པོའི་གནས་ཡུལ་བརྟགས་པའི་ཆེད་དུ་མཆོངས་པ་གཅིག་བྱས་པས་ཧ་ཅང་ཐལ་ནས་རླུང་ལྷའི་རྒྱལ་ཁམས་སུ་བསླེབས། དེ་ནས་ཕྱིར་མཆོངས་གཅིག་བྱས་པས་ལངྐ་པུ་རིར་སོན་ཏེ་བལྟས་པས། སི་ཏཱ་ས་གཞི་དང་བཅས་པ་བཟའ་ཤིང་གི་རྭ་བ་ན་བཙོན་དུ་འདུག་པ་མཐོང༌། དེའི་རྒྱུ་མཚན་གཞན་དག་ལ་དྲིས་པས་འདི་བདག་ཅག་གི་རྒྱལ་པོ་ལ་མ་དད་པས་བཙོན་དུ་བྱས་ཟེར། དེ་ནས་སི་ཏཱའི་དྲུང་དུ་སོང་བདག་རྒྱལ་པོ་རཱ་མ་ཎས་བཏང་བ་ཡིན། ཁྱོད་ཀྱང་ང་མཉམ་དུ་འགྲོ་བྱས་པས་དེ་ཡིད་མ་ཆེས་པ་ལ་ལག་རྟགས་སུ་རྒྱལ་པོའི་སོར་གདུབ་བསྟན། དེར་སི་ཏཱས་བདག་བྲོས་ཅི་ལ་ཐུབ། རྒྱལ་པོ་རང་ལ་མཐུ་ཡོད་ན་སྟོན་ལ་བླང་བར་རིགས་སོ་ཞེས་འཕྲིན་བསྐུར་བ་ཁྱེར་ནས་མཆོངས་གཅིག་གིས་རཱ་མ་ཎའི་མདུན་སར་ཕྱིན། རྒྱུ་མཚན་རྣམས་རྒྱལ་པོ་ལ་གསོལ་བས་རྒྱལ་པོས་དེ་མ་ཐག་ཏུ་སྤྲེའུའི་དམག་ཆེན་པོ་བསྡུས་ནས་རྒྱ་མཚོ་ཆེན་པོའི་འགྲམ་དུ་སོང་སྟེ། དྲང་སྲོང་ཆེན་པོ་གྲོག་མཁར་བ་ལ་རྒྱ་མཚོ་ན་སྲོག་ཆགས་ཀྱི་རིགས་ཅི་འདྲ་ཡོད་ཅེས་དྲིས་པས། དཔག་ཚད་བརྒྱ་ཡི་ཁྱོན་ཡོད་པས་ཏི་མི་ཞེས་པ་ཆུ་སྲིན་ཉ་མིད་དང༌། དེ་ཉིད་ཀྱང་མིད་པར་བྱེད་ནུས་པ་དང༌། དེ་ཡང་མིད་ནུས་པ་སོགས་གདུག་པའི་སེམས་ཅན་དུ་མ་ཡོད་པར་ཐོས། དེ་ནས་རྒྱ་མཚོ་ལ་སྤྲེལ་དམག་སྤྲེལ་ནས་ཟམ་བྱས་པར་བརྟེན་ནས་དགའ་བྱེད་སྲིན་ཡུལ་དུ་བརྟོལ། དེ་ནས་རཱ་མ་ཎས་སྲིན་རྒྱལ་གསོད་པར་བརྩམས་པ་ན། དེའི་ཕོ་བྲང་རིན་པོ་ཆེ་སྣ་ཚོགས་པའི་ཁམས་ལས་གྲུབ་པའི་གཞལ་མེད་ཁང་ཤིན་ཏུ་དྭངས་པའི་རྩིག་ངོས་སུ་སྲིན་རྒྱལ་མགོ་བཅུ་དེའི་གཟུགས་བརྙན་བརྒྱ་ཕྲག་ཏུ་ཤར་བ་སྲིན་རྒྱལ་དངོས་དང་ཤིན་ཏུ་འདྲ་ཆེས་པའི་དབང་གིས་སོ་སོར་མི་ཕྱེད་པའི་ཚེ་ན། སྤྲེའུ་མི་ཨནྫ་ནའི་བུ་ཧ་ནུ་མན྄ཐས་བློས་ཞིབ་མོར་བརྟགས་པས་སྲིན་རྒྱལ་དངོས་ཀྱི་གཟུགས་གང་ཡིན་པ་ཤེས་པ་དེ་ལ་དགའ་བྱེད་ཀྱི་མདེའུ་སྟ་ཁ་ཅན་གྱི་མདའ་འཕངས་པས་དབུས་ཀྱི་རྟ་མགོ་བཅད་དེ་སྲིན་པོ་བསད། དེར་མ་ཟད་གཞན་ཡང་སྲིན་པོ་བྱེ་བ་དཔག་མེད་བསད། དེ་ནས་ཧ་ནུ་མན྄ཐས་བཟའ་ཤིང་རྭ་བར་ཕྱིན་ནས་འབྲས་བུ་ཅན་གྱི་ལྗོན་ཤིང་མང་པོ་རྩེ་ས་ལ་བཙུགས་ཏེ་བཞག་པས་སྲིན་པོ་ལྷག་མ་རྣམས་ཀྱིས་མཐའ་བསྐོར་ཏེ་ཧ་ནུ་མན྄ཐ་གསོད་པར་བརྩམས་པ་ན། དེས་དེ་རྣམས་ལས་ཐར་བར་སླར་ཡང་གཡོ་སྒྱུའི་རིག་པ་སྟོན་ཕྱིར་ཁོང་རྣམས་ལ་ཟིན་དུ་བཅུག་སྟེ། ཁྱེད་ཀྱི་ཕྱོགས་འདི་ན་ཁྲིམས་ཡོད་དམ་མེད། མེད་ན་ང་རང་གི་ཁྲིམས་ལུགས་བཞིན་སོད་ཟེར། ཁྱེད་རང་གི་ཁྲིམས་ལུགས་གང་འདྲ་ཡིན་དྲིས་པས། བདག་གི་མ་ཡི་ཁྲིམས་ལུགས་སུ་གསོད་ན་བང་མཛོད་དུ་བཅུག་སྟེ་ཟས་བཟར་རུང་ཚད་བྱིན་དང༌། དེས་མགྲིན་པ་འགགས་ནས་བདག་འཆིའོ།། ཕའི་ཁྲིམས་ལུགས་སུ་གསོད་ན་ཏིལ་མར་གྱིས་སྦགས་པའི་རས་ཀྱིས་མཇུག་མར་དཀྲིས་ལ་མེ་སྦོར་ཞིག་ཟེར་བས། ཕའི་ལུགས་སུ་གསོད་པར་གྲོས་མཐུན་པར་གྱུར། དེར་སྤྲེའུ་འཆི་བ་ཁྱེད་རྣམས་ཀྱི་མཐོང་ན་ལྟས་ངན་ཡིན་པས། རང་རང་གི་ཁྱིམ་དུ་ཡིབ་ཟེར་བ་ལྟར་བྱས་པས་ལངྐཱ་པུ་རིའི་གྲོང་ཁྱེར་སུམ་བརྩེགས་ལ་ཕྱིའི་ལྕགས་རི་དང་བཅས་པ་མཇུག་མའི་མེས་སྐད་ཅིག་ལ་བསྲེགས་པར་བྱས་སོ།། 
དེ་ནས་དགའ་བྱེད་སི་ཏཱ་ཐོབ་ནས་རྒྱ་མཚོ་ཆེན་པོ་གཞུ་མཆོག་གིས་དཀྲུགས་ཤིང་གྲུའི་ནང་ནས་བྲོས་པས་ཐར་པ་དང་སྲིན་པོ་འགས་རཱ་ཝཎ་དེའུ་བུ་ཀུམ྄བྷ་ཀརྞ་ཞེས་པའི་དྲང་སྲོང་བསམ་གཏན་པ་དེའི་རྣ་བར་ཁྲོ་ཆུ་བླུགས་ནས་ཏིང་ངེ་འཛིན་ལས་སད་པར་བྱས་ཏེ་རཱ་ཝཎ་བསད་པ་ལ་སོགས་པའི་ལོ་རྒྱུས་རྣམས་སྨྲས་པས། དེའི་སྣ་སྒོའི་རླུང་བརྔུབས་པ་ཙམ་གྱིས་དགའ་བྱེད་དང་ཧ་ནུ་མན྄ཐ་གཉིས་མ་གཏོགས་སི་ཏཱ་དང༌། སྤྲེལ་དམག་ཐམས་ཅད་ཀེང་རུས་སུ་སོང༌། དེ་ཙམ་གྱིས་ཚིམས་ནས་སླར་ཏིང་ངེ་འཛིན་ལ་ཞུགས་སོ།། དེར་དགའ་བྱེད་ཀྱིས་རི་བོ་གངས་ཅན་དུ་ཤི་སོས་ཀྱི་སྨན་ཡོད་པ་ཧ་ནུ་མན྄ཐ་ལེན་དུ་བཏང་བས་སྨན་ནོར་ནས་སླར་ཡང་ལེན་དུ་བཏང་བས་རི་བོ་གངས་ཅན་ཉིད་ཁྱེར་ཏེ་བྱུང་བ་ལས་དགའ་བྱེད་ཀྱིས་སྨན་བླངས་ནས། སྨན་དེས་ཀེང་རུས་སུ་སོང་བ་ཐམས་ཅད་སྔར་བཞིན་གསོས་ནས་རི་བོ་གངས་ཅན་འདི་སྔར་གྱི་རང་གནས་སུ་སྐྱོལ་ཅིག་བྱས་པས། དེས་ཚེགས་ཆེ་ཟེར་ནས་འཕངས་པས་རི་དེ་སྔར་ཡོད་པའི་ཤུལ་དུ་སོང་ཡང་ཅུང་ཟད་ཡོར་ཞེས་གྲགས། དེ་ནས་རྒྱལ་པོ་དགའ་བྱེད་སི་ཏཱ་དང་བཅས་མེ་ཏོག་ཅན་ཞེས་བྱ་བའི་གཞལ་ཡས་ཁང་དུ་ཞུགས་ཏེ་གནས་པ་ལ་བུ་བྷ་ར་ཏ་སོགས་ཀྱིས་མཆོད་ཅིང་གསོལ་བ་བཏབ་པ་ལ་བརྟེན་ནས་གྲོང་ཁྱེར་འཐབ་པ་མེད་པར་གཤེགས་ནས་སྲིད་པའི་བདེ་བ་ལ་རོལ་པར་གྱུར་ཏོ།། 

ཞེས་པ་འདི་ནི་ཞང་ཞུང་བ་ཆོས་དབང་གྲགས་པས་མཛད་པའི་རཱ་མ་ཎའི་རྟོགས་བརྗོད་ལ་དོན་གཉེར་ཅན་དག་ལ་ཕན་རེས་རྒྱ་གར་ནུབ་ཕྱོགས་ཁུ་ནུར་སྐུ་བལྟམས་པ་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ་མཆོག་ནས། མ་སུ་རིར་གཙུག་ལག་སློབ་དཔོན་རྣམས་ལ། འཕགས་ཡུལ་གྱི་སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་པའི་ཁྱད་པར་འཕགས་བསྟོད་ཀྱི་བཤད་འཁྲིད་གནང་བའི་རྩ་འགྲེལ་ལས་འདིར་ཁོལ་དུ་ཕྱུང་བ་འདིས་ཀྱང་བློ་གསལ་གང་མང་ལ་ཕན་པར་གྱུར་ཅིག

Aug 21, 2010

ཟ་ལེ་ལགས་དང་བགྲོ་གླེང་བ།


ཟླ་བ་གཞོན་ནུས།

ཟ་ལེ་ལགས་ཀྱི་ཉམས་མྱོང་ལྷུག་བརྗོད་མ་འདི་ཞིབ་ཚགས་ཀྱིས་ཐེངས་གཅིག་བཀླགས་པ་ཡིན།
ཁྱེད་ཀྱིས་༼སྒྲུང་གི་མགོ་འཛུག་དུས་སྒྲུང་མཇུག་ཅི་ལྟར་བསྡུ་བའི་བསམ་བློ་ངའི་སེམས་ལ་འཁོར་གི་མེད། སྒྲུང་གི་བརྒྱུད་རིམ་ཁྲོད་ནས་རང་གི་སེམས་ལ་མ་དྲན་པའི་མི་སྣ་དང་ཁོར་ཡུག་སྣ་མིན་སྣ་ཚོགས་མཐོང་ཞིང་ཐུག་ཐུབ་པ་མ་ཟད། སྒྲག་གཞི་ཞིག་གི་ནང་ལ་ཨུ་ཚུགས་བྱེད་མི་དགོས་པས་སྨྱུ་གུའི་རང་དབང་དང་ཚིག་གི་ལྷོད་ཤ་ལ་ཧ་ཕན་པ་མ་ཟད། མཚམས་རེར་རང་ཉིད་ལའང་དགོད་འཆོར་བ་མང་པོ་ཡོང་གི་འདུག༽ཅེས་པ་ཁྱེད་རང་གི་ཉམས་མྱོང་ངོ་མ་ཞིག་རེད་འདུག་མོད། སྒྲུང་ལ་སྔོན་ཚུད་དུ་བློས་བསླངས་བྱ་དགོས་མིན་གྱི་དོན་ཡང་གསལ་བོ་ཞིག་མཐོང་མ་སོང་བས། དྲི་བ་གཅིག་འདྲི་འདོད་བྱུང༌། ཁྱེད་ཀྱིས་ནམ་རྒྱུན་སྒྲུང་རྩོམ་འབྲི་དུས་བློས་བསླངས་ཇི་ལྟར་བྱེད་ཀྱིན་ཡོད་དམ།


བརྩམས་སྒྲུང་སོགས་གང་རུང་ཞིག་འབྲི་བ་ལ་ཐོག་མར་ཅི་ཞིག་འབྲི་བ་དང༌། ཇི་ལྟར་འབྲི་རྒྱུ། ད་དུང་དེ་ལས་ཀྱང་གལ་ཆེ་བ་ནི་ཅིའི་ཕྱིར་འབྲི་རྒྱུ་སོགས་བརྗོད་བྱ་དང༌། མཚོན་ཐབས། དམིགས་ཡུལ་སོགས་གསལ་བོར་རྟོགས་རྒྱུ་ནི་ང་རང་གིས་རྩོམ་ཡིག་གང་ཞིག་བྲིས་ཀྱང་སྔོན་འགྲོ་མེད་དུ་མི་རུང་བ་དག་ཏུ་བརྩི་བཞིན་ཡོད། དེ་བས། ཁྱེད་རང་གིས་དེའི་སྒང་ལ་བསམ་བློ་གཏོང་གིན་ཡོད་མེད་དང༌། དེར་བསམ་ཚུལ་ཅི་ཞིག་ཡོད་མེད་ཤེས་འདོད་བྱུང༌།

ད་དུང་སྨྱུ་གུར་རང་དབང་སྟེར་བ་ལས་ཀྱང༌། སྒྲུང་གི་མགོ་མཇུག་བར་གསུམ་དུ་སྒྲུང་གི་མི་སྣའི་སེམས་ཁམས་དང༌། ལྕོགས་ཚད། སྒྲུང་གི་མཁའ་དབུགས་དག་ནམ་ཡང་ཐུགས་ནས་མ་བསྙེལ་བ་གནང་རྒྱུ་གལ་ཆེ་བར་འདོད།

ཁྱེད་ཀྱི་༼བརྩམས་སྒྲུང་གི་ནང་ན་མཚུངས་བ་གསལ་བྱེད་ཀྱི་སྒྲ་བཞིན་འདྲ་མཚུངས་སོགས་མང་དྲག་ན་སྙན་ངག་གི་རྣམ་པར་གྱུར་ནས་འཚོ་བའི་ཁྲོད་ཀྱི་སྐད་ཆ་ངོ་མ་དེ་ཡོང་མི་ཐུབ་ལ། བུ་མོ་མེ་ཏོག་འདྲ་བ་ཞིག་ཅེས་བ་དེས་བུ་མོ་དེ་མིག་ལམ་ལ་འཆར་མི་ཐུབ་པས་སྐད་ཆ་འདིའི་རིགས་ལ་སྒྲུང་རྩོམ་ཁྲོད་ཀྱི་བུ་མོ་དེའི་རྣམ་པ་སྟོན་པའི་ནུས་བ་མེད།༽ཅེས་པ་དག་འབྲེལ་ཏེ་བསམ་ཚུལ་ཞིག་ཞུས་ན།
འཛམ་གླིང་གྲགས་ཅན་བརྩམས་ཆོས༼ཆུ་འགྲོས་ལང་ཚོའི་དྲན་གསོ༽་དང༌། རྒྱ་ནག་མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་པའི་ཨ་ལེའི་༼རྡུལ་འཚུབ་དྭངས་སོང༌།༽ངམ། ༼ས་ཞོད་རྡུལ་འཇགས༽སོགས་སྙན་ངག་གི་ཁྱད་ཆོས་ལྡན་པའི་བརྩམས་སྒྲུང་དུ་ངོས་འཛིན་བྱེད་ཀྱིན་འདུག་ན། དེ་ལ་དགོངས་འཆར་ཅི་ཡོད་དམ།
བུ་མོ་མེ་ཏོག་འདྲ་བ་ཞིག་ཅེས་པ་དེས་བུ་མོ་དེ་མིག་ལམ་ལ་འཆར་མི་ཐུབ་པས་སྐད་ཆ་འདིའི་རིགས་ལ་སྒྲུང་རྩོམ་ཁྲོད་ཀྱི་བུ་མོ་དེའི་རྣམ་པ་སྟོན་པའི་ནུས་པ་མེད། ཅེས་པ་འདི་ཅུང་མ་བདེ་ཞིག་ཏུ་མཐོང་སོང༌། རྒྱུ་མཚན་ནི་དཔེ་འགོད་དོན་ནི་དོན་དེ་བློ་ལ་གསལ་བོར་འཆར་ཕྱིར་ཡིན་ཡིན་པའི་རྐྱེན་གྱིས་ཡིན།
འདི་ལྟ་བུ་རིག་པའི་ཁྱུ་མཆོག་ཋེ་ཀོར་གྱི་བརྩམས་སྒྲུང་གྲགས་ཅན་གོ་རཱའི་ནང་དུའང་བགྲང་གིས་མི་ལངས་ཞིག་འདུག
འདི་དགག་བྱ་ཞིག་ཏུ་བདག་གིས་མ་མཐོང༌།
གོང་གི་འདི་དག་ནི་བདག་གི་རྨོངས་འཆར་དག་ཡིན་པ་ལས། མཐའ་གཅིག་ཏུ་ཁ་ཚོན་གཅོད་ཀྱིན་མེད།
བགྲོ་གླེང་ལྷུག་པོ་ཡོང་བའི་ཕྱིར་རོ།།

ཟ་ལེ་རྒྱལ་གྱིས།

ཟླ་གཞོན་ལགས།
སྤྱིའི་ཆ་ནས་སྒྲུང་ལ་འབྲི་ཐབས་ཤིག་ཡོད་པ་དེ་གཞུང་ལུགས་དག་ན་གསལ་བོར་ཡོད་པས་ངས་དེའི་ནང་གི་ཚིག་འགའ་བརྗེས་ནས་རང་གིས་བྲིས་བ་ལྟར་བྱེད་འདོད་མེད་ལ་དྲང་མོར་བཤད་ན་ངས་བཤད་ཀྱང་མི་ཤེས། གོང་གི་ཟིན་བྲིས་འདིའང་དྲ་གྲོགས་བོན་རྒྱས་ང་ལ་ཁྱོད་རང་གི་ཉམས་མྱོང་འགའ་འབྲི་རོགས་ཞེས་བ་དེར་རང་གི་ཉམས་མྱོང་ཙམ་བྲིས་བ་ལས་ངས་ཐབས་ལམ་གཞན་ཞིག་བརྙེད་ཡོད་ཅེས་བའང་མིན།
ཅི་ཞིག་འབྲི་དང་ཅིའི་ཕྱིར་འབྲི། ཇི་ལྟར་འབྲི་སོགས་ལས་ཅི་ཞིག་འབྲི་དང་ཅིའི་ཕྱིར་འབྲི་ནི་རྩོམ་ཡིག་ཚང་མར་གཅིག་མཚུངས་སུ་ཡོད་བ་རེད། ངས་འདིར་ཚིག་འགའ་བྲིས་བ་དེ་ཇི་ལྟར་འབྲི་ཞེས་བ་དེའི་སྐོར་ཡིན། ངས་སྒྲུང་རྩོམ་ཚད་ལྡན་ཞིག་འབྲི་མི་ཤེས་བས་དེ་ཚོད་ཀྱི་ཉམས་མྱོང་ཞིག་ལས་ཉམས་མྱོང་ཚད་ལྡན་ཞིག་བཤད་རྒྱུ་མེད།
ངས་རང་གི་སྒྲུང་གི་བརྗོད་བྱའམ་ཅི་ཞིག་འབྲི་ཞེས་བ་དེ་དང་དེ་འབྲི་བའི་དམིགས་ཡུལ་ལམ་ཅིའི་ཕྱིར་འབྲི་ཞེས་གཉིས་བདམས་རྗེས། ཇི་ལྟར་འབྲིའམ་སྒྲུང་གི་སྒྲིག་གཞི་དང་མི་སྣ། འཁོར་ཡུག མཚོན་ཐབས་སོགས་ལ་བསམ་བློ་སྔོན་དུ་མ་སོང་བར་སྨྱུག་ཁ་རྒྱ་ཡན་དུ་བཏང་ནས་བསམ་བློ་གཏོང་ཞོར་དང་འབྲི་ཞོར་བྱེད་ཀྱིན་ཡོད། དེ་བས་ངས་གཞུང་ལུགས་འབྲི་མཁན་ཚོ་ནི་དྲང་མོར་བཤད་ན་ཁ་རྒྱགས་བཤད་རྒྱུར་མཁས་བ་ལས་ལག་ལ་བཞག་ན་ཨེ་ཡོང་ངམ་བསམ་མྱོང་ཞེས་བ་ཡིན། ང་རང་བོད་ན་ཡོད་དུས་རྒྱ་གར་ལ་འགྲོ་མྱོང་མཁན་ཞིག་ལ་ལམ་རྒྱུས་དྲིས་ཏེ་ཁོང་གིས་ང་ལ་འགྲེལ་བཤད་བྱས་བ་དེ་དང་ལམ་ཁྲིད་ལ་སྒོར་སྟེར་རྒྱུ་མེད་པར་ཚོད་དཔག་གིས་ང་རང་དངོས་སུ་ལམ་བར་ནས་ཇི་ལྟར་ཡོང་བ་གཉིས་དོན་གྱིས་ཐ་དད་རེད། དེའང་ཅིག་གིས་བཤད་པ་དང་རང་གིས་མྱངས་བ་གཉིས་མི་འདྲ་བའི་དཔེ་མཚོན་ཙམ་ཡིན། འདི་ནི་ཁྱོད་ཀྱི་དྲི་བ་དང་པོ་དེའི་ལན་དུ་བྲིས་བ་ཡིན། འདི་ན་ངས་རང་གི་ཉམས་མྱོང་ཙམ་ལས་གཞུང་ལུགས་བཤད་ཁུལ་བྱེད་ཀྱིན་མེད།
༼ད་དུང་སྨྱུ་གུར་རང་དབང་སྟེར་བ་ལས་ཀྱང༌། སྒྲུང་གི་མགོ་མཇུག་བར་གསུམ་དུ་སྒྲུང་གི་མི་སྣའི་སེམས་ཁམས་དང༌། ལྕོགས་ཚད། སྒྲུང་གི་མཁའ་དབུགས་དག་ནམ་ཡང་ཐུགས་ནས་མ་བསྙེལ་བ་གནང་རྒྱུ་གལ་ཆེ་བར་འདོད། ༽ཅེས་བ་འདི་བདེན་པ་རེད། ཡིན་ནའང་དེའི་དབང་གིས་སྒྲུང་གི་སྒྲིག་གཞི་སྔོན་ལ་འགྲོ་དགོས་བ་ཞིག་མཐོང་མ་སོང༌།
མཚོན་དོན་དཔེ་ཡིས་སྟོན་པ་དེ་ཡོད་དགོས་བ་ཞིག་ཡིན་ནའང་དཔེ་དེ་དང་དཔེ་ཅན་གཉིས་ལ་མཚུམས་ཆོས་ངོ་མ་ཞིག་དགོས་ཀྱིན་འདུག་ཅེས་བ་དེ་ཡིན། བུ་མོ་མེ་ཏོག་འདྲ་བ་ཞིག་ཅེས་བ་འདི་བཤད་སྟངས་ཤིག་གམ་ཚད་འཇལ་སྟངས་ཤིག་ལས་དོན་གྱིས་བུ་མོ་མཛེས་མ་ཞིག་དང་མེ་ཏོག་ངོ་མ་ཞིག་གི་བར་ན་མཚུངས་ཆོས་མི་འདུག་ཅེས་བ་ཡིན། འདི་ལྟ་བུའི་དཔེ་མཚོན་དག་གིས་སྒྲུང་རྩོམ་ཁྲོད་ཀྱི་མི་སྣ་དེའི་མཛེས་སྡུག་ངོ་མ་སྟེ་ཇི་ལྟར་མཛེས་བའི་སྣང་བརྙན་དེ་ཀློག་པ་པོའི་མིག་མདུན་ལ་སྟོན་ཐུབ་ཀྱིན་མི་འདུག ཁྱོད་ཀྱིས་གོང་ནས་དྲངས་བའི་སྒྲུང་བརྩམས་དེ་དག་ངས་མཐོང་མྱོང་མེད་པས་དེ་དག་ལ་ཅི་ཡང་བཤད་མི་སྤོབས་མོད་དཔེ་དང་དོན་གྱི་ངོ་འཕྲོད་པའམ་ཀློག་པ་པོའི་མིག་མདུན་ལ་དོན་གྱི་འཆར་སྣང་སྟེར་ཐུབ་པ་ཞིག་བྱུང་ན་དེ་ལ་ངོས་ལེན་ལོས་ཡོད། རབ་བྱུང་ན་འཚོ་བ་དང་མི་སྣ། ཁོར་ཡུག་སོགས་བརྩམས་སྒྲུང་ཁྲོད་ཀྱི་སྣང་བརྙན་དེ་དག་དཔེ་ཡི་སྒོ་ནས་སྟོན་མ་དགོས་བར་དེའི་ཁྱད་ཆོས་དག་རེ་རེ་བཞིན་ཞིབ་འབྲི་བྱེད་ཐུབ་ན་བཟང་བར་སྙམས། འདི་ནི་ཁྱོད་ཀྱི་དྲི་བ་གཉིས་བ་དེའི་ལན་དུ་བྲིས་བའི་ཁུལ་ཡིན།


གོང་གི་འདི་སྔོན་མ་ཟ་ལེའི་ཟིན་བྲིས་ཀྱི་མཆན་དུ་བཀོད་པ་ཞིག་ཡིན་མོད།
གང་མང་ལ་ཀློག་སྤྲོ་བོ་ཡོང་བ་དང༌། ཟིན་བྲིས་སུ་བཀོད་ཆོག་ཆོག་ཏུ་འདུག་པས་འདིར་བཀོད་པ་ཡིན།

Jun 24, 2010

སྒོམ་སྡེ་ལགས་དང་བགྲོ་གླེང་བ།




ཟླ་བ་གཞོན་ནུས།


སྒོམ་སྡེ་ལགས། སྐད་ཆ་ཁ་ཤས་དྲང་མོར་ཞུ་འདོད་བྱུང་།
कौरव་ལ་ཀཽརཝ་ཞེས་འབྲི། ཁྱེད་ཀྱི་ཀའི་འོག་གི་འ་དེས་ཅི་ཞིག་མཚོན་པ་རེད། पाण्डव་ལ་པཱཎྜཝ་ཞེས་འབྲི། ཚེག་དེ་དག་གིས་ཅི་ཞིག་བྱེད་དམ། སྒོམ་སྡེ་ལགས། ཅི་ཁྱེད་བོད་ཡིག་འབྲི་གནང་གིན་ཡོད་དམ།
दुर्योधन་ལ་དུརྱོདྷན་ཞེས་པར་ཡང་ཁྱེད་ཀྱིས་གོང་ལྟར་འ་མི་དགོས་སར་འ་ཞིག་བཞག་ནས་ནོར་འཁྲུལ་ཤོར་འདུག
अर्जुन་ལ་ཨརྫུ་ཞེས་བྲིས་ཡོད་པ་ནོར། ཨརྫུན་ཞེས་འབྲི་གནང་རོགས།
नकुलའམ་ནཀུལ་ཞེས་པ་སེམས་དཔའ་ཆེན་པོ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བར་རིགས་མེད་ཅེས་བསྒྱུར་ཡོད་རེད། ན་དགག་ཚིག་དང་། ཀུལ་ཞེས་པ་རིགས་ཀྱི་དོན་ཡིན་པ་ཁྱེད་ཀྱིས་ཀྱང་མཁྱེན་མདོག་ཁ་པོ་རེད། དེ་ཡང་མཁྱེན་པར་མཛོད།
དང་མ་ངས་ཁྱེད་ཀྱིས་ལེགས་སྦྱར་མཁྱེན་གྱི་ཡོད་པ་རེད་འདོད་ཡོད། ཉིན་ཞིག་ལ་ཁྱེད་ཀྱི་ཁ་ནས་ལེགས་སྦྱར་མི་ཤེས་ཞེས་པ་གོ་མྱོང་མྱོང་ཞིག་འདུག་པས་དེ་བདེན་པ་འདྲ།

དྲང་སྲོང་རྒྱས་པས་བརྩམས་པའི་མཧཱབྷཱརཏ་ཞེས་པ་དེ་དངོས་སྒྲུང་ཡིན་ནམ་རྟོགས་བཟོ་ཡིན་མིན་ཡང་ཅུང་དཔྱད་དགོས་པ་ཞིག་ཡོད་པས། དེ་ལ་ཡིད་བརྟན་བྱེད་པ་ནི་རེ་བ་འཇའ་ཚོན་ལ་བཅོལ་ཏེ་ལྷའི་ཁང་བཟང་བསྐྲུན་འདོད་པ་མ་ཡིན་ནམ།
སྔོན་བོད་ཀྱི་མཁས་པ་དག་གིས་བོད་མིའི་མགོ་ཁུངས་འདི་ལྟ་བུ་ལ་བཅོལ་བ་ནི་ལྷ་ལས་ཕུལ་བྱུང་སོགས་ལ་གཟིགས་ནས་དེ་ལྟར་དགོངས་པ་རེད་འདོད།
ད་དུང་རྒྱ་གར་གྱི་འབངས་མི་རྣམས་གངྒཱ་སོགས་ལ་སྡིག་སྒྲིབ་དག་པར་འདོད་པའི་ཡིད་ཆེས་ཁྱད་མཚར་རེ་ཡོད་པ་དེའང་སྒྲུང་འདི་དག་ལ་བརྟེན་ནས་མགོ་རྨོངས་པར་བདག་འདོད་དོ༎ རིག་བྱེད་སྒྲུང་འདི་དག་ཚད་ཐུབ་ཡིན་མིན་ཁྱེད་ཀྱི་ཐུགས་ལའང་གསལ་ངེས་ཡིན།
དྲང་སྲོང་རྒྱས་པ་མི་ཅི་འདྲ་ཞིག་ཡིན་པ་ཁྱེད་ཀྱིས་ཁྱད་པར་འཕགས་བསྟོད་ཀྱི་ཤོ་ལོ་ཀ་སུམ་ཅུ་ནས་མགོ་བཙུགས་ཏེ་གཟིགས་གནང་དང་གསལ་བོར་མཁྱེན་ཡོང་ངེས་ཡིན།
དུས་ད་ལྟའང་ཀཤཱིའམ་གསལ་ལྡན་གྲོང་འདིར་བཞུགས་པའི་དྲང་སྲོང་འགས་བོད་དང་འབྲས་ལྗོངས་དང་བལ་ཡུལ་སོགས་ནི་འདས་པའི་དུས་སུ་རྒྱ་གར་གྱི་མངའ་ཁོངས་བསྙོན་མེད་ཡིན་པའི་ཨུ་ཚུགས་མཐར་སྐྱེལ་བྱེད་ཀྱིན་འདུག་པ་དངོས་སུ་གོ་རྒྱུ་བྱུང་ན་ཁྱེད་རང་ལ་དེའི་སྐོར་ནས་གསལ་བཤད་འདྲ་གནང་རྒྱུ་ཡོད་དམ།

སྒོམ་སྡེ་ལྷ་རམས་པས།

ཟླ་བ་གཞོན་ནུ་ལགས།
༼དེ་ཕོ་མེད་སར་བོང་བུས་ནམ་ཚོད༽ཀྱི་དཔེ་ལས། ངས་ནི་ལེགས་སྦྱར་མི་ཤེས་ཞེས་ལན་བརྒྱར་ཞུས་ཡོད། ལེགས་སྦྱར་སྦྱངས་མྱོང་མེད་པ་ཞིག་གིས་འདི་ཙམ་ཞིག་གླེང་རྒྱུ་བྱུང་བ་ཡང་ཨའུ་ཙི་མ་རེད་བས། ཕྱེད་ཀ་ཀུ་རེ་ཡིན།
ལན༽
༡༽ ཨརྫུ་ན། དེ་ནི་ཆད་སྐྱོན་རེད། ངའི་མ་དཔེར་ཨརྫུ་ན་ཞེས་ཡོད།
༢༽ पाण्डव་ལ་པཱཎྜཝ་ཞེས་ཚེག་བྲིས་པ་ནི་ལེགས་སྦྱར་ལ་མེད་ཀྱང་། བོད་ཀྱིས་ལོ་ཙཱ་བ་རྣམས་ཀྱིས་དེ་ལྟར་བྲིས་ཤིང་། དེ་འབྲི་ཀློག་བདེ་བའི་ཕྱིར་བོད་པས་གསར་གཏོད་ལྟ་བུ་ཞིག་རེད། དེའི་རྗེས་སུ་འབྲངས་པ་ཡིན།
༣༽ दुर्योधन་ལ་“དུརྱཱོདྷན”ལ་འ་ཡིག་གི་སྨད་འདོགས་མི་འདུག་གསུངས་པ་ནི། ཀློག་ཀླད་ཀྱི་ཁྱད་པར་བྱུང་བ་འདྲ། ཀུ་ཤུའི་རྟགས་ཅན་གྱི་ཀློག་ཀླད་ཡིན་ན་མཐོང་གི་འདུག པི་སི་ལ་གསལ་གྱི་མེད་པ་འདྲ།
༤༽ नकुल“ནཀུལ”ལ་རིགས་མེད་དང་ནེའུ་ལེ་ཞེས་བསྒྱུར་བ་ནི་ཐད་འགྱུར་དང་དོན་འགྱུར་གྱི་ཁྱད་པར་ཙམ་ལས། གཉིས་ཀ་འཐད་པ་ཡིན། རྒྱུ་མཚན་ནི། ན་ཀུ་ལ་ནི། ནེའུ་ལེའི་མིང་དུ་ཡོངས་སུ་གྲགས་ཤིང་། གནའ་དེང་ཚིག་མཛོད་རྣམས་སུའང་ཤིན་ཏུ་གསལ་པོ་ཡོད་རེད་ལགས། སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་དང་། Apteཚིག་མཛོད་རྣམས་སུའང་དེ་རང་འདུག

གལ་ཏེ་ངས་ནོར་ཡོད་ན་“ཀཱཽརཝ”ལ་འ་ཡིག་གི་སྨད་འདོགས་བཏགས་པ་དེ་རེད། འོན་ཀྱང་ངོས་ནས་འ་ཡིག་བཏགས་པའི་རྒྱུ་མཚན་ནི་ कौरव ལ་ཨ་ཡིག་མཚོན་པའི་ཤད་“ा”ཅིག་འདུག་པ་དེ་ལ་བསམས་ནས་འ་ཡིག་བཏགས་པ་ཡིན། དེ་དེ་ལྟར་ཡིན་མིན་གསལ་བཤད་གནང་རོགས།
“མཧཱ་བྷ་ར་ཏ”ཡང་“མཧཱ་བྷཱ་ར་ཏ”ཞེས་བཅོས་རོགས། སྨད་འདོགས་ཀྱི་འ་ཡིག་ཅིག་ཆད་འདུག

མཧཱ་བྷཱརཏའི་གཏམ་རྒྱུད་འདི་ནི་རྒྱ་གར་བ་རྣམས་ལ་གྲགས་ཤིང་གྲུབ་པའི་ལོ་རྒྱུས་ཤིག་དང་། ས་ཆ་སོགས་ཀྱི་དཔང་རྟགས་ཀྱང་མང་པོ་སྟོན་ཡ་ཡོད་སྐད་འདུག འོན་ཀྱང་གཏམ་རྒྱུད་འདི་རྫུན་པ་ཡིན་པའི་ཕྱོགས་ལ་ནི་སྒྲུབ་བྱེད་ཉུང་ཉུང་རེད་བསམ་གྱི་འདུག ཧ་ལམ་ང་ཡིད་ཆེས་ཀྱི་མི་འདུག་ཟེར་བ་དེ་ཙམ་མོ། །དེ་འདྲ་ཟེར་མཁན་རེ་ཟུང་ཡོད་རེད། དེ་ཚོ་ཕྱི་རྒྱལ་མགོ་སེར་བ་དེ་ཚོ་རེད། ཁོ་ཚོ་ཡུལ་དེར་ས་སྐྱེས་རྡོ་སྐྱེས་ཚོ་ལས་ཀྱང་རྒྱུས་ཡོད་ཆེ་བའི་ལྟ་བུའི་མངོན་པའི་ང་རྒྱལ་ཧ་ཅང་ཆེ་དྲགས་པ་དང་། ཧམ་པ་ཆེས་པའི་སྐྱོན་རེད་སྙམ།

ངེད་ནས་བསྒྱུར་མ་ཐུབ་པའི་གཤམ་གྱི་ཚིག་དེ་དག་ཅིག་བསྒྱུར་རོགས་ཞེས་སྐུལ་མ་ཞུའོ། །

༡༽“དྷྀཏ་རཱཥྚྲ”धृतराष्ट्र dhritarāshtra
༢༽ “གཱཾ་དྷཱ་རཱི” गांधारी, Gāndhārī 
༣༽ “ཀུཾ་ཏཱི” कुंती, Kunti
༤༽ “དུཿཤཱ་སན”दुःशासन; Duḥśāsana
༥༽ ཚེ་དང་ལྡན་པ། “ཨ་ཡུས་མཱ་ན”རེད་དམ། ཚེ་དང་ལྡན་པའི་དོན་གང་ཡིན་ནམ།


ཟླ་བ་གཞོན་ནུས།

སྒོམ་སྡེ་ལགས།
ལེགས་སྦྱར་སྦྱང་མྱོང་མེད་པ་ཞིག་གིས་འདི་ཙམ་གླེང་རྒྱུ་བྱུང་བ་དངོས་གནས་རྗེས་སུ་ཡི་རང་ཞུ་ཡུལ་རེད།
འདི་ཙམ་ཤེས་པའང་སྦྱངས་ནས་ཤེས་པ་མ་རེད་དམ། ཨ་ལ་གཤང་བ་བྱས་ཡིན
དུརྱོདྷན་དང་འོག་གི་ཀཽརཝ་གཉིས་ཀར་འ་ཡིག་སྨད་འདོགས་འདོགས་དགོས་དོན་ཡོད་པ་མ་རེད། བདག་གིས་ཀྱང་ཁྱེད་རང་གིས་རྟགསा་འདི་ལ་གཟིགས་ནས་འཁྲུགས་པ་རེད་འདོད་སོང་། རྟགས་དེ་ोཨོ་དང་ौཨཽའི་རྟགས་ཡིན་པ་ལས་གཞནा་ཨའི་རྟགས་མཚོན་གྱིན་ཡོད་པ་མ་རེད། ोདང་ ौདང་ ा སོགས་རིམ་པ་བཞིན་ཨོ་དང་ཨཽ། ཨ་བཅས་ཡིན་ལ། ཁྱེད་རང་དེ་ལྟར་འཁྲུགས་དོན་ནི་ཨོ་དང་ཨོཽ་གཉིས་ཀྱི་མཚོན་རྟགས་ोདངौའདི་གཉིས་ཡིན་པ་མ་མཁྱེན་པས་རེད་འདོད།
༡༽धृतराष्ट्र དྷྲྀཏརཱཥྚྲ
༢༽गांधारी, གཱཾདྷཱརཱི།
༣༽ कुंतीཀུཾཏཱིའམ་ཡང་ན་ཀུནྟཱི་ཞེས་འབྲི།
༤༽ दुःशासनདུཿཤཱསན
༥༽अयुष्मान्ཨཡུཥྨ྄ན྄་ཡིན་པ་ཡོད། ཚེ་དང་ལྡན་པར་གྱུར་ཅིག་ཅེས་པའི་དོན་ནི་ང་རང་གི་གོ་ཚུལ་ལྟར་ན་ཚེ་དང་ལྡན་པའམ་ཚེ་དང་བཅས་པ་སྟེ། ཚེ་རིང་བར་གྱུར་ཅིག་ཅེས་དྲང་སྲོང་ལ་སོགས་པས་རང་གི་སློབ་མ་སོགས་ལ་བྱིན་རླབས་འཇུག་དུས་འདི་ལྟར་འབོད་ཅིང་། དེས་ཚེ་དང་ལྡན་པར་གྱུར་ཅིག་ཅེས་འབོད་པ་དེས་ང་ཚོས་ཚེ་རིང་བར་ཤོག་དང་ཚེ་རིང་ལོ་བརྒྱ་ཞེས་ཁ་གཡང་འབོད་པ་དེ་དང་ཡང་འདྲ་བར་སྣང་།
ཡང་ན་རྒྱ་ནག་གིས་གོང་མ་སོགས་ལ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག་ཟེར་བ་སོགས་པ་དོན་ལ་འདྲ་བར་བདག་འདོད་དོ༎
སྐབས་འདིའི་ཨཡུ་ནི་ལོ་ལ་གོ་མོད། ཚེ་རུ་བསྒྱུར་འདུག


ལྷ་རམས་པ་ལགས།
ལེགས་སྦྱར་ལ་ཐུགས་སྣང་དེ་ལྟ་བུ་ཡོད་ན། དངོས་སུ་ལེགས་སྦྱར་མཁས་པ་རེ་བསྟེན་ན་མི་བཟང་ངམ།
དེ་ལྟར་གནང་ན་འདི་ལས་ཀྱང་ཕན་ཐོགས་བླ་ལྷག་ཏུ་འབྱུང་བ་ནི་གདོན་མི་ཟའོ༎
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་༼ལེགས་སྦྱར་མཛོད༽་ཅེས་པ་དེའང་རིན་ཐང་ཅན་ཞིག་རེད་འདུག་ཀྱང་། དེའི་རིན་ཐང་རྟོགས་མཁན་ཡང་ག་ཚོད་ཅིག་ཡོད་དམ། དེ་ཡང་ཡིག་རྙིང་དག་གི་ཁྲོད་ན་རུལ་གྲབས་འདུག
རྗེས་མ་འདི་དག་ལའང་དོ་སྣང་རེ་བྱ་ཐུབ་ན་འདོད་ཡོད། ང་རང་གིས་ཀྱང་ད་ལྟ་བར་དུ་ལེགས་སྦྱར་དོ་སྣང་བྱེད་ཀྱིན་ཡོད་པ་ལས་ཆེད་སྦྱོང་བྱེད་ཀྱིན་མེད།


ཉེས་པར་བཤད་པ་ཅི་ཞིག་ཡོད་ཀྱང་སྦ་གསང་མེད་པར་གསུང་རོགས་ཞུ།


སྒོམ་སྡེ་ལྷ་རམས་པས།

ཟླ་བ་གཞོན་ནུ་ལགས།
བློ་སྐྱེད་གནང་བར་བཀའ་དྲིན་ཆེ།
ཕན་ཐོགས་ཡག་པོ་བྱུང་།

ནམ་རྒྱུན་ཁོ་བོའི་ལྟ་བར་རྒྱུ་མཚན་ལྡན་པའི་སྒོ་ནས་རང་ལ་སྐྱོན་བརྗོད་བྱེད་མཁན་དེ་ཧ་ཅང་རྩ་བ་ཆེན་པོ་རེད་བསམ་གྱི་ཡོད། སྐྱོན་བརྗོད་མེད་ན་ཡར་རྒྱས་འགྲོ་ཐབས་གཏན་ནས་མེད། དེར་བརྟེན་དངོས་ཡོད་གནས་ཚུལ་ལ་རང་ལ་བསྟོད་པ་བྱེད་མཁན་ལས་ཀྱང་། སྐྱོན་བརྗོད་བྱེད་མཁན་དེ་རྩ་བ་ཆེ་བ་རེད།

སྤྱིར་བཏང་རང་རེ་བོད་པ་ཚོར་གོམས་གཤིས་ངན་པ་ཅིག་ཡོད་རེད། དེ་ནི་སྐྱོན་བརྗོད་བྱེད་མཁན་ལ་དགྲ་ལྟར་བརྩི་བ་དེ་རེད། སྐྱོན་བརྗོད་བྱེད་མཁན་ལ་གྲི་དང་གདུང་ཁྱེར་ནས་མ་ཡོང་ཙམ་བྱེད་ཀྱི་རེད། དེ་ལྟར་བྱས་ན་ཡར་རྒྱས་ཇི་ལྟར་འགྲོ། དེ་ནི་ཐབས་སྐྱོ་པོ་དང་། རྗེས་ལུས་ཀྱི་བསམ་བློ་ཞིག་རེད། སྐྱོན་བརྗོད་མི་འདོད་མཁན་དེ་ཚོ་ནི། ང་ཚོར་ཡར་རྒྱས་མི་དགོས་ཟེར་བ་དང་གཅིག་མཚུངས་རེད།

ཡང་རྒྱུ་མཚན་མེད་པའི་སྤྱི་ཚོགས་འཁྲུག་རྐྱེན་ཡོང་བའི་སྐྱོན་བརྗོད་ནི་རང་གཞན་གྱི་སེམས་ཀྱི་ཞི་བདེ་དང་དགེ་རྩའི་བླ་སྲོག་འཕྲོག་པའི་འགོ་ནད་གདུག་པ་ཅན་ཞིག་དང་འདྲ་བས། རིངས་པར་གད་སྣོད་ནང་བསྐྱུར་བར་བྱའོ། །

༢༠༡༠/༠༥/༠༨ ཉིན་ནས་༢༠༡༠/༠༥/༡༢ ཉིན་བར།