-->
Showing posts with label འོས་སྦྱོར། ལོ་རྒྱུས།. Show all posts
Showing posts with label འོས་སྦྱོར། ལོ་རྒྱུས།. Show all posts

Jan 20, 2021

ལོ་རྒྱུས་རིག་པའི་སྤྱི་དོན་གྱི་ནང་དོན་མདོར་བསྟན།

 


 

ལོ་རྒྱུས་རིག་པའི་སྤྱི་དོན་གྱི་ནང་དོན་མདོར་བསྟན།

 


 

སྐབས་དང་བོ། ལོ་རྒྱུས་རིག་པ་བ་དང་ལོ་རྒྱུས་རིག་པ་བའི་དོན་དངོས།

༡ ལོ་རྒྱུས་ཀྱི་ངོ་བོ།

ཉེ་དུས་ཀྱི་ལོ་རྒྱུས་རིག་པ་བ་རྣམས་ཀྱིས་རང་ཉིད་ཀྱི་ལས་ཀ་དེ་ཡང་མཚམས་མི་ཆད་པར་ཐོད་བརྒལ་འབྱུང་ཐུབ་པའི་རེ་བ་བཟུང་ཡོད་ཅིང་། ཁོང་རྣམས་ཀྱིས་དུས་རབས་རེ་རེ་བཞིན་བརྒྱུད་དེ་བྱུང་བའི་གནའ་རབས་ཀྱི་ཤེས་ཡོན་དག་ལ་ཡང་རང་ཉིད་ཀྱིས་བཟོ་བཅོས་བྱས་ཡོད་སྟབས། ཞིབ་ཅིང་ཚགས་པའི་ལོ་རྒྱུས་རྒྱུ་ཆ་ཞིག་ལ་བསྒྱུར་བཅོས་དང་ལྷད་མ་ཞུགས་པར་ཕྱི་མོ་ལྟར་དུ་གནས་པ་ཞིག་དང་། མི་སྒེར་གྱི་དགའ་སྐྱོ་ཆགས་སྡང་སོགས་དང་མ་འབྲེལ་བ་ཞིག་གཏན་ནས་མེད་པས། དེ་འབྲེལ་གྱི་གསལ་བཤད་གང་བྱས་ཐམས་ཅད་ཀྱང་མཐའ་མེད་དུ་འདོད་པ་ཡིན། ཁ་ཅིག་གིས་ལོ་རྒྱུས་ཀྱི་དཔྱད་བརྗོད་ཐམས་ཅད་ཀྱང་མི་དང་ལྟ་ཚུལ་མི་འདྲ་བ་དུ་མར་རག་ལས་ཡོད་པར་མ་ཟད། མི་དང་མིའི་འདོད་ཚུལ་ལ་ཡང་གནམ་སའི་ཁྱད་པར་ཡོད་པས། ཕྱི་རོལ་ཡུལ་དུ་གྲུབ་པའི་ལོ་རྒྱུས་ཀྱི་དོན་དངོས་ཟེར་བ་ཞིག་གཞི་མ་གྲུབ་པར་འདོད་པ་ཡང་ཡོད། ང་ཚོས་ལོ་རྒྱུས་ནི་ཅི་ཞིག་ཡིན་ནམ་ཞེས་པའི་དྲི་བར་ལན་འདེབས་པའི་སྐབས་སུ། ང་ཚོའི་དྲིས་ལན་གྱིས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་ང་ཚོ་གང་ལ་གཏོགས་པའི་དུས་རབས་སུ་རང་ཉིད་ཀྱིས་གནས་ཚོད་ག་འདྲ་ཞིག་བཟུང་ཡོད་པ་མཚོན་བཞིན་ཡོད་ཅིང་། དེ་ལ་བརྟེན་ནས་གཞི་རྒྱ་ཆེ་བའི་གནད་དོན་ཆེན་པོ་ཞིག་གི་ཕྱོགས་ཆ་རེ་འགྲུབ་བཞིན་ཡང་ཡོད། 

ལོ་རྒྱུས་ནི་ཅི་ཞིག་ཡིན་ནམ་ཞེས་པའི་དྲི་བར་གྷི་ལུ་དབྱིན་ལགས་ཀྱིས་དོན་དངོས་ཡིན་ཞེས་གསུངས་ཡོད་ཅིང་། དུས་རབས་བཅུ་དགུ་བའི་ལོ་རྒྱུས་རིག་པ་བ་ཕལ་མོ་ཆེས་གྷི་ལུ་དབྱིན་ལགས་ཀྱི་ལྟ་དགོངས་ལ་མོས་མཐུན་གནང་ཡོད། དུས་རབས་བཅུ་དགུ་བའི་ལོ་རབས་སུམ་ཅུའི་ནང་དུ་ལན་ཁུ་ལགས་ཀྱིས་ལོ་རྒྱུས་ནི་གཞུང་ལུགས་སྟོང་བཤད་དུ་འདོད་པའི་ལྟ་དགོངས་ལ་དགག་བཞག་གནང་བའི་སྐབས་སུ། ཁོང་གིས་ལོ་རྒྱུས་རིག་པ་བའི་འགན་ཁུར་ཉག་གཅིག་ནི་དོན་དངོས་ཇི་བཞིན་ལོ་རྒྱུས་ལ་གསལ་བཤད་གནང་རྒྱུ་དེ་ཡིན་ཞེས་གསུངས་མྱོང་ཞིང་། འཇར་མན་དང་དབྱིན་ཇི།  ཧྥ་རན་སིའི་ལོ་རྒྱུས་རིག་པ་བ་རྣམས་ཀྱིས་ཀྱང་དོན་དངོས་ཅི་བཞིན་ལོ་རྒྱུས་ལ་གསལ་བཤད་བྱེད་དགོས་ཞེས་ངག་ནས་མ་ཎི་འདོན་པ་ཇི་བཞིན་བཟླས་མྱོང་ཞིང་། དེ་ལྟར་བྱེད་དོན་ཡང་ཁེར་ཚུགས་སུ་ལོ་རྒྱུས་ཀྱི་དོན་དངོས་སོགས་ལ་བསམ་གཞིག་བྱེད་པའི་ཁུར་བོ་སེལ་བའི་ཆེད་དུ་རེད། དུས་ཕྱིས་དངོས་དཔང་རིང་ལུགས་པས་ལོ་རྒྱུས་ནི་ཚན་རིག་ཅིག་ཡིན་ཞེས་བསྒྲགས་ཤིང་། གང་དེར་ཤུགས་རྐྱེན་ཡང་ཆེན་པོ་དང་ལྡན་པར་གྱུར་ཡོད། དངོས་དཔང་རིང་ལུགས་པ་རྣམས་ཀྱིས་ནི་ཐོག་མར་དོན་དངོས་གཏན་ཁེལ་བྱེད་དགོས་ཤིང་། དེའི་རྗེས་སུ་དོན་དངོས་ལས་རང་ཉིད་ཀྱི་བསྡོམས་ཚིག་རྙེད་དགོས་ཞེས་བཞེད། བཞེད་པ་འདི་ནི་དབྱིན་ཇིའི་ཉམས་མྱོང་རིང་ལུགས་པའི་སྲོལ་རྒྱུན་རིག་གནས་དང་འཚམས་པར་མ་ཟད། སྲོལ་རྒྱུན་འདི་ནི་ལོ་ཁུ་ནས་རུ་སོ་བར་གྱི་དབྱིན་ཇིའི་མཚན་ཉིད་རིག་པའི་བཞེད་པ་གཙོ་བོ་ཞིག་ཆགས་ཡོད། 

དེ་ཡང་ཐོག་མར་ལོ་རྒྱུས་རིག་པ་བས་དོན་དངོས་བསྡུ་སྒྲིག་བྱེད་པ་དང་། དེ་ནས་དོན་དངོས་དེ་དག་ལ་རྒྱུས་ཡོད་པར་བྱེད་པ་དང་། དེ་ནས་ལོ་རྒྱུས་རིག་པ་བ་རང་ཉིད་ཀྱི་དགའ་ཕྱོགས་ཀྱི་བྱེད་ཐབས་གཞིར་བཟུང་ནས་ལས་སྣོན་དང་། ལོ་རྒྱུས་རྩོམ་འབྲི་བྱེད་དགོས་པ་བཅས་སོ།། 

ཨ་ཁི་ཊོན་ལགས་ཀྱིས་ལོ་རྒྱུས་ནི་དངོས་ཡོད་བདེན་འཚོལ་ཡིན་དགོས་པར་འདོད་ཅིང་། ཁོང་གིས་ཁམ་ཟམ་ཉེ་རབས་ལོ་རྒྱུས་ཞེས་པའི་རྩོམ་སྒྲིག་པར་གནང་བའི་འཕྲིན་ཡིག་ལས། ང་ཚོས་སྙུག་རྩེ་ལས་བྱུང་བའི་ལོ་རྒྱུས་བརྩམས་ཆོས་དག་གིས་ཧྥ་རན་སི་དང་དབྱིན་ཇིའི་མི་དམངས་ཀྱི་ཡིད་ཚིམ་པར་བྱེད་དགོས་པར་མ་ཟད། ཧྭི་ལན་གྱི་མི་དམངས་ཀྱི་ཡིད་ཀྱང་ཚིམ་པར་བྱེད་དགོས། གལ་ཏེ་རྩོམ་པ་བོའི་མིང་དངོས་སུ་མི་འགོད་པའི་དབང་དུ་བཏང་ན། མི་སུས་ཀྱང་ནེའུ་ཅིན་ཆོས་དཔོན་གྱིས་གང་ཞིག་ནས་སྙུག་མཚམས་བཞག་ཡོད་པ་མི་ཤེས་པ་ཞིག་ཡོང་དགོས་ཞེས་གསུངས་ཡོད། 

༢ ལོ་རྒྱུས་ཀྱི་དོན་དངོས།

གོང་དུ་ལོ་རྒྱུས་ཀྱི་དོན་དངོས་ཞེས་མང་དུ་གླེང་སྟབས། སྐབས་འདིར་ཡང་སྙིང་གང་ཞིག་ལ་ལོ་རྒྱུས་ཀྱི་དོན་དངོས་ཞེས་འབོད་པར་གོ་བ་ཞིག་ལེན་དགོས་ཀྱི་ཡོད། དེ་ཡང་ཁེ་སན་གྱིས་ལུའུ་བྷེ་ཧོང་གཙང་བོ་བརྒལ་བའི་དོན་དངོས་དང་ཁང་བའི་དཀྱིལ་དུ་མདུན་ཅོག་ཅིག་ཡོད་པའི་དོན་དངོས་གཉིས་ནི་རིགས་མཐུན་པའི་དོན་དངོས་གཉིས་ཡིན་ཞིང་། དེ་ཡང་བསྡུར་བ་བྱེད་ཆོག་པའི་རིགས་ཤིག་རེད་ཅེས་བཤད་ན་ཡང་མི་འགྲིག་པ་མེད། དོན་དངོས་འདི་གཉིས་ནི་རིགས་མཚུངས་པའི་རྣམ་པའམ་བསྡུར་བ་བྱེད་ཆོག་པའི་རྣམ་པའི་ངོས་ནས་ང་ཚོའི་འདུ་ཤེས་ཀྱི་སྣང་ངོར་འཆར་བར་བྱེད་ཅིང་། དེ་ཡང་དོན་དངོས་འདི་གཉིས་ལ་མཚོན་ནས་བཤད་ན་དེ་གཉིས་ལ་ཡང་ཕྱི་རོལ་ཡུལ་དུ་གྲུབ་པའི་ཁྱད་ཆོས་ཤིག་ནི་འདྲ་མཚུངས་སུ་ཡོད། སྐབས་འདིར་ང་ཚོ་ཡང་གནད་དོན་འདི་འདྲ་ཞིག་དང་འཕྲད་ཡོང་སྟེ། སྔར་འདས་ཀྱི་དོན་དངོས་ཡོད་ཚད་ལོ་རྒྱུས་ཀྱི་དོན་དངོས་ཡིན་པའི་ངེས་པ་མེད་ཅིང་། སྔར་འདས་ཀྱི་དོན་དངོས་ཡོད་ཚད་ཀྱང་ལོ་རྒྱུས་རིག་པ་བ་རྣམས་ཀྱིས་ལོ་རྒྱུས་ཀྱི་དོན་དངོས་སུ་ངོས་བཟུང་ནས་བརྡར་ཤ་བཅད་མེད་པས། དོན་དམ་དུ་ལོ་རྒྱུས་ཀྱི་དོན་དངོས་དང་དོན་དངོས་གཞན་དག་གི་ཁྱད་པར་འབྱེད་བྱེད་ཀྱི་ཚད་གཞི་ནི་ཅི་ཞིག་ཡིན་ནམ་ཞེས་པ་འདི་ཙམ་ཡིན།

སྤྱིར་དོན་དངོས་ལ་ཡང་རྩ་བའི་རང་བཞིན་གྱི་དོན་དངོས་རེ་ཡོད་ཅིང་། དེ་དག་ནི་ལོ་རྒྱུས་རིག་པ་བ་ཐམས་ཅད་ཀྱིས་གཅིག་མཐུན་དུ་ཁས་ལེན་པའི་རིགས་ཡིན་པར་མ་ཟད། རྩ་བའི་དོན་དངོས་དེ་དག་གིས་ལོ་རྒྱུས་ཀྱི་རྩ་བའི་སྒྲོམ་གཞི་གྲུབ་པར་བྱས་ཡོད། དེ་ཡང་དཔེར་ན། ཧེ་སུ་ཡན་དམག་འཁྲུག་ནི་སྤྱི་ལོ་༡༠༦༦ལོར་བྱུང་བ་ལས་སྤྱི་ལོ་༡༠༦༧ལོར་བྱུང་བ་མིན་པའི་དོན་དངོས་ཀྱི་རིགས་ལྟ་བུ་དང་། སོ་ཁི་རེ་ཋ་ལགས་ནི་གནའ་བོའི་གྷི་རི་སི་ནས་འཁྲུངས་པ་ལས་གནའ་བོའི་རྒྱ་གར་ནས་འཁྲུངས་པ་མིན་པའི་རིགས་ལྟ་བུའོ།། ལོ་རྒྱུས་རིག་པ་བ་རྣམས་ཀྱིས་དོན་འདི་རིགས་ལ་བརྟག་ཅིང་དཔྱད་པའི་སྐབས་སུ་ཡིག་ཚང་རིག་པ་དང་། གནའ་རྫས་རིག་པ་སོགས་ལ་ཡང་བརྟེན་ཆོག་གི་ཡོད། དོན་འདི་ཙམ་གྱི་ཐད་ནས་ནི་ལོ་རྒྱུས་རིག་པ་བ་ཐམས་ཅད་ཀྱང་སྔོན་གྱི་མཁས་པའི་དབང་བོ་རྣམས་ཀྱིས་གཏན་ལ་ཕབ་ཟིན་པའི་གནད་ཀྱི་རྗེས་སུ་འབྲང་ན་ཤིན་ཏུ་ལེགས།

སྔོན་གྱི་བཤད་སྲོལ་དུ་དོན་དངོས་རང་ལ་ཁ་གྲག་ཏུ་ཆུགས་ཞེས་བཤད། དེ་ཡང་འདི་ལ་ནི་ནོར་བ་རེ་འགའ་ཡང་ཡོད་དེ། ལོ་རྒྱུས་རིག་པ་བ་རྣམས་ལ་དོན་དངོས་ཀྱི་ཁ་གྲགས་པར་མཁོ་བའི་སྐབས་སུ་དོན་དངོས་ཀྱིས་ད་གཟོད་ཁ་གྲགས་སྲིད་ཅིང་། དོན་དངོས་གང་དག་ལ་ཁ་གྲགས་པར་འཇུག་པ་དང་། སྒྲིག་སྲོལ་གང་ཞིག་དང་རྒྱབ་ལྗོངས་གང་ཞིག་གཞིར་བཟུང་ནས་ཁ་གྲག་ཏུ་འཇུག་པ་ཡང་། ཡོད་ཚད་ལོ་རྒྱུས་རིག་པ་བ་རང་ཉིད་ཀྱིས་ཐག་གཅོད་བཞིན་ཡོད། 

ང་ཚོ་སྤྱི་ལོ་༡༠༦༦ལོར་བྱུང་བའི་ཧུའུ་སུ་ཡན་སུ་དམག་འཁྲུག་ལ་སྤྲོ་བ་ཡོད་པའི་རྒྱུ་རྐྱེན་ནི་ལོ་རྒྱུས་རིག་པ་བ་རྣམས་ཀྱིས་དེ་ཉིད་དོན་དག་གལ་ཆེ་བའི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཏུ་བརྩིས་པ་ལས་གཞན་དུ་མ་འདས། དཔེར་ན། ཁེ་སན་གྱིས་ལུའུ་བྷེ་ཧོང་གཙང་བོ་བརྒལ་བའི་དོན་དངོས་ནི་ལོ་རྒྱུས་རིག་པ་བ་རྣམས་ཀྱིས་ལོ་རྒྱུས་ཀྱི་དོན་དངོས་གལ་ཆེན་ཞིག་ཏུ་བརྩིས་ནས་གདམས་བཀོད་བྱུང་བ་ལས། གང་དེའི་སྔ་རྗེས་སུ་མི་གྲངས་ཀྱིས་མི་ཆོད་པ་ཞིག་གིས་ཀྱང་གཙང་བོ་དེ་ཉིད་བརྒལ་ཡོད། འོན་ཀྱང་། དེ་དག་ནི་ལོ་རྒྱུས་ཀྱི་དོན་དངོས་ཤིག་མི་ཆགས་དོན་ལོ་རྒྱུས་རིག་པ་བ་རྣམས་ཀྱིས་སྣང་མེད་དུ་བཞག་པས་རེད། དེ་ཡང་ཡིན་ཏེ། ཚན་རིག་ནི་ཤེས་རབ་གཙོ་བོར་བྱས་ནས་དོན་དངོས་ལ་སྙིགས་དོར་བཅུད་ལེན་བྱས་པའི་ཕུང་བོ་ཞིག་ཡིན་ཞེས་གསུངས་པ་ནང་བཞིན། ལོ་རྒྱུས་ཀྱང་དེ་ལས་མ་འདས་པས། འདས་ཟིན་པའི་དོན་དངོས་ཡོད་ཚད་ལོ་རྒྱུས་ཀྱི་དོན་དངོས་སུ་འདོད་ན་ནི་མཐའ་གཅིག་ཏུ་ནོར་འཁྲུལ་ཡིན་ནོ།།

༣ དོན་དངོས་གང་ཞིག་ལོ་རྒྱུས་ཀྱི་དོན་དངོས་སུ་འགྱུར་བའི་གོ་རིམ།

སྤྱི་ལོ་༡༨༥༠ལོར་སུ་ཐ་ལུའུ་པུའུ་ལེ་ཅིའི་སྒེར་ཚོང་ཁང་ཆུང་ཆུང་གང་དེར་འཕྲོག་བཅོམ་བྱུང་ཞིང་། མཇུག་མཐར་མི་ཚོགས་གདུག་རྩུབ་ཅན་སྐོར་ཞིག་གིས་ཁོང་རྡུང་རྡེག་བྱས་ནས་བསད། འདི་ནི་ལོ་རྒྱུས་ཀྱི་དོན་དངོས་ཤིག་རེད་དམ་ཞེ་ན། ལོ་གཅིག་གི་གོང་རོལ་དུ་ངས་མ་རེད་ཅེས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ལན་འདེབས་ངེས། འོན་ཀྱང་། ལོ་གཅིག་གི་གོང་རོལ་ཏུ་འབུམ་རམས་པ་ལྗིན་ཐུ་ལེན་ཁུ་ལ་ཁུ་ལགས་ཀྱིས་ཨོཁྶ་ཕོར་ཌ་གཙུག་ལག་སློབ་ཆེན་དུ་འཆད་ཁྲིད་གནང་བའི་སྐབས་སུ། ཁོང་གིས་དོན་རྐྱེན་འདི་གླེང་མྱོང་། འདི་ཙམ་གྱིས་དོན་རྐྱེན་འདི་ལོ་རྒྱུས་ཀྱི་དོན་དངོས་སུ་གྱུར་བ་རེད་དམ་ཞེ་ན། དེ་ཡང་མ་ཡིན་ནོ།། དེ་ནི་མི་ཞིག་གིས་ལོ་རྒྱུས་ཀྱི་སྟེགས་བུར་དོན་དངོས་གང་དེ་མཚམས་སྦྱོར་བྱས་པ་ཙམ་ལས་མ་འདས་སྙམ། དེ་ཡང་ང་ཚོས་གཅིག་བྱས་ན་ལོ་རེ་འགའི་རྗེས་སུ་དོན་རྐྱེན་འདི་དུས་རབས་བཅུ་དགུ་བའི་དབྱིན་ཇི་དང་འབྲེལ་བ་ཡོད་པའི་ཡིག་རིགས་དང་གསུང་རྩོམ་རེ་འགའི་མཆན་དུ་བཏབས་ཡོད་པ་མཐོང་སྲིད་ཅིང་། དེའི་རྗེས་སུ་ཡིག་རིགས་དང་གསུང་རྩོམ་དག་གི་རྩོམ་གྱི་སྤྱི་ཁོག་ཏུ་བྱུང་བ་ཡང་མཐོང་སྲིད། དེ་ལྟར་ན་དེའི་རྗེས་ཀྱི་ལོ་ཉི་ཤུའམ་སུམ་ཅུ་ལྷག་འདས་པའི་དུས་སུ་དོན་རྐྱེན་འདི་ནི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཏུ་འགྱུར་བར་གདོན་མི་ཟའོ།། 

དེ་ཡང་ཟུར་གཞན་ཞིག་ནས་བསམ་བློ་བཏང་ན། དེ་ཡང་དོན་རྐྱེན་འདི་ཡང་མི་གཅིག་གིས་དོ་སྣང་མ་བྱུང་བ་ཡིན་ན་ནི། དེ་ཡང་འདས་པའི་ལོ་རྒྱུས་ཀྱི་དོན་དངོས་མིན་པའི་རྒྱ་མཚོའི་ཀླུང་དུ་ཤུལ་མེད་དུ་སིམ་པར་གྱུར་ཡོད་པ་ཡང་གདོན་མི་ཟའོ།། 

ལོ་རྒྱུས་ཀྱི་དོན་དངོས་ཞེས་པ་ཡང་ལོ་རྒྱུས་རིག་པ་བ་རྣམས་ཀྱིས་སྙིགས་དོར་བཅུད་ལེན་བྱས་ནས་ཡོང་བ་རེད་ཅེས་བཤད་པ་ན། བར་མཚམས་འདིར་གནད་དོན་འདི་འདྲ་ཞིག་ཡོད་དེ། ད་ལྟར་གནས་པའི་ཡིག་ཚགས་རི་ལྟར་སྤུངས་པ་འདི་དག་ཀྱང་དོན་ལ་འདས་པའི་དུས་སུ་ལོ་རྒྱུས་རིག་པ་བ་དང་ཡིག་འབྲི་བ་དག་གིས་ཤེས་ཚོད་ཀྱིས་ཟིན་ཐོར་བཀོད་པའི་དོན་དངོས་ཤ་སྟག་ཡིན་ཞིང་། སྐབས་འདིར་ལོ་རྒྱུས་ཀྱི་དོན་དངོས་དང་དེ་མིན་པའི་འདས་པའི་དོན་དངོས་གཉིས་ཀྱི་དབྱེ་མཚམས་མི་སྣང་བར་གྱུར་ཡོད།  ཞིབ་འཇུག་པ་ཕོ་ཏུན་གྱིས་གནའ་རབས་དང་དུས་རབས་བར་མའི་སྐབས་ཀྱི་ཡིག་ཚང་ཕལ་མོ་ཆེ་ནི་རུལ་བ་དང་ཆད་པའི་སྐྱོན་མང་དུ་མཆིས་ཞེས་གསུངས་ཡོད། འོན་ཀྱང་། ཡིག་ཚང་དེ་དག་གི་སྐྱོན་ཆ་ཆེ་ཤོས་ནི་ཆད་པ་དང་རུལ་བའི་སྐྱོན་འདི་དག་མ་ཡིན་ཏེ། དེ་ཡང་སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བ་ཡས་མས་སུ་ཟིན་ཐོར་བཀོད་པའི་གནའ་བོའི་གྷི་རི་སིའི་ཡིག་ཚང་དག་གི་སྐྱོན་ཆ་ཆེ་ཤོས་ནི་ཆད་རུལ་གྱི་སྐྱོན་མ་ཡིན་པར་གང་དེར་ཨ་ཐན་སི་མཁར་གྲོང་གི་མི་ཉུང་ཤས་ཤིག་གི་གནས་ཚུལ་ཙམ་ལས་གཞན་དུ་མི་སྣང་བ་འདི་ཙམ་ཡིན། སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བའི་ཨ་ཧྥེན་སུ་ལ་ཨ་ཧྥེན་སུའི་སྤྱི་དམངས་ཀྱིས་ལྟ་སྟངས་ཇི་ལྟ་བུ་ཞིག་བཟུང་ཡོད་པའི་སྐོར་ང་ཚོས་ཤེས་རྟོགས་བྱུང་བ་མ་མང་ན་མི་ཉུང་། འོན་ཀྱང་། སུ་བྷ་ཏ་པ་དང་ཁུ་ལེན་སུ་པ། དྷུ་པེའུ་སུ་པའི་ནང་སེམས་སུ་ཨ་ཧྥེན་སུ་ཇི་ལྟ་བུ་ཞིག་ཡིན་པའི་སྐོར་ང་ཚོས་ཅུང་ཙམ་ཡང་མི་ཤེས། པོ་སུ་པ་དང་བྲན་གཡོག  ཨ་ཧྥེན་སུ་རུ་གནས་འཚོ་ཞིང་ཨ་ཧྥེན་སུའི་སྤྱི་དམངས་སུ་མི་གཏོགས་པའི་མི་རྣམས་ཀྱི་ནང་སེམས་སུ་ཨ་ཧྥེན་སུ་ཇི་ལྟ་བུ་ཞིག་ཡིན་པའི་སྐོར་ང་ཚོས་ཤེས་མིན་བཤད་མ་དགོས་པ་ཞིག་རེད། དེར་བརྟེན་ང་ཚོས་ཨ་ཧྥེན་སུའི་སྐོར་གྱི་ཤེས་བྱ་དག་ཀྱང་སྔ་མོ་ནས་གཏན་ཁེལ་བྱས་ཟིན་ཡོད་པ་རེད། 

དེ་བཞིན་ང་ཚོས་དེང་དུས་ཀྱིས་མི་རྣམས་ཀྱིས་བྲིས་པའི་དུས་རབས་བར་མའི་ལོ་རྒྱུས་ཀློག་པའི་སྐབས་སུ། ང་ཚོས་དུས་རབས་བར་མའི་མི་རྣམས་ནི་ཆོས་ལུགས་ལ་ཤི་འཐམ་རོ་འཐམ་བྱེད་པའི་མི་ཚོགས་ཤིག་ཡིན་པ་མཐོང་ཡོང་། འོན་ཀྱང་། ཁོ་ཚོས་དོན་འདི་ཇི་ལྟར་ཤེས་པ་ཡིན་ནམ། འདི་དོན་དངོས་ཤིག་ཡིན་ནམ་སྙམ་པའི་ཐེ་ཚོམ་ཞིག་འགོག་མེད་དུ་སྐྱེ་ཡོང་། ད་ལྟ་ང་ཚོས་མཐོང་ཐུབ་པའི་དུས་རབས་བར་མའི་ལོ་རྒྱུས་ཡོད་ཚད་ཀྱང་དོན་ལ་མི་རབས་ནས་མི་རབས་བརྒྱུད་དེ་ལོ་རྒྱུས་རྩོམ་སྒྲིག་པ་དག་གིས་ང་ཚོར་བདམས་ནས་བྱུང་བ་ཤ་སྟག་ཅིག་རེད། མི་དེ་དག་གི་ལས་སུ་བྱ་བ་ནི་རིག་པ་རྩེ་གཅིག་གིས་ཆོས་ལུགས་ཀྱི་གཞུང་ལུགས་དང་ལག་ལེན་མཐའ་འཁྱོལ་ཡོང་བར་བྱེད་པ་འདི་ཙམ་ཡིན་ཞིང་། དེ་དག་གིས་ཆོས་ལུགས་ནི་བླ་ན་མེད་པ་ཡིན་སྟབས་དེ་འབྲེལ་གྱི་དོན་བྱ་མཐའ་དག་ལས་གཞན་དག་ནི་ཡིག་ཐོག་ཏུ་འགོད་རིན་མི་འདུག་སྙམ་སྟེ་དོར་བར་མཛད་ཡོད། དེར་བརྟེན་ལོ་རྒྱུས་ཀྱི་དོན་དངོས་ཕལ་མོ་ཆེ་ཞིག་གི་བདེན་དཔང་ཡང་གཏན་དུ་མི་སྣང་བར་གྱུར་ཡོད། དེ་ཡང་དགེ་རྒན་ཆེན་མོ་པ་ལུ་ཁུ་ལ་ཧྥུ་ལགས་ཀྱིས་སྤྱིར་དོན་དངོས་རྩ་བར་བྱས་ནས་ཡོད་ཀྱང་། དེ་ཡང་ནན་གྱིས་བཤད་ན། དེ་དག་ཐམས་ཅད་ནི་དོན་དངོས་མ་ཡིན་པར་རྒྱུན་མི་ཆད་པར་བརྡར་ཤ་བཅད་ནས་ཡོང་བ་ཤ་སྟག་ཏུ་ངེས་ཞེས་གསུངས་པ་ཇི་བཞིན་ནོ།། 

༤ ལོ་རྒྱུས་མཚན་ཉིད་རིག་པ།

ལོ་རྒྱུས་ནི་ཅི་ཞིག་ཡིན་ནམ?

ལོ་རྒྱུས་མཚན་ཉིད་རིག་པ་ཞེས་པའི་ཐ་སྙད་འདི་ནི་སྤྱི་ལོ་དུས་རབས་༡༩བའི་ནང་དུ་ཧྥུའུར་ཐེ་ལགས་ཀྱིས་སྲོལ་གཏོད་གནང་བ་ཡིན་ཞིང་། དུས་ཕྱིས་མི་རྣམས་ཀྱིས་ཐ་སྙད་འདི་ལ་གོ་བ་སྣ་ཚོགས་བླངས་ཡོད། ངར་མཚོན་ནས་བཤད་ན་ལོ་རྒྱུས་མཚན་ཉིད་རིག་པ་ཞེས་པའི་ནང་དོན་གང་ཡིན་ཞེ་ན། དེ་ནི་ལོ་རྒྱུས་ནི་ཅི་ཞིག་ཡིན་ནམ་ཞེས་པའི་དྲིས་ལན་ལས་མ་འདས་སྙམ། དབྱིན་ཇིའི་ལོ་རྒྱུས་རིག་པ་བ་རྣམས་ལོ་རྒྱུས་ཀྱི་ནང་དོན་སྤྱི་བསྡོམས་བྱེད་པར་མོས་པ་དེ་འདྲ་མེད། དེ་ཡང་ཁོང་རྣམས་ལོ་རྒྱུས་ཀྱི་ནང་དོན་གཞི་གྲུབ་པར་ཡིད་མ་ཆེས་པས་མིན་པར། ལོ་རྒྱུས་ཀྱི་དོན་སྙིང་ནི་འདུས་བྱས་ཤིག་དང་། མ་བཤད་གསལ་མཐོང་ཞིག་ཏུ་འདོད་པས་རེད། 

འདས་པའི་མི་ལོ་ལྔ་བཅུའི་རིང་དུ་ལོ་རྒྱུས་ནི་ཅི་ཞིག་ཡིན་ནམ་ཞེས་པའི་གནད་དོན་གང་དེར་ཞིབ་འཇུག་མང་དུ་གནང་མྱོང་ཞིང་། དེ་ཡང་དུས་རབས་བཅུ་དགུ་བའི་ནང་དུ་རང་དབང་རིང་ལུགས་ཀྱི་གནམ་འོག་ཏུ་གྲགས་འགུལ་མང་དུ་བཟོས་མྱོང་། འཇར་མན་དུ་དུས་རབས་བཅུ་དགུ་བའི་ལོ་རབས་༨༠ནས་ལོ་རབས་༩༠བའི་བར་ཐོག་མར་ལོ་རྒྱུས་ཀྱི་དོན་དངོས་ཐག་གཅོད་པའི་བསམ་བློའི་རླབས་རྒྱུན་ཞིག་འཕྱུར་ཞིང་། དེ་ཡང་ལོ་རྒྱུས་ཀྱི་དོན་དངོས་ཐག་གཅོད་པའི་དགོངས་དོན་གང་དེར་དགག་བཞག་མང་དུ་བྱུང་། བསམ་བློ་དེ་ལ་ཡང་ཐོག་མར་དབྱིན་ཇི་ནས་ངོས་ལེན་ཐོབ་ཅིང་། དུས་རབས་ཉི་ཤུ་བའི་དུས་སྟོད་དུ་བསམ་བློ་གང་དེ་ཨི་ཋ་ལིར་ཁྱབ་པར་གྱུར། གནས་དེའི་ཁོ་ལོ་ཆི་ལགས་ཀྱིས་ལོ་རྒྱུས་མཚན་ཉིད་རིག་པའི་སྐོར་ནས་འགྲེལ་བཤད་ཞིབ་ཚགས་དང་ལྡན་པ་གནང་ཞིང་། དེ་ཡང་ཁོང་ལ་འཇར་མན་གྱི་སློབ་དཔོན་ཆེན་མོ་དག་གི་ཤུགས་རྐྱེན་ཐེབས་ཡོད་པ་ནི་གསལ་བོར་མཐོང་ཐུབ་སྟེ། ཁོ་ལོ་ཆི་ལགས་ཀྱིས་ལོ་རྒྱུས་ཡོད་ཚད་ནི་དེང་རབས་ཀྱི་ལོ་རྒྱུས་ཡིན་ཞེས་གསུངས་ཤིང་། གང་དེའི་བསྟན་དོན་ནི་ལོ་རྒྱུས་ནི་ངོ་བོའི་ཆ་ནས་དེང་དུས་ཀྱི་མིག་ཟུང་ལ་བརྟེན་ནས་འདས་ཟིན་ལ་ལྟ་བ་དང་། དེང་དུས་ཀྱི་གནད་དོན་གཞིར་བཟུང་ནས་འདས་ཟིན་ལ་ལྟ་བ་དང་། ལོ་རྒྱུས་རིག་པ་བའི་འགན་ཁུར་གཙོ་བོ་ནི་ཟིན་འགོད་མ་ཡིན་པར་དཔྱད་བརྗོད་ཡིན་ཞེས་པའོ།། 

སྤྱི་ལོ་༡༩༡༠ལོར་ཨ་རིའི་ལོ་རྒྱུས་རིག་པ་བ་ཁར་བྷེ་ཁུ་ལགས་ཀྱིས་ལོ་རྒྱུས་རིག་པ་བ་གང་ཞིག་ལ་མཚོན་ན་ཡང་། ཁོང་གིས་ལོ་རྒྱུས་ཀྱི་དོན་དངོས་གསར་གཏོད་མ་བྱས་པའི་གོང་རོལ་དུ། ལོ་རྒྱུས་ཀྱི་དོན་དངོས་ཤིག་གཞི་མ་གྲུབ་ཅེས་གསུངས། 

དགོངས་དོན་འདི་དག་ལ་ནི་སྐབས་དེར་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱས་མེད་ཅིང་། སྤྱི་ལོ་༡༩༢༠ལོའི་རྗེས་སུ་ཁོ་ལོ་ཆིའི་བསམ་བློའི་དགོངས་དོན་དེ་ཡང་དབྱིན་ཇི་དང་ཧྥ་རན་སི་ནས་གཞི་རྒྱ་ཆེན་པོར་དར་ཁྱབ་བྱུང་ཡོད། དེ་ཡང་ཁོ་ལོ་ཆིའི་བསམ་བློའི་དགོངས་དོན་དར་ཁྱབ་ཆེན་པོ་བྱུང་བའི་རྒྱུ་མཚན་ནི་འཇར་མན་གྱི་མཁས་པ་དག་ལས་ཀྱང་གཏིང་ཟབ་པ་དང་། རྩོམ་རྩལ་ཡོད་པས་མ་ཡིན་པར། སྐབས་དེར་འཛམ་གླིང་འཁྲུག་ཆེན་དང་བོ་བྱུང་བའི་དབང་གིས་དེང་དུས་ཀྱི་གནད་དོན་གཞིར་བཟུང་ནས་འདས་དོན་ལ་བརྟག་དཔྱད་གཏོང་བའི་དགོས་དབང་ཞིག་རང་བཞིན་གྱིས་ཆགས་ཡོང་བས་རེད། དེར་བརྟེན་ལོ་རྒྱུས་རིག་པ་བ་རྣམས་ཀྱིས་ལོ་རྒྱུས་ལ་མཚན་ཉིད་གང་ཞིག་བཞག་ཀྱང་། དེ་ཡང་རང་ཉིད་འཚོ་བཞུགས་གནང་བའི་སྤྱི་ཚོགས་ཀྱི་གནས་བབ་དང་ཏན་ཏན་འབྲེལ་བ་ཡོད་པ་ཞིག་རེད་སྙམ།

ཧུ་ལེན་བོའུ་ཏུ་ལགས་ཀྱི་དགོངས་པ་ནི། ལོ་རྒྱུས་མཚན་ཉིད་རིག་པ་བ་རྣམས་ཀྱི་དོ་སྣང་བྱ་བའི་ཡུལ་ནི་འདས་དོན་མ་ཡིན་ཞིང་། ལོ་རྒྱུས་རིག་པ་བས་འདས་དོན་ལ་བསམ་གཞིག་བྱས་པ་ཡང་མ་ཡིན་པར། དེ་གཉིས་དབར་གྱི་འབྲེལ་བར་གོ་དགོས་ཤིང་། ལོ་རྒྱུས་རིག་པ་བས་བརྟག་དཔྱད་བྱེད་བཞིན་པའི་འདས་དོན་ནི་འདས་ཟིན་པའི་འདས་དོན་ཙམ་ཞིག་མ་ཡིན་པར། ཚད་ངེས་ཅན་ཞིག་གི་ངོས་ནས་དངོས་ཡོད་འཚོ་བའི་ཁྲོད་དུ་མངོན་སུམ་དུ་གསོན་པའི་འདས་དོན་ཞིག་ཡིན་དགོས། དེ་ཡང་ལོ་རྒྱུས་རིག་པ་བ་རྣམས་ཀྱིས་སྔར་འདས་ཀྱི་ཁྲོད་དུ་སྦས་པའི་ཚུལ་དུ་གནས་པའི་བསམ་བློ་གང་དེར་རྒྱུས་ལོན་བྱེད་མ་ཐུབ་ན། དེ་ཡང་ཚེ་སྲོག་མེད་པ་ཞིག་དང་ལོ་རྒྱུས་རིག་པ་བ་རང་ཉིད་ལ་མཚོན་ནས་བཤད་ན་ཡང་སྙིང་བོ་ཅི་ཡང་མེད་པ་ཞིག་རེད། དེར་བརྟེན་ལོ་རྒྱུས་ཡོད་ཚད་ནི་དོན་ལ་བསམ་བློའི་ལོ་རྒྱུས་ཤིག་ཡིན་ཞིང་། དེ་བས་ལོ་རྒྱུས་ནི་འདི་ལྟ་བུའི་བསམ་བློའི་ལོ་རྒྱུས་ལ་བརྟག་དཔྱད་ཞིབ་འཇུག་ནང་བའི་ལོ་རྒྱུས་རིག་པ་བ་རྣམས་ཀྱིས་རང་ཉིད་ཀྱི་ལྟ་དགོངས་གཞིར་བཟུང་ནས་ཡང་བསྐྱར་གོ་རིམ་བསྒྲིགས་པའི་བརྒྱུད་རིམ་ཞིག་ལ་གོ་དགོས་པ་ཡིན་ཞེས་པའོ།། 

གཞན་ཡང་། ལོ་རྒྱུས་ཀྱི་དོན་དངོས་ཞེས་པ་ཡང་དོན་ལ་ཟིན་ཐོར་འགོད་མཁན་དག་གི་ནང་ཤེས་རྒྱུད་ལ་བརྟེན་ནས་བྱུང་བ་ཡིན་ཞིང་། དེ་བས་ང་ཚོས་ལོ་རྒྱུས་ཀྱི་གསུང་རྩོམ་ཞིག་ལ་ཞིབ་འཇུག་བྱེད་པའི་སྐབས་སུ་ཐོག་མར་གསུང་རྩོམ་གྱི་ནང་དོན་ལ་དབྱེ་ཞིབ་དང་བརྟག་དཔྱད་མི་གཏོང་བར། ལོ་རྒྱུས་གསུང་རྩོམ་གང་དེའི་རྩོམ་པ་བོར་ཞིབ་འཇུག་དང་རྒྱུས་ལོན་གཏིང་ཟབ་བྱེད་པ་ནི་ཤིན་ཏུ་གལ་ཆེ། དེ་ཡང་ལོ་རྒྱུས་གསུང་རྩོམ་ཞིག་གི་རིན་ཐང་རྟོགས་པར་འདོད་ན་ཐོག་མར་ལོ་རྒྱུས་རྩོམ་པ་བོ་གང་དེས་ཅི་ཞིག་བྱེད་བཞིན་ཡོད་པ་མཁྱེན་དགོས། དེ་ཡང་གསལ་བོར་བཤད་ན་ལོ་རྒྱུས་ཀྱི་དོན་དངོས་ལ་ཞིབ་འཇུག་བྱེད་པ་ལ་ཁྱོད་ཀྱིས་ངེས་པར་དུ་ཐོག་མར་ལོ་རྒྱུས་རིག་པ་བ་གང་དེར་ཞིབ་འཇུག་བྱེད་དགོས་པ་ཡིན། དེ་ཡང་གང་དེའི་བསམ་བློ་དང་ལྟ་བ་སོགས་སོ།། 

ལོ་རྒྱུས་རིག་པ་བ་རྣམས་ལ་ནི་ངེས་པར་དུ་འཆར་སྣང་གི་བསམ་བློ་ཞིག་དགོས་ཤིང་། དེ་ནི་རང་ཉིད་ཀྱིས་བརྟག་དཔྱད་བྱེད་བཞིན་པའི་མི་སྣའི་ནང་སེམས་ཀྱི་འཇིག་རྟེན་གང་དེ་ཚོད་དཔག་བྱེད་ཐུབ་དགོས་ཀྱི་ཡོད། གཞན་ཡང་། ང་ཚོས་དེང་དུས་ཀྱི་མིག་ཟུང་ལ་བརྟེན་ནས་འདས་ཟིན་ལ་རྒྱུས་ལོན་བྱེད་དགོས་ཤིང་། དེ་ཡང་སྔར་བྱུང་བའི་ལོ་རྒྱུས་རིག་པ་བ་རྣམས་ཀྱང་སྐབས་དེའི་མིའི་རིགས་ཀྱི་འཆིང་རྒྱས་བཅིངས་ཡོད་པ་བཅས་སོ།། 

སྐབས་གཉིས་པ། སྤྱི་ཚོགས་དང་མི་སྒེར།

ང་ཚོ་མའི་མངལ་ནས་སྐྱེས་པ་ནས་བཟུང་འཛམ་གླིང་གི་སྤྱི་ཚོགས་རེ་འགའ་ཞིག་གིས་ང་ཚོར་ཤུགས་རྐྱེན་ཐེབས་པའི་མགོ་བཟུང་བ་ཡིན་པར་མ་ཟད། ང་ཚོ་སྐྱེ་དངོས་ཁོ་ན་ཞིག་ནས་སྤྱི་ཚོགས་ཀྱི་བསྐྱེད་འབྲས་ཤིག་ཏུ་འགྱུར་བའི་མགོ་ཡང་བཟུང་བ་ཡིན། ལོ་རྒྱུས་ཀྱི་དུས་རིམ་རེ་རེ་དང་བྱུང་རབས་སྔོན་གྱི་མི་ཞིག་སྤྱི་ཚོགས་ཤིག་ཏུ་འབྱོར་བ་ཡིན་ན། དེ་ཡང་སྤྱི་ཚོགས་ཤིག་གིས་བསྐྲུན་ནས་ཡོང་བ་གདོན་མི་ཟ། མི་གང་དེས་བཤད་པའི་སྐད་ཆ་ཡང་རང་ཉིད་ཀྱི་རྣམ་དཔྱོད་ལ་བརྟེན་ནས་བྱུང་བ་མ་ཡིན་པར། རང་ཉིད་གང་ལ་གཏོགས་པའི་སྤྱི་ཚོགས་དེ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང་། སྐད་ཆ་དང་ཁོར་ཡུག་གིས་མི་གང་དེའི་བསམ་བློ་གཏོང་ཕྱོགས་དང་གོམ་གཤིས་སོགས་ཐག་གཅོད་པ་ཡིན་ཏེ། གང་དེའི་ཐོག་མའི་ལྟ་ཚུལ་སོགས་ཀྱང་མི་གཞན་ལ་བརྟེན་ནས་བྱུང་བ་ཡིན་པས་སོ།། སྤྱི་ཚོགས་དང་ཡལ་བར་བྲལ་བའི་རང་རྒྱལ་བ་ལྟ་བུ་ཞིག་གིས་སྐད་ཆ་བཤད་མི་ནུས་ཤིང་། བསམ་བློ་ཡང་གཏོང་མི་ཤེས་པ་ཡིན། མིའི་རིགས་རིག་པ་བ་རྣམས་ཀྱིས་གདོད་མའི་མི་རྣམས་དང་དཔལ་ཡོན་ཅན་གྱི་མི་རྣམས་བསྡུར་བ་བྱས་པ་ན། དེ་དག་ལ་མི་སྒེར་གྱི་ཁྱད་ཆོས་ཤིན་ཏུ་ཉུང་ཞིང་ཐམས་ཅད་སྤྱི་ཚོགས་ཀྱིས་བསྐྲུན་པ་ཤ་སྟག་ཏུ་འདོད། 

སྐྱེ་དངོས་རིག་པ་བ་དག་གིས་ཡུན་རིང་བོར་བཤད་པའི་མི་རིགས་དག་མཆོག་དམན་དུ་དབྱེ་བའི་ལྟ་བ་རྙིང་བ་གང་དེ་ད་ལྟ་ཤུལ་མེད་ལྟ་བུར་ཆགས་ཡོད་མོད། འོན་ཀྱང་། མི་རིགས་མི་འདྲ་བའི་སྤྱི་ཚོགས་དང་། སློབ་གསོ། རིག་གནས་སོགས་ཀྱི་དབང་གིས་མི་རིགས་རེ་རེ་ལའང་ཐུན་མིན་གྱི་ཁྱད་ཆོས་དང་གོམས་སྲོལ་ཁྱད་པར་བ་རེ་ཡོད་པ་ནི་བཟློག་ཏུ་མེད་པ་ཞིག་རེད། མི་གཤིས་ཞེས་པའི་དཔྱོད་དཀའ་བའི་འདུས་གཟུགས་འདི་ནི་རྒྱལ་ཁབ་ནས་རྒྱལ་ཁབ་བར་དང་། དུས་རབས་ནས་དུས་རབས་བར་དུ་མཚམས་མི་ཆད་པར་འགྱུར་ལྡོག་འབྱུང་བཞིན་ཡོད་ཅིང་། དེ་ཡང་ང་ཚོས་དར་རྒྱས་ཆེ་བའི་སྤྱི་ཚོགས་དང་སྤྱི་ཚོགས་ཀྱི་གོམས་སྲོལ་སྣ་ཚོགས་ཀྱི་བསྐྱེད་འབྲས་ཤིག་ཏུ་མི་འདོད་ཐབས་མེད་དུ་ཆགས་ཡོད། དཔེར་ན། ཨ་རིའི་མི་དང་། རྒྱ་གར་བ་དང་། ཨུ་རུ་སིའི་མི་དག་གི་བར་དུ་ཕྱོགས་གང་ཅིའི་ཐད་ནས་ཀྱང་རང་བཞིན་གྱིས་ཁྱད་པར་ཞིག་ཡོད་པ་ལྟ་བུའོ།། 

ཐང་དབྱིན་བྷེ་སོགས་ལོ་རྒྱུས་རིག་པའི་མཁས་དབང་འགའ་ཞིག་གིས་ནུས་ཤུགས་ཡོད་རྒུས་འཁོར་བསྐྱོད་སྨྲ་བའི་རིག་པའི་གཞུང་ལུགས་ཀྱིས་འགྲོ་བ་མིའི་རིགས་ཡོད་ཚད་ལམ་གཅིག་བརྒྱུད་ནས་འཕེལ་བཞིན་ཡོད་པའི་ལོ་རྒྱུས་ཀྱི་གཞུང་ལུགས་གང་དེའི་ཚབ་བྱེད་པར་འབད་པ་གནང་མྱོང་། འོན་ཀྱང་། ཐང་དབྱིན་བྷེས་གཙོས་པའི་དབྱིན་ཇིའི་ལོ་རྒྱུས་སྨྲ་བ་མང་དག་ཅིག་གི་ལྟ་བ་གང་དེ་གཏན་ཚིགས་ལྡན་པ་ཞིག་དང་ཚུགས་ཐུབ་པ་ཞིག་ཆགས་ཐུབ་མེད། དེ་ཡང་ལོ་རྒྱུས་སུ་མི་རིགས་སྤྱི་ལ་ཁྱབ་པའི་ཐུན་མོང་གི་ཁྱད་ཆོས་ཤིག་མེད་པས་རེད། 

གོང་དུ་བཤད་པའི་རྒྱུ་མཚན་དེ་དག་གི་དབང་གིས་སྐབས་འདིར་ང་ཚོས་ངེས་པར་དུ་མཁྱེན་དགོས་པ་གཉིས་ཡོད་པ་ལས། དང་བོ་ནི། གལ་ཏེ་ཁྱེད་ཀྱིས་ཐོག་མར་ལོ་རྒྱུས་རིག་པ་བ་གང་དེས་ལོ་རྒྱུས་ཞིབ་འཇུག་གི་ལངས་ཕྱོགས་མ་མཐོང་ན། ལོ་རྒྱུས་རིག་པ་བ་གང་དེའི་གསུང་རྩོམ་ལ་རྒྱུས་ལོན་དང་གཟིགས་དཔྱད་གནང་མི་ཐུབ་པ་དང་། གཉིས་པ་ནི་ལོ་རྒྱུས་རིག་པ་བ་གང་དེའི་ལངས་ཕྱོགས་ཀྱི་རྩ་བ་ཡང་དོན་གྱིས་སྤྱི་ཚོགས་དང་ལོ་རྒྱུས་ཤིག་གི་རྒྱབ་ལྗོངས་སུ་ཟུག་ཡོད། དེ་ཡང་ལོ་རྒྱུས་རིག་པ་བ་གང་ཉིད་ཀྱིས་ལོ་རྒྱུས་གསུང་རྩོམ་མ་བརྩམས་པའི་སྔ་རོལ་ནས་ཀྱང་ཁོང་ལོ་རྒྱུས་ཀྱི་བསྐྱེད་འབྲས་ཤིག་ཏུ་གྱུར་ཟིན་ཡོད་པས་ཡིན། 

ངས་གོང་དུ་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་གོང་རོལ་དུ་ལོ་རྒྱུས་རྩོམ་པ་བོར་ཞིབ་འཇུག་བྱེད་དགོས་ཞེས་བཤད་ཡོད་ཅིང་། སྐབས་འདིར་དོན་དེར་ཁ་གསབ་ཅིག་བྱེད་འདོད་དེ། དེ་ཡང་ལོ་རྒྱུས་རིག་པ་བར་ཞིབ་འཇུག་བྱེད་པའི་གོང་རོལ་དུ་ངེས་པར་དུ་ལོ་རྒྱུས་རིག་པ་བ་གང་དེ་འཚར་ལོངས་བྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྤྱི་ཚོགས་ཁོར་ཡུག་སོགས་ལ་ཡང་བརྟག་དཔྱད་དང་རྒྱུས་ལོན་ལེགས་པོ་ཞིག་བྱེད་དགོས་ཀྱི་ཡོད། དེ་ཡང་ལོ་རྒྱུས་རིག་པ་བ་ནི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་བསྐྱེད་འབྲས་ཤིག་ཡིན་པས་སོ།། 

སྐབས་གསུམ་པ། ལོ་རྒྱུས་ལས་བྱུང་བའི་རྒྱུ་འབྲས་ཀྱི་འབྲེལ་བ།

འོ་མ་ཟངས་ངའི་ནང་དུ་བླུགས་ནས་གདུས་པ་ན་རང་བཞིན་གྱིས་འཕྱུར་ཡོང་བ་རེད། དེའི་རྒྱུ་མཚན་གང་ཡིན་ཞེས་དྲིས་ན། ངས་དེ་ནི་འོ་མའི་ཐུན་མིན་ཁྱད་ཆོས་ཤིག་རེད་ཅེས་ལན་འདེབས་སྲིད། དྲིས་ལན་འདི་ནི་དོན་དངོས་ཤིག་རེད། འོན་ཀྱང་། གང་དེས་གསལ་བཤད་གང་ཡང་བྱེད་ཐུབ་པ་མ་རེད། དཔེ་དེ་བཞིན་དུ་འཛམ་གླིང་འཁྲུག་ཆེན་གཉིས་པ་བྱུང་བའི་རྒྱུ་མཚན་གང་ཡིན་ནམ་ཞེས་དྲིས་ན། དེ་ནི་ཧི་ཋ་ལིར་དམག་འཁྲུག་ལ་དགའ་བའི་རྐྱེན་གྱིས་རེད་ཅེས་ལན་བཏབ་ན། དྲིས་ལན་དེ་ནི་དོན་དངོས་ཤིག་ཡིན་པར་མ་ཟད་བདེན་པ་ཡང་རེད། འོན་ཀྱང་། དོན་དེས་གསལ་བཤད་གང་ཡང་བྱེད་ཐུབ་པ་མ་རེད། 

ལོ་རྒྱུས་རིག་པ་བ་ཞིག་ཡིན་པ་ནས་བཟུང་ཅིའི་ཕྱིར་ཞེས་པའི་དྲི་བ་མཐའ་མེད་པར་འདོན་དགོས་པར་མ་ཟད། ལོ་རྒྱུས་ཞིབ་འཇུག་ཅེས་པ་ཡང་དོན་ལ་ལོ་རྒྱུས་ལས་བྱུང་བའི་དོན་དངོས་ཐམས་ཅད་ཀྱི་རྒྱུ་འབྲས་ཀྱི་འབྲེལ་བ་ལ་ཞིབ་འཇུག་བྱེད་པའི་ལས་ལ་གོ་དགོས་ཀྱི་ཡོད། དེ་མིན་རྒྱལ་བོ་གང་ཞིག་ནི་དུས་ནམ་ཞིག་ལ་བྱུང་བ་དང་། དེ་ལོ་དུ་ཙམ་ལ་བཞུགས་པ་དང་། དེ་ལ་བཙུན་མོ་དང་བུ་དུ་ཡོད་ཙམ་ལས་མ་བཤད་པ་ཡིན་ན། དེ་ལ་སྙིང་བོ་ཅི་ཡང་མེད་ཅིང་། འདི་དག་ནི་ལོ་རྒྱུས་ཀྱི་རྩ་བའི་སྒྲོམ་གཞི་འགའ་ཞིག་ལས་ལོ་རྒྱུས་མ་ཡིན། དེ་ཡང་དཔེར་ན།  སྤྱི་ལོ་༡༩༡༧ལོར་ཨུ་རུ་སིར་གསར་བརྗེ་འབྱུང་དགོས་དོན་ཅི་ཡིན་ནམ། གསར་བརྗེ་གང་དེར་མཇུག་འབྲས་དེ་ལྟ་བུ་ཞིག་འབྱུང་དོན་ཅི་ཡིན་སོགས་ཀྱི་རྒྱུ་རྐྱེན་སོགས་ལ་ཞིབ་འཇུག་བྱས་ན་ད་གཟོད་ལོ་རྒྱུས་ཡིན་ནོ།། སྤྱིར་ལོ་རྒྱུས་ཀྱི་རྒྱུ་རྐྱེན་གླེང་བའི་སྐབས་སུ་ཁ་ཅིག་གིས་ལོ་རྒྱུས་ཀྱི་འགྲེལ་བ་དང་ལོ་རྒྱུས་ཀྱི་གསལ་བཤད་ཤིན་ཏུ་གལ་ཆེ་ཞེས་གླེང་ཞིང་། དེ་ལ་ཡང་རིགས་གཉིས་ཏེ། ལོ་རྒྱུས་ཀྱི་དོན་དངོས་གང་ཞིག་གླེང་བ་ལ་དོན་དངོས་དེ་ཅིའི་ཕྱིར་བྱུང་བ་དང་ཇི་ལྟར་བྱུང་བ་བཅས་གཉིས་ཡོད་པ་ཡིན། 

སྤྱིར་ལོ་རྒྱུས་ཁྲོད་ཀྱི་འགྱུར་ལྡོག་གང་ཞིག་ཡིན་ན་ཡང་དེ་ལ་ཐོག་མར་རྒྱུ་རྐྱེན་ལ་འགྱུར་ལྡོག་བྱུང་བ་སྔོན་དུ་འགྲོ་དགོས་པ་ལས། དེ་མིན་ངོ་བོ་གཞན་གྱི་སྟེང་ནས་གང་དེར་འགྱུར་ལྡོག་འབྱུང་མི་སྲིད། དེ་བས་ལོ་རྒྱུས་རིག་པ་བ་ཞིག་ཡིན་པ་ནས་བཟུང་བཟློག་མེད་རང་བཞིན་དང་བཟློག་ཐབས་མེད་པ། གཡོལ་ཐབས་མེད་པ་སོགས་ཀྱི་ཐ་སྙད་དག་ཅི་ཐུབ་ཀྱིས་བཀོལ་མི་དགོས་པ་ཞིག་གནང་དགོས། 

དེ་ཡང་འདི་དག་ལས་ཉེ་རབས་སུ་ཤུགས་ཆེ་ཤོས་ནི་གློ་བུར་བའི་རང་བཞིན་ཞེས་པ་འདི་ཡིན་ཞིང་། གང་དེའི་བསྟན་དོན་ནི་དཔེར་ན། ནཱ་ཕོ་ལོན་དང་ཇིང་གིར་རྒྱལ་བོ་སོགས་ལོ་རྒྱུས་ཁྲོད་ཀྱི་མི་སྣ་སྐོར་ཞིག་རང་བྱུང་གི་གནོད་འཚེའི་དབང་གིས་རྐྱེན་ལམ་དུ་ཤོར་ཡོད་ཅིང་། དེ་དག་འདས་པ་ལ་བརྟེན་ནས་གློ་བུར་དུ་དམག་དོན་དང་ཆབ་སྲིད་འཐོར་ཞིག་ཏུ་ཕྱིན་པས། ལོ་རྒྱུས་ཀྱི་ཁ་ཕྱོགས་ཀྱང་གློ་བུར་དུ་འགྱུར་ལྡོག་བྱུང་བའི་སྐོར་འདི་དག་ལ་གོ་བཞིན་ཡོད། འོན་ཀྱང་། དོན་རྐྱེན་འདི་དག་ནི་སྔར་འདས་ཀྱི་དོན་དག་རེ་འགའ་ཡིན་མོད། དེ་དག་ནི་མི་རིགས་གང་ཞིག་གི་རིག་གནས་དང་གོམས་སྲོལ། ཆོས་ལུགས། ཀུན་སྤྱོད་སོགས་དང་འབྲལ་ཐབས་མེད་པའི་འགྱུར་ལྡོག་ཅི་ཡང་མིན་སྟབས། གང་དེས་བསྐྱེད་པའི་ཤུགས་རྐྱེན་ཡང་ཤིན་ཏུ་ཆུང་ཞིང་། ཞིབ་འཇུག་གི་རིན་ཐང་ཡང་མེད་པས་དེ་དག་ནི་དོན་ལ་ལོ་རྒྱུས་ཀྱི་དོན་དངོས་སུ་མི་གཏོགས་སོ།། 

ལོ་རྒྱུས་ཀྱི་རྒྱུ་རྐྱེན་ཞེས་པ་ཡང་མཐའ་གཅིག་ཏུ་འདི་ཡིན་ཞེས་པ་དང་ལོ་རྒྱུས་རིག་པ་བ་ཐམས་ཅད་ལ་ཡང་ཐུན་མོང་གི་འདོད་ཚུལ་ཞིག་ཡོད་མི་སྲིད། དེ་ཡང་དཔེར་ན། ཉིན་ཞིག་བློ་བཟང་གིས་ཆང་བཏུང་ནས་བཟི་སྟེ་རླངས་འཁོར་སྐོར་ནས་སྲང་ལམ་ཞིག་ཏུ་རྒྱུགས་ཡོང་ཞིང་། སྐབས་དེར་ཚེ་རིང་ལ་དུ་བ་ཆད་པས་ལམ་གྱི་ཕ་རོལ་ཏུ་དུ་བ་ཉོ་རུ་འགྲོ་བཞིན་པ་དང་འཕྲད་པས། དེར་རླངས་འཁོར་དོན་རྐྱེན་བྱུང་ནས་ཚེ་རིང་རྐྱེན་ལམ་དུ་འདས་སོང་། དོན་རྐྱེན་འདིའི་རྒྱུ་རྐྱེན་ལ་བསམ་བློ་གཏོང་སྐབས་མི་རེ་རེ་ལ་ལྟ་ཚུལ་རེ་ཡོད་སྲིད་པ་ཡིན། ཁ་ཅིག་གིས་ཚེ་རིང་དུ་བ་ལ་དགའ་བའི་རྐྱེན་གྱིས་རེད་ཅེས་བཤད་སྲིད་ལ། ཁ་ཅིག་གིས་བློ་བཟང་གིས་ཆང་བཏུང་དྲགས་པས་རེད་ཅེས་བཤད་སྲིད། ཡང་ཁ་ཅིག་གིས་འགྲིམ་འགྲུལ་བདེ་འཇགས་ལས་ཁུངས་ཀྱིས་ནན་ཏན་མ་བྱས་པའི་རྐྱེན་གྱིས་རེད་ཅེས་སོགས་མང་དུ་བཤད་སྲིད།  རྒྱུ་མཚན་དེ་བཞིན་ལོ་རྒྱུས་ཀྱི་དོན་དངོས་གང་ཞིག་ཡིན་ཡང་དེའི་རྒྱུ་རྐྱེན་གླེང་བའི་སྐབས་སུ་མཐའ་གཅིག་ཏུ་འདི་ཡིན་ཞེས་སྤྱིའི་ཐུན་མོང་གི་ལྟ་ཚུལ་ཞིག་ཡོད་མི་སྲིད་པས། ལོ་རྒྱུས་ཀྱི་དོན་དངོས་གང་ཞིག་ལ་ཞིབ་འཇུག་བྱེད་པའི་སྐབས་སུ་གང་དེའི་རྒྱུ་རྐྱེན་ནི་ལོ་རྒྱུས་རིག་པ་བའམ་ལོ་རྒྱུས་ཞིབ་འཇུག་རང་གི་བསམ་བློའི་ནུས་སྟོབས་ལ་བརྟེན་ནས་འབྱུང་བཞིན་ཡོད། 

དེར་བརྟེན་ལོ་རྒྱུས་ཞིབ་འཇུག་ནི་དོན་ལ་ལོ་རྒྱུས་ཀྱི་རྒྱུ་རྐྱེན་ལ་ཞིབ་འཇུག་བྱེད་པའི་གོ་རིམ་ཞིག་ཡིན་ཞིང་། ལོ་རྒྱུས་རིག་པ་བ་ཞིག་ཡིན་པ་ནས་བཟུང་དུས་རྒྱུན་དུ་རང་གིས་རང་ལ་ཅིའི་ཕྱིར་ཞེས་པའི་དྲི་བ་འདྲི་དགོས་ཀྱི་ཡོད། 

གཞན་དུ་ལོ་རྒྱུས་ནི་ཚན་རིག་ཅིག་ཡིན་ཞེས་བཤད་ན་ཆོག་ཅིང་། དེ་ཡང་ཞིབ་འཇུག་བྱེད་ཐབས་ཀྱི་ངོས་ནས་ཚན་རིག་གི་ཁྱད་ཆོས་མངོན་པར་གསལ་ནས་ཡོད། འོན་ཀྱང་། ལོ་རྒྱུས་ནི་མ་འོངས་པའི་ལམ་སྟོན་ཙམ་ལས་མ་འོངས་པ་རྟོགས་ཐབས་ཀྱི་རིག་པ་ཞིག་ཏུ་འདོད་མི་རུང་། དཔེར་ན། སློབ་གྲྭ་ཞིག་ཏུ་ནད་ཡམས་ཤིག་བྱུང་བའི་དབང་དུ་བཏང་ན། ལོ་རྒྱུས་རིག་པ་བས་ནད་ཡམས་འདིར་འཛེམ་དོགས་མ་བྱས་ན་སློབ་གྲྭའི་སློབ་མ་ག་གེ་མོར་ནད་ཡམས་འགོས་སྲིད་ཅེས་བཤད་ཐུབ་པ་ཙམ་ལས། སློབ་གྲྭའི་ནང་གི་བཀྲ་ཤིས་དང་བསོད་ནམས་ལ་ནད་ཡམས་འགོས་ངེས་ཞེས་བྱེ་བྲག་གི་གསལ་བཤད་བྱེད་མི་ནུས། དེ་བས་ལོ་རྒྱུས་རིག་པ་ནི་མ་འོངས་པ་རྟོགས་ཐུབ་པའི་ལུང་བསྟན་ཞིག་ཏུ་དུས་དང་རྣམ་པ་ཀུན་ཏུ་འདོད་མི་རུང་། 

དེ་ནས་ལོ་རྒྱུས་ཞིབ་འཇུག་དང་ལོ་རྒྱུས་བརྩམས་ཆོས་འབྲི་བའི་སྐབས་སུ་སྤྱིར་མི་རིགས་ཤིག་གི་ཀུན་སྤྱོད་ཀྱི་ལྟ་བས་ཤུགས་རྐྱེན་ཐེབས་ཚུལ་དང་། དེ་ལ་བརྟེན་ནས་གནས་བབ་གང་ཞིག་བྱུང་བ་སོགས་གླེང་དགོས་ཀྱི་ཡོད་མོད། མི་སྒེར་གྱི་ཀུན་སྤྱོད་ལ་ངན་མཚང་འབྲུ་བ་ནི་ལོ་རྒྱུས་རིག་པ་བའི་ལས་སུ་བྱ་བ་ཞིག་མ་ཡིན། དཔེར་ན། སུ་ཏཱ་ལིན་རང་ཉིད་ཀྱི་ཆུང་མ་གཉིས་པར་བྱམས་བརྩེ་དང་བརྩི་བཀུར་ཡོད་མེད་དང་། རྒྱལ་མོ་ཨེ་ལགས་རྫ་བྷེ་མཛེས་དང་མི་མཛེས། རྒྱལ་བོ་འུ་དམ་བཙན་ལ་རྭ་ཡོད་མེད་སོགས་ནི་ལོ་རྒྱུས་ཀྱི་གླེང་བྱ་མ་ཡིན་ལ། ལོ་རྒྱུས་ཀྱི་སྐབས་སུ་དེ་དག་གླེང་བ་ལ་དགོས་པ་ཅི་ཡང་མེད། དེ་ལས་ལོ་རྒྱུས་ཀྱི་སྐབས་སུ་མི་དེ་དག་གིས་བྱ་བ་གང་བྱས་དང་། བྱ་བ་དེ་བྱས་པས་ཤུགས་རྐྱེན་གང་ཞིག་བསྐྲུན་ཡོད་པ། དེ་དག་གི་རྒྱུ་རྐྱེན་དང་འབྲས་བུ་སོགས་གླེང་བ་ཐུབ་ན་རབ་དང་མཆོག་ཡིན་ནོ།། 

 

ཞེས་པ་འདི་ནི་དབྱིན་ཇིའི་མཁས་དབང་ཨེ་ཆི་ཁའར་ལགས་ཀྱིས་བརྩམས་པའི་ལོ་རྒྱུས་ནི་ཅི་ཞིག་ཡིན་ནམ་ཞེས་པའི་གླེགས་བམ་གང་དེ་བཀླགས་ཤིང་། གང་དེ་རང་རེའི་ལོ་རྒྱུས་རིག་པ་དོན་དུ་གཉེར་བཞིན་པའི་སློབ་གཉེར་བ་དག་གིས་ངེས་པར་དུ་མཁྱེན་དགོས་པ་ཞིག་ཏུ་སྙམ་ནས། དེའི་ནང་དོན་མདོར་བསྡུས་ཤིག་འདིར་བཀོད་པ་དང་། ཞོར་དུ་དེབ་མཆོག་འདི་འོས་སྦྱོར་བྱས་པ་ཡང་ཡིན་པས། རྒྱས་པར་ཤེས་འདོད་ན་བསྟན་བཅོས་གང་དེ་བཀླགས་པས་ཤེས་པར་འགྱུར་རོ་ཞེས་གནམ་ལྷུན་གྱིས་སྦྱར་བ་རྫོགས་སོ།།

 

Jun 24, 2012

གཞོན་ནུ་དོན་འགྲུབ།


གཞོན་ནུ་དོན་འགྲུབ།


བྲམ་ཟེའི་བུ།

ཁང་བའི་གྲིབ་མའི་འོག་དང་། ཉི་འོད་ཀློང་གི་གཙང་འགྲམ་གྱི་གྲུ་ཆུང་དག་གི་འགྲམ། ད་དུང་ལྕང་མ་དང་སེ་སྡོང་གི་གྲིབ་བསིལ་འོག་ཏུ། གཞོན་ནུ་དོན་འགྲུབ་སྟེ། བྲམ་ཟེའི་བུ་རྫིག་པོ་འདི་ཁོང་གི་གྲོགས་པོ་གོབིནྡཱ་དང་ལྷན་དུ་ནར་སོན་ཞིང་། ཉི་མས་ཁོང་གིས་ཆུ་མོར་གཙང་ཁྲུས་བྱེད་དུས་དང་། མེ་ཏོག་སྤུངས་པའི་མདུན་སར་མཆོད་འབུལ་བྱེད་དུས་ཅུང་སྐམ་པའི་ཕྲག་ཟུང་ཡང་ནག་པོར་བསྒྱུར་འདུག དུས་ཀྱི་གྲིབ་གཟུགས་ནི་ཁོ་རང་ཨམ་སྡོང་གསེང་དུ་རྩེད་མོར་རོལ་དུས་དང་། ཁོང་གི་ཡུམ་ཆེན་གྱིས་གླུ་གཞས་ལེན་དུས། ད་དུང་ཁོང་གི་ཡབ་ཆེན་གྱིས་མཁས་པ་དག་ལ་ཆོས་ཁྲིད་བྱེད་པའི་དུས་དག་ཏུ་མིག་མདུན་ནས་འཁྱུག་ཙམ་འཁྱུག་ཙམ་གྱིས་ཡལ་ནས་ཕྱིན་སོང་། གཞོན་ནུ་དོན་འགྲུབ་ཀྱིས་ད་ནི་མཁས་ཤིང་གྲུབ་པ་དག་དང་ལྷན་དུ་གླེང་མོལ་བྱས་ནས་ཀྱང་རྒྱུན་རིང་བོ་ཞིག་འགོར་ཞིང་། ཁོང་དང་ལྷན་དུ་སྒོམ་སྒྲུབ་ལ་སྦྱོང་བ་བྱས་མྱོང་བའི་གོབིནྡཱ་དང་ལྷན་དུ་རྩོད་པའང་རྒྱུན་རིང་གནང་མྱོང་། ཁོང་གིས་ད་ནི་ཡི་གེའི་ཡི་གེ(སྙིང་བོ)་ཨོྂ་གྱི་སྒྲ་གདངས་ཀྱང་ཁོག་ནས་འདོན་ཐུབ་པ་སྟེ། དབུགས་ནང་ལ་འབྱིན་པའི་ཚེ་དབུགས་དང་ལྷན་དུ་འདོན་ཐུབ་པ་དང་། དབུགས་ཕྱིར་དབྱུང་དུས་ཁོང་གི་རྣམ་ཤེས་ཡོད་ཚད་དང་ལྷན་དུ་འདོན་ཐུབ་པར་གྱུར་ཅིང་། ཁོང་གི་སྨིན་མའང་ནང་སེམས་ཀྱི་ཡོན་ཏན་དང་ལྷན་དུ་གཟི་བྱིན་སྤྲོ་བ་ཞིག་ཏུ་གྱུར། ཁོང་གིས་ད་ནི་ཁོང་རང་ཉིད་ཀྱི་གཏིང་རིམ་གཏིང་རིམ་ཞིག་ཏུ་གནས་པ་དང་། འཇིག་རྟེན་དང་དབྱེར་མེད་དུ་གྲུབ་ཅིང་གཞོམ་དུ་མེད་པའི་བདག་གི་ངོས་འཛིན་ཇི་ལྟར་བྱེད་དགོས་མིན་ཡང་མཁྱེན་པར་གྱུར།

རང་ཉིད་ཀྱི་བུ་སྤྱང་གྲུང་ལྡན་པ་དང་རིག་པ་ལ་སྐོམ་པ་ཆུ་འདོད་ལྟར་ཡིན་པ་མཐོང་བའི་ཚེ། ཁོང་གི་ཡབ་ཆེན་གྱི་སྙིང་ལ་སིམ་པ་དཔག་མེད་ཅིག་བྱུང་ལ། ཁོང་གིས་ཁོ་མཁས་ཤིང་གྲུབ་པ་ཆེན་པོ་ཞིག་ཏུ་འགྱུར་བ་དང་། མཆོད་ཆོག་བྱེད་མཁན་ཞིག་སྟེ། བྲམ་ཟེ་ཁྲོད་ཀྱི་རྒྱལ་སྲས་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་ཡིན་པར་མཐོང་།

ཁོ་འགྲོ་བའམ། སྡོད་པ། ལངས་པ་སོགས་གང་མཐོང་བ་དང་། སྟོབས་དང་ལྡན་ཞིང་། ལྟ་ན་སྡུག་པ། བདེ་ལྕག་འཁྱུག་པའི་གཞོན་ནུ་དོན་འགྲུབ་ཀྱིས་མོ་ལ་སྤྱོད་པ་རྣམ་དག་གིས་ཁམས་བདེ་མཛད་དུས། ཁོང་གི་ཡུམ་ཆེན་གྱི་བྲང་ལ་ཚིམས་པ་བརྗོད་དུ་མེད་པ་ཞིག་འབྱུང་བཞིན་མཆིས།

གཞོན་ནུ་དོན་འགྲུབ་ཁོང་གྲོང་གི་སྲང་ལམ་ཆེ་ཆུང་དག་ཏུ་ཁོང་གི་བསྔག་རུང་བའི་སྨིན་མ་དང་། རྒྱལ་བོའི་ལྟ་བུའི་མིག ད་དུང་བྱད་གཟུགས་ཕྲ་ཞིང་ལྡེམ་པ་དེ་དང་ལྷན་དུ་བསྐྱོད་ཙ་ན། བྲམ་ཟེའི་བུད་མེད་གང་མང་ཞིག་གི་སྙིང་ལ་བརྩེ་བའི་གཅུས་གཟེར་རེ་འགོག་མེད་ཏུ་རྒྱག་ཅིང་མཆི།

ཁོང་གི་གྲོགས་པོ་གོབིནྡཱ་ནི་བྲམ་ཟེའི་བུ་ཞིག་ཡིན་པ་དང་། གཞན་ལས་ལྷག་པས་ཁོང་ལ་བརྩེ་ཞིང་། ཁོང་གི་སྤྱན་དང་ཧ་ཅང་དག་པའི་ངག་ལའང་ཧ་ཅང་དུངས་པ་ཡིན། གོབིནྡཱ་ཁོའི་འགྲོ་བའི་སྟངས་སྟབས་དང་། ཁོང་གི་ཡིད་དབང་འཕྲོག་པའི་བྱ་བྱེད་ཐམས་ཅད་ལ་མཉེས་ཤིང་། ཁོང་གིས་བཤད་པ་དང་བྱས་པ་ཡོད་ཚད་ལ་གློ་བ་དགའ་ལ། དེ་དག་ལས་ཀྱང་ཁོང་གི་བློ་རིག་དང་། ཡང་དག་ཅིང་དགེ་བ་ལ་སྤྲོ་བའི་སེམས་པ། བསམ་པ་བརྟན་པོ། ཁོང་གི་འཇོན་ཐང་མི་དམན་པ་དེ་དག་ལ་ལྷག་ཏུ་དུངས་པ་ཡིན། གོབིནྡཱ་ཡིས་ཁོང་སྤྱིར་བཏང་གི་བྲམ་ཟེ་ཙམ་ཞིག་ཏུ་མི་འགྱུར་བ་ཤེས་ཡོད་ཅིང་། ད་དུང་ཁོང་སྤྱིའི་སྒྱིད་ལུག་པའི་བློས་གཏོང་དངོས་པོ་ཞིག་དང་། རྒྱུ་ལ་རྔམ་པའི་རྫུ་འཕྲུལ་སྨྲ་བ་ཞིག གཞན་མགོ་གཡོགས་ཤིང་རིན་ཐང་ཅི་ཡང་མེད་པའི་གཏམ་བཤད་པ་ཞིག རྒྱུད་འཁྱོག་ཅིང་གཡོ་སྒྱུ་ཅན་གྱི་མཆོད་ཆོག་བྱེད་མཁན་ཞིག་ཏུ་འགྱུར་མི་སྲིད་པ་དང་། ལུག་ཁྱུ་ཁྲོད་ཀྱི་གཡུང་ལ་ཅུང་གླེན་པའི་ལུག་ལྟ་བུ་ཞིག་ཏུ་མི་འགྱུར་བའང་ཤེས་ནས་ཡོད། མིན། གལ་ཏེ་གོབིནྡཱ་ཁོང་རང་ཉིད་ལ་ཆགས་བཞག་ནའང་། འདི་དག་ལྟ་བུ་ཞིག་ཏུ་ཁྱོན་ནས་ལོག་འདོད་མེད་ཅིང་། ཁོང་དང་རིགས་གཅིག་པའི་བྲམ་ཟེ་ཁྲི་ཕྲག་ཁྲོད་ཀྱི་བྲམ་ཟེ་ཞིག་ཀྱང་གཏན་ནས་བྱེད་འདོད་མེད།

ཁོ་མི་ཐམས་ཅད་བརྩེ་ཞིང་ཁྱུ་མཆོག་ལྟ་བུའི་གཞོན་ནུ་དོན་འགྲུབ་ཟེར་བའི་མྱི་འདིའི་རྗེས་འབྲངས་འདོད་ནས་གདའ་ཡོད་པ་སྟེ། བརྒྱ་ལ་ཁོང་ལྷར་འགྱུར་བའམ། འོད་ཟེར་ཡོངས་སུ་འཕྲོ་བའི་ཞིང་ཁམས་ཞིག་ཏུ་དོང་བར་མཛད་ནའང་། གོབིནྡཱ་ཁོང་ཁོའི་གྲོགས་པོ་ཞིག་གི་ཚུལ་གྱིས་སམ། ཁོང་གི་འགྲོ་རོགས་སམ། ཁོང་གི་གཡོག་པོའམ། ཁོང་སྲུང་མཁན་ཞིག་གམ། ཡང་ན་ཁོང་གི་གྲིབ་མ་ཡིན་ཀྱང་བྱས་ཏེ་རྗེས་སུ་འབྲངས་འདོད་ཅིང་མཆིས་སོ།།

དེ་ནི་མི་ཐབས་ཅད་གཞོན་ནུ་དོན་འགྲུབ་ལ་དགའ་ཚུལ་ཡིན་ལ། ཁོང་གིས་མི་ཀུན་པོ་སྤྲོ་བར་མཛད་ཅིང་བདེ་སྐྱིད་དང་ལྡན་པར་མཛད་པ་ཡིན།

ཡིན་ནའང་། གཞོན་ནུ་དོན་འགྲུབ་ཁོ་རང་ནམ་ཡང་མ་སྐྱིད་པར་གནས་ཤིང་། ཁོང་སེ་སྡོང་གི་ལྡུམ་རའི་ནང་གི་རྒྱ་སེ་མེ་ཏོག་གི་མདོག་ཅན་གྱི་ལན་ཕྲན་དེ་དག་ཏུ་ཁེར་རྐྱང་གིས་རྒྱུ་བའི་དུས་དང་། ལྗོན་ཤིང་གི་གྲིབ་བསིལ་འོག་ཏུ་སྒོམ་རྒྱག་དུས། ཉིན་རྒྱུན་གྱི་སྡིག་པ་འདག་པའི་ཁྲུས་ཀྱི་སྐབས་སུ་རྐང་ལག་བཀྲུ་ཐེངས་རེ་དང་། གྲིབ་མ་ཤིན་ཏུ་སྟུག་པའི་ཨམ་སྡོང་གི་ནགས་ཚལ་གྱི་གསེབ་ཏུ་གཟི་དཔལ་དང་ལྡན་པའི་སྒོ་ནས་མཆོད་འབུལ་དང་སྦྱིན་སྲེག་བྱེད་དུས། ཁོང་ཐམས་ཅད་དགའ་བ་ཞིག་དང་། ཐམས་ཅད་ལ་བདེ་བ་སྤྲོད་མཁན་ཞིག་ཏུ་གྱུར་ཟིན་ནའང་ཁོང་གི་སེམས་གཏིང་ན་དགའ་ཞིང་སྤྲོ་དགོས་པ་གཅིག་ཀྱང་མེད་པར་གྱུར། རྨི་ལམ་དང་བློང་བློང་པོའི་བསམ་གཞིགས་གང་མང་ཆུ་མོའི་ཕྱོགས་ནས་ཁོང་གི་སེམས་ལ་བཞུར་ཞིང་། འོད་ལམ་ལམ་འཕྲོ་བའི་སྐར་ཚོགས་དང་། ཉི་མའི་འོད་ཟེར་དྲོན་མོ་དག་ལས་ཁོང་གི་སེམས་ལ་བཞུར་ནས་འོང་། རྨི་ལམ་འདྲ་མིན་དང་སེམས་པ་བློང་བློང་བོ་ཞིག སྦྱིན་སྲེག་གི་དུ་བ་ལས་ཁོང་གི་སེམས་ལ་འཕྱུར་ཞིང་། ངེས་བརྗོད་རིག་བྱེད་ཀྱི་ཚིགས་བཅད་དག་ལས་ཁོང་གི་སེམས་ལ་ཐོན་པ་དང་། བྲམ་ཟེ་རྒན་པོ་དག་གི་བཤད་ཁྲིད་ལས་ཁོང་གི་སེམས་ལ་ཐིགས་ནས་འོང་།

གཞོན་ནུ་དོན་འགྲུབ་ཀྱིས་མི་ཚིམས་པའི་ས་བོན་གང་མང་ཁོང་གི་སེམས་ཀྱི་ཞིང་ས་ནས་འབུས་མགོ་བརྩམས་པ་རྟོགས་པར་གྱུར་ཅིང་། ཁོང་གིས་ཁོང་གི་ཡབ་ཡུམ་གྱི་བརྩེ་བ་ཚོར་མགོ་བརྩམས་ཤིང་། དེ་བཞིན་དུ་ཁོང་གི་གྲོགས་པོ་གོབིནྡཱ་ཡི་བརྩེ་བའང་ཚོར་བར་བརྩམས་ལ། འདི་དག་གིས་ཁོང་ནམ་ཡང་བདེ་བར་བྱེད་པར་མི་འགྱུར་བ་དང་། ཁོང་ལ་ཞི་བ་སྦྱིན་པར་མི་འགྱུར་བ། ཚིམས་པར་བྱེད་པར་མི་འགྱུར་བ་དང་འདང་བར་བྱེད་པར་མི་འགྱུར་བ་ལ་སོགས་པའང་རྟོགས་ཡོད་ལ། ཁོང་གིས་ཁོང་གི་བཀུར་བར་འོས་པའི་ཡབ་ཆེན་དང་མཁྱེན་རྒྱ་ཡངས་པའི་བྲམ་ཟེའི་སློབ་དཔོན་གཞན་དག་གིས་ཁོང་ཅག་གི་ཡོན་ཏན་གཙོ་བོ་དང་གང་མཁྱེན་པ་ཐ་དག་ཁོང་ལ་བརྒྱུད་སྤྲོད་བྱས་ཟིན་པ་དང་། ཁོང་ཚོའི་ཤེས་བྱ་ཐམས་ཅད་ཁོང་གིས་བཟེད་ཅིང་བསྒུགས་ཡོད་པའི་སྣོད་དུ་ཆ་ཚང་བར་བླུགས་ཟིན་པའི་དོགས་པ་ཟ་མགོ་བཙུགས། དེ་ལྟ་མོད་ཀྱང་ཁོང་གི་སྣོད་ནི་ད་དུང་གང་མེད་པ་དང་། ཁོང་གི་བློ་ཁ་དེ་བཞིན་ཚིམས་མེད་ཅིང་། ཁོང་གི་སེམས་ནི་ད་དུང་ཞི་བར་གནས་མེད་ལ། ཁོང་གི་སྙིང་ཁ་ཡང་ད་དུང་བདེ་མོ་རང་ཆགས་མེད། ཁྲུས་ནི་སྤྱིར་ལེགས་ནའང་། དེ་དག་ནི་ཆུ་ཡིན་པས། སྡིག་པ་ཆུ་ཡིས་འདག་མི་སྲིད་ལ། དེས་སྡུག་བསྔལ་བའི་སེམས་དེ་ཐར་བར་བྱེད་མི་ནུས། ལྷ་ལ་མཆོད་སྦྱིན་དང་གསོལ་འདེབས་བྱེད་པའང་ཧ་ཅང་བཟང་ནའང་། དེ་དག་ནི་ཡོད་ཚད་ཀྱི་ཡོད་ཚད་ཡིན་ནམ? མཆོད་སྦྱིན་གྱིས་བདེ་བ་སྦྱིན་པར་བྱེད་དམ? དེས་ན་ལྷ་དག་ཅི་ཞིག་ཡིན་ནམ? སྐྱེ་དགུའི་བདག་པོས་ཡོད་ཚད་བསྐྲུན་པ་རེད་ཅེས་པ་དངོས་གནས་རེད་དམ ? དེ་ནི་བདག་གཅིག་པུས་བཟོས་པ་མ་རེད་དམ? ལྷ་ཐམས་ཅད་ཀྱང་ཁྱོད་དང་ང་ལྟར་གཟུགས་ཅན་དུ་བཟོས་ཡོད་པ་དང་། ཁྱོད་དང་ང་ལྟར་སྐད་ཅིག་སྐད་ཅིག་གིས་འཇིག་འགྲོ་བའི་མི་རྟག་པའི་བདག་ཉིད་དུ་གྲུབ་པ་ཞིག་མ་ཡིན་ནམ? དེའི་རྒྱུ་མཚན་གྱིས་ལྷ་ལ་མཆོད་སྦྱིན་བྱེད་པ་འདི་ལེགས་པ་ཞིག་དང་ཡང་དག་པ་ཞིག གནས་ལུགས་དང་ལྡན་ཞིང་བྱེད་རིན་ཡོད་པ་ཞིག་རེད་དམ? བདག་གཅིག་པུ་ལས་གཞན་སུ་ཞིག་ལ་ང་ཚོས་མཆོད་སྦྱིན་བྱེད་རིགས་པ་དང་། གཞན་སུ་ཞིག་ལ་བཀུར་བསྟི་བྱེད་འོས་སམ། དེ་བས་ན་ད་ཡང་བདག་གང་དུ་རྙེད་དམ། དེ་གང་དུ་གནས་སམ། གལ་ཏེ་དེའི་གཏན་འཇགས་ཀྱི་དོན་སྙིང་དེ་བདག་ཉིད་ལ་མེད་པ་དང་། ནང་སེམས་ཀྱི་ཟབ་ས་དེར་མེད་པ། མི་ཐམས་ཅད་སྐྱེས་པ་ནས་བཟུང་ཡོད་པའི་གཏན་འཇགས་ཀྱི་སྙིང་གི་འཕར་ལྡིང་དེ་ལ་མེད་ན་ད་ནི་བདག་གང་དུ་གནས་སམ? བདག་གང་དུ་གནས་སམ? དེ་ནི་ཤ་མ་ཡིན་ལ། རུས་པའང་མ་ཡིན། སེམས་མ་ཡིན་ལ་འདུ་ཤེས་ཀྱང་མ་ཡིན། འདི་ནི་བློ་གྲོས་ཅན་དག་གིས་མནོ་བསམ་ཡིན། དེས་ན་བདག་དངོས་གནས་པ་དེ་གང་དུ་གནས་སམ། བདག་ལ་ཕྱོགས་པ་དང་བདག་ཉིད་ལ་ཕྱོགས་ཏེ་ད་དུང་བཙལ་རི་བའི་ལམ་གཞན་པ་ཞིག་ཡོད་སྲིད་དམ? སུས་ཀྱང་ལམ་དེ་བསྟན་མེད་ལ། སུས་ཀྱང་ལམ་དེ་ལྟ་བུ་ཞིག་ཤེས་མེད་དེ། ཁོང་གི་ཡབ་ཆེན་གྱིས་མཁྱེན་མེད་ལ། སློབ་དཔོན་དེ་དག་དང་བློ་གྲོས་ཅན་དེ་དག་གིས་ཀྱང་མ་རྟོགས་ཤིང་། ཁྱད་དུ་འཕགས་པའི་གླུ་དེ་དག་གིས་ཀྱང་རྟོགས་མེད། བྲམ་ཟེ་དེ་དག་དང་ཁོང་ཚོའི་ཁྱད་པར་ཅན་གྱི་གླེགས་བམ་གྱིས་ཡོད་ཚད་རྟོགས་ཡོད། ཡོད་ཚད་རྟོགས་པའི་ཁོང་ཚོ་གང་དུའང་འཛུལ་ཡོད་པ་སྟེ། འཇིག་རྟེན་གྱི་བཀོད་པ། སྐད་དང་། ཟས་ཀྱི་འབྱུང་ཁུངས། དབུགས་འབྱིན་པ་དང་། དབུགས་དབྱུང་བ། ཚོར་བའི་རྣམ་གཞག ལྷའི་བྱ་བྱེད་ལ་སོགས་ཁོང་ཅག་གིས་དོན་ཧ་ཅང་འབོར་ཆེན་ཞིག་རྟོགས་ཡོད་ནའང་། རྟོགས་དགོས་པ་གཙོ་བ་དེ་དང་རྟོགས་དགོས་པ་གཅིག་པོ་དེ་རྟོགས་མེད་པས། དོན་དེ་དག་ནི་རྟོགས་ཀྱང་རྟོགས་རིན་ཅི་ཞིག་ཡོད་དམ?

བསྟན་བཅོས་ཁྱད་པར་ཅན་གང་མང་ཞིག་ཏུ་ནང་སེམས་ཀྱི་སྐོར་བཤད་པའི་ཚིགས་བཅད་གང་མང་ཞིག་ཡོད་པ་ལས་དམིགས་བསལ་གྱིས་ཨུཔནིཤད་ལ་ཧ་ཅང་མང་། དེ་རུ་འདི་ལྟར ཁྱོད་ཀྱི་སེམས་ནི་འཇིག་རྟེན་ཐ་དག་གོ། ཞེས་བརྗོད་ཡོད། དེར་སྐྱེས་བུ་ཞིག་གཉིད་ལོག་པའི་ཚེ། ཁོ་རང་ནང་ལོགས་ནང་ལོགས་ལ་འཛུལ་ནས་བདག་ལ་གནས་པར་བཤད། ཚིགས་སུ་བཅད་པ་དེ་དག་ཏུ་ཤེས་པར་བྱ་བ་ལེགས་པོ་གང་མང་ཞིག་ཡོད། གྲུབ་ཆེན་དེ་དག་གི་རྟོགས་པའི་ཡོན་ཏན་ཐ་དག་དེ་རུ་ཡིད་དབང་འཕྲོག་པའི་ཚིག་སྦྱོར་གྱིས་བསྡེབས་ཡོད་ཅིང་། སྦྲང་མས་བསགས་པའི་སྦྲང་རྩི་བཞིན་རྣམ་པར་དག་ཅིང་། ལོ་རབས་རིམ་བྱོན་གྱི་བྲམ་ཟེ་ཤེས་རབ་ཅན་དག་གིས་མི་རབས་ནས་མི་རབས་བརྒྱུད་དེ་བསྡུས་པ་དང་བསྲེལ་བའི་ཉེར་ལེན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། ལས་སླ་བོར་བཀླགས་ནས་ཚར་བ་ཞིག་གཏན་ནས་མ་ཡིན་མོད། རྒྱ་ཆེ་ལ་གཏིང་ཟབ་པའི་ཤེས་བྱ་འདི་ལྟ་བུ་འཐོབ་པ་ལ་ལེགས་འགྲུབ་བྱུང་བ་ཙམ་མ་ཡིན་པར་དངོས་སུ་ཉམས་སུ་མྱོང་བའི་བྲམ་ཟེ་དང་། མཆོད་ཆོག་བྱེད་མཁན། ཤེས་རབ་ཅན་དག་ད་ལྟ་གང་དུ་ཡོད་དམ? གཉིད་གོང་དུ་བདག་ལ་མངའ་བརྙེས་པ་དང་། སད་པའི་དུས་དང་། འཚོ་བའི་ཁྲོད། གང་དུའང་ལུས་ངག་གཉིས་ཀ་ནས་བདག་ལ་མངའ་བརྙེས་པ་དེ་དག་གང་དུ་ཡོད་དམ? གཞོན་ནུ་དོན་འགྲུབ་ཀྱིས་བྲམ་ཟེ་མཁས་ཤིང་གྲུབ་པ་གང་མང་ངོ་ཤེས་ལ། དེ་དག་ལས་ཀྱང་དམིགས་བསལ་གྱིས་ཁོང་གི་ཡབ་ཆེན་ནི་ཆོས་ལ་དད་པ་དང་། ཤེས་བྱའི་གནས་ཐམས་ཅད་ཐུགས་ལ་ཆུད་པ། གཞན་གྱིས་བཀུར་བ་དང་བསྟི་བར་བྱེད་པ་ཞིག་དང་། བསྔག་པར་འོས་པ། ཁོང་གི་མཛད་སྤྱོད་ནི་བག་ཕེབས་པོ་དང་རླབས་ཆེན་པོ་ཞིག་དང་བཅས་ཁོང་གིས་འཚོ་བ་ལེགས་པོ་ཞིག་སྐྱེལ་བཞིན་མཆིས་ལ། ཁོང་གི་ངག་ལ་ཤེས་རབ་ཀྱི་བཅུད་ཀྱིས་གཏམས་ཤིང་། ཁོང་གི་ཐུགས་རྒྱུད་ཞིབ་ཚགས་ཤིང་རླབས་ཆེ་བའི་བསམ་གཞིགས་ཀྱིས་བརྒྱངས་ནས་ཡོད་པ་དང་། ཁོང་འདི་ལྟ་བུའི་ཤེས་རབ་ཆེན་པོ་ཞིག་ཡིན་བཞིན་དུའང་ཁོང་གི་འཚོ་བ་བདེ་བོར་གནས་སམ? ཁོང་གི་སེམས་པ་ཞི་བར་གནས་སམ? མ་གཞི་ཁོང་ཡང་འདོད་པ་ཚིམས་མེད་ཅིང་ཅི་ཞིག་འཚོལ་ཞིང་སྙེག་མཁན་ཞིག་མ་ཡིན་ནམ།


Nov 2, 2011

འབྲུག་གི་ལོ་རྒྱུས་ཁྲོད་ཀྱི་བོད་མི་དང་བོད་ཡིག

རིགས་འགའ་ཤས་མཆེད་ཚུལ།

པདྨ་གླིང་པའི་སྦས་ཡུལ་མཁན་པ་ལྗོངས་ཀྱི་ལམ་ཡིག་ལས། གོང་དུ་གསལ་བ་ལྟར་བོད་པའི་དམག་མི་བོད་དུ་མ་ལོག་པར་བསྡད་པས་མི་ལོག་ཟེར་བ་རྣམས་དང་པོ་བོད་པའི་རིགས་ཡིན་ཀྱང་། ད་ཆ་དེ་ཚོ་ཡང་ལྷ་མོན་གྱི་མི་རིགས་དང་འདྲེས་ཏེ་འབྲུག་པར་གྱུར་ནས་དེང་སང་རིགས་ཀྱི་དབྱེ་བ་མེད་པར་འབྲུག་པ་རང་ཡིན།
བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཟ་དམར་རྒྱན་མས་ཁྱི་གཉིས་དང་འདུས་པ་ལས་སྲུས་ལུས་མི་རའི་ཐོད་པ་ལ་ཁྱིའི་ཁ་ཅན་ཞིག་སྐྱེས་ཏེ་མིང་ཡང་ཁྱི་ཁ་ར་ཐོད་ཟེར་བཏགས། དེ་བོད་ཡུལ་གྱི་ལྟས་ངན་ཡིན་པས་མཐའ་ལ་སྤྱུགས་དགོས་ཟེར་བོད་ཀྱི་རྒྱལ་བློན་འབངས་རྣམས་ཁ་འཆམ་ནས་ལྷོ་བོད་ཀྱི་མཚམས་བུམ་ཐང་ཏང་དང་ཀུར་སྟོད་གཉིས་ཀྱི་ལུང་པའི་ཕུར་སྦས་ཡུལ་མཁན་པ་ལུང་དུ་སྤྱུགས་པས། རྗེས་སུ་རྒྱལ་བུ་ཁྱི་ཁ་ར་ཐོད་ཀྱི་རྗེ་འབངས་མང་པོར་འཕེལ་ཏེ་སྦས་ཡུལ་ནས་བོད་བསམ་ཡས་སུ་དམག་གཏོང་གྲབས་བགྱིས་པར། དེ་དུས་གུ་རུ་པདྨ་སམྦྷཝ་བོད་དུ་བཞུགས་ཡོད་སྟབས། བོད་ཀྱི་རྒྱལ་པོས་གུ་རུ་ལ་རྒྱལ་པོ་ཁྱི་ཁ་ར་ཐོད་ཀྱི་དམག་མི་ཡོང་བའི་ཐབས་མཛད་པར་ཞུས་པ་བཞིན། གུ་རུས་རྫུ་འཕྲུལ་གྱིས་རྒྱལ་པོ་ཁྱི་ཁ་ར་ཐོད་འཁོར་དང་བཅས་པ་ཤིང་གི་བྱ་ཁྱུང་ཆེན་པོ་ཞིག་གི་ནང་བཙུགས་ཏེ་སྦས་ཡུལ་མཁན་པ་ལྗོངས་ནས་བུམ་ཐང་ལྟང་ཁྱི་བཙུམ་ཟེར་བཏོན་བཏང་། ཁྱི་ཁ་ར་ཐོད་ཀྱི་རྟ་ནོར་སེམས་ཅན་རྣམས་བོད་ཀྱི་རྒྱལ་པོས་བསམ་ཡས་སུ་འཁྱེར། རྒྱལ་བུ་ཁྱི་ཁ་ར་ཐོད་ཀྱིས་རིམ་བཞིན་ལྟང་ཁྱི་བཙུམ་ནས་བུམ་ཐང་ཆོས་འཁོར་སྨད་དུ་སོང་སྟེ་གཞིས་ཆགས་པར་རྒྱལ་པོ་བཞུགས་སའི་ཕོ་བྲང་ལ་མིང་རྒྱལ་མཁར། བཙུན་མོའི་གཞིས་མིང་ལྕམ་མཁར་དང་། རྒྱལ་བློན་མཁར། གོང་མཁར་ཟེར་བ་སོགས་རྒྱལ་པོ་དང་འབྲེལ་བའི་ཡུལ་གྲོང་གི་མིང་དང་། ཁྱི་ཁ་ར་ཐོད་ཀྱི་མི་བརྒྱུད་རེ་ཟུང་འདིར་སྐྱབས་བཅོལ་བ་ལྟ་བུ་ཞིག་ཡིན་པ་ལས། འབྲུལ་ཡུལ་དབང་བསྒྱུར་ཏེ་རྒྱལ་པོ་བྱས་པ་སོགས་མ་ཡིན་པ་ནི། གུ་རུས་སྦས་ཡུལ་མཁན་པ་ལྗོངས་ཀྱི་ལམ་ཡིག་ཅེས་པ་དེར་གསལ་པོར་བསྟན་ཡོད།

མཆན།

འདི་ནི་སློབ་དཔོན་གནག་མདོག་ཟེར་བ་ཞིག་མཛད་འདུག་ལ། དེབ་མིང་ལ་འབྲུག་རྒྱལ་ཁབ་ཀྱི་ཆོས་སྲིད་གནས་སྟངས། <<འབྲུག་དཀར་པོ་>>ཟེར། གོང་གི་འདི་དེབ་འདིའི་ལྡེབ་༢༨པ་ནས་༣༡པའི་བར་གྱི་བོད་ཡི་གེ་འབྱུང་ཚུལ་ཞེས་པའི་དུམ་མཚམས་དེ་ལས་ཇི་བཞིན་གཏགས་པ་ཡིན།


ཡི་གེ་འབྱུང་ཚུལ།

དང་པོ་བོད་དུ་རྒྱལ་རབས་༣༣་བར་ཡི་གེ་དང་ཆོས་མེད་པར་དབྱིན་ལོ་༧༠༠ལ་བོད་ཀྱི་སྲོང་བཙན་སྒམ་པོས་བློན་པོ་ཐོན་མི་ཨ་ནུའི་བུ། ཐུ་མི་སམྦྷོཊ་ལ་གསེར་མང་དུ་བསྐུར་ཏེ་རྒྱ་གར་ན་ལནྡྲར་བརྫངས་པ་བཞིན་བྱོན་ཏེ་པནྚིཏ་ལྷ་རིག་པའི་སེངྒེ་དང་། བྲམ་ཟེ་ལི་བྱིན་ཀ་ར་གཉིས་སློབ་དཔོན་དུ་བསྟེན་ནས་སྒྲ་དང་ཡི་གེ་སོགས་ལ་སྦྱངས་པ་ཕུལ་དུ་ཕྱིན་པར་མཛད། མདོ་རྒྱུད་བསྟན་བཅོས་མཐའ་དག་ལ་མཁས་པར་སྦྱངས་ཏེ། རྒྱ་གར་དུ་ཡིག་རིགས་མི་འདྲ་བ་༦༤་ཙམ་ཡོད་པའི་ནང་ནས་དེཝནཱགརི་ལྷའི་ཡི་གེ་ཞེས་དེ་སྐབས་རྒྱ་གར་གྱི་རྒྱལ་པོ་གུཔྟའི་བརྒྱུད་པས་བཟུང་བས་གུཔྟའི་ཡི་གེ་ཞེས་ཀྱང་བྱ་བ་དེ་ལ་དཔེ་མཛད་ནས་བོད་ཡིག་གི་གཟུགས་ཙམ༼བརྩམས༽། ཐུ་མིས་སླར་བོད་དུ་ལོག་སྟེ་ཡི་གེའི་ཕུད་དུ་རྒྱལ་པོར་བསྟོད་པ་མཛད་པས་རྒྱལ་པོ་ཐུགས་མཉེས་ནས། རྒྱལ་པོ་རང་ཉིད་ཀྱིས་ཀྱང་ཐུ་མི་སློབ་དཔོན་དུ་བསྟེན་ནས་ཡི་གེར་སྦྱངས་པའི་ཚུལ་མཛད། དེ་ནས་བཟུང་བོད་དུ་ཡི་གེ་འབྲི་སྲོལ་དར། བཀའ་དང་བསྟན་བཅོས་ཐམས་ཅད་སམཀྲིཏ་ནས་བོད་དབུས་གཙང་གི་སྐད་དུ་བསྒྱུར་བའི་སྲོལ་གཏོད་པར་མཛད། དེ་ནས་རིམ་པར་བོད་དུ་ཡི་གེ་དེ་ལས་ལཉྫ་ལ་དཔེ་བྱས་དབུ་ཅན། ཝརྟུ་ལ་དཔེ་བྱས་དབུ་མེད། འབྲུ་ཆེན་འབྲུ་ཆུང་སོགས་ཡི་གེ་རིགས་མང་དུ་དར་བ་ཡིན། མཁས་པ་འགའ་ཤས་ཀྱིས་དབུ་ཅན་དབུ་མེད་དུ་བསྒྱུར་བ་ཡིན་ཚུལ་གསུངས་པ་ཡང་མཁས་པའི་གསུང་ལ་བརྟེན་ནས་བདེན་པ་ཡང་སྲིད།
འབྲུག་ཡུལ་གྱི་ཡི་གེ་འབྲི་སྲོལ་དེ་ཡང་། བོད་དུ་རྒྱ་གར་ནས་ཡི་གེ་དཔེ་བླངས་ཏེ་བོད་ཡིག་བྱུང་བ་ལྟར་དུས་རབས་༨་པར་གུ་རུ་པདྨ་སམྦྷཝའི་སློབ་མ་ཡི་གེ་འབྲི་བ་ལ་མགྱོགས་པའི་ཚད་ལོ་ཙཱ་བ་ལྡན་མ་རྩེ་མང་ཟེར་བ་དབྱིན་ལོ་༨༠༠་ལ་བུམ་ཐང་ལྕགས་མཁར་རྒྱལ་པོའི་བླ་མཆོད་དུ་གནང་སྟེ་ལོ་ཙཱ་བ་ལྡན་མ་རྩེ་མང་དེས་འབྲུག་ལ་ཡི་གེ་དང་རིག་གནས་ཀྱི་སྲོལ་གསར་དུ་མཛད་པ་ལས་བོད་ཡིག་དབུ་ཅན་དབུ་མེད་གང་དང་ཡང་མི་འདྲ་བའི་ཁྱད་ཆོས་ཅན་གྱི་ཡི་གེ་ལྷོ་ཡིག་ཟེར་བ་དེ་ད་ལྟ་རང་རེ་འབྲུག་པ་རྣམས་ཀྱིས་འབྲི་རྒྱུན་འདི་དབྱིན་ལོ་༨༠༠་ནང་ནས་དར་བ་དེ་རང་མ་ཉམས་པར་གནས་མུས་ཀྱང་། དེང་སང་ལག་རྩལ་ཤེས་རིག་གི་བཟོ་བཀོད་ཐམས་ཅད་རིམ་བཞིན་བསྒྱུར་འགྲོ་བ་མིའི་བློ་རྩལ་གྱི་ནུས་པ་ལ་རག་ལས་གཤིས། དབྱིན་ལོ་༡༨༠༠་ཙམ་གྱི་ཡི་གེ་བཟོ་དབྱིབས་དང་ཕྲན་བུ་མི་འདྲ་བ་བྱུང་བ་ནི། དབུ་ཅན་དབུ་མེད་དུ་བསྒྱུར་བ་དང་འདྲ་བར་གསུངས་པས་ཤེས། ཕྱིས་སུ་ཡི་གེའི་རིགས་དང་སྒྲ་དང་སྙན་ངག་གི་རིག་གནས་ལ་མཁས་པ་རིམ་པར་བྱུང་སྟེ་བརྒྱུད་པ་ལས་དྲུང་ཡིག་རྟ་མགྲིན་དབང་རྒྱལ་དང་བུམ་ཐང་ཆོས་རྗེ་ངག་དབང་བསོད་ནམས། སྡེ་སྲིད་དགུ་པ་སྡེ་པ་དགེ་བཤེར་གྲགས་པ་ངག་དབང་རྒྱ་མཚོའི་སྐབས་སྤུངས་ཐང་གྲྭ་ཚང་ནང་སྒྲ་པའི་གྲྭ་ཚང་བཙུགས། སྒྲ་པའི་སློབ་དཔོན་དུ་བུམ་ཐང་ཆོས་རྗེ་ངག་དབང་བསོད་ནམས་བསྐོས་པ་ལས་ཡིག་རིགས་གཙོ་བོར་བཏོན་ཞིང་། སྒྲ་དང་རྩིས་ཀྱི་རིག་པ་སོགས་དར་རྒྱས་ཆེ་རུ་སོང་། བུམ་ཐང་ཆོས་རྗེའི་སློབ་མ་འབྲུག་པ་ལོ་ཙཱ་བ་ངག་དབང་དཔལ་བཟང་ཟེར་བ་རིག་པའི་གནས་ལ་ཤིན་ཏུ་མཁས་པའི་མཆོག་ཏུ་གྱུར་པ་དེ་དང་། རྗེ་མཁན་པོ་ཁྲི་རབས་༡༢་པ་ཀུན་དགའ་རྒྱ་མཚོ་ཞུ་བ་དེ་ཡང་གཞུང་ལུགས་རིག་པའི་གནས་མ་ལུས་པ་ཇི་བཞིན་མཁྱེན་པའི་མཐར་སོན་པ་དེས་ཀྱང་སྤུངས་ཐང་གྲྭ་ཚང་གི་སྒྲ་པའི་སློབ་དཔོན་མཛད་པ་ནས་བཟུང་སྒྲ་པའི་སློབ་དཔོན་རིམ་པར་བྱོན་ཏེ་སློབ་སྤེལ་མཛད་པ་ལས། སྤུངས་ཐང་སྒྲ་པའི་གྲྭ་ཚང་དེ་ཉིད་འབྲུག་གི་ཡི་གེ་སོགས་རིག་གནས་ཀྱི་འབྱུང་ཁུངས་དམ་པར་མཛད་པ་ནས་ད་ལྟའི་བར་ཡང་། རང་རེའི་འབྲུག་པའི་ཡི་གེ་དང་རིག་གནས་ཀྱི་འབྱུང་ཁུངས་སུ་ཆ་འཇོག་བྱེད་པ་ཡིན་ཅིང་། བར་སྐབས་དུས་དབང་ལས་སྒྲ་པའི་གྲྭ་ཚང་ནང་གཞུང་ལུགས་རིག་གནས་ཀྱི་བཤད་ཉན་ཉམས་དམའ་བ་ལྟ་བུར་སོང་ནས་སྒྲ་པའི་གྲྭ་ཚང་མིང་རྒྱུན་མ་སྟོང་ཙམ་ལས་མེད།
འབྲུག་ཤར་ཕྱོགས་བུམ་ཐང་དང་ཀྲོང་གསར་དུ་འབྲུག་རྒྱལ་པོ་གོང་མ་རིམ་པས་གཏན་བཞུགས་མཛད་སྟབས་བླ་མ་དང་དགེ་བཤེས་མཁས་པ་ཕལ་ཆེར་བུམ་ཐང་དུ་བྱོན་ནས་བཤད་སྒྲུབ་ཀྱི་བསྟན་པ་བཙུགས་ཏེ་ཆོས་ཀྱི་འཆད་ཉན་རྒྱ་ཆེར་མཛད་པའི་བཀའ་དྲིན་ལས་གཞུང་ལུགས་རིག་གནས་ཀྱི་བསྟན་པ་ཤར་ཕྱོགས་སུ་རྒྱས་པར་གྱུར། དེ་ལས་ཀྱང་ཡི་གེའི་འདུ་བྱེད་དང་། གཞན་ཡང་ལག་རྩལ་གྱི་རིགས་གང་ལ་ཡང་བཀྲ་ཤིས་སྒང་དང་། མོང་སྒར་འཁན་རིགས་རྣམ་གསུམ་གྱི་མི་རྣམས་ལག་རྩལ་མཁས་པས་འབྲུག་རང་གི་ཡིག་བཟོ་ལ་མཁས་པ་ཤར་ཕྱོགས་ཀྱི་མི་རྣམས་ཡིན། འབྲུག་རྒྱལ་ཡབ་སྲས་ཀྱི་སྐུ་དུས་ཀྱང་དྲུང་ཡིག་ཆེ་བ་ཤར་ཕྱོགས་ཀྱི་མི་རིགས་མཁས་པ་རིམ་བྱོན་གྱིས་མཛད་པ་ཡིན།
ལྷོ་མོན་འབྲུག་གི་ཡུལ་འདི་རྒྱལ་ཁབ་གཞན་དང་མ་འདྲེས་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ནི། མི་རིགས་དང་། གོས་རྒྱན་གོམས་གཤིས། གཞུང་གི་ཁྲིམས་སྲོལ། སྐད་ཡིག་རྣམས་གཞན་དང་འདྲེས་ལྷད་མེད་པའི་ཆོས་སྲིད་གཉིས་ལྡན་འཛམ་གླིང་ན་རྒྱལ་ཁབ་གཞན་ལ་ངོམས་སུ་རུང་བའི་ཁྱད་པར་ཅན་རྒྱལ་ཁབ་རང་གི་རྟགས་མཚན་གཙང་མ་ཞིག་ཡོད་པར་བརྟེན་འཛམ་གླིང་གོང་བུའི་སྟེང་གི་རྒྱལ་ཁབ་ཀུན་གྱིས་འབྲུག་ཡུལ་འདི་རྒྱལ་བརྒྱུད་ཀྱིས་སྐྱོང་བའི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པར་ངོས་འཛིན་གྱིས་ཆ་འཇོག་བྱ་དགོས་པ་ཡང་དེ་ལྟར་ཡིན།

ལྡེབ་༢༨་ནས་༣༡བར།

མཆན།

འདི་ནི་སློབ་དཔོན་གནག་མདོག་ཟེར་བ་ཞིག་མཛད་འདུག་ལ། དེབ་མིང་ལ་འབྲུག་རྒྱལ་ཁབ་ཀྱི་ཆོས་སྲིད་གནས་སྟངས། <<འབྲུག་དཀར་པོ་>>ཟེར། གོང་གི་འདི་དེབ་འདིའི་ལྡེབ་༢༨པ་ནས་༣༡པའི་བར་གྱི་བོད་ཡི་གེ་འབྱུང་ཚུལ་ཞེས་པའི་དུམ་མཚམས་དེ་ལས་ཇི་བཞིན་གཏགས་པ་ཡིན།