-->

Dec 29, 2025

ཚིག་གི་དོན།



The Meaning of 'Pada' in Sanskrit.


ཚོགས་གསུམ་གསལ་བ་ལས།
"མིང་ལ་རྣམ་དབྱེ་བརྒྱད་ཕྱེ་བ། །ཉི་ཤུ་རྩ་བཞི་སྦྱར་བ་དང་། །
བྱིངས་ལ་ཏི་སོགས་སྦྱར་བ་ཡིས། །རང་རང་དོན་རྣམས་འབྱེད་པའི་ཚིག །"
[མིང་(རང་བཞིན་ཞེས་འབོད་ཅིང་ཙནྡྲ་བའི་ལུགས་ལ་རྟགས་ཟེར་བ་)ལ་རྣམ་དབྱེ་བརྒྱད་ཀྱི་དབང་དུ་བྱས་པའི་མཐའ་རྐྱེན་བརྒྱད་གསུམ་ཉེར་བཞི་བོ་སྦྱར་བ་གང་རུང་དང་། བྱིངས་ལ་སི་སོགས་དང་ཏི་སོགས་ཀྱི་མཐའ་རྐྱེན་སྦྱར་བ་དེ་དག་གིས་རང་རང་སོ་སོའི་དོན་མ་ནོར་བར་འབྱེད་པ་ཡིན་པས། དེ་ལ་ཚིག་ཅེས་ཟེར་རོ། །]
"སྒྲ་བ་རྣམས་ཀྱི་ལུགས་ཀྱི་ཀ་ལཱ་བའི་མདོར། སྔ་མ་དང་ཕྱི་མ་དག་གི་དོན་ཉེ་བར་དམིགས་པ་ན་(ཚིག་གོ །)། ཞེས་འབྱུང་བ་ལྟར། རང་བཞིན་ཞེས་བྱ་བ་རྐྱེན་སྦྱར་བར་བྱ་བའི་ཡུལ་མིང་དང་བྱིངས་དག་ལ་རྣམ་དབྱེའི་མིང་ཅན་གྱི་རྐྱེན། ཙནྡྲ་བའི་ཐ་སྙད་དུ་སུཔ྄་དང་ཏིང྄་དག་དང་། ཀ་ལཱ་བའི་ཐ་སྙད་ཀྱི་ཏི་སོགས་དང་སི་སོགས་དག་སྦྱར་བ་ནི་ཚིག་ཡིན།"
[ལེགས་སྦྱར་བརྡ་སྤྲོད་ལ་ལུགས་མང་བོ་ཡོད་པ་དག་ལས། ཀ་ལཱ་བའི་བརྡ་སྤྲོད་ཀྱི་མདོའི་དབང་དུ་བྱས་ན། 'སྔ་མ་དང་ཕྱི་མ་དག་གི་དོན་ཉེ་བར་དམིགས་པ་ན་ཚིག་གོ །' ཞེས་གཞུང་དེ་ཉིད་དུ་འབྱུང་བ་ལྟར། རང་བཞིན་ཞེས་འབོད་ཅིང་རྐྱེན་སྦྱར་བྱའི་ཡུལ་དུ་གྱུར་བའི་མིང་(ཙནྡྲ་བའི་ལུགས་ལ་རྟགས་ཟེར་བ་)དང་བྱིངས་དག་ལ། རྣམ་དབྱེའི་མིང་ཅན་གྱི་རྐྱེན་རྣམས་ཏེ། སྒྲ་ཙནྡྲ་བའི་བརྡ་ཆད་ཀྱི་དབང་དུ་བྱས་ན་སུཔ྄་མཐའ་དང་ཏིང྄་མཐའ་ཟེར་བ་དག་དང་། ཡང་སྒྲ་ཀ་ལཱ་བའི་བརྡ་ཆད་ཀྱི་དབང་དུ་བྱས་ན་ཏི་སོགས་དང་སི་སོགས་ཟེར་བ་སྦྱར་ནས་གྲུབ་པ་གང་ཡིན་པ་ལ་ཚིག་ཅེས་ཟེར་བ་ཡིན་ནོ། །] ཞེས་པའོ། །
*མཆན།
ཀ་ལཱ་བའི་མདོ། ཚ༡།༢༠
पूर्वपरयोरर्थोपलब्धौ पदम्।
པཱུརྦཔརཡོརརྠོཔལབྡྷཽ པདམ྄།
སྔ་མ་དང་ཕྱི་མ་དག་གི་དོན་ཉེ་བར་དམིགས་པ་ན་ཚིག་གོ ། (ཚ༡།༢༠)
*བརྡ།
[] = རང་འགྲེལ།
"" = ཚོགས་གསུམ་གསལ་བ།
() = མཆན།

Dec 16, 2025

སློབ་སྤྲིང་གི་ཚིགས་བཅད་ཅིག་གི་འགྱུར་དཔྱད།

 



यदालोकं कुर्वन् भ्रमति रविरश्रान्ततुरगः
सदा लोकं धत्ते यदगणितभारा वसुमती।
न स स्वार्थः काश्चित् प्रकृतिरियमेवापि महतां
यदेते लोकानां हितसुखरसस्यैकरसिकाः।।



གང་ཞིག་ངལ་མེད་རྟ་མགྱོགས་ཀྱིས་བགྲོད་ཉི་མས་སྣང་བར་བྱེད། །
གང་ཞིག་ཁུར་གྲངས་མེད་པར་ནོར་ལྡན་རྟག་ཏུ་འཇིག་རྟེན་འཛིན། །
དེ་ནི་ནམ་ཡང་རང་དོན་མ་ཡིན་དེ་ཡི་རང་བཞིན་ཉིད། །
ཆེན་པོ་གང་རྣམས་འཇིག་རྟེན་ཕན་དང་བདེ་བའི་རོ་གཅིག་རོ་དང་ལྡན། ། #

ངལ་མེད་འགྱོགས་འགྲོ་ལྡན་པ་ཉི་མས་སྣང་བར་བྱེད་ཅིང་རྒྱུ་བར་བྱེད། །
གྲངས་མེད་ཁུར་མང་ལྡན་པ་ས་གཞིས་འཇིག་རྟེན་ཀུན་ཏུ་འཛིན་པར་བྱེད། །
ཆེན་པོ་རྣམས་ལ་རང་དོན་ཅང་མེད་དེ་ནི་དེ་རྣམས་རང་བཞིན་ཡང་། །
འགྲོ་བ་ཀུན་ལ་གཅིག་ཏུ་ཕན་ཞིང་བདེ་བའི་རོ་དང་ལྡན་པའི་ཕྱིར། ། #ཟཞ

ཉི་མ་རླབས་ཆེན་རྟ་ཞོན་རྒྱུ་བ་སྣང་བྱེད་གང་ཡིན་དང་། །
ཁུར་ལ་མི་བརྩི་ས་ཡིས་འཇིག་རྟེན་འདེགས་པ་གང་ཡིན་ཏེ། །
རང་དོན་འགའ་མེད་ཆེན་པོ་རྣམས་ཀྱི་རང་བཞིན་དེ་འདྲ་སྟེ། །
དེ་དག་འཇིག་རྟེན་ཕན་དང་བདེ་བའི་རོ་ལ་གཅིག་ཏུ་གཞོལ། ། #པཙ

གང་ཞིག་སྣང་བར་བྱེད་ཅིང་འཁོར་བ་ཉི་མ་ངལ་མེད་འགྱོགས་འགྲོ་ཅན། །
འཇིག་རྟེན་འདེགས་ལ་གང་གིས་ཁུར་དུ་མི་བརྩི་དབྱིག་ལྡན་མ། །
དེ་ནི་རང་དོན་འགའ་ཞིག་མིན་གྱི་འདི་ཙམ་ཆེན་པོ་རྣམས་ཀྱི་གཤིས། །
གང་གིས་འཇིག་རྟེན་ཕན་བདེའི་རོ་ནི་མཐའ་གཅིག་མྱོང་བ་དེ་དག་ཡིན། ། #དཆ

-
ཙནྡྲ་གོ་མི།

སློབ་སྤྲིངས་ཀྱང་སྔོན་གྱི་འགྱུར་དོན་ཐོབ་གཙོ་བོར་མཛད་པ་དེའི་རིགས་ཡིན་ལ། ཚིག་འདི་འདྲ་ལ་ཕྱིས་ཀྱི་སྲོལ་བཞིན་འབྲུ་དོན་རེ་རེ་ནས་བསྒྱུར་ཏེ་གོ་རིམ་ཅུང་བསྣོལ་ན་ཡང་གོ་ཐུབ་ཙམ་ཞིག་ནི་འོང་མཆི་སྟེ། དཔེར་ན། ཡད྄-གང་ཞིག ཨཱལོཀཾ-སྣང་བར། ཀུརྦཏ྄-བྱེད་ཅིང་། བྷྲམཏི-འཁོར་བ། རབིཿ-ཉི་མ། ཨཤྲཱནྟ-ངལ་མེད། ཏུ་ར-མགྱོགས། གཿ-འགྲོ་ཅན། སདཱ-རྟག་ཏུ། འཇིག་རྟེན་འདེགས་ལ་གང་གིས་ཁུར་དུ་མི་བརྩི་དབྱིག་ལྡན་མ། །དེ་ནི་རང་དོན་འགའ་ཞིག་མིན་གྱི་འདི་ཙམ་ཆེན་པོ་རྣམས་ཀྱི་གཤིས། །གང་གིས་འཇིག་རྟེན་ཕན་བདེའི་རོ་ནི་མཐའ་གཅིག་མྱོང་བ་དེ་དག་ཡིན། །ཅེས་པ་ལྟ་བུའོ། །འདི་ལྟར་བྱས་ཚེ་ཚིག་འབྲུ་རེ་རེ་སྦྱོར་ཐུབ་ཅིང་། སྙན་དངགས་བཟང་དུ་སོང་བ་འདྲ་ཞིག་བྱུང་ཡང་། དོན་ལ་གོ་དཀའ་རུ་བཏང་བ་ལགས། ཚིགས་བཅད་འདི་སྔར་ལས་ཀྱང་གོ་བདེར་བྱས་པ་ཞིག་པདྨ་བཀའ་ཐང་ཤེལ་བྲག་མར། རང་དོན་འགའ་མེད་ཆེན་པོའི་རྣམ་ཐར་ཏེ། །ཉི་མ་རླབས་ཆེན་རྟ་ཞོན་རྒྱུ་བར་བྱེད། །ཁུར་ལ་མི་རྩེགས་ས་ཡིས་འཇིག་རྟེན་འདེགས། །བྱ་བ་ཞིག་ཡོད། དེས་ན་རྙིང་མའི་མཁས་པ་འགའ་ཞིག་གི་གསུངས་ལས། སྔོན་དུས་ཀྱི་སྤྲུལ་པའི་ལོ་ཆེན་དེ་ཀུན་རྩ་འགྲེལ་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ཆུད་ནས་གང་བདེར་བསྒྱུར་བས། ཚིག་འཇམ་ལ་དོན་གསལ། ཕྱིས་ཀྱི་ལོ་ཙཱ་བ་བལ་ཡུལ་དུ་དགུན་ཐོག་བསྡད་པ་དག་གིས་འབྲུ་རེ་རེ་ལ་ཞིབ་ཚགས་ཆེ་བ་སྐད་བསྒྱུར་ཏེ། ཚིག་གྱོང་ཞིང་དོན་གྱི་ངོ་བོ་གོ་དཀའ་བར་སོང་། ཞེས་བཤད་པ་ཡང་། རྣམ་པ་གཅིག་ཏུ་ན་ཐུགས་མད་པ་ཡིན་སྙམ། འདི་རྣམས་ཞིབ་ཏུ་བརྟགས་ན་འུ་ཅག་གིས་རྒྱ་དཔེ་མ་མཐོང་བཞིན་བོད་ཚིག་ལ་བལྟས་ནས་འདིའི་སྐད་དོད་འདི་འདྲ་ཡིན་ཅེས་མོ་བཏབ་པ་དེ་ཡང་མཐའ་གཅིག་ཏུ་བདེན་པ་མེད་ལ། དེ་ལས་ཀྱང་བོད་གཞུང་ལ་བལྟས་ནས་དེ་རྒྱ་སྐད་དུ་ཕར་བསྒྱུར་བ་སྐད་དུ་བྱས་པ་འདི་ལ་ཤིན་ཏུ་ཡང་ཉེན་ཆེ།

-
མདོ་སྨད་པ་དགེ་འདུན་ཆོས་འཕེལ།