རཱ་མ་ཤརྨཱ། रामशर्मा रामसम्मा
རཱ་མ་ཤར་མ་ཞེས་པའི་མཚན་འདི་ནི་བོད་ཀྱི་སྙན་འགྲེལ་ཁག་ཏུ་ཡང་ཡང་འབྱུང་1མོད་ཀྱང་། རྒྱ་གར་རང་ལ་གྲགས་ཡོད་མེད་ད་སྔ་བར་དུ་སུ་ལའང་རྒྱུས་མེད། བྷཱ་མ་ཧས་མཛད་པའི་སྙན་ངག་རྒྱན་དུ་རཱ་མ་ཤརྨཱ་ཡི་མཚན་དངོས་སུ་འབྱུང་སྟེ། དེ་ཡང་སྙན་ངག་རྒྱན་གྱི་ལེའུ་གཉིས་པའི་ཚིགས་སུ་བཅད་པ་༡༩བར། གབ་ཚིག་གི་རྒྱན་དང་འབྲེལ་ཏེ། འདི་སྐད་དུ། (त्रिपाठी २०२८,७१) “ནཱནཱདྷཱཏྭརྠ-གམ྄བྷཱིརཱཡམཀབྱཔདེཤིནཱི། པྲཧེལིཀེ སཱ ཧྱུདིཏཱ རཱམཤརྨཱཙ྄ཡུཏོཏྟརེ། །2” ཞེས་འབྱུང་བ་ལྟར། རཱ་མ་ཤརྨཱ་(रामशर्मा)ཞེས་རཱ་མ་ཤར་མའི་མཚན་དངོས་སུ་གསལ་ཡོད་ཅིང་། དེ་བཞིན་ཁོང་གིས་མཛད་པར་ངེས་པའི་གཞུང་གི་མཚན་ཨཙ྄ཡུཏོཏྟར་(अच्युतोत्तर)འཆི་མེད་མཆོག་ཅེས་པའང་གསལ་ཡོད། དེ་ཙམ་དུ་མ་ཟད། སྙན་ངག་རྒྱན་གྱི་ལེའུ་གཉིས་པར་རཱ་མ་ཤར་མའི་གཞུང་ཚིག་ཀྱང་དྲངས་ཡོད་དེ། དཔེར་ན་ཤོ་ལོ་ཀ་༥༨པར། (त्रिपाठी २०२८,८३) “ས པཱིཏབཱསཿ པྲགྲྀཧཱིཏཤཱཾརྒོ མནོཛྙབྷཱིམཾ བཔུརཱཡ ཀྲྀཥྞཿ། ཤཏཧྲྀདེནྡྲཱཡུདྷབཱནྣིཤཱཡཱཾ སཾསྲྀཛྱམཱནཤྴཤིནེབ མེགྷཿ།།”3 ཞེས་གསལ་བར་ལྟར་རོ། ། དེ་བཞིན་པཱ་ལིའི་སྐད་དུ་མཛད་པའི་རྒྱན་གྱི་བསྟན་བཅོས་སུ་བོ་དྷཱ་ལངྐཱ་ར་(सुबोधालङ्कार)ཆུབ་སླའི་རྒྱན་ཞེས་བྱ་བ། གཞུང་ཚད་ལ་ཤོ་ལོ་ཀ་༣༧༠ཡོད་པ། དུས་རབས་བཅུ་གཉིས་པའི་ནང་བྱོན་པའི་ཤྲཱི་ལངྐའི་བརྡ་སྤྲོད་སྨྲ་བ། སངྒརཀ྄ཁིཏ་ཐེ་ར་(संघरक्खितथेर)གནས་བརྟན་དགེ་འདུན་འཚོས་མཛད་པ་ལེའུ་ལྔ་ཅན་དེའི་དབུའི་ཚིགས་བཅད་གཉིས་པར། ཇི་སྐད་དུ། (Fryer, 1875, 106) གཞུང་དེ་ཉིད་དུ། “རཱམསམྨཱདྱལངྐཱརཱ སནྟི སནྟོ པུརཱཏནཱ། ཏཐཱཔི ཏུ བལཉ྄ཙེནྟི སུདྡྷམཱགདྷིཀཱ ན ཏེ།”4 ཞེས་སྔོན་གྱི་རྒྱན་གྱི་མཁན་པོ་རཱ་མ་སམྨཱ་(रामसम्मा)རཱ་མ་ཤརྨཱ་ཞེས་པའི་སྐོར་འབྱུང་ཞིང་སྔོན་གྱི་སྙན་ངག་གི་གཞུང་མཛད་མཁན་ཞིག་བྱོན་པ་ཤིན་ཏུ་གསལ་བ་ལྟར་རོ། །
དེས་ན་རྒྱ་གར་ལ་རཱ་མ་ཤརྨཱ་ཟེར་བའི་སྙན་ངག་གི་གཞུང་མཛད་མཁན་ཞིག་ཡོད་པ་རྒྱ་གར་གྱི་ཡིག་ཆ་ཁག་ལས་འདི་ལྟར་ཁ་གྲགས་པ་ལྟར། ད་ནས་བོད་ཀྱི་ཡིག་ཆ་དང་མཁས་པའི་ངག་རྒྱུན་ལ་མ་གཏོགས། རྒྱ་གར་རང་ལ་རཱ་མ་ཤརྨཱ་ཟེར་བ་ཞིག་བྱུང་ཡོད་མིན་གྱི་སོམ་ཉི་མ་བྱེད་ཅིག
༡། འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ། རྒྱན་གྱི་བསྟན་བཅོས་མེ་ལོང་མའི་འགྲེལ་བ་པཎ་ཆེན་བླ་མའི་གསུང་བཞིན་བཀྲལ་བ་དབྱངས་ཅན་ངག་གི་རོལ་མཚོ། ཝཱ་རཱ་ཎ་སཱི། བཀའ་བརྒྱུད་ཉམ་སྐྱོང་ཚོགས་པ། ༢༠༢༡།
༢། त्रिपाठी, रूपनारायण, सम्पा. श्रीभामहाचार्येण विरचितः काव्यालङ्कार. जयपुरः हंसा प्रकाशन, २०१८.
༣། George Edward Fryer, "Pāli Studies, No. 1: On the Ceylon Grammarian Sangharakkhita Thera and His Treatise on Rhetoric," Journal of the Asiatic Society of Bengal. 44, part II (1875): 91-125.
མཆན།
༡། དཔེར་ན། ཁམས་འགྲེལ་(ཁམས་སྤྲུལ། ༢༠༢༡ཤ༡༦)སོགས་སུའང་། “སྤྱིར་རྒྱ་གར་བའི་མཁས་པ་རྣམས་ཀྱིས་ནི། རཱ་མ་ཤརྨ་དང་། བྷ་ར་ཏ་དང་། དབྱངས་ཅན་
མགུལ་རྒྱན་དང་། དཎྜིའི་ལོང་འདི་ལ་སོགས་པ་སྙན་ངག་ཇི་ལྟར་སྦྱོར་བའི་ཚུལ་ཚིག་གི་རྒྱན་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་འཆད་པའི་བསྟན་བཅོས་རྣམས་ལ་ནི་
རྒྱན་གྱི་བསྟན་བཅོས་ཞེས་བྱའི། སྙན་ངག་གི་བསྟན་བཅོས་སུ་མི་འདོགས།”
༢། “नानाधात्वर्थगम्भीरायमकव्यपदेशिनी। प्रहेलिका सा ह्युदिता रामशर्माच्युतोत्तरे।।१९।।” (त्रिपाठी २०२८,७१)
༣། “स पीतावासाः प्रगृहीतशार्ङ्गो मनोज्ञभीमं वपुराप कृष्णः। शतहृदेन्द्रायुधवान्निशायां संसृज्यमानश्शशिनेव मेघः।।” (त्रिपाठी २०२८,८३)
༤། George Edward Fryer, "Pāli Studies, No. 1: On the Ceylon Grammarian Sangharakkhita Thera and His Treatise on Rhetoric," Journal of the Asiatic Society of Bengal. 44, part II 1875, P, 106.
