-->

Oct 8, 2021

རྟེན་འབྱུང་གི་སྒྲ་སྒྲུབ་བྱེ་བྲག་རྟོགས་བྱེད་བཞུགས་སོ།།

 

Sanskrit: प्रतीत्यसमुत्पाद; Pali: पटिच्चसमुप्पाद paṭiccasamuppāda



ཨོཾ་སྭསྟི། སངས་རྒྱས་བཅོམ་ལྡན་འདས་དང་། འཕགས་པ་ཀླུ་སྒྲུབ་ལ་ཕྱག་འཚལ་ལོ། །


བྱིངས་ཨད་སོགས་ལས་ཨི་ཎ་དང་ཝཱི་དང་ཝཱ་འགྲོ་བ་ལ་ཞེས་པ་ཨི་ཎ་བྱིངས་སུ་འགྱུར་རོ། །དེའི་ཎ་རྟགས་ཀྱི་དོན་ཡིན་པས་ཕྱིས་ཏེ། ཨི་གཞག་གོ། །དེ་ལ་ཚིག་གསལ་དང་མཛོད་འགྲེལ་དུ། ཨེ་ཏི་ནི་འགྲོ་བའི་དོན་ཏོ་ཞེས་གསུངས་པ་ནི་བྱིངས་སུ་མཚོན་པ་ལ་ཤྟིཔའི་རྐྱེན་སྦྱར་བ་སྟེ། ཙནྡྲའི་མདོ་ལེའུ་གསུམ་པར། རང་གི་ངོ་བོ་ལ་ཨི་དང་། ཀི་དང་། ཤྟིཔའོ་ཞེས་གསུངས་པས་ཤྟིཔའོ། །དེའི་ཤ་དང་། བ་རྟགས་ཀྱི་དོན་ཡིན་པས་དབྱིའོ། །ལེའུ་ཉི་ཤུ་གཉིས་པར་བྱ་བའི་དོན་གྱི་ཨིཀའི་ཨཏ་ཨེངའོ་ཞེས་པས་ཨི་ཨེར་འགྱུར་ཏེ། ཨེ་ཏིའོ། །(དེ་བོད་ཀྱི་ཡིག་མཁན་གྱིས་ཨི་ཏི་རུ་ནོར་སྣང་ངོ་། །བྱིངས་སུ་འགྱུར་རྒྱུ་ཨི་ཡིན་ནོ། །) དེའི་སྔོན་དུ་ཉེ་བསྒྱུར་པྲ་ཏི་སྟེ། དེ་ལ་རྣམ་དབྱེ་གང་སྦྱར་ཡང་མི་ཟད་པའི་ཚིག་སྡུད་བྱས་ཏེ་དབྱིའོ། །ལེའུ་གསུམ་པར། བྱེད་པ་བོ་གཅིག་པ་དག་གི་སྔ་མ་ལས་སོ་ཞེས་པ་གང་གི་ཀྟྭཱ་ཞེས་པ་ལ་བསྙེགས་པས་ཀྟྭཱའི་རྐེན་སྦྱར་རོ། །ལེའུ་ཉི་ཤུ་བར།ནཉ་མིན་པའི་ཚིག་སྡུད་ལ་ཀྟྭཱའི་ལྱཔའོ་ཞེས་པས་ཀྟྭཱ་ལྱཔ་རུ་བསྒྱུར་རོ། །

དེའི་ལ་ཡིག་དབྱིངས་ཀྱི་དོན་ཡིན་ཞིང་པ་ཡིག་ཏུཀ་འབྱུང་བའི་ཆེད་དུ་རྟགས་ཀྱི་དོན་ཡིན་པས་ཕྱིས་ལ་ཡ་ཡིག་གཞག་གོ ། ལེའུ་བཅུ་བདུན་པར། ཐུང་ངུའི་ཏིང་མ་ཡིན་པ་ལ་བི་ཏ་ལ་ཏུཀའོ་ཞེས་པས་ཨི་དང་ཡའི་བར་དུ་ཏུ་ཀའོ། །དེའི་ཀ་ཡིག་རྟགས་ཀྱི་དོན་དང་། ཨུ་ཡིག་བརྗོད་པའི་དོན་ཡིན་པས་ཕྱིས་ཏེ་ཏ་བཞག་པས་ཡ་དང་བརྩེགས་པ་ཏྱའོ། །ལེའུ་བཅུ་བདུན་པར། ཨཀ་ནི་ཨ་ཀ་ལ་རིང་བོའོ་ཞེས་པས་པྲ་ཏཱིའི་ཨི་ཡིག་དང་བྱིངས་ཀྱི་ཨི་ཡིག་གཉིས་དག་རིང་བོར་བྱས་ཏེ། པྲ་ཏཱི་ཏྱའོ། །

ལེའུ་བཞི་བར་དོན་ཙམ་ལ་དང་བོའོ་ཞེས་པས་རྣམ་དབྱེ་དང་བོ་སུ་སྦྱར་རོ། །ལྱཔ་ནི་གྲངས་མེད་དམ་མི་ཟད་པ་ཡིན་པས་ན། བཞི་བར་གྲངས་མེད་ལས་སུཔའི་འཇིག་གོ་ཞེས་པས་སུ་དབྱིའོ། །ཡང་བྱིངས་དི་ཝ་སོགས་སུ་པད་འགྲོ་བ་ལའོ་ཞེས་པས་པ་དབྱིངས་སོ། །དེའི་སྔོན་དུ་སམ་དང་། ཨུད་ཉེར་བསྒྱུར་རོ། །འགྲོ་བའི་དོན་ཅན་གྱི་བྱིངས་ཡིན་ཡང་ཉེར་བསྒྱུར་དེ་དག་དང་སྦྲེལ་བས་འབྱུང་བ་ལ་འཇུག་སྟེ། སྐད་ཀྱི་བྱིངས་ནི་སྟོབས་ལྡན་ཡང་ཞེས་སོགས་སོ། །ལེའུ་གསུམ་པར། བྱེད་པ་ལའང་གྷཉའོ་ཞེས་པས་གྷཉའི་རྐྱེན་སྦྱར་རོ། །གྷའི་སྲོག་ཨ་ཡིག་བཞག་ལ། གྷ་དང་ཉ་ཡིག་རྟགས་ཀྱི་དོན་ཏོ། །ལེའུ་ཉེར་གཅིག་པར། ཉིད་ལའོ་ཞེས་པ་དེ་གོང་གི་ཨཱཏ་ཅེས་པ་ལ་བསྙེགས་པས་པཱ་ཞེས་པར་སྦྱར་རོ། །སྒྲ་བ་རྣམས་ཀྱི་ངག་ལ། དབྱངས་མེད་དབྱངས་དང་སྦྱར་རོ་ཞེས་འདོན་པས་སམ་གྱི་མ་ལ་ཨུ་སྲོག་ཏུ་སྦྱར་ཞིང་ད་ལ་གྷཉའི་ཨ་ཡིག་སྦྱར་ཏེ། ས་མུཏྤཱ་ད་ཞེས་པའོ། །

[དེ་བས་གོང་འོག་ཐམས་ཅད་སྦྱར་བས། པྲ་ཏཱི་ཏྱ་ས་མུ་ཏྤཱ་ད་སྟེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་དོན་ནོ།།]

འདི་ན་ཤིན་ཏུ་མཁས་པར་ཁས་འཆེ་ཡང་། །འདི་ཙམ་གྱིས་ཀྱང་མགོ་བོ་རྨོངས་འགྱུར་བ། །ཐོས་པ་ཉུང་ངུས་ཚིམ་པ་དེ་རྣམས་ཀྱང་། །མྱུར་དུ་རྟེན་འབྱུང་མངོན་སུམ་རྟོགས་པར་ཤོག །རྟེན་ཅིང་འབྲེལ་བར་འབྱུང་ཞེས་པ། །ཆོས་རྣམས་ཀུན་གྱི་ཆོས་ཉིད་ཀྱིས། །ཆོས་ཀུན་སྤྲོས་བྲལ་ཉིད་གསུངས་པ། །གཉིས་མེད་གསུང་བ་སྲས་བཅས་མཆོད། །

ཅེས་པ་དཔལ་ལྡན་བློ་གྲོས་བརྟན་པས་བར་སྐབས་སུ་སྨྲས་པའོ།།   


དཏ། གད། རེ། ༦༤བ༣-༦༥ན། ཟླ་བ་གཞོན་ནུས་ཁོལ་དུ་ཕྱུང་ཞིང་གཅིག་ཞུས་སོ།།

Oct 7, 2021

༄། །དགྲ་བཅོམ་དགེ་འདུན་འཕེལ་གྱིས་ལུང་བསྟན་པ་བཞུགས་སོ།།

 

 

༄། །དགྲ་བཅོམ་དགེ་འདུན་འཕེལ་གྱིས་ལུང་བསྟན་པ་བཞུགས་སོ།།

 


༄༅༅། དགྲ་བཅོམ་པ་དགེ་འདུན་འཕེལ་གྱིས་ལུང་བསྟན་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །

འདི་སྐད་བདག་གིས་སློབ་དཔོན་གྱིས་བཤད་པ་ཐོས་པ་ན། ཡུལ་འདིའི་གཙུག་ལག་ཁང་བྲུ་ཉ་ཞེས་བྱ་བའི་དགྲ་བཅོམ་པ་དགེ་འདུན་འཕེལ་ཞེས་བྱ་བ་གསུམ་རིག་པ་མངོན་པར་ཤེས་པ་ཐོབ་པ། རྣམ་པར་ཐར་བ་བརྒྱད་ལ་བསམ་གཏན་པ་ཞིག་དུས་གཞན་ཞིག་ན་སློབ་མ་ཞིག་དང་ཐབས་ཅིག་ཏུ་དབྱར་ཟླ་བ་གསུམ་འཇིག་ཚོགས་ཀྱི་རི་ཞེས་བྱ་བ་ལ་བཞུགས་ཏེ། སློབ་མ་བནྡེ་ཆོས་འདུལ་བ་ལ་སློབ་པ་ཞིག་ལགས་ན། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལོན་པ་དང་། སངས་རྒྱས་ཀྱི་བསྟན་པ་རྒྱ་གར་གྱི་ཡུལ་ཀཽ་ཤཱམྦཱི་ཞེས་བྱ་བར་ནུབ་པར་འགྱུར་རོ་ཞེས་ཐོས་ནས་འདི་སྙམ་དུ་རྒྱ་གར་ཡུལ་གྱི་ཆོས་དུས་དེ་ཙམ་ཞིག་ན། ཡུལ་ཀཽ་ཤཱམྦཱིར་ནུབ་པར་འགྱུར་བ་ལྟ་ཞིག་ན། ལི་ཡུལ་ལ་སོགས་པ་གཞན་གྱི་ཆོས་ཡུན་ཇི་སྲིད་ཅིག་ཏུ་གནས་པར་འགྱུར། ནམ་འཇིག་རྐྱེན་ནི་གང་གིས་འཇིག་པར་འགྱུར་སྙམ་དུ་ཐེ་ཚོམ་སྐྱེས་སོ། །དེ་ནས་དགྲ་བཅོམ་པ་དེ་ཕྱི་འཕྲེད་ཀྱི་དུས་ཀྱི་ཚེ་ནང་དུ་ཡང་དག་འཇོག་པ་ལས་བཞེངས་པ་དང་། སློབ་མ་དེས་མཁན་པོའི་ཞབས་ལ་ཡན་ལག་ལྔས་ཕྱག་འཚལ་ནས་འདི་སྐད་ཅེས་ཐེ་ཚོམ་ཞུས་སོ། །སློབ་དཔོན་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལོ་ཉིས་སྟོང་ནས་འཇིག་པར་ལུང་བསྟན་ན། ལི་ཡུལ་འདི་ལ་སོགས་པ་ཡུལ་གཞན་གྱི་བསྟན་པ་ཇི་སྲིད་དུ་གནས་པར་འགྱུར། ནམ་འཇིག་རྐྱེན་གང་གིས་འཇིག་པར་འགྱུར་བ་ལགས། དེ་ནས་མཁན་པོས་བཀའ་སྩལ་བ། བུ་ཁྱོད་ཀྱིས་ལི་ཡུལ་ལ་སོགས་པའི་སྐྱེ་བོ་མང་བོའི་དོན་དང་། བདེ་བར་གཤེགས་པའི་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཐེ་ཚོམ་དྲིས་པ་ལེགས་ཀྱིས། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ལི་ཡུལ་ལ་སོགས་པའི་བསྟན་པ་ཇི་སྲིད་དུ་གནས་པར་འགྱུར། ནམ་འཇིག་པ་དང་རྐྱེན་གང་གིས་འཇིག་པར་འགྱུར་བ་ངས་སོ་སོར་ལུང་བསྟན་པར་བྱའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ནི་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་སྟོང་ལྔ་བརྒྱ་ལོན་པ་དང་ཡུལ་དུ་དད་པ་མེད་པ་རྣམས་འབྱུང་ཞིང་དམ་པའི་ཆོས་འཇིག་ཏུ་རྒོལ་ལོ། །དེའི་ཚེ་ལི་ཡུལ་འདིར་དད་པ་མེད་པའི་རྒྱལ་བོ་ཡང་འབྱུང་བར་འགྱུར་ཞིང་། ཡུལ་ཡང་རྒྱལ་བོས་ཕན་ཚུན་རྟོད་ཅིང་འཕྲོག་པར་འགྱུར་རོ། །དེ་ཕྱིན་ཆད་ནི་ཡུལ་ཡང་ཉིན་གཅིག་བཞིན་དུ་ཉམས་པར་འགྱུར། གྲོང་དང་གཙུག་ལག་ཁང་ལ་སོགས་པ་ཡང་ཕལ་ཆེར་སྟོངས་པར་འགྱུར། མི་རྣམས་ཀྱང་ཉིན་གཅིག་བཞིན་དུ་ཕྱིར་ཡང་དཀོན་མཆོག་གསུམ་ལ་དད་པ་འབྲི་བར་འགྱུར་རོ། །རྒྱུ་དེས་ན་དཀོན་མཆོག་གསུམ་དང་། ཆོས་སྨྲ་བ་དང་། བསམ་གཏན་པ་ཀུན་ཀྱང་མཆོད་གནས་སུ་མི་བྱེད་ཅིང་། མུ་སྟེགས་ཀྱི་རྒྱལ་བོ་དང་། བློན་པོ་དང་། ཡུལ་འཛིན་པ་དང་། ཁྱིམ་བདག་རྣམས་ཀྱང་ཆོས་དང་མི་མཐུན་པའི་ཕྱོགས་འཛིན་ཅིང་དགེ་བ་བཅུའི་ལས་ཀྱི་ལམ་ཡལ་བར་འདོར་བར་འགྱུར་རོ། །ཆོས་དང་མཐུན་པ་མ་ཡིན་པ་དང་། མ་བརྟགས་པ་དང་། བབ་ཆོལ་གྱི་ལོངས་སྤྱོད་ཀྱང་སོགས་པར་བྱེད་པར་འགྱུར་རོ། །དེ་ནས་དེའི་འོག་ཏུ་དགེ་སློང་དང་། དགེ་སློང་མ་རྣམས་འཚོ་བའི་ཡོ་བྱད་ཀྱི་ཕྱིར་གཡེམ་སྤྱོ་བར་གྱུར་ཏེ། ཆོས་འདུལ་བ་ལས་འབྱུང་བ་དགེ་སྦྱོང་གི་ཚུལ་དང་། སྤྱོད་པ་ཞི་བ་དང་། དུལ་བ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ལ་སོགས་པ་ཡལ་བར་འགྱུར་ཞིང་། ཞིང་དང་། ལྡུམ་ར་དང་། ཉོ་ཚོང་དང་། སྒྱི་བརྙ་དང་། སློང་མོ་བ་རྣམས་ཀྱིས་འཚོ་བར་བྱེད་དོ། །ཁྱིམ་པས་བསླབ་པར་བྱ་བའི་བཟོ་དང་། ཁྱིམ་གྱི་སོ་ནམས་དང་། འཐབ་རྩོད་དང་། སྒོ་གསོལ་རྔམ་པོ་ཆེ་ཡང་བྱེད་པར་འགྱུར། ཕོ་ཉར་ཡང་འགྲོ་བར་བྱེད། ལས་ཀྱི་གོ་འཕང་དང་། རྩ་འཇིང་ཡང་ཚོལ་བར་བྱེད་པར་འགྱུར་ཏེ། དེའི་ཚེ་གཙུག་ལག་ཁང་དང་། དགོན་པ་ལ་མི་གནས་ཤིང་བདེ་བར་གཤེགས་པའི་གདམས་ངག་ཡལ་བར་བོར་ཏེ། ཡང་དང་ཡང་དུ་མཁར་དང་། གྲོང་དང་། ཚོང་དུས་དང་། སྲང་དང་། སུམ་མདོ་ན་གནས་པར་སེམས་དགའ་བར་འགྱུར། བྲན་དང་། བྲན་མོ་དང་། རྐང་འགྲོས་ཀྱང་ཚོལ་བར་བྱེད་དོ། །རྒྱུ་དེས་ན་ཁྱིམ་བདག་དང་། ཡུལ་འཛིན་པ་དང་། བློན་པོ་ལ་སོགས་པས་ཀྱང་དེ་དག་ལ་རིམ་གྲོ་མི་བྱེད་ཅིང་། དད་པ་ཕྱིར་ལོག་ནས་དཀོན་མཆོག་དང་དགེ་འདུན་གྱི་དཀོར་ལ་ཡང་འཕྲོག་པར་བྱེད་དོ། །ཁྱིམ་པ་དེ་དག་གིས་ཀྱང་ནོར་རྫས་དེ་དག་ལ་བརྟེན་ཅིང་སྤྱད་པས་བསོད་ནམས་འབྲི་བར་འགྱུར་རོ། །རྒྱུ་དེས་ན་ལི་ཡུལ་ལ་སོགས་པར་གནོད་པ་སྣ་ཚོགས་འབྱུང་ཞིང་ལོ་རེ་བཞིན་དམའ་བར་འགྱུར་ཏེ། རྩོད་པ་དང་། ནད་དང་། དུས་མ་ཡིན་པའི་ཆར་དང་། རླུང་དང་། དགྲ་མང་བོ་ཡང་འབྱུང་བར་འགྱུར་རོ། །དུས་མ་ཡིན་པའི་སད་དང་། སྲིན་བུ་དང་། བྱེ་བ་དང་། བྱི་བ་ཡང་འབྱུང་བར་འགྱུར་རོ། །དེའི་ཚེ་ན་སེམས་ཅན་རྣམས་ནང་མི་མཐུན་པར་འགྱུར་ཞིང་དུས་ཚིགས་ཀྱང་འཆོལ་བར་འགྱུར་ཏེ། དེ་ལྟར་ན་ཡུལ་གང་དང་གང་དུ་ཆོས་ལུགས་ལོག་པ་བྱེད་པ་དེ་དང་དེར་ནི་གནོད་པ་དེ་དག་འབྱུང་བར་འགྱུར་རོ། །དེའི་ཚེ་ལི་ཡུལ་ལ་སོགས་པར་རྒྱལ་བོ་དང་། བློན་པོ་ལ་སོགས་པ་ཡ་རབས་ལས་ཀྱང་དཀོན་མཆོག་ལ་སྙིང་ཐག་པ་ནས་དད་པ་འགའ་ལས་མི་འབྱུང་ན། ཕལ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། རྒྱུ་དེ་ལྟ་བུས་ལི་ཡུལ་ལ་སོགས་པའི་དཀོན་མཆོག་གསུམ་གྱི་མཆོད་གནས་ཐམས་ཅད་ཀྱི་ཐམས་ཅད་དུ་རྨེགས་མེད་པར་འགྱུར་རོ། །དེ་ནས་ལི་ཡུལ་ལ་སོགས་པར་དགེ་སློང་གི་གནས་སྔོན་རྒྱལ་བོ་ལ་སོགས་པ་དད་པ་ཅན་གྱིས་བྱས་པ་ཡང་བློན་པོ་ལ་སོགས་པ་དད་པ་མེད་པ་རྣམས་ཀྱིས་བཙན་འཕྲོགས་སུ་འཕྲོགས་ནས་བདག་ཉིད་གནས་པར་བྱེད་དོ། །དགེ་སློང་རྣམས་ཀྱང་འཁྱམས་ནས་འཚོ་བ་དང་། ཆོས་གོས་དང་། གནས་ཀྱིས་ཕོངས་པར་འགྱུར་རོ། །བློན་པོ་ལ་སོགས་པ་དེ་དག་གིས་དགེ་སློང་གི་ཞིང་ཆུ་དང་། ལྡུམ་ར་ལ་སོགས་པ་ཡོ་བྱད་རྣམས་ཀྱང་བཙན་ཐབས་སུ་འཕྲོག་པར་བྱེད། ལྷ་འབངས་དང་། ནང་གི་གཡོག་རྣམས་ཀྱང་དགེ་སློང་གི་ངག་མི་ཉན་ཅིང་གཉའ་རེངས་སུ་བྱེད་པར་འགྱུར་རོ། །དེ་ནས་དགེ་སློང་རྣམས་ཀྱིས་ཀྱང་དེ་ལྟ་བུར་གྱུར་པར་ཤེས་ནས་ཡི་མུག་སྟེ། ལི་ཡུལ་གྱི་དགེ་སློང་རྣམས་ཕན་ཚུན་དུ་གཅིག་ལ་གཅིག་འདི་སྐད་དུ་ཡུ་བུ་ཅག་རྣམས་གཙུག་ལག་ཁང་ཚར་མ་ཞེས་བྱ་བ་དང་བོ་ཆོས་འབྱུང་བའི་གནས་དེར་འདུའོ་ཞེས་སྦྲན་ནས་གཙུག་ལག་ཁང་དེར་འདུས་ཏེ། དཔྱིད་ཟླ་ཐ་ཆུངས་ཚེས་བཅོ་ལྔའི་ནུབ་མོ་གསོ་སྦྱོང་བྱས་ནས་གཅིག་ལ་གཅིག་འདི་སྐད་དུ་ཡུ་བུ་ཅག་རྣམས་སྔོན་བག་མེད་པར་གྱུར་ནས་མཁས་པ་ཆོས་དང་མཐུན་པ་རྣམས་ལ་དབང་ཟོས་པའི་རྒྱུས་དེ་ལྟར་ཁྱིམ་པ་རྣམས་ཀྱིས་ཀྱང་རྩིས་མེད་པར་བྱས་ཏེ། ད་ནི་འཚོ་བ་ཡང་མི་འབྱོར་ན་དེང་ཕྱིན་ཆད་གང་དུ་འདོང་། ཐབས་ནི་གང་གིས་འཚོ་བར་བྱ་ཞེས་སྨྲས་ཏེ། དེའི་ཚེ་ཐམས་ཅད་ཀྱིས་ཆོ་ངེ་ཆེན་པོ་འདེབས་པར་འགྱུར་རོ། ། དེ་ནས་དེའི་ཚེ་བདེ་བར་གཤེགས་པའི་བསྟན་པ་སྲུང་བའི་ལྷ། བཅོམ་ལྡན་འདས་ཀྱི་བྱས་པ་གཟོ་བ་ཐམས་ཅད་ཀྱང་གཙུག་ལག་ཁང་དེར་འདུས་ཏེ་གཅིག་ལ་གཅིག་ལྟ་ཞིང་འདི་སྐད་དུ་བདེ་བར་གཤེགས་པའི་བསྟན་པ་ནི་ཡུན་རིང་བོར་མི་གནས་སོ། །ཡུལ་འདི་ཡང་སྟོངས་པར་འགྱུར་རོ་ཞེས་མྱ་ངན་བྱེད་ཅིང་ངུ་བར་འགྱུར་རོ། །དེའི་ཚེ་དགེ་སློང་དེ་དག་འདི་སྙམ་དུ་ཡུལ་འདིར་ནི་འཚོ་བ་མི་འབྱོར་ན་འདི་བོར་ཏེ་ཡུལ་གཞན་དུ་འགྲོ་བར་བྱའོ་སྙམ་དུ་སེམས་མཐུན་པར་གྱུར་བ་གང་དུ་འདོང་བར་བྱ་ཞེས་གྲོས་བྱས་ཏེ། ཡུལ་ཉེ་བ་གཞན་དང་གཞན་ན་ནི་དད་པ་མེད་པ་དག་གིས་གང་། རྒྱ་གར་ཡུལ་དུ་འདོང་དུ་ནི་ལམ་མི་ཐར་བས་བོད་ཀྱི་ཡུལ་ན། དཀོན་མཆོག་གསུམ་ལ་མཆོད་གནས་སུ་བྱེད་ཅེས་གྲགས་པས་དེར་འགྲོ་བར་བྱས་ནས་ཉི་མ་འདི་ལ་འདོང་ངོ་ཞེས་དུས་བཏབ་ནས་དེའི་ནུབ་མོ་གཙུག་ལག་ཁང་ཚར་མར་གཞག་གོ། །ནམ་ལངས་པ་དང་བུད་མེད་དད་པ་ཅན་ཞིག་གིས་གདན་ཆུང་ལ་སྤྱན་དྲངས་ཏེ། དེ་ནས་གཎྜི་བརྡུངས་ནས་དགེ་འདུན་སྤྱིའི་གཙུག་ལག་ཁང་བསྐོར་ཏེ་མཆོད་པ་བྱས་པ་དང་། སངས་རྒྱས་ཀྱི་གཟུགས་བརྙན་གྱི་གདན་ཁྲི་ཞིག་གས་པའི་གསེབ་ནས་སྒྲོམ་བུ་ཐར་མ་ཅན་ཞིག་སྣང་བར་གྱུར་ཏེ། དེ་ནས་སྒྲོམ་བུ་དེ་ཕྱེ་བ་དང་། དེའི་ནང་ནས་གསེར་ལས་བྱས་པའི་ཁ་ཟས་ཀྱི་སྡེར་ཆ་བདུན་བྱུང་སྟེ། དགེ་སློང་ཀུན་གྱིས་དེ་བླངས་ཏེ། འབྲུར་བསྒྱུར་ནས་དེ་དགེ་འདུན་ཀུན་དབྱར་ཟླ་བ་གསུམ་གཙུག་ལག་ཁང་ཚར་མར་ཚུལ་དུ་འཇུག་པའི་འཚོ་བ་སྦྱར་ནས་ཟོང་ལྷག་མ་ལས་ཡུལ་ནས་བྱུང་སྟེ། འགྲོ་བའི་ལམ་བརྒྱགས་དང་ཁུར་ཁལ་སྦྱར་རོ། ། དབྱར་ཟླ་བ་གསུམ་འདས་ནས་འདི་སྐད་དུ་ཡུ་བུ་རྣམས་བྱིན་གྱིས་བརླབས་པའི་ཡུལ་འདི་བལྟས་ལ་འགྲོ་བར་བྱའོ་ཞེས་སྨྲས་ཏེ་སོང་ནས། འཕགས་པ་སའི་སྙིང་བོའི་གནས་གཙུག་ལག་ཁང་ཡེ་ཤེས་རི་ཞེས་བྱ་བའི་དྲུང་དུ་ཕྱིན་པ་དང་། དེའི་ཚེ་དེ་ན་བྲག་ལ་མཆོད་རྟེན་གྱི་འོག་གཞི་རྙེད་པ་ཞིག་ཡོད་པ་རྡིབ་པའི་ནང་ནས། གསེར་ཕོར་ཆེན་པོ་མུ་ཏིག་གིས་གང་བ་ཞིག་བྱུང་བ་དང་དེ་ཡང་བླངས་ཏེ་འབྲུར་བསྒྱུར་ནས་ཕྱོགས་དེར་རྒུན་ཟླ་བ་གསུམ་གནས་པའི་འཚོ་བ་སྦྱར་ཏེ། དེ་ནས་དཔྱིད་བྱུང་སྟེ་འགྲོ་བའི་དུས་ལ་བབ་ནས་སོང་སྟེ། ཤེལ་ཆུ་འོག་མ་བརྒལ་བ་དང་། ཡུལ་མི་སྟོད་པ་རྣམས་ཀྱིས་ས་ལམ་ཡོགས་སུ་གདུགས་ཚོད་སྦྱར་ནས། ཉི་མ་རེ་རེ་ཞིང་གཙུག་ལག་ཁང་དག་ཏུ་གདུགས་ཚོད་གསོལ་བར་འགྱུར་རོ། །དེའི་ཚེ་ཡུལ་མི་སྨད་པ་རྣམས་ཀྱིས་ཀྱང་དགེ་སློང་རྣམས་ཡུལ་བྱུང་སྟེ་འགྲོ་ཞེས་ཐོས་ནས་དགེ་འདུན་དེ་དག་གཙུག་ལག་ཁང་ཅོང་ཞེས་བྱ་བར་སྤྱན་དྲངས་ནས། ཞག་བདུན་གྱི་བར་དུ་བཤོས་སྦྱོར་བར་འགྱུར་རོ། །དེའི་ཚེ་ལི་ཡུལ་ན་གནས་པའི་ཀླུ་ཐམས་ཅད་འདི་སྙམ་དུ་བདེ་བར་གཤེགས་པའི་བསྟན་པ་ནི་རྨེགས་མེད་པར་འགྱུར་ལ་ཐུག་གོ་སྙམ་དུ་མྱ་ངན་བྱེད་ཅིང་བསྟན་པ་གནས་པར་བྱ་བའི་ཕྱིར་ཆར་ཆེན་པོ་ཕབ་སྟེ། ཆར་བ་དེས་གཙུག་ལག་ཁང་ཅོང་ཞེས་བྱ་བའི་ནང་ནས་མཆོད་རྟེན་གྱི་གཞི་ཞིག་ཡོད་པ་ནས་གསེར་ཕོར་གསེར་ཕྱེས་གང་བ་ཞིག་བྱུང་བ་དང་། དེ་ཡང་དགེ་འདུན་གྱིས་བཙོངས་ནས་དཔྱིད་ཀྱི་འཚོ་བའི་ཡོ་བྱད་རྣམས་སྦྱོར་བར་འགྱུར་རོ། །དེ་ནས་ཡང་ཡུལ་མི་སྨད་པ་རྣམས་ཀྱིས་གཙུག་ལག་ཁང་སཱ་ལའི་ཚལ་ཞེས་བྱ་བར་དགེ་འདུན་རྣམས་སྤྱན་དྲངས་ནས་ཞག་བདུན་གྱི་བར་གྱི་གདུགས་ཚོད་གསོལ་ནས་ཞག་བདུན་ལོན་པའི་ཉིན་པར་ཡུལ་སྟོད་སྨད་ཀྱི་མི་ཐམས་ཅད་གཙུག་ལག་ཁང་ས་ན་བར་འདུས་ནས་དགེ་འདུན་ལ་རྫོངས་དང་ཁུར་ཁལ་འབུལ་ལོ། །དེའི་ཚེ་མི་རྒན་རྒོན་རྣམས་ནི་བསླབ་པ་འཛིན་པར་བྱེད། གཞོན་ནུ་རྣམས་ནི་རྒྱང་ནས་ལྟ་ཞིང་གད་མོས་འདེབས་པ་དང་གྲོགས་བྱེད་པར་འགྱུར་རོ། །དེའི་ཚེ་མཁར་དགེ་བ་ཅན་གྱི་ནང་ནས་ཀྱང་མི་རྒན་རྒོན་ཁ་ཅིག་གིས་གོས་ཁ་དོག་བསྒྱུར་བ་དང་། ལམ་དུ་འཇུག་པའི་ཡོ་བྱད་སོ་སོ་ནས་ཐོགས་ནས་སོ་སོའི་དགེ་བའི་བཤེས་གཉེན་དགེ་སློང་དེ་དག་གི་མདུན་དུ་ལྷགས་ནས་འཕགས་པ་རྣམས་བཟོད་པར་བཞེས་ཤིག་ཅེས་སྨྲ་ཞིང་མཆིས་ཏེ། ཕྱག་འཚལ་བར་འགྱུར་རོ། །དེའི་ཚེ་མཆོད་པ་དེ་ནི་དཔེར་ན་ཀུ་ཤའི་གྲོང་ཁྱེར་གྱི་མི་རྣམས་བཅོམ་ལྡན་འདས་མྱ་ངན་ལས་འདས་པར་ཤེས་ནས་མྱ་ངན་བྱེད་པ་བཞིན་དུ་མཆོད་པ་བྱེད་པ་དང་འདྲ་བར། ལི་ཡུལ་དུ་དཀོན་མཆོག་གསུམ་མཆོད་པའི་ཐ་མ་ཡིན་ནོ། །དེའི་འོག་ཏུ་དགེ་སློང་རྣམས་གཙུག་ལག་ཁང་དེ་ནས་བོད་ཡུལ་ངོས་སུ་ཆས་པ་དང་ལམ་ཁ་ན་མཆོད་རྟེན་རྙིང་བ་ཞིག་གི་དྲུང་དུ་དཔལ་ལྷ་མོ་ཆེན་མོས་དགེ་འདུན་གྱི་ཆེད་དུ་གསེར་གྱི་དང་ཙེ་བུ་རུང་གང་བཞག་པ་རྙེད་ནས་དགེ་འདུན་གྱིས་དེ་བགོས་ཏེ་ལམ་གྱི་ཆས་རྫས་སྦྱོར་བར་འགྱུར་རོ། །དེའི་ཚེ་ལི་ཡུལ་གྱི་མཁར་གཙུག་ལག་ཁང་ཀ་ས་ར་ཞེས་བྱ་བར་རྒྱལ་རིགས་ལས་སྐྱེས་པའི་ཡོན་བདག་ཅིག་འབྱུང་བར་འགྱུར་ཏེ། ཡོན་བདག་དེས་དགེ་འདུན་རྣམས་ཞག་བདུན་དུ་མཆོད་སྟོན་གསོལ་བར་འགྱུར་རོ། །དེའི་ཚེ་མཆོད་སྟོན་གསོལ་བ་དེ་ནི་ལི་ཡུལ་དུ་དགེ་འདུན་གྱི་མཆོད་སྟོན་གསོལ་བའི་ཐ་མ་ཡིན་ནོ། །དེ་ནས་དགེ་སློང་རྣམས་མེ་སྐར་གྱི་ལམ་དུ་ཞུགས་ཏེ་སོང་བ་དང་། དེའི་ཚེ་དགེ་སློང་ཕོ་མོ་གསར་བུ་ལས་ཕལ་ཆེར་རང་རང་གི་སློབ་དཔོན་དང་། མཁན་པོ་ལ་ཆོས་གོས་ཕུལ་ཏེ་བཟོད་པར་གསོལ་ནས་སླར་ཡུལ་དུ་ལྡོག་པར་འགྱུར། དགེ་སློང་ཕོ་མོ་གསར་བུ་ཁ་ཅིག་ནི་རབ་ཏུ་བྱུང་བའི་དངོས་པོ་མི་གཏོང་ཞིང་ཕ་མ་ལ་སོགས་པའི་གཉེན་སྐྱེལ་དུ་འོངས་པ་རྣམས་ལ་མྱ་ངན་གྱི་ཚིག་སྨྲ་ཞིང་ངུས་ནས་གཉེན་རྣམས་ཕྱིར་བཟློག་སྟེ། དགེ་འདུན་དང་ལྷན་ཅིག་ཏུ་མི་དགའ་བའི་ཡིད་ཀྱིས་ཕྱིར་བྱིན་གྱིས་བརླབས་པའི་ཡུལ་དང་། གཉེན་གྱི་རྗེས་བཞིན་དུ་ལྟ་བཞིན་པར་མེ་སྐར་གྱི་ལམ་དུ་ཞུགས་ཏེ་འགྲོ་བར་འགྱུར་རོ། །དེ་ལྟར་སོང་བ་དང་དེའི་ཚེ་རྣམ་ཐོས་ཀྱི་བུ་དང་། དཔལ་ལྷ་མོ་ཆེན་མོ་གཉིས་མཆོག་ཏུ་སྙིང་རྗེ་སྐྱེས་ཏེ། འབྲོག་མི་ཕོ་མོ་གཉིས་ཀྱི་ལུས་སུ་བསྒྱུར་ཏེ། དགེ་འདུན་རྣམས་སྤྱན་དྲངས་ནས་ཡུལ་མེ་སྐར་དུ་ཟླ་བ་གསུམ་གྱི་བར་དུ་གདུགས་ཚོད་གསོལ་ཏེ། ལམ་དུ་འཇུག་པའི་ཡོ་བྱད་ཅི་དགོས་པ་ཡང་རྫོང་བར་འགྱུར་རོ། །དེ་ནས་དགེ་སློང་དེ་དག་མདོ་ལོའི་ལམ་དུ་ཞུགས་ནས་རི་དང་ལུང་བའི་སུལ་གཏུགས་ཏེ་སོང་བ་དང་། འབྲོག་དགོན་པར་ལམ་སྟོར་ནས་ངུ་ཞིང་ཕྱོགས་བཅུའི་སངས་རྒྱས་ཀྱི་མཚན་དང་ལི་ཡུལ་གྱི་ལྷ་ཐམས་ཅད་ཀྱི་མིང་ནས་འབོད་པར་འགྱུར་རོ། །དེའི་ཚེ་རྣམ་ཐོས་ཀྱི་བུ་སྙིང་རྗེ་སྐྱེས་ནས་གཡག་དཀར་བོ་སྒལ་བ་དང་། སྣལ་ཆུ་ཅན་ཅིག་ཏུ་སྤྲུལ་ནས་དགེ་སློང་དེ་དག་གི་དྲུང་དུ་འོངས་པ་དང་དགེ་སློང་རྣམས་ཀྱིས་དེ་མཐོང་ནས་གཡག་འདི་ནི་མིའི་ཁལ་གཡག་ཅིག་ཡིན་ཏེ། འདིའི་ཕྱི་བཞིན་སོང་ན་གདོན་མི་ཟ་བར་མི་རྣམས་དང་ཕྲད་པར་འགྱུར་བས་ད་ནི་མི་འཆིའོ་སྙམ་དུ་ཡིད་སོས་ཏེ། གཡག་དེས་ཀྱང་ལམ་དྲངས་ནས་གསེབ་ལམ་དུ་བྱུང་སྟེ། ཚལ་བྱིར་བསྐྱལ་ནས་གཡག་ཉིད་མི་སྣང་བར་གྱུར་ཏོ། །དེའི་ཚེ་དགེ་སློང་རྒན་རྒོན་མང་བོ་ཞིག་ནི་ལམ་ཀར་འཆི་བར་འགྱུར་རོ། །དེ་ནས་ཡུལ་ཚལ་བྱིའི་བོད་རྣམས་ཀྱིས་དགེ་སློང་དེ་དག་མཐོང་ནས་བསུས་ཏེ། འཕྲལ་དུ་ཡོ་བྱད་རྣམས་སྦྱར་ནས་བོད་ཡུལ་འདིར་ལི་ཡུལ་གྱི་དགེ་སློང་མང་བོ་ལྷགས་ན་ཇི་ལྟར་བགྱི་ཞེས་ཕོ་ཉར་གཏོང་བར་འགྱུར་རོ། །དེའི་ཚེ་ན་རྒྱ་རྗེའི་བུ་མོ་བྱང་ཆུབ་སེམས་དཔའི་རིགས་ཅན་ཅིག་བཙས་པ་བོད་ཀྱི་རྒྱལ་བོའི་ཁབ་ཏུ་ལེན་ཅིང་བཙུན་མོ་དམ་པ་བྱེད་པར་འགྱུར་ཏེ། དེ་ནི་དད་པ་ཤིན་ཏུ་ཆེ་བ། སྙིང་རྗེ་དང་ལྡན་པ་སྐད་སྙན་པ་དང་དེས་པ། བསླབ་པའི་ཡན་ལག་ལྔ་བཟུང་བ་ཞིག་འབྱུང་བར་འགྱུར་རོ། ། བཙུན་མོ་དེས་ཉི་འོག་གཞན་ནས་དགེ་སློང་མང་བོ་བོད་ཀྱི་ཡུལ་དུ་ལྷགས་པར་མཐོང་ནས། སངས་རྒྱས་ཀྱི་བསྟན་པ་ནི་རིང་དུ་མི་གནས་སོ་སྙམ་ནས་མྱ་ངན་ཆེན་པོས་ནོན་ནས་རང་གི་འཁོར་བུད་མེད་ཉིས་བརྒྱ་དང་། སྐྱེས་པ་སུམ་བརྒྱ་དང་། རུ་རུམ་དང་། གཟོ་བོ་དང་གནང་ཆེན་རྣམས་དྲུང་དུ་བོས་ཏེ་ངུས་ནས་འདི་སྐད་ཅེས། བདེ་བར་གཤེགས་པའི་བསྟན་པ་ནི་དེའུ་རེ་འཇིག་པར་གྱུར་གྱིས་ཁྱེད་རྣམས་མྱུར་དུ་བསོད་ནམས་མ་བྱས། ཚུལ་ཁྲིམས་མ་བསྲུངས་ན་འཕྱིས་པར་འོང་ངོ་ཞེས་སྨྲས་པར་འགྱུར་རོ། །དེ་ནས་བཙུན་མོ་དེས་རྒྱལ་བོ་ལ་འདི་སྐད་དུ་དགེ་འདུན་དེ་རྣམས་བདག་གིས་བཞོན་པ་དང་གོས་ལ་སོགས་པའི་ཡོ་བྱད་སྦྱར་ནས་འདིར་སྤྱན་དྲང་བར་ཅི་གནང་ཞེས་གསོལ་བས་རྒྱལ་བོས་ཀྱང་གནང་བར་འགྱུར་ཏེ། ཚུལ་དེ་ལྟ་བུས་དགེ་སློང་དེ་དག་བོད་ཡུལ་དུ་འགྲོ་བར་འགྱུར་རོ། །དེའི་ཚེ་བོད་ཡུལ་གྱི་རྒྱལ་བོ་དང་བློན་པོ་རྣམས་ཀྱིས་དགེ་སློང་དེ་དག་མཐོང་ནས་དད་པ་ཆེན་པོ་སྐྱེ་ཞིང་གཙུག་ལག་ཁང་ཆེན་པོ་བདུན་ཡང་བརྩིག་པར་འགྱུར་རོ། །དེ་བཞིན་དུ་དགེ་སློང་ཨན་རྩེ་བ་དང་གུས་ཏིག་པ་དང་། པར་ཝན་པ་དང་། ཤུ་ལག་པ་རྣམས་ཀྱང་སྡུག་བསྔལ་ཆེན་པོས་ནོན་ནས་བྲུ་ཤའི་ཡུལ་དུ་འགྲོ་བར་འགྱུར་རོ། །ཐོ་ཀར་ཡུལ་དང་། ཁ་ཆེའི་ཡུལ་གྱི་དགེ་སློང་རྣམས་ཀྱང་དད་པ་མེད་པའི་མི་རྣམས་ཀྱིས་གཙེས་ཏེ། མ་ཆགས་ནས་བྲུ་ཤའི་ཡུལ་དུ་འགྲོ་བར་འགྱུར་རོ། །དགེ་སློང་དེ་དག་ཐམས་ཅད་ཀྱིས་བྲུ་ཤའི་ཡུལ་དུ་ཕྱིན་ནས། བོད་ཡུལ་ན་གཙུག་ལག་ཁང་མང་བོ་བརྩིགས་པ་དང་། རྒྱལ་བོ་བྱང་ཆུབ་སེམས་དཔའ་ཞིག་གནས་པས་དཀོན་མཆོག་གསུམ་ལ་མཆོད་པ་དང་རི་མོ་ཆེར་བྱེད་པ་ཐོས་ནས་ཡིད་དགའ་སྟེ། ཐམས་ཅད་བོད་ཡུལ་དུ་འགྲོ་བར་འགྱུར་རོ། །བོད་ཡུལ་དུ་ལྷགས་ནས་ལོ་གསུམ་གྱི་བར་དུ་ནི་མཆོད་པ་ཆེན་པོ་ལ་སོགས་པ་སྐྱིད་པ་ཉམས་སུ་མྱོང་བར་འགྱུར་རོ། །ལོ་གསུམ་ལོན་པ་དང་བོད་ཀྱི་ཡུལ་དུ་བདུད་ཀྱི་རིས་ཀྱི་ལྷ་དང་། ལྷ་མ་ཡིན་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་རྣམས་ཀྱིས་ནད་ཆེན་པོ་འབྲས་དང་། ཕོལ་མིག་དང་། འབྲུམ་བུ་གདུག་པ་དག་གཏོང་བར་འགྱུར་ཏེ། ནད་དེས་ཞང་བློན་དང་དམག་དུ་མ་དག་འཆི་བར་འགྱུར་རོ། །དེའི་ཚེ་རྒྱལ་མོ་དེའི་སྙིང་གར་འབྲས་གསུག་པ་བྱུང་སྟེ། ཤི་ནས་ལྷ་ཡུལ་དུ་སྐྱེ་བར་འགྱུར་རོ། །དེའི་ཚེ་བོད་ཀྱི་ཞང་བློན་རྣམས་ཁྲོས་འཁྲུགས་ཏེ་འདི་སྐད་ཅེས་བདག་ཅག་གི་ཡུལ་འདི་སྔོན་གྱ་ནོམ་པ་ལས་ཕྱིས་མི་བཀྲ་མི་ཤིས་པ་འཁྱམས་པ་ཤ་སྟག་འདིར་ལྷགས་ནས་ད་ནི་ཡུལ་དུ་ཡང་འདི་ལྟ་བུ་གནོད་པ་རྣམ་པ་སྣ་ཚོགས་བྱུང་བར་གྱུར་གྱིས། རྫས་ལྷག་མ་འདི་རྣམས་ཀྱང་ཡུལ་འདིར་མི་གཞག་ཅིང་ས་མཚམས་འདས་ཏེ་བསྐྲད་པར་བྱའོ་ཞེས་གྲོས་བྱས་ནས་དགེ་སློང་གཅིག་ཀྱང་བོད་ཡུལ་དུ་གནས་སུ་མི་གནང་ངོ་ཞེས་གློ་བུར་དུ་བསྒོ་བར་འགྱུར་རོ། །རྒྱལ་མོ་དེ་ནད་ཀྱིས་ཐེབས་པའི་ཚེ་བདག་ཉིད་མི་འཚོ་བར་ཚོར་ནས་རྒྱལ་བོ་ལ་ཁ་ཆེམས་སུ་བདག་གུམ་ན་བདག་གི་ནོར་རྫས་རིལ་གྱིས་དགེ་འདུན་ལ་འབུལ་བར་ཅི་གནང་ཞེས་གསོལ་ནས་རྒྱལ་བོས་ཀྱང་གནང་སྟེ། བཙུན་མོའི་རྫས་ཐམས་ཅད་དགེ་འདུན་ལ་འབུལ་ཞིང་དེས་རྒྱ་གར་གྱི་ཡུལ་གན་དྷ་ར་ཞེས་བྱ་བར་འགྲོ་བའི་རྫས་བྱས་ནས་འགྲོ་བར་འགྱུར་རོ། །དེའི་ཚེ་བོད་ཡུལ་གྱི་དགེ་སློང་རྣམས་ཀྱང་ཡི་ཆད་ནས་ཉི་འོག་གི་དགེ་སློང་རྣམས་དང་གྲོས་གཅིག་ཏུ་བྱས་ནས་ལྷན་ཅིག་ཏུ་འགྲོ་བར་འགྱུར་རོ། །སྐྱེ་བོ་དང་རྩོད་པའི་དུས་དེའི་ཚེ་རྒྱ་ཡུལ་གྱི་དགེ་སློང་རྣམས་ཀྱང་ཤིན་ཏུ་སྡུག་བསྔལ་བས་གཟིར་ནས་ཡུལ་གན་དྷ་རར་འགྲོ་བར་འགྱུར་རོ། །དེ་ལྟར་དོང་བ་དང་དགེ་སློང་དེ་དག་ཐམས་ཅད་ཡུལ་གན་དྷ་རར་འགྲོའི་ལམ་ཀར་འཕྲད་པར་འགྱུར་རོ། །དེའི་ཚེ་བོད་ཀྱི་དམག་གིས་རྗེས་བཞིན་བསྙེགས་ནས་ལམ་ཀར་བྲན་གཡོག་དང་། ནོར་ཕྱུགས་དག་ཕྲོགས་ཏེ་དགེ་སློང་དག་ཀྱང་གསོད་པར་འགྱུར་རོ། །དེ་ལྟར་དགེ་སློང་དེ་དག་བོད་ཀྱི་དམག་གིས་བདས་ནས་ཀླུའི་རྒྱལ་བོ་ཨེ་ལའི་འདབ་ཀྱི་གནས་དྲུང་དུ་ཕྱིན་པ་དང་། ཀླུའི་རྒྱལ་བོ་ཨེ་ལའི་འདབ་ཀྱིས་མི་རྒན་ཞིག་གི་གཟུགས་སུ་བསྒྱུར་ཏེ་དགེ་འདུན་གྱི་མདུན་དུ་འོངས་ནས་ཕྱག་འཚལ་ཏེ། སྐྱེས་བུ་དམ་པ་ཁྱེད་རྣམས་གར་གཤེགས་ཞེས་དྲིས་པ་དང་། དགེ་སློང་རྣམས་ཀྱིས་འདི་སྐད་དུ་བདག་ཅག་གི་ཡུལ་ན་དད་པ་མེད་པ་ཤ་སྟག་གིས་གང་བས་འཚོ་བའི་ཡོ་བྱད་ལ་སོགས་པས་ཕོངས་ཏེ། ད་ཡུལ་གན་དྷ་རར་འཚོ་བའི་ཡོ་བྱད་ཙམ་ཞིག་ཅི་རྙེད་སྙམ་ནས་ལྷགས་སོ་ཞེས་སྨྲས་པ་དང་། དེ་ནས་དེའི་ཚེ་ཀླུའི་རྒྱལ་བོ་དེ་བདེ་བར་གཤེགས་པའི་བསྟན་པ་འཇིག་པའི་མཚན་མ་རྟོགས་ནས་མཆི་མ་ཁྲག་ཏུ་འཛག་ཅིང་ངུས་ནས། དགེ་འདུན་རྣམས་ལ་ཡུལ་དེར་གཤེགས་ནས་ཤུལ་བརྒྱགས་ཇི་ཙམ་མངའ་ཞེས་རྨེད་པར་འགྱུར་རོ། །དགེ་འདུན་ཀུན་གྱིས་ཀྱང་ཞིབ་ཏུ་བརྩིས་ནས་ཞག་བཅོ་ལྔའི་བརྒྱགས་ཡོད་དོ་ཞེས་སྨྲ་བར་འགྱུར་རོ། །ཀླུའི་རྒྱལ་བོས་འདི་སྐད་དུ་འདི་ནས་ཡུལ་གན་དྷ་རར་མཚོ་འདིའི་གཡས་གཡོན་དུ་བསྐོར་ན་ཞག་བཞི་བཅུ་རྩ་ལྔའི་ཤུལ་མཆིས་ན། དགུང་བཅོ་ལྔའི་བརྒྱགས་འཚལ་ལམ། གཞན་ཡང་ཤུལ་ཀ་ནས་ལ་ཀ་མཐོན་པོ་དང་ནགས་ཚལ་སྟུག་པོ་དང་། གཅན་གཟན་གདུག་པ་དང་། སྦྲུལ་གདུག་པ་དང་། སྡིག་སྦྲུལ་ལ་སོགས་པ་དང་། ཆོམ་རྐུན་པ་ཡང་མཆིས་པས་ཕྱི་ནས་ཚུར་ཡང་དམག་གིས་བསྙེགས་པ་དང་། མཚོ་འདིའི་ནང་ན་ཡང་བདག་གི་འཁོར་གཏུམ་པོ་དད་པ་མ་མཆིས་པ་དུ་མ་ཞིག་མཆིས་པས་བདག་གིས་ཕྱིར་བཟློག་པར་མི་ནུས་ཏེ། བདག་ནི་དེའི་ཤུལ་དུ་བཞུད་པར་མི་དགའ་ཞིང་མཆིས་སོ། །དེའི་ཚེ་དགེ་སློང་ཕོ་མོ་མང་བོ་དེ་དག་ཐམས་ཅད་འདི་སྙམ་དུ་བདག་ཅག་རྣམས་འཆི་བའི་དུས་ལ་བབ་པ་འདྲ་སྙམ་ནས་ངུ་ཞིང་མྱ་ངན་བྱེད་པར་འགྱུར་རོ། །དེའི་ཚེ་ཀླུའི་རྒྱལ་བོ་ཨེ་ལའི་འདབ་ཀྱིས་དགེ་འདུན་རྣམས་ཀྱི་མདུན་དུ་པུས་མོ་བཙུགས་ནས་དགེ་འདུན་མ་བཤུམས་ཤིག །བདག་གིས་དགེ་འདུན་རྣམས་ཀྱི་སླད་དུ་སྲོག་ཀྱང་ཡོངས་སུ་བཏང་ཞིང་བདག་ཉིད་ཀྱི་ལུས་མཚོ་འདིའི་སྟེང་དུ་ཟམ་པར་བགྱིད་ལགས་སོ། །བདག་གིས་སྔོན་བདེ་བར་གཤེགས་པའི་བསྟན་པ་ཐོག་མར་ལེགས་པར་མ་བསྲུངས་པར་ཆད་པར་སྲོག་གིས་གོད་པ་ཞིག་གཅོད་པར་འཚལ་ལོ་ཞེས་སྨྲས་པར་འགྱུར་རོ། །དེ་ནས་ཀླུའི་རྒྱལ་བོ་དེས་རང་གི་ལུས་སྦྲུལ་ཆེན་པོ་ཞིག་གི་གཟུགས་སུ་བསྒྱུར་ནས། བོད་ཡུལ་ངོས་ཀྱི་རིའི་རྩེ་མོ་ལ་ནི་མགོས་འཁྱུད། ཡུལ་གན་དྷ་རའི་རིའི་རྩེ་མོ་ལ་ནི་མཇུག་མས་འཁྱུད་དེ་ལུས་ཀྱི་ཞེང་དུ་ནི་ཤིང་རྟ་ལྔའི་ཁྱོན་ཙམ་གྱི་ཟམ་པར་བཏགས་སོ། །དེའི་ཚེ་དགེ་སློང་དེ་དག་གིས་སྦྲུལ་ཆེན་པོ་དེའི་གཟུགས་དེ་མཐོང་ནས་སྔངས་སྐྲག་སྟེ། ཕྱོགས་སུ་འབྱེར་བར་འགྱུར་རོ། །དེ་ནས་ཀླུའི་རྒྱལ་བོ་དེས་མི་སྐད་ཕྱུང་སྟེ། དགེ་འདུན་དག་མ་སྔངས་ཤིག ། བདག་གི་ལུས་འདི་ཁྱེད་ཀྱི་སླད་དུ་ཟམ་པར་བཏགས་པ་ལགས་ཀྱིས། མ་བསྙེངས་པར་རྗེས་དགྲ་ཆོམས་སུ་དོགས་པ་ནི་འབངས་དང་ཕྱག་རྗེད་དང་ཁུར་རྣམས་སྔོན་ལ་དགྱེར་དུ་གསོལ་དེའི་འོག་ཏུ་དགེ་འདུན་གཞོན་རིམས་གཤེགས་སུ་གསོལ། བགྲེས་པོ་རྣམས་ནི་སླད་ཀྱིས་གཤེགས་སུ་གསོལ་ཞེས་སྨྲ་བར་འགྱུར་རོ། །དེའི་ཚེ་ཀླུའི་རྒྱལ་བོ་དེའི་རྒྱབ་ཀྱི་པགས་པ་ཕྱུགས་ཀྱི་རྨིག་པ་དང་མིའི་རྐང་བས་བཤུས་ཏེ་རྨ་ཆེན་པོ་བྱུང་སྟེ་མཚོའི་ནང་དུ་རྣག་ཁྲག་ཀྱང་འཛག་པར་འགྱུར་རོ། །མི་ཕྱུགས་ཕལ་ཡང་མཚོའི་ནང་དུ་ལྟུང་ཞིང་འཆི་བར་འགྱུར་རོ། །ཐ་མར་དགེ་འདུན་རྒན་རབས་རྒལ་བའི་འོག་ཏུ་ཀླུའི་རྒྱལ་བོ་ཉིད་ཀྱང་འཆི་བར་འགྱུར་རོ། །མཚོ་དེ་ཡང་སྐམས་པར་འགྱུར་ཏེ། མཚོ་བསྐམས་པའི་ནང་དུ་ཀླུའི་རྒྱལ་བོ་ཤི་བའི་རུས་པ་རི་ལྟ་བུར་འདུག་པར་འགྱུར་རོ། །མ་འོངས་པའི་དུས་ན་སངས་རྒྱས་བྱམས་པ་འཁོར་ལྔ་བརྒྱ་དང་ཐབས་ཅིག་ཏུ་ཀླུའི་རྒྱལ་བོ་ཨེ་ལའི་འདབ་ཀྱི་རུས་པའི་དྲུང་དུ་གཤེགས་ཏེ་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཀྱི་སྐྱེས་པའི་རབས་བརྗོད་པས་བྱམས་པའི་འཁོར་དགེ་སློང་ལྔ་བརྒྱ་བོ་དེ་དག་ཐམས་ཅད་ཀྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་ནས་དགེ་སློང་དེ་དག་ཡུལ་གན་དྷ་རར་ཕྱིན་ནས་ལོ་གཉིས་ཀྱི་བར་དུ་གནས་སོ། །ལོ་གསུམ་པའི་ཚེ་ཡུལ་དེའི་རྒྱལ་བོ་དད་པ་ཅན་ཞིག་ཡོད་པ་འཆི་བར་འགྱུར་རོ། །རྒྱལ་བོ་དེ་ཤི་བའི་འོག་ཏུ་རྒྱལ་བོ་དེའི་བུ་དད་པ་ཅན་ཞིག་དང་དད་པ་མེད་པ་ཞིག་རྒྱལ་སྲིད་ལ་བརྟོད་ནས་དམག་གི་གཡུལ་བཀྱེ་ནས། ཕྱོགས་གཉིས་སུ་ཆད་པར་འགྱུར་རོ། །དེའི་ཚེ་ན་དགེ་སློང་དེ་དག་གི་ནང་ན་དགེ་སློང་དཔའ་བ་བརྟུལ་ཕོད་པ་ཚམ་ཚོམ་མེད་པ་སྟོང་ཞིག་ཡོད་པས་རྒྱལ་བུ་དད་པ་མེད་པ་དེ་དམག་གིས་བཏབ་སྟེ་ཕམ་པར་བྱས་ནས་རྒྱལ་བུ་དད་པ་ཅན་དེ་ལ་རྒྱལ་སྲིད་འབུལ་བར་འགྱུར་རོ། །རྒྱལ་བུ་དད་པ་ཅན་དེས་ཟླ་བ་ལྔ་རྒྱལ་བོ་བྱས་ནས་ཡང་དགེ་སློང་སྟོང་བོ་དེ་དག་གིས་བསད་ནས་དགེ་སློང་གཅིག་རྒྱལ་བོ་ལ་བཅུག་སྟེ་ལོ་གཉིས་ཀྱི་བར་དུ་རྒྱལ་བོ་བྱེད་པར་འགྱུར་རོ། །དེའི་ཚེ་ཡུལ་གན་དྷ་རའི་བློན་པོ་དང་ཡུལ་མི་ཐམས་ཅད་འདུས་ཏེ་གསངས་ནས་ཅིའི་ཕྱིར་ཉི་འོག་གི་མི་བདག་ཅག་གི་ཡུལ་དུ་བྲོས་པ། ངན་པ་འདིས་བདག་ཅག་གི་རྒྱལ་བོ་གསད་དོ་ཞེས་གྲོས་བྱས་ནས་འཕྲལ་ལ་དམག་དྲངས་ཏེ་རྒྱལ་བོ་གཏུབས་པར་འགྱུར་རོ། །དེའི་ཚེ་ཡུལ་གན་དྷ་ར་ན་གནས་པའི་དགེ་སློང་ཐམས་ཅད་མཐོང་དགུ་བསད་དེ་དགེ་སློང་གང་ཞིག་ཡུལ་དབུས་སུ་བྲོས་ཏེ་ཐར་བ་དེ་འབའ་ཞིག་གསོན་པར་འགྱུར་རོ། །དེའི་འོག་ཏུ་ཡུལ་དབུས་མ་གཏོགས་པར་འཛམ་བུའི་གླིང་འདི་ན་དད་པ་མེད་པ་གསུམ་འབྱུང་བར་འགྱུར་ཏེ། སིག་ནི་ལ་སོགས་པ་མང་བོ་ཞིག་གི་རྒྱལ་བོ་ནི་ཏ་ཟིག་གི་རྒྱལ་བི་བྱེད་པར་འགྱུར་རོ། །དྲུ་གུ་རུས་སྣ་ཚོགས་དུ་མིའི་རྒྱལ་བོ་ནི་དྲུ་གུས་བྱེད་པར་འགྱུར་རོ། །གཞན་མང་བོ་ཞིག་གི་རྒྱལ་བོ་ནི་བོད་ཀྱི་རྒྱལ་བོ་བྱེད་པར་འགྱུར་རོ། །རྒྱལ་བོ་དེ་གསུམ་ཀ་ནི་ཡང་སེམས་མཐུན་པར་འགྱུར་རོ། །རྒྱལ་བོ་དེ་གསུམ་ལ་དམག་དཔའ་བ། བརྟུལ་ཕོད་པ་སུམ་འབུམ་ཞིག་ཡོད་པས་ཡུལ་དབུས་མ་གཏོགས་པ། གཞན་ཡང་དག་པའི་ལྟ་བ་འཛིན་པའི་ཡུལ་ཐམས་ཅད་བཅོམ་ནས་མི་མང་བོ་ཁ་བཏགས་ནས་གྲོང་ལ་སོགས་པ་ཡང་སྟོངས་པར་འགྱུར་རོ། །དེ་ནས་རྒྱལ་བོ་དེ་གསུམ་འདུས་ནས་ཡུལ་དབུས་སུ་དམག་དྲངས་ཞེས་གྲོས་བྱེད་པར་འགྱུར་རོ། །དེའི་ཚེ་ན་ཡུལ་དབུས་ཀཽ་ཤཱམྦཱི་ཞེས་བྱ་བར་རྒྱལ་བོ་བཟོད་དཀའ་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། བཙས་པའི་ཚེ་ཁྲག་གི་ཆར་བ་ཡང་འབབ་ལག་པ་གཉིས་ཀྱང་གྲུ་མོ་མན་ཆད་ཁྲག་གིས་བསྐུས་པ་ལྟ་བུར་དམར་བ་ཞིག་ཡིན་ནོ།། དེའི་བློན་པོ་ཡན་ལག་མཆོག་དང་ལྡན་པ་ལྔ་བརྒྱ་དང་དམག་མི་གཡུལ་ངོར་དཔའ་བ་ཉིས་འབུམ་འབྱུང་བར་འགྱུར་རོ། །དེའི་ཚེ་ཏ་ཟིག་གི་རྒྱལ་བོ་ལ་སོགས་པ་གསུམ་ཡུལ་དབུས་ཀཽ་ཤཱམྦཱིར་སོང་ནས་རྒྱལ་བོ་བཟོད་དཀའ་ཚོལ་བར་བྱེད་དོ། །དེ་ནས་རྒྱལ་བོ་བཟོད་དཀས་དེ་སྐད་ཐོས་ནས་དམག་དང་ཆས་ཏེ་རྒྱལ་བོ་དེ་དག་གི་མདུན་དུ་བསྒུགས་ནས་ཟླ་བ་གསུམ་གྱི་བར་དུ་རྒྱུན་དུ་གཡུལ་ཆེན་པོ་སྤྲད་པ་དང་། རྒྱལ་བོ་དད་པ་མེད་པ་དེ་གསུམ་དམག་དང་བཅས་ཏེ་གཏན་མེད་པར་བརླག་པར་འགྱུར་རོ། །རྒྱལ་བོ་བཟོད་དཀའ་དམག་དང་བཅས་པ་སླར་ཡུལ་དུ་འཁོར་ནས་རྒྱལ་བོ་དེ་འདི་སྙམ་དུ་བདག་གིས་མི་མང་བོ་ཁ་བཏགས་ན། བདག་གི་འགྲོ་བ་ནི་ཇི་ལྟ་བུ་ཞིག་ཏུ་སྐྱེ་བར་འགྱུར། ནམ་ཞིག་ངན་སོང་གསུམ་ལས་ཐར་བར་འགྱུར་སྙམ་དུ་འགྱོད་པ་སྐྱེ་བར་འགྱུར་རོ། ། དེ་ནས་རྒྱལ་བོ་དེ་ལ་བློན་པོ་རྣམས་ཀྱིས་གསོལ་བ། མ་བསྙེངས་པར་དམར་བུ་ཅན་གྱི་ཡུལ་ན་དགེ་སློང་ཤིར་ཤ་ཀ་ཞེས་བགྱི་བ་སྡེ་སྣོད་གསུམ་ལ་མཁས་པ་ཞིག་བཞུགས་པས་དེ་སྤྱན་དྲོངས་དང་། དེས་ལྷ་ཁྱོད་ཀྱི་ལས་ངན་པ་དེ་བཤགས་པར་འགྱུར་རོ་ཞེས་སྨྲ་བར་འགྱུར་ལ། རྒྱལ་བོས་ཀྱང་དགེ་སློང་དེ་སྤྱན་དྲངས་ནས། དེའི་མདུན་དུ་ལས་ངན་པ་ཇི་ལྟར་བྱས་པ་ཐམས་ཅད་ལོ་རྒྱུས་སྨྲ་བར་འགྱུར་རོ། །དགེ་སློང་དེས་ཀྱང་འདི་སྐད་དུ་རྒྱལ་བོ་ཁྱོད་ཀྱིས་ཤིན་ཏུ་མ་ལེགས་པ་བྱས་ཀྱི་ཆེ་ཐང་དུ་འགྱོད་ལ། འཛམ་བུའི་གླིང་གི་དགེ་སློང་ཐམས་ཅད་འདིར་སྤྱན་དྲོངས་ལ་རྟག་ཏུ་ཡོ་བྱད་ལྔ་ཕུལ་ཏེ། སྐྱབས་སུ་འགྲོ་བ་དང་ཉིན་གཅིག་བཞིན་དུ་དགེ་འདུན་གྱི་མདུན་སྡིག་པ་ཤོགས་ཤིག །ཁྱོད་ཀྱིས་མི་མང་བོ་ཁ་བཏགས་པའི་ལས་བསྲབས་པར་འགྱུར་རོ་ཞེས་སྨྲ་བར་འགྱུར་རོ། །དེ་ནས་དེའི་ཚེ་རྒྱལ་བོ་དེས་ཡུལ་ཡུལ་གྱི་དགེ་སློང་རྣམས་སྤྱན་འདྲེན་པ་གཏོང་བར་འགྱུར་རོ། །དགེ་སློང་རྣམས་ཀྱིས་ཀྱང་ཡུལ་ཀཽ་ཤཱམྦཱི་ཞེས་བྱ་བ་ན་རྒྱལ་བོ་བཟོད་དཀའ་ཞེས་བྱ་བ་དགེ་འདུན་ལ་ཡོ་བྱད་ལྔ་འབུལ་བ་ཞིག་ཡོད་དོ་ཞེས་ཐོས་ནས་ཡི་རངས་ཏེ། ཡུལ་ཀཽ་ཤཱམྦཱི་ཞེས་བྱ་བར་འགྲོ་བར་འགྱུར་རོ། །དེའི་ཚེ་ཡུལ་ཀཽ་ཤཱམྦཱིར་དགེ་སློང་འབུམ་འདུ་བར་འགྱུར་རོ། །དེ་ནས་ཚེས་བཅོ་ལྔའི་ནུབ་མོ་དགེ་སློང་རྣམས་གསོ་སྦྱོང་ལ་འདུས་ཏེ་དགེ་སློང་ཤིར་ཤ་ཀ་བོས་ནས་ཁྱེད་ཀྱིས་སོ་སོར་ཐར་བའི་མདོ་ཐོན་ཅིག་ཅེས་སྨྲ་བར་འགྱུར་རོ། །དགེ་སློང་ཤིར་ཤ་ཀས་ཀྱང་འདི་སྐད་དུ་ཁྱེད་རྣམས་ལ་སོ་སོར་ཐར་བས་ཅི་ཞིག་བྱ། མི་སྣ་དང་རྣ་བ་གཅད་པ་ལ་མེ་ལོང་གིས་ཅི་ཞིག་བྱ་ཞེས་སྨྲ་བར་འགྱུར་རོ། །དེ་ནས་དེའི་ཚེ་དགེ་སློང་དེ་དག་གི་ནང་ན་དགྲ་བཅོམ་པ་སུ་ཏ་ར་ཞེས་བྱ་བ་ལངས་ནས་སེང་གེ་ལྟ་བུའི་སྐད་ཀྱིས་དགེ་སློང་ཤིར་ཤ་ཀ་ལ་འདི་སྐད་ཅེས་ཁྱོད་ཅིའི་ཕྱིར་དེ་སྐད་ཅེས་སྨྲ། ཁོ་བོ་ནི་བདེ་བར་གཤེགས་པས་བཀའ་སྩལ་པ་བཞིན་བསླབ་པ་གཅིག་ཀྱང་མ་ཉམས་སོ་ཞེས་སྨྲས་པ་དང་། དགེ་སློང་ཤིར་ཤ་ཀ་ཤིན་ཏུ་སྐྱེངས་པར་འགྱུར་རོ། །དེ་ནས་དགེ་སློང་ཤིར་ཤ་ཀའི་སློབ་མ་ཨ་ཀན་བི་ཞེས་བྱ་བས་དགྲ་བཅོམ་པ་དེ་ལ་འདི་སྐད་དུ་ཁྱོད་ཅིའི་ཕྱིར་ངའི་སློབ་དཔོན་ལ་མི་མང་སྔར་དེ་སྐད་སྨྲ་ཞེས་ཁྲོས་ནས་ལག་པ་གཉིས་ཀྱིས་སྒོ་གཏན་བླངས་ནས་དགྲ་བཅོམ་པ་དེ་གསོད་པར་འགྱུར་རོ། །དེ་ནས་དགྲ་བཅོམ་པ་དེའི་སློབ་མ་དགེ་སློང་ཀ་ར་ཏ་ཞེས་བྱ་བས་ཀྱང་རང་གི་སློབ་དཔོན་བསད་པར་མཐོང་ནས་ཤིན་ཏུ་ཁྲོས་ཏེ་དབྱུག་པ་བླངས་ནས་དགེ་སློང་ཤིར་ཤ་ཀ་གསོད་པར་འགྱུར་རོ། །དེའི་ཚེ་དགེ་སློང་དག་རིམ་གྱིས་ཁྲོས་ནས་ཕྱོག་གཉིས་སུ་ཆད་ནས་གཅིག་གིས་གཅིག་གསོད་པར་འགྱུར་རོ། །དེ་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་ཐམས་ཅད་དེར་ལྷགས་ཏེ། དགེ་སློང་ཤི་བའི་རོ་དེ་དག་མཐོང་ནས་ངུད་མོས་འདེབས་ཤིང་མཆོད་པ་བྱེད་པར་འགྱུར་རོ། །དགེ་སློང་དེ་དག་གིས་གོས་ཁ་དོག་བསྒྱུར་བ་དང་སྐྲ་དང་སེན་མོ་ཡང་ལྷའི་གནས་སུ་ཁྱེར་བར་འགྱུར་རོ། །དེའི་ཚེ་ཡུལ་དེར་རླུང་དམར་ནག་པོ་དང་། སེར་པོ་དང་འདྲེས་པ་ལྡང་ཞིང་དུས་དུས་སུ་མེའི་ཆར་བ་འབབ་པ་དང་ས་གཡོ་བ་དང་། འུར་སྒྲ་དང་ཏུག་ཅོམ་དག་ཀྱང་འབྱུང་བར་འགྱུར་རོ། །དེ་ནས་རྒྱལ་བོ་དེས་སྐྱ་རེངས་ཤར་བའི་ཚེ་འདི་ལྟར་དགེ་སློང་ཐམས་ཅད་ཁ་བཏགས་པ་མཐོང་ནས། མྱ་ངན་གྱིས་གདུངས་པའི་རྒྱུས་མིག་གིས་རེས་འགའ་ནི་མཐོང་རེས་འགའ་ནི་མི་མཐོང་བར་འགྱུར་བ་བཞིན་དུ་མྱོང་ལ། གཙུག་ལག་ཁང་དུ་བརྒྱུགས་ནས་ཆོ་ངེས་བཏབ་སྟེ། དགྲ་བཅོམ་པ་དང་དགེ་སློང་སྡེ་སྣོད་གསུམ་པའི་མིང་ནས་འབོད་ཅིང་དེ་གཉིས་ཀྱི་རོ་པང་གིས་འཁྱུད་དེ། འདི་སྐད་དུ་ཀྱེ་སྡེ་སྣོད་གསུམ་པ་ཁྱོད་ནི་བདེ་བར་གཤེགས་པའི་དམ་པའི་ཆོས་ཀྱི་མཛོད་འཛིན་པ་ལགས། ཀྱེ་དགྲ་བཅོམ་པ་ཁྱོད་ནི་བདེ་བར་གཤེགས་པའི་བསླབ་པའི་གཞི་འཛིན་པ་ལགས་ན། ད་ཁྱེད་གཉིས་ནོངས་པས་འཇིག་རྟེན་འདི་སྟོངས་པར་གྱུར་ཏོ་ཞེས་སྨྲ་བར་འགྱུར་རོ། །དམ་པའི་ཆོས་ནུབ་པའི་ནུབ་མོ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱང་ལྷ་མ་ཡིན་གྱིས་ཕམ་པར་བྱས་ནས་འབྲོས་པར་འགྱུར་རོ། །དེ་ཉིད་ཀྱི་ནུབ་མོ་ལྷ་རྟག་ཏུ་མྱོས་པའི་ནང་ནས་ལྷ་འདི་ནི་ཞེས་བྱ་བ་འཆི་འཕོ་བར་འགྱུར་རོ། །དེ་ནས་འཛམ་བུའི་གླིང་དེའི་བུ་རམ་ཤིང་དང་། རྒུན་དང་སྦྲང་རྩི་ཐམས་ཅད་ཀྱང་ནུབ་པར་འགྱུར་རོ། །བདུད་དབང་སྒྱུར་ཞེས་བྱ་བ་ཡང་འཆི་བར་འགྱུར་ཏེ། དེ་ནས་ནས་དང་གྲོ་དང་འབྲས་ཐམས་ཅད་ནུབ་པར་འགྱུར་ཏེ། འཛམ་བུའི་གླིང་གི་མི་རྣམས་ཀྱི་ཟས་སུ་སྲེ་དང་ཁྲེ་རྒོད་དང་རྩྭའི་འབྲས་བུ་སྣ་ཚོགས་ཟ་བར་འགྱུར་རོ། །དར་དང་ཟ་འོག་དང་མན་ཏྲི་དང་། རས་བཟང་བོ་ལ་སོགས་པ་ཡང་ནུབ་ནས་གོས་སུ་གསོ་རས་དང་། རེ་ཕྱར་ལ་སོགས་པ་གྱོན་པར་འགྱུར་རོ། །གསེར་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་རྣམས་ཀྱང་ནུབ་ནས་རྒྱན་དུ་རྩྭ་ལས་བྱས་པ་ལ་སོགས་པ་ཐོགས་པར་འགྱུར་རོ། །ཚོན་བཟང་བོ་དང་རོ་ཞིམ་པོ་རྣམས་ཀྱང་ནུབ་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་གཟུགས་རྣམས་ཀྱང་ཀླུའི་གནས་སུ་འཁྱེར་བར་འགྱུར་རོ། །ལི་ཡུལ་གྱི་མཁན་པོ་རྣམས་འདུས་ནས་ལི་རྗེ་བཙུན་ལེགས་ཀྱི་རིང་ལ་ཡོས་བུའི་ལོ་ལ་བརྩིས་ནས་དེ་ནས་ལོ་བརྒྱ་རྩ་གཉིས་ན་དམ་པའི་ཆོས་ནུབ་པར་འགྱུར་རོ། །དགྲ་བཅོམ་པ་དགེ་འདུན་འཕེལ་གྱིས་ལུང་བསྟན་པ་རྫོགས་སོ།། །།

#དཏ། པཡ། ངེ། ཤ༡༦༢ན-༡༦༨བ།

 

Oct 6, 2021

མདོ་སྡེ་རྒྱན་གྱི་ཚིགས་སུ་བཅད་པ་དང་བོ་གཉིས་ཀྱི་བཤད་པ་བཞུགས།

 

 

མདོ་སྡེ་རྒྱན་གྱི་ཚིགས་སུ་བཅད་པ་དང་བོ་གཉིས་ཀྱི་བཤད་པ་བཞུགས།

 


 

 

དོན་ཤེས་དོན་སྟོན་རབ་ཏུ་བྱེད་པ་ངག་དང་ཚིག་རྣམས་དྲི་མེད་པས། །

སྡུག་བསྔལ་བསྒྲལ་ཕྱིར་དེ་ཡི་བདག་ཉིད་སྡུག་བསྔལ་འགྲོ་ལ་སྙིང་རྗེ་ལས། །

ཐེག་མཆོག་བསྟན་པའི་རྣམ་པ་ཆོས་ཀྱི་དེ་ཡིས་འགྲོ་བའི་སེམས་ཅན་ལ། །

འབྱོར་བའི་དོན་ཚུལ་བླ་མེད་གྱུར་བ་རྣམ་ལྔའི་བདག་ཉིད་སྟོན་པར་བྱེད། །

གསེར་ལས་བརྡུངས་བྱས་འདྲ་ཞིང་པདྨ་རྒྱས་པ་བཞིན། །

བཀྲེས་པས་ཉེན་པ་གཡོས་ལེགས་ཁ་ཟས་ཟ་བ་འདྲ། །

འཕྲིན་ཡིག་ལེགས་པ་ཐོས་འདྲ་རིན་ཆེན་སྒྲོམ་ཕྱེ་ལྟའི། །

ཆོས་དེ་འདིར་བཤད་པ་ཡང་དགའ་བའི་མཆོག་སྐྱེད་དོ། །

 

༄༅༅། །རྒྱ་གར་སྐད་དུ། སཱུ་ཏྲཱ་ལཾ་ཀ་རཱ་དི་ཤློ་ཀ་སྱ་དྭ་ཡ་སྱ་བྱཱ་ཁྱཱ་ནཾ།

བོད་སྐད་དུ། མདོ་སྡེ་རྒྱན་གྱི་ཚིགས་སུ་བཅད་པ་དང་བོ་གཉིས་ཀྱི་བཤད་པ།

འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱང་ཆུབ་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཐུགས་རྗེ་ཆེན་པོས་གནོན་པའི་ཐུགས་ཀྱིས་འགྲོ་བ་སྣ་ཚོགས་ཐུགས་ཀྱིས་གཟུང་བའི་དབང་དུ་མཛད་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་གང་ལ་གང་གི་དོན་དུ་ཇི་ལྟར་གང་གིས་བསླབ་པར་བྱ་བའི་དོན་བཞི་ལ་དགོངས་ནས། འཁོར་རྣམས་ལ་མཆོག་ཏུ་ཟབ་པའི་དོན་ཅན་གྱི་མདོ་སྡེ་མཐའ་ཡས་པ་སྟོན་པ་ལ་འཇུག་པར་མཛད་དོ། །དུས་ཤིན་ཏུ་ཡུན་རིང་པོར་གོམས་པར་བྱས་པའི་བསོད་ནམས་དང་ཡེ་ཤེས་ཡོངས་སུ་སྨིན་པའི་བསམ་པ་དང་ལྡན་པས། དེའི་དུས་ན་ཉེ་བ་རྣམས་ལ་ཡོངས་སུ་དག་པའི་རྒྱུ་ཉིད་ཀྱིས་བསམ་པ་ཇི་ལྟ་བ་བཞིན་དུ་དོན་མཛད་ཟིན་ན་ཡང་། སྟོན་པ་འགྲོ་བ་རྣམས་ཀྱི་མིག་གཅིག་ཏུ་གྱུར་བ་ཡོངས་སུ་མྱ་ངན་ལས་འདས་པ་ན་བདག་ཅག་ལྟ་བུའི་གདུལ་བྱའི་སྐྱེ་བོ་ཡོངས་སུ་གཟུང་བར་བཞེད་ནས་ཡུན་རིང་པོར་གནས་པའི་དོན་དུ་གང་སྡུད་པ་བོས་ཡང་དག་པར་བསྡུས་པ་ཡིན་ནོ། ། སྙིགས་མ་ལྔའི་དུས་ཀྱི་ཤ་ཟས་སེམས་ཅན་གྱི་ཚོགས་ཀྱི་སྙིང་བོ་མེད་པར་གྱུར་བའི་དུས་ཀྱི་ཐ་མ་དེའི་ཚེ་ན་དེའི་དོན་རྟོགས་པར་དཀའ་བ་ཉིད་ཀྱི་ཕྱིར་འབྲས་བུ་མེད་པར་གྱུར་བ་ལྟ་བུར་ཡང་དག་པར་གཟིགས་ནས་དེ་བདེ་བླག་ཏུ་རྟོགས་པར་བྱ་བའི་དོན་དུ། འཕགས་པ་ཐོགས་མེད་ཀྱི་སྒོ་ནས་སློབ་དཔོན་དབྱིག་གཉེན་ལ་ཆེད་དུ་གཏད་དེ། ཐམས་ཅད་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དེ་ཉེ་བར་སྟོན་པའི་བསྟན་བཅོས་མདོ་སྡེ་རྒྱན་ཞེས་བྱ་བ་འདི། བཅོམ་ལྡན་འདས་བྱམས་པས་ཉེ་བར་བསྟན་པ་ཡིན་ནོ། །གང་ལ་དོན་དང་ལྡན་པའི་མིང་རྣམ་པར་ཤེས་པར་བྱ་བའི་དོན་དུ་ཚིགས་སུ་བཅད་པ་ཉེ་བར་བཀོད་དེ། དོན་དང་ལྡན་པའི་མིང་རྣམ་པར་ཤེས་པས་ནི་བསྟན་བཅོས་ཉན་པ་བོ་རྣམས་ཀྱིས་གུས་པ་དང་བཅས་པས་འཇུག་པའི་ཡུལ་དུ་ཉེ་བར་འགྲོ་བར་བྱེད་དོ། །འདི་ལྟར་ཡང་འདིར་དོན་གྱི་རྗེས་སུ་འགྲོ་བར་ཁོང་དུ་ཆུད་པར་བྱ་སྟེ། ཇི་ལྟར་རིན་པོ་ཆེ་སྣ་ཚོགས་ཀྱི་འོད་འཕྲོ་བ་གསེར་གྱི་རང་བཞིན་གྱི་གདུ་བུ་དང་། དཔུང་རྒྱན་དང་། རྣ་རྒྱན་ལ་སོགས་པའི་རྒྱན་གྱི་མཆོག་ཏུ་གྱུར་བའི་བུད་མེད་ཀྱི་ཡན་ལག་རང་བཞིན་གྱིས་ཉམས་དགའ་བར་བྱེད་པ། དཔུང་པའི་ཡན་ལག་ལ་སོགས་པ་མཛེས་པར་བྱེད་པ་ན་འཇིག་རྟེན་ལ་མཆོག་ཏུ་དགའ་བ་ཉེ་བར་སྐྱེད་པ་དེ་བཞིན་དུ། ཉེ་བར་བསྟན་པའི་བསྟན་བཅོས་འདིས་མདོ་སྡེའི་མཆོག་ཏུ་ཟབ་པ་གསལ་བར་བྱེད་པ་ཉིད་ཀྱིས་དམ་པ་རྣམས་ལ་མཆོག་ཏུ་དགའ་བ་སྐྱེད་པར་བྱེད་པའི་ཕྱིར་འདི་རྒྱན་ཉིད་དང་འདྲ་བ་ཡིན་ནོ། །འོ་ན་དེ་གང་དག་མདོ་སྡེའི་དོན་ཇི་ལྟ་བ་བཞིན་དུ་གསལ་བའི་འབྲས་བུ་ཉེ་བར་བསྟན་པ་ལ་རང་ཉིད་འཇུག་པ་ལ་ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་བྱུང་བའི་ཤེས་རབ་དྲི་མ་མེད་པ་ཅན་ཕུལ་དུ་བྱུང་བའི་མཁས་པ་དེ་དག་བསྟན་བཅོས་འདི་ལ་མི་འཇུག་པའམ། འཇུག་པ་ན་ཅི་ཡོད་པར་གྱུར་བའམ། ཡོད་པའམ། ཡོད་པར་གྱུར་བ་མ་ཡིན་ནམ། དེའི་ཕྱིར་རྒྱུ་མཚན་གང་གིས་ན་འདི་ཉིད་ཁྱད་པར་ཅན་གྱི་དགའ་བ་བསྐྱེད་པའི་རྒྱུ་ཉིད་ཀྱིས་རྒྱན་ཉིད་ཡིན་ཞེས་བྱ་བའི་དོགས་པ་བསལ་བའི་དོན་དུ་ཕྱིན་ཅི་མ་ལོག་པ་ཉིད་དང་། མི་སླུ་བ་ཉིད་དང་། དོན་མ་ལུས་པ་དག་བསྡུས་ནས་ཐུན་མོང་མ་ཡིན་པའི་རྒྱུ་ཉིད་དུ་འདིར་བསྟན་པ་ཡིན་ཞེས་བསྟན་པའི་དོན་ཏུ། དོན་ཤེས་དོན་སྟོན་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །གང་འདིས་ནི་མདོ་སྡེའི་དོན་ནི་བརྒྱན་པར་བྱ་བ་ཉིད་དང་། བཤད་པ་ནི་རྒྱན་ཉིད་དང་། དེའི་རྒྱུ་མཚན་གོང་དུ་བརྗོད་པ་གསུམ་བསྟན་པ་ཡིན་ནོ། །དེ་ལ་དོན་སྟོན་ཞེས་བྱ་བ་ནི་སྟོན་པ་ཉིད་ཀྱིས་ཉེ་བར་བསྟན་པའི་དོན་ནི་རྟག་ཏུ་ལྟོས་པ་དང་བཅས་པ་ཡིན་པས་གང་ཡིན་ཞེས་བྱ་བའི་དོགས་པ་བསལ་བའི་ཕྱིར་དེ་དང་འབྲེལ་བས་ཁྱད་པར་དང་བཅས་པའི་ཆོས་ཉེ་བར་བསྟན་པའི་ཕྱིར་མདོའི་དོན་ཁོ་ན་བརྒྱན་པར་བྱ་བ་ཉིད་དོ། །མདོའི་སྡེ་ལས་གཞན་པའི་ཆོས་ནི་མདོའི་སྡེ་བཞིན་དུ་ཐེག་མཆོག་བསྟན་པའི་རྣམ་པ་མ་ཡིན་ཏེ། མདོའི་སྡེ་ཁོ་ནས་ཤེས་པར་བྱས་པའི་དོན་ལ་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པ་རྣམ་པ་འགའ་ཞིག་གིས་རྗེས་སུ་བརྗོད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ཐེག་པ་མཆོག་བསྟན་པ་ཞེས་བརྗོད་པར་བྱ་བ་ཡིན་ན། བསྟན་བཅོས་མཛད་པས་དབྱངས་ཀྱིས་བསྙད་པ་ལ་སོགས་པ་རྣམ་པར་གཅད་པའི་ཕྱིར་འདིར་བསྒྲུབ་པའི་སྒྲ་ལྷག་པར་བརྗོད་པ་མཛད་པ་ཡིན་ནོ། །དེ་ཡང་སྒྲུབ་པས་ན་སྒྲུབ་པ་ཞེས་དངོས་པོ་སྒྲུབ་པ་བསྟན་པས་ན་མི་ཤེས་པ་ཤེས་པའི་དོན་ཁོང་དུ་ཆུད་པར་བྱའོ། །བསྒྲུབ་པར་བྱ་བ་ཡིན་པས་བསྒྲུབ་པ་ཞེས་ལས་སུ་སྒྲུབ་པ་ནི་ཤེས་པར་བྱ་བའི་ངོ་བོ་ཡིན་ནོ། །འདིར་ནི་ལས་སུ་བསྒྲུབ་པ་བསྟན་པར་མངོན་པར་འདོད་དོ། །དེའི་ཕྱིར་དོན་ནི་འདི་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཐེག་པ་ལ་ལྟོས་ནས་ཁྱད་པར་ཅན་ཡིན་པའི་ཕྱིར་ཐེག་མཆོག་སྟེ། རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡིན་ནོ། །དེ་བསྟན་པ་སྟེ་བསྟན་པར་ཤེས་པར་བྱའོ། །སྒྲུབ་པ་ནི་སྒྲུབ་པ་བཞིན་པ་སྟེ། རྗེས་སུ་གཟུང་བ་རང་གིས་མི་རྟོགས་པའི་ཕྱིར་དེས་རྟོགས་པར་བྱ་བའི་རང་བཞིན་ཏེ། གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་དེའིའོ། །དངོས་པོ་སྒྲུབ་པ་བསྟན་ན་ནི་བསྟན་པའི་སྒྲ་དོན་དུ་རྟོགས་པ་ཉིད་ཡིན་པའི་ཕྱིར་དེ་འབྲས་བུ་མེད་པར་ཐལ་བ་བཟློག་པར་དཀའོ། །དེ་བས་ན་དེ་ལྟར་སྒྲུབ་པའི་སྒྲ་ཉེ་བར་བསྟན་པའི་ཕྱིར་འདིར་ཁྱད་པར་དུ་བཅས་པའི་ཆོས་ཀྱི་སྒྲས་མདོའི་སྡེ་ཁོ་ན་མངོན་པར་བརྗོད་པ་ཡིན་ནོ། །དེ་སྐད་དུ་ཡང་འགྲེལ་བ་མཛད་པས་ཆོས་ཚོལ་བའི་ལེའུ་ལས། ཐེ་ཚོམ་གྱི་གཉེན་པོར་ནི་མདོ་སྡེ་ཡིན་ཏེ། གང་ཞིག་གང་ལ་ཐེ་ཚོམ་ཟ་བ་དེ་ལ་དེ་དོན་ངེས་པར་བྱ་བའི་ཕྱིར་བསྟན་པའི་ཕྱིར་རོ། །ཡང་ན་མདོ་སྡེ་ནི་ཆོས་ཀྱི་དོན་བསྟན་པ་ཡིན་ནོ་ཞེས་འཆད་པར་འགྱུར་བ་ཡིན་ནོ། །དེ་བས་ན་དེ་ལྟ་བུ་དེ་ཉིད་ཡིན་ཏེ། གང་གི་ཕྱིར་མཁས་པ་རྣམས་ནི་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པ་དང་། ལུང་དུ་བསྟན་པ་ལ་སོགས་པ་དང་། གསུང་རབ་ཀྱི་རྣམ་པའི་གྲངས་རྗོད་པར་བྱེད་པ་ན་མདོའི་སྡེ་ཁོ་ན་གཙོ་བོ་ཡིན་པའི་ཕྱིར་དང་བོར་གདོན་པ་ཡིན་ནོ། །དེ་བས་ན་མདོའི་སྡེའི་དོན་ནི་བརྒྱན་པར་བྱ་བ་ཉིད་དུ་འདིར་བརྗོད་པ་ཡིན་ནོ། །སྟོན་པའི་སྒྲ་ནི་བཤད་པའི་དོན་ཡིན་པའི་ཕྱིར་དེ་དང་དེའི་རྗེས་སུ་འབྲེལ་བའི་དོན་ནི་བཤད་པར་བྱ་བ་ཉིད་མ་ཡིན་ནམ། ཇི་ལྟར་ན་བརྒྱན་པར་བྱ་བ་ཉིད་ཡིན་ཞེ་ན། གལ་ཏེ་དོན་བཤད་ཅེས་བསྟན་པ་ཡིན་ན་བདེན་ཏེ། དོན་སྟོན་རབ་ཏུ་བྱེད་པ་ཞེས་བསྟན་པ་ན། སྒྲུབ་བཞིན་པའི་བཤད་པ་ཁྱད་པར་ཅན་དང་འབྲེལ་བར་ཁོང་དུ་ཆུད་པར་བྱ་སྟེ། དེས་མཁས་པ་རྣམས་ལ་དགའ་བ་སྐྱེད་པར་བྱེད་པའི་ཕྱིར། བརྒྱན་པར་བྱེད་པ་དེའི་ཡུལ་ཉིད་དུ་གྱུར་བའི་དོན་ཇི་ལྟར་ན་བརྒྱན་པར་བྱ་བའི་བདག་ཉིད་དུ་འགྱུར་བ་མ་ཡིན། དོན་འདི་ཉིད་བསྟན་བཅོས་མཛད་པས་གསེར་ལས་བརྡུངས་བྱས་འདྲ་ཞིང་ཞེས་བྱ་བ་ལ་སོགས་པས་དཔེ་ཉེ་བར་བཀོད་པ་སྔོན་དུ་འགྲོ་བས། ཆོས་དེ་འདིར་བཤད་པ་ཡང་དགའ་བའི་མཆོག་བསྐྱེད་དོ་ཞེས་བྱ་བའི་ངག་གིས་སྟོན་པར་འགྱུར་རོ། །དེ་ལྟ་བས་ན་དོན་སྟོན་རབ་ཏུ་བྱེད་པ་ཞེས་བྱ་བ་ནི་འདིར་དོན་བརྒྱན་པར་བྱེད་པའི་དོན་དུ་ཤེས་པར་བྱའོ། །དེ་ལྟར་ན་སུ་ཞིག་བརྒྱན་པར་བྱེད། ཅི་ཞིག་བརྒྱན་པར་བྱེད་ཅེས་བྱ་བ་ལ་སོགས་པ་འགྲེལ་བ་མཛད་པས་མངོན་པར་བརྗོད་པའི་དྲི་བ་དང་། ལན་གྱི་ཚིག་རྣམས་ཀྱི་དོན་འབྲེལ་བ་ཉིད་དུ་འགྱུར་བ་ཡིན་ནོ། །སྒྲ་ཇི་བཞིན་ཤེས་པ་གང་དག་གིས་དགོངས་པའི་དོན་ཁོང་དུ་མ་ཆུད་ན་འགྲེལ་བ་སུ་ཞིག་བརྒྱན་པར་བྱེད། ཅི་ཞིག་བརྒྱན་པར་བྱེད་ཅེས་བྱ་བའི་དོགས་པ་གཉིས་བསལ་ནས། སུ་ཞིག་བྱེད། ཅི་ཞིག་བྱེད་ཅེས་གདོན་པར་རྣམ་པར་བརྟགས་པ་དེས་ནི། སྙོམ་ལས་ཀྱི་བདེ་བ་ལ་ཆགས་པའི་ཡིད་ཅན་གྱིས། རྟོག་པ་མེད་པ་ཉིད་དུ་ཁོང་དུ་ཆུད་པར་བྱེད་དོ། །སྒྲ་ཇི་བཞིན་པར་ཤེས་པ་ཉིད་ཀྱང་། དེ་ལ་ག་ལ་ཡོད་དེ། ཅི་ཞིག་དོན་གྱིས་རྒྱན་དུ་བྱེད། གང་གི་ཆེད་དུ་རྒྱན་དུ་བྱེད་ཅེས་བྱ་བའི་གང་གི་དོན་མ་ངེས་པ་ཉིད་ཀྱི་ཕྱིར་རོ། །འདིར་དོན་སྟོན་རབ་ཏུ་བྱེད་པ་ཞེས་བྱ་བའི་རྗེས་སུ་འབྲེལ་བ་མེད་པར་ཚིག་ཕྱི་མ་དག་གི་དོན་དུ་རྟོགས་པ་མ་ཡིན་ཏེ། དོགས་པ་ཉེ་བར་མི་བྱེད་པའི་ཕྱིར་རོ། །གཞན་ཡང་ཅི་ཞིག་གི་དོན་གྱིས་རྒྱན་དུ་བྱེད་ཅེས་བྱ་བ་ལ། འདིར་སྒྲ་དྲན་པ་ལ་མཁས་པའི་མངོན་པའི་ང་རྒྱལ་ཅན་འདིས་ཀྱང་དོན་བརྒྱན་པར་བྱ་བའི་བྱ་བ་ལས་ཀྱི་དངོས་པོ་ཐོབ་པས་དོན་ལ་ཞེས་གཉིས་པའི་མཐའ་ཅན་ཉིད་ཀྱིས་མཚན་ཉིད་དུ་ཐོབ་པ་ཡིན་ན། དྲུག་པ་མི་འཐད་པ་ཉིད་དུ་ཇི་ལྟར་མི་དཔྱོད། གང་གི་ཚེ་བརྒྱན་པར་བྱེད་པ་ཞེས་བྱ་བ་འདི་ལ། དོན་སྟོན་རབ་ཏུ་བྱེད་པ་ཞེས་བྱ་བའི་དོན། ཇི་སྐད་བཤད་པའི་རིགས་པས་ཡིན་པ་དེའི་ཚེ་ན་བསྟན་པར་བྱ་བ་ཉིད་འདིར་ལས་ཉིད་དུ་རྟོགས་པ་ན་དོན་ལ་དེ་དང་འབྲེལ་བ་ཉིད་དུ་རྟོགས་པའི་ཕྱིར། དེ་དང་འབྲེལ་བ་དྲུག་པ་བསྟན་པ་ལ་མི་འཐད་པ་མེད་དོ། །དེ་ལྟ་བུས་སུ་ཞིག་བརྒྱན་པར་བྱེད་ཅེས་བྱ་བ་ལ་སོགས་པ་དག་རྣམས་ནི་ཇི་ལྟར་རྣམ་པར་གཞག་པར་ཉེ་བར་བསྟན་པ་ཉིད་བཟང་བ་དང་། དེ་མཛད་པ་བོའི་མངོན་པར་འདོད་པ་ཡང་ཡིན་ནོ། །དེ་བས་ན་དེ་ལྟར་དོན་སྟོན་རབ་ཏུ་བྱེད་པ། ཐེག་མཆོག་བསྟན་པའི་རྣམ་པའི་ཆོས་ཀྱི་ཞེས་བྱ་བ་ངག་གི་དུམ་བུ་འདི་ཙམ་གྱིས་བརྒྱན་པར་བྱ་བ་ཉིད་ནི་མདོའི་སྡེའི་དོན་ཡིན་ལ། བརྒྱན་ཉིད་ནི་དེ་ཉེ་བར་སྟོན་པར་གྱུར་བའི་བསྟན་བཅོས་འདི་ཡིན་པར་བརྗོད་པ་ཡིན་ནོ། །དེ་ལ་ཕྱིན་ཅི་མ་ལོག་པ་ཉིད་ལ་སོགས་པའི་རྒྱུ་མཚན་གང་གིས་བརྗོད་པ་སྟེ། ད་ནི་དེའི་དོན་བཤད་པའི་སྒོ་ནས་གསལ་བར་བྱ་སྟེ། མཁས་པ་ཐམས་ཅད་རིག་པ་མ་ཡིན་པ། མང་དུ་ཐོས་པ་ཅན་ཡིན་ཡང་ཁ་ཅིག་མི་ཤེས་པའི་ཕྱིར་དང་། ཁ་ཅིག་ལ་ཐེ་ཚོམ་ཟ་བའི་ཕྱིར་དང་། ཁ་ཅིག་ལ་ཕྱིན་ཅི་ལོག་པའི་ཕྱིར། རྣམ་པ་གཞན་དུ་བཤད་པ་ལ་འཇུག་པར་བྱེད་པ་ནི་ཕུལ་དུ་བྱུང་བའི་མཁས་པ་རྣམས་ལ་དགའ་བ་བསྐྱེད་པ་མ་ཡིན་པའི་ཕྱིར། དེ་དང་མི་མཐུན་པའི་མཚན་ཉིད་ལ་བསྟན་པས་འདིར་རྒྱུ་མཚན་དང་བོ་ཕྱིན་ཅི་མ་ལོག་པ་ཉིད་ཉེ་བར་བསྟན་པའི་དོན་དུ་ཁྱད་པར་ཅན་གྱིས་བྱེད་པ་ངེས་པར་སྒྲུབ་པ་འདི་ལ། དོན་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་བསྟན་པ་ཡིན་ཏེ། ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་དག་མ་ཚང་ན་རྣམ་པ་གཞན་དུ་ཉེ་བར་སྟོན་པ་སྲིད་པའི་ཕྱིར། ཕྱིན་ཅི་ལོག་པ་ཉིད་དུ་ཡང་འགྱུར་བ་ཡིན་ན། འདིར་ནི་མཛད་པ་བོ་ས་བཅུའི་དབང་ཕྱུག་ཉིད་ཡིན་པའི་ཕྱིར། དེ་ཚང་བར་ཡོད་པ་ཡིན་པས་ཇི་ལྟར་ན་ཕྱིན་ཅི་ལོག་ཏུ་ཉེ་བར་སྟོན་པར་འགྱུར། འདི་ལྟར་ཆོས་ཀྱི་དོན་ཤེས་ཞེས་བྱ་བ་བརྗོད་པས་ནི། སྟོན་པ་བོ་ལ་ཆོས་དང་དོན་སོ་སོ་ཡང་དག་པར་རིག་པ་ཚང་བ་ཉིད་བསྟན་ཏོ། །ངག་དང་ཚིག་རྣམས་དྲི་མ་མེད་པ་ཞེས་བྱ་བས་ནི། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཚང་བ་ཉིད་དོ། །འབྱོར་བའི་དོན་ཚུལ་བླ་མེད་གྱུར་བ་ལྔའི་བདག་ཉིད་སྟོན་པར་བྱེད་ཅེས་བྱ་བས་ནི། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཚང་བ་ཉིད་དུ་བསྟན་ཏོ། །ངག་ལས་ཚིག་རྣམས་ཇི་ལྟར་ཐ་དད་པ་ཡིན། ཚིག་གམ་ངག་གི་ངོ་བོ་མ་གཏོགས་པར་བྱས་པའི་ངག་གམ་ཚིག་རྣམས་ཡོད་པར་སྲིད་པ་ཉིད་ན་མ་ཡིན་ཏེ། དེའི་ཕྱིར་གང་ཡང་རུང་བ་བསྟན་པར་བྱ་བ་ཉིད་ཡིན་ན། ཅིག་ཅར་གཉི་གར་སྟོན་པར་བྱེད་ཅེ་ན། སྐྱོན་དེ་དག་ནི་ཡོད་པ་མ་ཡིན་ཏེ། ཚིག་གི་ཚོགས་ལས་གསལ་བྱེད་ཀྱི་ཚོགས་ཀྱི་མཚན་ཉིད་ནི་ཤིན་ཏུ་ཐ་དད་པའི་ཕྱིར་རོ། །འདི་ལྟར་ཚིག་གི་ཚོགས་ནི་ངག་གི་ཚོགས་ཡིན་ལ། གསལ་བྱེད་ཀྱི་ཚོགས་ནི་ཡི་གེའི་ཚོགས་ཡིན་ནོ། །དེ་སྐད་དུ་ཡང་། མིང་གི་ཚོགས་ལ་སོགས་པ་ནི། །མིང་དང་ངག་དང་ཡི་གེའི་ཚོགས་ཞེས་བཤད་དོ། །འདིར་ཚོགས་ནི་བརྗོད་པའི་ཚོགས་ཡིན་པར་རིག་པར་བྱའོ། །དེའི་ཕྱིར་འདིར་ངག་དང་ཞེས་བྱ་བའི་སྒྲས་ནི་ཚིག་གི་ཚོགས་ངག་ཆེན་པོའི་ངོ་བོ་བསྟན་པ་ཡིན་པར་བལྟ་བར་བྱ་སྟེ། དེ་ཉིད་ཀྱང་ཁོངས་སུ་གཏོགས་པའི་ངག་ཡང་དག་པར་བསྡུས་པའི་བདག་ཉིད་ཡིན་པའི་ཕྱིར་དང་། དོན་རྟོགས་པའི་སྒྲུབ་པར་བྱེད་པ་ཉིད་ཀྱི་ངག་ཉིད་ནི་འདིར་ཚིག་ཡིན་པའི་ཕྱིར་རོ། །ཚོགས་ཀྱི་དོན་ནི་བསགས་པའི་དོན་ཉིད་ཡིན་པའི་ཕྱིར་རོ། །ཚིག་རྣམས་ཞེས་བྱ་བའི་སྒྲས་ནི། གསལ་བྱེད་ཀྱི་ཚིག་གི་ཁོངས་སུ་གཏོགས་པའི་ངག་གི་ངོ་བོ་ཡིན་ནོ། །དགོངས་པ་འདི་ཉིད་ཀྱིས་ཀྱང་ངག་དང་ཚིག་དག་ནི། གཅིག་གི་ཚིག་དང་། མང་བོའི་ཚིག་གི་མཐའ་ཅན་ཉིད་དུ་བསྟན་ཏོ། །ངག་ཆེན་པོ་ནི་གཅིག་ཡིན་པའི་ཕྱིར་དང་། ཁོངས་སུ་གཏོགས་པའི་ངག་རྣམས་ནི་མང་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཐ་དད་པ་ཡིན་དུ་ཆུག་མོད། ངག་ཁོ་ན་ཚིག་འཕེན་པ་ཉིད་ཡིན་པའི་ཕྱིར། འདིར་དེ་དག་ལོགས་ཤིག་ཏུ་བསྟན་པ་ཇི་ལྟར་མི་འཐད་པ་མ་ཡིན་ཞེ་ན་མ་ཡིན་ཏེ་སྒྲ་གཞན་གྱི་དོན་གྱིས་ཉེ་བར་བསྟན་པ་ཡིན་ཡང་། རང་གི་སྒྲས་མངོན་པར་བརྗོད་པ་མཐོང་བའི་ཕྱིར་ཏེ། དཔེར་ན་བྲམ་ཟེ་རྣམས་འོངས་སོ། །གནས་འཇོག་ཀྱང་འོངས་སོ་ཞེས་བྱ་བ་ལྟ་བུའོ། །དེ་ནི་དེར་གཙོ་བོ་ཉིད་དུ་སྟོན་པ་ལྷུར་ལེན་པའི་ཕྱིར་སྐྱོན་དེ་མེད་པ་ཡིན་ནོ་ཞེའོ། །འདིར་ཡང་དེ་རྣམས་གཙོ་བོ་ཉིད་དུ་གྱུར་བ་ཡང་ཅི། འདིའི་རྒྱུ་མཚན་ཉིད་དུ་ཅིའི་ཕྱིར་ཁས་བླང་བར་བྱ་བ་མ་ཡིན་ཏེ། དེའི་དབང་གིས་ངག་ནི་ཆེས་གཟུང་བར་བྱ་བ་ཉིད་དུ་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་སྐྱོན་དང་ལྡན་པའི་ཁོངས་སུ་གཏོགས་པའི་ངག་ཅན་གྱི་ངག་ཆེན་པོ་དེ་ནི་མཁས་པ་རྣམས་ཀྱིས་གཟུང་བས་ཡིན་པ་ཉིད་ཡིན་ལ་གང་ལ་ཡོན་ཏན་དང་ལྡན་པར་འཇུག་པ་དེ་ནི་གཟུང་བར་བྱ་བ་ཁོ་ན་ཡིན་ནོ། །དེ་ལ་ཡན་ལག་བརྒྱད་ཀྱི་ངག་ནི་དེའི་མི་མཐུན་པའི་ཕྱོགས་ཀྱི་དྲི་མ་དང་བྲལ་བའི་ཕྱིར་དྲི་མ་མེད་པའོ། །འདི་ལྟ་སྟེ། གྲོང་ཁྱེར་པ་ནི་མི་ཞན་པ་གང་ཡིན་པ་སྟེ། འཁོར་ལ་ཁྱབ་པའི་ཕྱིར་རོ། །སྙན་ཅིང་འཇེབས་པ་ནི་སྙན་པ་གང་ཡིན་པ་སྟེ། ཡི་གེ་མི་རྩུབ་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་གསལ་བ་ནི་ལེགས་པར་བཤད་པ་གང་ཡིན་པ་སྟེ། ཡི་གེ་ལེགས་པར་ངེས་པར་བཤད་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་རིག་པར་བྱེད་པ་ནི། ཡི་གེ་གྲགས་པ་གང་ཡིན་པ་སྟེ། གྲགས་པ་ཉིད་མངོན་པར་བརྗོད་པ་ཉིད་ཀྱི་ཕྱིར་རོ། །མཉན་པར་འོས་པ་ནི་ཇི་ལྟར་རིགས་པ་གང་ཡིན་པ་སྟེ། གདུལ་བྱ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །རྟེན་མེད་པ་ནི་ཟང་ཟིང་མེད་པ་གང་ཡིན་པ་སྟེ། རྙེད་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་དག་ལ་རྟེན་པ་མེད་པ་ཉིད་ཀྱི་ཕྱིར་རོ། །མི་མཐུན་པ་མེད་པ་ནི་རན་པ་གང་ཡིན་པ་སྟེ་མི་རན་པ་མ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། དེ་ལས་ཅིག་ཤོས་ནི་སྐྱོ་བ་སྐྱེད་པར་བྱེད་པ་ཉིད་ཀྱིས་མི་མཐུན་པའི་ཕྱིར་རོ། །གཏུགས་པ་མེད་པ་ནི་ཡངས་པ་གང་ཡིན་པ་སྟེ། ཚད་མས་ཡོངས་སུ་དག་པའི་དོན་མངོན་པར་བརྗོད་པ་ཉིད་ཀྱི་ཕྱིར་རོ། །བསྟན་བཅོས་མཛད་པ་བོས། རྒྱལ་སྲས་ཚིག་ནི་མི་ཞན་པ། །སྙན་ཅིང་ལེགས་བཤད་གྲགས་པ་དང་། །ཅི་རིགས་པ་དང་ཟང་ཟིང་མེད། །རན་ཅིང་དེ་བཞིན་སྤངས་པ་ཡིན། །ཞེས་བྱ་བ་འདིས། ངག་ཕུན་སུམ་ཚོགས་པ་འདི་ཉིད་སྟོན་པར་གྱུར་བ་ཡིན་ནོ། །ཚིག་རྣམས་ཀྱི་ཡན་ལག་བརྒྱད་ནི་སྔ་མ་ཇི་ལྟ་བ་བཞིན་དུ་དྲི་བ་མེད་པའི་ཞབས་ཡིན་ནོ། །འདི་ལྟ་སྟེ། རིགས་པ་ནི་གང་དག་ཚད་མ་རྣམས་དང་མི་འགལ་བའི་དོན་ཉེ་བར་བརྗོད་པ་ཉིད་དོ། །འབྲེལ་བ་ནི་ཇི་ལྟར་མདོར་བསྟན་པ་བཞིན་དུ་དོན་རྒྱས་པར་བསྟན་པ་གང་དག་ཡིན་པའོ། །མཐུན་པའི་གང་ཟག་ཐེག་པ་གསུམ་དང་མི་འགལ་བར་འཇུག་པ་ཉིད་དོ། །རུང་བ་ནི་བདེ་བ་ལ་བརྟེན་པ་གང་ཡིན་པ་སྟེ། སྒྲ་ཉམ་ང་བ་མེད་པའི་ཕྱིར་རོ། །འབྱོར་བ་ནི་གང་དག་གྲགས་པའི་དོན་གྱིས་དོན་དང་ལྡན་པ་ཉིད་དོ། །འཕྲོད་པ་ནི་རིགས་པ་གང་ཡིན་པ་སྟེ། གདུལ་བྱ་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །འཚམ་པ་ནི་གང་དག་མྱ་ངན་ལས་འདས་པའི་དབང་དུ་བྱས་ནས་འཇུག་པའོ། །འགྲུས་སྐྱོང་གི་ཡན་ལག་གི་ཚོགས་སུ་གྱུར་བ་ནི་གང་དག་སློབ་པའི་འཕགས་པའི་ལམ་ཡན་ལག་བརྒྱད་དང་རྗེས་སུ་མཐུན་པའི་ཕྱིར་རོ། །རབ་ཏུ་དབྱེ་བ་འདི་ཉིད། བསྟན་དང་དེ་བཞིན་བཤད་པ་དང་། །ཐེག་དང་མཐུན་དང་བདེ་བ་དང་། །གྲགས་པ་དང་ནི་ཅི་རིགས་དང་། །ངེས་པར་འབྱུང་དང་མཐུན་པའི་ཕྱིར། །དེ་འདིར་སེམས་དཔའ་མཆོག་རྣམས་ཀྱི། །ཡི་གེ་ཕུན་སུམ་ཚོགས་པ་ཡིན། ། ཞེས་བྱ་བའི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་བསྟན་བཅོས་མཛད་པ་བོ་སྟོན་པར་འགྱུར་རོ། །དེའི་ཕྱིར་འདིར་དོན་ནི་འདི་ཡིན་ཏེ། གང་ཞིག་དོན་ཤེས་པ་ཡིན་ཞིང་དེ་ལྟ་བུའི་ངག་དང་། ཚིག་རྣམས་ཀྱི་མདོ་སྡེའི་དོན་སྟོན་པ་ལ་འཇུག་པ་དེ་ནི་ཇི་ལྟར་ན་རྣམ་པ་གཞན་དུ་བཤད་པའི་དོགས་པ་བྱེད། དོན་ཤེས་པ་ཉིད་ཀྱིས་ན་དེ་མི་ཤེས་པ་དང་། ཐེ་ཚོམ་ཟ་བ་དང་། ཕྱིན་ཅི་ལོག་རྣམས་བསལ་བ་ཡིན་པར་མཚོན་པར་བྱེད་དོ། །ངག་དང་ཚིག་རྣམས་དྲི་མེད་ཅེས་བཤད་པས་ནི། སྐྱོན་དེ་རྣམས་དང་ལྡན་པ་ཉིད་ཀྱང་རྣམ་པ་གཞན་དུ་འཆད་པར་འགྱུར་རོ། །དེ་ལྟར་ཕྱིན་ཅི་མ་ལོག་པ་ཉིད་བསྒྲུབས་པ་ཡིན་ནོ། །དོན་ཤེས་པའི་སྤོབས་པ་དང་ལྡན་ཞིང་། གཞན་ཁོང་དུ་ཆུད་པར་བྱེད་པ་ལ་མཁས་པ་ཡིན་ཡང་། སླུ་བར་བསམས་ནས་འཇུག་པ་མ་ཡིན་ནམ། གང་གིས་ན་འདིར་ཕྱིན་ཅི་མ་ལོག་པ་ཉིད་དུ་ངེས་པར་བཤད་པར་འགྱུར་བ་ཇི་ལྟར་ན་རྣམ་པ་གཞན་དུ་ཡང་འཆད་པ་མི་སྲིད་པ་ཉིད་ཅེས་བྱ་བའི་དོགས་པ་དེ་བསལ་བའི་ཕྱིར། དགོས་པ་དང་དེའི་རྒྱུ་བཤད་པའི་སྒོ་ནས་རྒྱུ་མཚན་གཉིས་པ་མི་སླུ་བ་ཉིད། སྡུག་བསྔལ་བསྒྲལ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་བསྟན་པ་ཡིན་ཏེ། གང་གི་ཕྱིར་བསྐལ་པ་དུ་མར་སྡུག་བསྔལ་བའི་སྐྱེ་བོ་ལ་དམིགས་པའི་སྙིང་རྗེ་འབད་པར་གོམས་པ་ལས་གང་ཞིག་དེའི་བདག་ཉིད་དུ་གྱུར་བ་ན་ཉེ་བར་བསྟན་པ་ལ་འཇུག་པ་དེ་གང་གིས་ན་སླུ་བར་བྱེད་པར་འགྱུར་བ། ཇི་ལྟར་ན་སྡུག་བསྔལ་བསྒྲལ་བ་ལས་གཞན་པའི་དགོས་པ་རྩེད་མོ་ལ་སོགས་པ་འདོད་པར་བྱེད། དེའི་ཕྱིར་དེའི་བཤད་པ་ནི་མི་སླུ་བར་བྱེད་པ་ཁོ་ནའོ། །སྒྲུབ་པ་ལ་ལྟོས་ནས་སྡུག་བསྔལ་མཚམས་ཉིད་དུ་རྟོགས་པའི་ཕྱིར་འབྱུང་ཁུང་གི་ལྔ་བ་སྡུག་བསྔལ་ལས་ཞེས་བསྟན་པར་རིགས་པ་མ་ཡིན་ནམ། ཇི་ལྟར་ན་སྡུག་བསྔལ་གྱི་ཞེས་བསྟན། སྡུག་བསྔལ་བའི་སྐྱེ་བོ་ནི་སྡུག་བསྔལ་ལས་བསྒྲལ་བར་བྱ་བ་ཉིད་ཡིན་ནོ་ཞེ་ན། སྐྱོན་དེ་དག་མེད་དེ། སྡུག་བསྔལ་གྱི་མཚམས་དང་། དེ་དང་ལྡན་པ་ལ་འབྲེལ་བ་སྲིད་པའི་ཕྱིར་རོ། །གང་གི་ཕྱིར་འདོད་པས་བྱེད་པ་རྣམས་འཇུག་པ་དེའི་ཕྱིར། འདིས་འབྲེལ་བ་འདོད་པ་ཙམ་ལ་རག་ལས་པའི་དྲུག་པ་འཐད་པ་ཁོ་ནའོ། །ཡང་ན་བསྒྲལ་བའི་བྱེད་པ་བོ་ནི་སྡུག་བསྔལ་ལས་གཞན་པའི་སྡུག་བསྔལ་བའི་བདག་ལ་སོགས་པ་ཡང་དག་པར་མེད་པར་བསྟན་པའི་ཕྱིར་དེ་ལྟར་བསྟན་པ་ཡིན་ནོ། །གང་ཡང་། བདག་ཏུ་ལྟ་བ་བདག་ཉིད་བདག་མཚན་མིན། །ངན་པར་གནས་མིན་མཚན་ཉིད་མི་འདྲའི་ཕྱིར། །གཉིས་ལས་གཞན་མེད་དེ་ནི་ནོར་བ་སྐྱེས། །དེ་ཕྱིར་ཐར་བ་ནོར་བ་ཟད་ཙམ་ཡིན། །ཞེས་བསྟན་པར་འགྱུར་རོ། །དེ་ལྟར་ན་སྡུག་བསྔལ་བསྒྲལ་ཕྱིར་ཞེས་བྱ་བ་འདིར། འཁྲུལ་བ་ཟད་ཕྱིར་ཞེས་བྱ་བའི་དོན་དུ་གནས་པ་ཡིན་ནོ། །སྡུག་བསྔལ་ཞེས་བྱ་བའི་ཚིག་གིས་ནི་ཀུན་རྫོབ་ཏུ་དེ་ཉིད་མངོན་པར་བརྗོད་པ་ཡིན་ནོ། །དེ་ལྟར་ན་ཐམས་ཅད་ལེགས་པར་གནས་པ་ཡིན་ནོ། །འདི་དག་ནི་རྟོགས་ཟིན་ཏོ། །གལ་ཏེ་རིག་བྱ་རིག་པ་དང་། སྙིང་རྗེའི་རང་བཞིན་ཅན་སྡུག་བསྔལ་ཟད་པ་ཉིད་ཀྱི་འབྲས་བུ་རྣམས་གཞན་དག་ལ་སྦྱིན་པའི་དོན་དུ་ཉེ་བར་བསྟན་པ་ལ་འཇུག་པ་ནི་ཕྱིན་ཅི་མ་ལོག་པ་ཉིད་དང་མི་སླུ་བར་བྱེད་པ་ལ་བརྟེན་པ་ཡིན་ཏེ། དེའི་ཕྱིར་དེར་ད་ལྟར་ཐོས་པ་དང་ལྡན་པ་ཡིན་ཡང་། དེའི་འབྲས་བུ་གྲུབ་པ་ཇི་ལྟར་ན་མཐོང་བ་ཡིན། དེའི་ཕྱིར་བསྟོད་པ་འདི་འབའ་ཞིག་ཉེ་བར་མཚོན་པ་ཡིན་ནོ་ཞེས། ཕྱི་མའི་དུས་སུ་སྒྲོ་འདོགས་པ་རྣམ་པར་གཅད་པའི་དོན་དུ་དེ་འཇུག་པའི་རྒྱུ་མཚན་གདུལ་བྱ་སྐལ་བ་དང་ལྡན་པ་ཉིད་བསྟན་པའི་དོན་དུ། དེ་ཡིས་འགྲོ་བའི་སེམས་ཅན་ལ། །ཞེས་བྱ་བ་སྨོས་སོ། །འདིར་སྐལ་བ་དང་ལྡན་པ་ཉིད་ཀྱང་དེའི་ངང་ཚུལ་ཅན་དུ་སྒྲུབ་པའི་རྐྱེན་གྱིས་བསྒྲུབ་པ་ཉིད་དོ། །དེ་ལ་བརྟེན་ནས་ཉེ་བར་བསྟན་པ་འབྲས་བུ་དང་བཅས་པ་ཁོ་ན་སྟེ། དེ་ལྟར་ན་ཅུང་ཟད་ཀྱང་ཆད་པ་མེད་དོ། །གང་ཕྱིར་སྤྲིན་ལས་ཆར་འབབ་ཀྱང་། །ས་བོན་མིན་ལས་མི་འབྱུང་ལྟར། །སངས་རྒྱས་རྣམས་ནི་འབྱུང་ན་ཡང་། །སྐལ་བ་མེད་པས་འབྲས་མི་མྱོང་། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་ན་རྒྱན་ཉིད་ལ་ཕྱིན་ཅི་མ་ལོག་པ་ཉིད་དང་མི་སླུ་བར་བྱེད་པ་ཉིད་ཀྱི་རྒྱུ་མཚན་བསྟན་ནས། གསུམ་པ་དོན་མ་ལུས་པ་ཉིད་དེ་སྟོན་པར་བཞེད་ནས། འབྱོར་བའི་ཞེས་པ་ལ་སོགས་པ་སྨོས་ཏེ། གསུང་རབ་ལ་ནི་གང་གི་དེ་མ་བསྟན་ན། འདིའི་དོན་མ་རྫོགས་པར་འགྱུར་བ། དོན་རྣམ་པ་ལྔས་ལྷག་པའི་ཤེས་བྱ་སྲིད་པའམ། ཉེ་བར་བསྟན་པ་སྲིད་པ་ཡོད་པ་ནི་མ་ཡིན་ཏེ། ཐམས་ཅད་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་གིས་བསྡུས་པའི་ཕྱིར་རོ། །དེ་ལ་ཀུན་ནས་ཉོན་མོངས་པ་ནི་བསྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་བསམ་པར་བྱ་བ་དོན་གསུམ་གྱིས་བསྟན་ཏོ། །རྣམ་པར་བྱང་བ་ནི་བསམ་གྱིས་མི་ཁྱབ་པ་དང་། ཡོངས་སུ་གྲུབ་པ་གཉིས་ཀྱིས་བསྟན་ཏོ། །དེ་སྟོན་པའི་ནུས་པ་དང་ལྡན་པ་ནི་འདི་ཉིད་ཡིན་ཏེ། ཏིང་ངེ་འཛིན་དང་གཟུངས་རབ་ཏུ་ཐོབ་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་ན། གཞན་གྱིས་བཤད་པ་རྣམས་དོན་མ་ལུས་པར་གསལ་བར་བྱེད་པའི་འབྲས་བུ་ཅན་དུ་འགྱུར། དེ་ལྟ་བས་ན་ཇི་སྐད་བཤད་པའི་རྒྱུ་རྣམས་ཀྱི་ཉེ་བར་བསྟན་པའི་བསྟན་བཅོས་འདི་མཁས་པ་རྣམས་ལ་ཁྱད་པར་གྱི་དགའ་བ་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་རྒྱན་ཉིད་དང་འདྲ་བ་ནི་རིགས་པ་ཁོ་ན་ཡིན་ནོ། །

ཁྱད་པར་ཅན་གྱི་དགའ་བའི་རྒྱུ་དེ་ཉིད་ཁོ་ན་དོན་རྣམ་པ་ལྔའི་དབང་དུ་བྱས་ནས། བཅོམ་ལྡན་འདས་ཀྱིས་བསྟན་པའི་ཆོས་བཤད་པའི་བསྟན་བཅོས་འདི་ལ་གོ་རིམས་བཞིན་དུ། གསེར་ལས་བརྡུངས་བྱས་འདྲ་ཞེས་བྱ་བ་ལ་སོགས་པའི་དཔེ་ལྔས་བསྒྲུབ་པའི་དོན་དུ། གསེར་ལས་བརྡུངས་བྱས་འདྲ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་དོན་རྣམ་པ་ལྔ་ཇི་འདྲ་བ་ཡིན་ཞེ་ན། རྒྱུ་མཚན་དང་། མིང་དང་། རྣམ་པར་རྟོག་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་ཞེས་པའོ། །དེ་ལ་རྒྱུ་མཚན་ནི་ཀུན་གཞི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། འཇུག་པའི་རྣམ་པར་ཤེས་པའི་རྒྱུ་མཚན་ཉིད་ནི་འདི་ཕན་ཚུན་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །མིང་ནི་རྒྱུ་མཚན་དེ་ཉིད་བརྗོད་པར་བྱ་བ་མ་ཡིན་ཡང་མིག་བཙུམས་བྱེད་པ་བཞིན་དུ་ཡང་དག་པར་མཚོན་པར་བྱེད་པའི་བརྗོད་པ་གང་ཡིན་པའོ། །རྣམ་པར་རྟོག་པ་ནི་ཇི་སྐད་བཤད་པའི་རྒྱུ་མཚན་གྱི་རང་བཞིན་དང་། ཁྱད་པར་དུ་རྣམ་པར་རྟོག་པ་སྟེ། ཁམས་གསུམ་པ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའོ། །དེ་བཞིན་ཉིད་ནི་སྟོང་པ་ཉིད་དོ། །ཡང་དག་པའི་ཡེ་ཤེས་ནི་དེ་བཞིན་ཉིད་ལ་དམིགས་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །དེ་རྣམས་ཀྱི་གོ་རིམས་ནི་འདི་ཉིད་ཁོ་ན་ཡིན་ཏེ། འདི་ལྟར་ཀུན་ནས་ཉོན་མོངས་པའི་གདགས་པའི་གཞི་ཡིན་པའི་ཕྱིར་དང་བོར་རྒྱུ་མཚན་ནོ། །ཀུན་ནས་ཉོན་མོངས་པ་གདགས་པ་ཉིད་ཀྱི་ཕྱིར། དེ་མ་ཐག་ཏུ་མིང་ངོ་། །མིང་ཇི་ལྟ་བ་བཞིན་དུ་ཀུན་ནས་ཉོན་མོངས་པའི་གཞིར་རྣམ་པར་རྟོག་པའི་ཕྱིར། དེའི་འོག་ཏུ་རྣམ་པར་རྟོག་པའོ། །ཀུན་ནས་ཉོན་མོངས་པ་དེ་ཡང་དེ་བཞིན་ཉིད་ལ་ཡང་དག་པའི་ཡེ་ཤེས་ཀྱིས་འགོག་པ་ཉིད་ཡིན་པ་དེའི་ཕྱིར། དེའི་རྗེས་ལ་དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་ཡིན་ནོ། །འགྲེལ་བ་མཛད་པས་ནི་རྒྱུ་མཚན་ལ་བསྒྲུབ་པར་བྱ་བ་ཞེས་བྱ་བར་བསྟན་ཏེ། གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་རྒྱུ་དང་རྐྱེན་ལས་ངེས་པར་འབྱུང་བའི་ཕྱིར། གསེར་ལས་བརྡུངས་བྱས་འདྲ་བའོ། །གང་གི་ཕྱིར་གསེར་ནི་གདུ་བུ་དང་། རྣ་རྒྱན་དང་། དཔུང་རྒྱན་ལ་སོགས་པ་ཉིད་དུ་རང་བཞིན་གྱིས་གྲུབ་པའི་ངོ་བོ་མ་ཡིན་ཏེ། བསྲེག་པ་དང་བཅད་པ་དང་ཆུས་བྲན་པ་དང་། བརྡུང་བ་ལ་སོགས་པའི་རྐྱེན་རྣམས་དོན་མེད་པར་ཐལ་བའི་ཕྱིར་རོ། །མིང་ནི་བྱེ་བྲག་ཏུ་ཤེས་པར་བྱ་བ་ཞེས་བྱ་བ་སྟེ། གང་གི་ཕྱིར་མིང་ནི་མར་མེ་བཞིན་དུ་རུང་བ་ཉིད་ཀྱིས་དོན་ཤེས་པར་བྱེད་པ་ནི་མ་ཡིན་ཏེ། བརྡ་རིག་པ་བཞིན་དུ་བརྡ་མ་རིག་པས་ཀྱང་དོན་རྟོགས་པ་སྐྱེ་བར་ཐལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། འདི་ནི་འདིའི་བརྗོད་བྱ། འདི་ནི་འདིའི་རྗོད་པར་བྱེད་པ་ཞེས་སྐྱེས་བུའི་འདོད་པས་བརྟགས་པའི་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་བ་ཤེས་པས་སོ། །དེ་ཉིད་ཀྱི་ཕྱིར་མིང་ཇི་ལྟ་བའི་དོན་ནི་མི་སྲིད་པའི་ཕྱིར་དོན་གྱི་དབང་དུ་བྱས་ནས། འདི་ཀུན་བརྟགས་པའི་རང་བཞིན་གྱི་ཁོངས་སུ་འདུས་པར་གཞན་གྱིས་བརྗོད་པ་ཡིན་གྱི། རང་གི་ངོ་བོས་ནི་མ་ཡིན་ཏེ། རྣམ་པར་རིག་པའི་ངོ་བོ་ཉིད་ཡིན་པས་དེ་ནི་བརྟགས་པ་ཉིད་མ་ཡིན་པའི་ཕྱིར་རོ། །ཤེས་པ་དེ་ཉིད་ཀྱང་བྱེ་བྲག་ཏུ་ཤེས་པ་སྟེ། དེ་ཡང་བརྡ་ཤེས་པ་བྱེ་བྲག་ཏུ་ཤེས་པ་བོ་ལ་ལྟོས་ནས། གཞན་ལ་འགྱུར་བ་དེའི་ཕྱིར་བྱེ་བྲག་ཏུ་ཤེས་པར་བྱ་ཞེས་བསྟན་ཏེ་པདྨ་རྒྱས་པ་བཞིན་ནོ། །གང་གི་ཕྱིར་པདྨ་ནི་འབྱེད་པར་བྱེད་པ་སྐྱེས་བུའི་ལག་པ་དང་། ཉི་མའི་འོད་ཟེར་དང་། ཡོངས་སུ་འབྲེལ་བ་ལ་ལྟོས་པ་མེད་པར་རྣམ་པར་དབྱེ་བའི་མཚན་ཉིད་ཅན་གྱིས་བྱེ་བྲག་ཏུ་ཤེས་པར་བྱ་བའི་ཡུལ་དུ་ཐོབ་པ་མ་ཡིན་ནོ། །རྣམ་པར་རྟོག་པ་ནི་བསམ་པར་བྱ་བ་ཞེས་བྱ་སྟེ། འདུས་མ་བྱས་ཀྱི་ཁམས་ལ་འཇུག་པར་བྱ་བའི་ཕྱིར། དམ་པའི་ཆོས་ཐོས་པ་ལས་བྱུང་བའི་ཚུལ་བཞིན་ཡིད་ལ་བྱེད་པས། དེ་ནི་གདོན་མི་ཟ་བར་བསམ་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་སྤངས་པ་མེད་པར་ནི་འདུས་མ་བྱས་ཀྱི་དབྱིངས་ལ་འཇུག་པར་འགྱུར་བ་མ་ཡིན་ནོ། །རྣམ་པར་རྟོག་པ་ཡང་ཐོག་མ་མེད་པ་མ་རིག་པའི་བག་ཆགས་ཀྱི་དབང་གིས་བརྫུན་པ་ཡིན་ཡང་རྒྱུ་མཚན་ལ་རང་བཞིན་དང་ཁྱད་པར་དག་གི་མིང་ཇི་ལྟ་བ་བཞིན་དུ་བདེན་པ་ཉིད་དུ་མངོན་པར་ཞེན་པས་འཇུག་པ་ནི་བདག་ཉིད་ཉེ་བར་ཞི་བའི་ཐབས་རིག་པ་དང་། རྗེས་སུ་མཐུན་པའི་རྣམ་པར་དཔྱོད་པ་མེད་པར་སྤོང་བ་མ་ཡིན་ནོ། །ཇི་སྐད་དུ་རྒྱུ་གཉིས་དང་རྐྱེན་གཉིས་དག་གིས་ཡང་དག་པར་མཐོང་བ་སྐྱེ་སྟེ། ཕ་རོལ་གྱིས་བསྟན་པ་དང་བདག་ཉིད་ལ་ཚུལ་བཞིན་ཡིད་ལ་བྱེད་པའོ་ཞེས་གསུངས་སོ། །དེ་མ་སྤངས་ན་ཡང་ཀུན་ནས་ཉོན་མོངས་པ་ཁོ་ན་མངོན་དུ་བྱེད་པར་འགྱུར་གྱི། རྣམ་པར་བྱང་བའི་བདེ་བ་ནི་མ་ཡིན་པའི་ཕྱིར་ཀུན་ནས་ཉོན་མོངས་པ་སྤངས་པ་དང་། རྣམ་པར་བྱང་བ་ཐོབ་པར་བྱ་བའི་ཕྱིར་རྣམ་པར་རྟོག་པ་ནི། མིང་ཇི་ལྟ་བ་ནི་ཡུལ་མེད་པ་ཉིད་དུ་བསམ་པར་བྱ་བ་སྟེ། ཁ་ཟས་གཡོས་ལེགས་བཞིན་ནོ། །གང་གི་ཕྱིར་ཁ་ཟས་ལེགས་པར་རང་བཞིན་དང་། ཁྱད་པར་དག་ཏུ་མ་བསམས་པར་གཡོས་ལེགས་པའམ། དེ་ཉེ་བར་ལོངས་སྤྱད་པའི་བདེ་བ་ལ་ཆགས་པའི་ཡིད་ཅན་གྱི་བདེ་བ་སྒྲུབ་པར་གྱུར་བ་ནི་མ་ཡིན་ནོ། །དེས་ན་དེ་ཡང་བསམ་པར་བྱ་བ་ཡིན་ཞེས་གྲགས་པའི་ཕྱིར་འདིར་དཔེར་གྱུར་བ་ཡིན་ནོ། །དེའི་ཕྱིར་དེ་ལྟར་གསུང་རབ་ལས་བསྟན་པའི་རྒྱུ་མཚན་དང་། མིང་དང་། རྣམ་པར་རྟོག་པའི་དོན་གསུམ་ནི། དཔེ་གསུམ་གྱིས་བསྒྲུབ་བྱ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་བྱ་བ་ཉིད་དུ་བསྟན་པའི་དབང་དུ་བྱས་ནས་ཆོས་བསྟན་པར་འཇུག་པས་ཇི་སྟོན་པར་འགྱུར་ཞེ་ན། ཀུན་ནས་ཉོན་མོངས་པ་དང་། དེའི་ཐ་སྙད་དོ། །དེ་ལ་རྒྱུ་མཚན་ནི་ཀུན་ནས་ཉོན་མོངས་པའོ། །མིང་དང་རྣམ་པར་རྟོག་པ་དག་ནི་དེའི་ཐ་སྙད་ཡིན་ཏེ། དེ་དག་གིས་དེ་ཉིད་རང་བཞིན་དང་། ཁྱད་པར་དུ་ཐ་སྙད་དུ་བཏགས་པའི་ཕྱིར་རོ། །དེ་ཙམ་ཁོ་ན་འཁོར་བ་ཡིན་ཏེ། འདི་ཐ་སྙད་དུ་བྱ་བ་དང་། ཐ་སྙད་དག་ལས་ལྷག་པར་འགྱུར་བ་རིགས་པ་མ་ཡིན་ནོ། །དེ་ལ་སྒྲུབ་པར་བྱེད་པ་ཞེས་བྱ་བར་བརྗོད་པ་དང་འབྲེལ་བས་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་མཚན་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་རྒྱུ་མེད་པ་ཅན་དུ་རྟོག་པ་བསལ་བར་མཛད་པ་ཡིན་ཏེ་རང་གི་ངོ་བོ་སྒྲུབ་པའི་ཕྱིར། གཞན་ལ་ལྟོས་པ་ཁོ་ན་དེ་ལྟར་བསྙད་པའི་ཡུལ་ཡིན་པའི་ཕྱིར་རོ། །རྒྱུ་མཚན་ཞེས་བྱ་བ་ནི་མི་མཐུན་པའི་རྒྱུ་ཅན་དུ་རྟོག་པ་བསལ་བ་ཡིན་ཏེ། གང་གི་ཕྱིར་དེ་ལས་གཞན་པའི་རྒྱུ་མཚན་ཉིད་དུ་སྲིད་པ་ཡིན་ན། རྒྱུན་ལ་བརྟེན་ནས་ཕན་ཚུན་རྒྱུ་ཉིད་དུ་བསམས་ནས་དེ་ཉིད་རྒྱུ་མཚན་ཉིད་མངོན་པར་བརྗོད་པར་རིགས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རང་བཞིན་མེད་པ་ཉིད་དུ་ཡོངས་སུ་བསྟན་པས་འདི་སྙིང་རྗེ་ཅན་ལ་བརྫུན་པ་ཉིད་ཀྱིས་མི་སྐྲག་པའི་ཡུལ་དུ་ཡང་བསྟན་པ་ཡིན་ནོ། །གང་ཡང་། རང་དང་རང་གི་བདག་ཉིད་དུ། །མེད་ཕྱིར་རང་གི་ངོ་བོ་ལ། །མི་གནས་ཕྱིར་དང་འཛིན་བཞིན་དུ། །མེད་ཕྱིར་ངོ་བོ་ཉིད་མེད་འདོད། །ཕྱི་མ་ཕྱི་མའི་རྟེན་ཡིན་པས། །ངོ་བོ་ཉིད་མེད་མེད་པ་ཡི། །སྐྱེ་མེད་འགག་མེད་གཟོད་ནས་ཞི། །རང་བཞིན་མྱ་ངན་འདས་པ་འགྲུབ། །ཅེས་སྟོན་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡང་དག་པར་རང་བཞིན་མེད་པ་ཡིན་ཡང་། བྱིས་པའི་སྐྱེ་བོ་རང་བཞིན་ཉིད་ཀྱིས་ཞེན་པ་དེའི་ཞེན་པ་ཉིད་བསལ་བའི་དོན་དུ། འདི་ཐམས་ཅད་ནི་མིང་ཙམ་སྟེ། འདི་ལྟ་སྟེ། མིག་དང་གཟུགས་ནས་ཡིད་དང་ཆོས་ཀྱི་བར་དུའོ། །མིང་ནི་གང་དང་གང་དག་གིས། །ཆོས་ནི་གང་དང་གང་བརྗོད་པ། །དེ་ལ་དེ་ནི་ཡོད་མ་ཡིན། །དེ་ནི་ཆོས་རྣམས་ཆོས་ཉིད་དོ། །མིང་ཉིད་མིང་གིས་སྟོང་པ་སྟེ། །མིང་མིན་ལ་ནི་མིང་ཡོད་མིན། །ཆོས་ཀུན་མིང་དང་བྲལ་བ་སྟེ། །མིང་ནི་ཀུན་དུ་བརྟགས་པ་ཡིན། །ཞེས་བྱ་བའི་ཕྱོགས་ལ་མིང་གི་བདག་ཉིད་ཀྱིས་ཐ་སྙད་བྱེ་བྲག་ཏུ་ཤེས་པར་བྱ་བ་ཉིད་དུ་བསྟན་པའི་ཕྱིར་བརྫུན་པའི་ཡུལ་ཅན་དུ་བསྟན་པ་ཡིན་ནོ། །གང་གི་ཕྱིར་རང་བཞིན་གྱིས་དོན་དང་ལྡན་ནམ། དེ་དང་འབྲེལ་བ་ལ་ཡང་དག་པར་སྲིད་ན། རྗོད་བྱེད་ཡུལ་མེད་པ་ཅན་དུ་བསྟན་པར་རིགས་པ་དང་ལྡན་པ་མ་ཡིན་ནོ། །རྣམ་པར་རྟོག་པའི་བདག་ཉིད་ཀྱིས་ཐ་སྙད་ཀྱི་མིང་ཇི་ལྟ་བ་བཞིན་དུ་འཇུག་པའི་ཡུལ་ཐ་མི་དད་པའི་ཕྱིར། ཡུལ་མེད་པ་ཉིད་དུ་རྟོགས་པ་ན་ཀུན་ནས་ཉོན་མོངས་པ་ཉེ་བར་ཞི་བར་བྱ་བའི་ཕྱིར། ཇི་ལྟར་ཞེན་པའི་ཡུལ་གྱི་དེ་ཉིད་བསམ་པའི་སྒོ་ནས་བསལ་བར་བྱ་བ་ཉིད་བསྟན་པའི་ཕྱིར། བསམ་པར་བྱ་བ་ཉིད་བསྟན་པ་ཡིན་ནོ། །འདིར་རང་གི་ངོ་བོ་རྣམ་པར་དཔྱད་པས་སེལ་བ་ནི་མ་ཡིན་ཏེ། དེ་ཡང་རྣམ་པར་རྟོག་པའི་བདག་ཉིད་ལས། མ་ལོག་པས་རྣམ་པར་དཔྱོད་པ་གཞན་ལ་ལྟོས་པ་ཡིན་ལ། དེ་ཡང་དེའི་ངོ་བོ་ཉིད་ཡིན་པས་གཞན་ལ་ལྟོས་པ་ཡིན་ན། ཐུག་པ་མེད་པར་འགྱུར་བའི་ཕྱིར། ནམ་ཡང་དེ་ཡོད་པ་མི་སྲིད་པས་གྲོལ་བ་མེད་པར་ཐལ་བར་འགྱུར་ཏེ། དེ་སྤངས་པ་ཁོ་ན་ཉོན་མོངས་པ་ཉེ་བར་ཞི་བའི་བདག་ཉིད་ཅན་གྱིས་གྲོལ་བའི་ཕྱིར་རོ། ། སེམས་དཔའ་མཆོག་རྣམས་ནི་རྣམ་པར་རྟོག་པ་ཉིད་ཀུན་ནས་ཉོན་མོངས་པར་ཁས་ལེན་པ་ཡིན་ནོ། །དེ་ཡང་། གང་ཚེ་རྣམ་པར་དཔྱོད་པ་ཡི། །རྣམ་པར་དཔྱོད་པས་དཔྱད་བྱས་པ། །དེ་ཚེ་ཐུག་པ་མེད་འགྱུར་ཏེ། །རྣམ་དཔྱོད་དེ་ལའང་དཔྱད་ཕྱིར་རོ། །དཔྱད་བྱ་དཔྱོད་པར་བྱེད་པ་ནི། །རྣམ་པར་དཔྱོད་པ་རྟེན་ཡོད་མིན། །རྟེན་མེད་ཕྱིར་ནི་སྐྱེ་བ་མེད། །དེ་ནི་མྱ་ངན་འདས་པར་བརྗོད། །ཅེས་བསྟན་ཏོ། །དེ་བས་ན་དེ་ལྟར་གསུང་རབ་ལས་བསྟན་པའི་རྒྱུ་མཚན་དང་། མིང་དང་། རྣམ་པར་རྟོག་པ་རྣམས་ནི་དཔེ་གསུམ་གྱིས་བསྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་བསམ་པར་བྱ་བ་ཉིད་དུ་བསྟན་པ་ན་དགོངས་པ་གསལ་བ་ཡིན་ནོ། །ད་ནི་དཀྱུས་མ་ཉིད་ཀྱི་རྗེས་སུ་འབྲང་བར་བྱ་སྟེ། གལ་ཏེ་འགྲེལ་བ་མཛད་པས་རྣམ་པར་རྟོག་པ་ནི་བསམ་པར་བྱ་བ་ཞེས་བཤད་ན། བསམ་གྱིས་མི་ཁྱབ་པའི་སྒྲ་དོན་ཅི་ཞིག་བརྗོད་ཅེ་ན། དེ་བཞིན་ཉིད་དོ། །དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཉིད་ཡིན་ནོ། །རང་བཞིན་གང་ཡིན་པ་དེ་ཡང་ཇི་ལྟར་འདི་དག་གི་འདི་ཡིན་ཞེས་བསམ་པར་བྱ་བ་མ་ཡིན་ཏེ། སྤྲིང་ཡིག་ལེགས་པ་བཞིན་ནོ། །གང་གི་སྤྲིང་ཡིག་ལེགས་པ་རང་བཞིན་གྱིས་ཉམས་དགའ་བ་ནི་ཇི་ལྟར་སྤྲིང་ཡིག་ལེགས་པ་ཡིན་ཞེས་སུས་ཀྱང་བསམ་པར་བྱ་བ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཡིན་ཏེ། འདི་ལྟ་སྟེ། ཡང་དག་པའི་མཐའོ་ཞེས་བྱ་བའི་གསུང་ལ་གནས་པ་ཉིད་ཅེས་བྱ་བའི་ཚིག་གིས་གཞན་མ་ཡིན་པའི་དོན་གྱི་དེ་བཞིན་ཉིད་འདི་བསམ་གྱིས་མི་ཁྱབ་པར་སྟོན་པར་བྱེད་དོ། །དེ་ལྟར་བསམ་གྱིས་མི་ཁྱབ་པའི་སྒྲས་དེ་བཞིན་ཉིད་བརྗོད་པ་ཡིན་དུ་བཅུག་ན། ལྷག་མར་གྱུར་བས་འཇིག་རྟེན་ལས་འདས་པའི་མཐར་ཐུག་པའི་ལམ་གྱིས་ཡང་དག་པར་བསྡུས་པ་ཡང་དག་པའི་ཡེ་ཤེས་ཡོངས་སུ་གྲུབ་པའི་སྒྲས་བརྗོད་པ་ནི། དོན་གང་གིས་ཡོངས་སུ་གྲུབ་པ་ཞེས་བརྗོད་ཅེ་ན། དོན་གང་གིས་ན་རིན་པོ་ཆེའི་སྣོད་ཡོངས་སུ་གང་བར་གྲུབ་པ་སྟེ། ཇི་ལྟར་དེ་ནི་རིན་པོ་ཆེས་ཡོངས་སུ་གང་བར་གྱུར་བ་ན། ཡོངས་སུ་གྲུབ་པ་ཞེས་བརྗོད་པ་དེ་བཞིན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་། རང་གི་མི་མཐུན་པའི་ཕྱོགས་ངེས་པར་སྤངས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་སོགས་པ་རིན་པོ་ཆེ་དག་གི་བདག་ཉིད་དུ་གྱུར་བའི་ཚུལ་དུ་ཡོངས་སུ་རྫོགས་པ་ནི་ཡོངས་སུ་གྲུབ་པ་ཞེས་བྱ་བར་བསྟན་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་གཉིས་ཀྱི་དོན་དཔེ་གཉིས་ཀྱིས་བསམ་གྱིས་མི་ཁྱབ་པ་དང་། ཡོངས་སུ་གྲུབ་པ་ཉིད་དུ་བསྟན་པས་ཆོས་སྟོན་པ་འཇུག་པ་ཅི་ཞིག་སྟོན་པ་ཡིན་ཞེ་ན། གང་རྣམ་པར་བྱང་བ་དང་། གང་གིས་རྣམ་པར་བྱང་བ་དེ་གཉི་གའི་རྣམ་པར་བྱང་བ་སྟེ། འདི་ལྟ་སྟེ། རང་བཞིན་གྱིས་རྣམ་པར་བྱང་བ་དང་། དྲི་མ་དང་བྲལ་བའི་རྣམ་པར་བྱང་བ་ཞེས་བྱ་བའོ། །དེ་ལ་དང་བོ་ནི་དེ་བཞིན་ཉིད་དེ། རྟག་ཏུ་དེ་བཞིན་ཁོ་ནར་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ནི་མི་འགྱུར་བ་ཡོངས་སུ་གྲུབ་པས་མི་འགྱུར་བ་གྲུབ་པ་ཞེས་བརྗོད་པ་ཡིན་ནོ། །གཉིས་པ་ནི་ཡང་དག་པའི་ཡེ་ཤེས་ཏེ། དེ་ནི་ཕྱིན་ཅི་ལོག་རྣམས་གཏན་དུ་སྤངས་པའི་ཕྱིར་དང་། ཕྱིས་ཡང་སྐྱེ་བར་འགྱུར་བ་ཉིད་དང་བྲལ་བའི་ཕྱིར་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པ་ཞེས་བརྗོད་པ་ཡིན་ནོ། །དེ་ཙམ་ཉིད་ནི་རྣམ་པར་བྱང་བ་ཡིན་ནོ། །དེ་ལྟར་བླ་ན་མེད་པའི་ཐེག་པ་རྟོགས་པ་དོན་ལྔའི་བདག་ཉིད་ཀྱི་ཚུལ་དེ་བསྟན་པས་ཀྱང་། མདོའི་དོན་སྟོན་པ་དོན་མ་ལུས་པ་ཉིད་ཡིན་ནོ་ཞེས་བྱ་བར་བསྟན་པར་རིགས་པ་ཡིན་ནོ། །དེ་ལྟར་བཤད་པ་འདི་དག་ཙམ་གྱིས་ནི། རྒྱུ་མཚན་ལ་སོགས་པ་དོན་རྣམ་པ་ལྔའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་གང་ཡིན་པ་དེ་ལ་གོ་རིམས་བཞིན་དུ། གསེར་ལས་བརྡུངས་བྱས་འདྲ་བ་དང་། པདྨ་རྒྱས་པ་དང་། ཁ་ཟས་གཡོས་ལེགས་པ་དང་། སྤྲིང་ཡིག་ལེགས་པ་དང་། རིན་པོ་ཆེའི་སྣོད་ཀྱི་དཔེ་དག་གིས་བསྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་བྱ་བ་དང་། བསམ་གྱིས་མི་ཁྱབ་པ་དང་། ཡོངས་སུ་གྲུབ་པ་ཉིད་དུ་བསྟན་པ་ཡིན་ནོ། །ཡང་དོན་རྣམ་པ་ལྔའི་དབང་དུ་བྱས་ནས་བསྟན་པའི་ཆོས་ལ། མདོ་སྡེ་རྒྱན་འདིས་བཤད་པ་ནི་གོ་རིམས་བཞིན་དུ། དཔེ་འདི་དག་གིས་ཁྱད་པར་ཅན་གྱི་དགའ་བའི་རྒྱུ་ཉིད་དུ་སྦྱར་བར་བྱའོ། །དེའི་ཚེ་ནི་བརྡུངས་བྱས་དང་། རྒྱས་པའི་སྒྲ་དག་ནི་བཟླས་ནས་ཐོབ་པ་ཡིན་ལ། ཁ་ཟས་གཡོས་ལེགས་ལ་སོགས་པའི་དཔེ་གསུམ་ལ་ནི། དང་བོ་བཤད་པ་དང་མ་སྦྱར་བའི་ཚིག་གཞན་རྣམས་མ་སྦྱར་བར་བསྟན་པར་བྱ་བ་ཡིན་ཏེ། དེ་དག་གང་ཞེ་ན། བཀྲེས་པས་ཉེན་པ་ཟ་བ་འདྲ་བ་དང་། །ཐོས་འདྲ་བ་དང་ཕྱེ་བ་ལྟར། །ཞེས་བྱ་བ་དེ་དག་ཡིན་ནོ། །དེས་ན་དོན་འདི་བསྒྲུབ་པར་བྱ་སྟེ། ཇི་ལྟར་གསེར་ལས་གདུ་བུ་དང་། རྣ་རྒྱན་ལ་སོགས་པ་ཉིད་དུ་བརྡུངས་ཤིང་གཟུགས་ཀྱི་རྣམ་པ་ཅན་དུ་བྱས་པ་རང་བཞིན་གྱིས་ཉམས་དགའ་བར་བྱེད་པ་ཡིན་ཡང་། བརྒྱན་པར་བྱ་བ་ཡང་ལང་ཚོ་མའི་གཙོ་མོའི་དཔུང་པའི་ཡལ་ག་ལ་སོགས་པ་ལ་བརྡུངས་ཤིང་རྒྱན་ཉིད་དུ་སྦྱར་ན། དགའ་བའི་མཆོག་སྐྱེད་པར་བྱེད་པ་དེ་བཞིན་དུ། བསྒྲུབ་པར་བྱ་བའི་དོན་གྱི་དབང་དུ་བྱས་ནས། བསྟན་པའི་ཆོས་འདི་ལ་འཐད་པའི་སྒྲུབ་བྱེད་ཀྱི་རིགས་པ་ཅི་ལྟ་བ་དེ་བཞིན་དུ་རྣམ་པར་གཞག་པར་བཤད་པ་ན་ཁྱད་པར་ཅན་གྱི་དགའ་བ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་པདྨ་རྒྱས་པ་ནི་རྣམ་པར་ཕྱེ་བ་སྟེ། ཇི་ལྟར་རྒྱས་པ་རྟོགས་པ་བོས་དེ་ལྟ་བུ་ཉིད་དུ་མཐོང་ནས། དགའ་བ་སྐྱེད་པར་བྱེད་པ་དེ་བཞིན་དུ། བྱེ་བྲག་ཏུ་ཤེས་པར་བྱ་བའི་དོན་གྱི་དབང་དུ་མཛད་ནས་བསྟན་པའི་ཆོས་འདི་རྣམ་པར་བཀྲོལ་བ་ཡིན་ནོ། །ཇི་ལྟར་ཁ་ཟས་གཡོས་ལེགས་པ་ནི་ལེགས་པར་བསྒྲུབས་པ་སྟེ། བཀྲེས་པས་ཉེན་པས་ཟ་བ་ན། དེ་དག་ལ་མཆོག་ཏུ་དགའ་བ་སྐྱེད་པར་བྱེད་པ་དེ་བཞིན་དུ། བསམ་པར་བྱ་བའི་དོན་གྱི་དབང་དུ་བྱས་ནས་བསྟན་པའི་ཆོས་འདིས་རྣམ་པར་ཕྱེ་བ་ཡིན་ནོ། །ཇི་ལྟར་སྤྲིང་ཡིག་ལེགས་པ་ཐོས་པ་ནི་དོན་ཤེས་པ་སྟེ། མཁས་པ་ལ་ཁྱད་པར་ཅན་གྱི་དགའ་བ་བསྐྱེད་པ་དེ་བཞིན་དུ་བསམ་གྱིས་མི་ཁྱབ་པའི་དོན་གྱི་དབང་དུ་བྱས་ནས་བསྟན་པའི་ཆོས་འདི་རྣམ་པར་བཤད་པ་ཡིན་ནོ། །ཇི་ལྟར་རིན་ཆེན་སྒྲོམ་ཕྱེ་བ་ནི་ཁ་ཁམས་ཕྱེ་བ་སྟེ། རྟོགས་པ་བོ་རྣམས་ཀྱི་མཐོང་བའི་ཡུལ་དུ་གྱུར་བ་ཉིད་མཆོག་ཏུ་དགའ་བ་བསྐྱེད་པ་དེ་བཞིན་དུ། ཡོངས་སུ་གྲུབ་པ་དོན་གྱི་དབང་དུ་བྱས་ནས་བསྟན་པའི་ཆོས་འདིས་དོན་རྣམ་པར་ཕྱེ་བ་ཡིན་ནོ། །འདི་སྐད་བསྟན་པ་ཡིན་ཏེ། གསེར་ལས་བརྡུངས་བྱས་ལ་སོགས་པ་ནི་རང་བཞིན་གྱིས་ཉམས་དགའ་བ་ཡིན་ཡང་། ཇི་ལྟར་རྟོགས་པ་བོ་རྣམས་ཀྱིས་རྟོགས་པའི་སྤྱོད་ཡུལ་དུ་གྱུར་བ་ཁོ་ན་ཁྱད་པར་ཅན་གྱི་དགའ་བ་སྐྱེད་པར་བྱེད་ཀྱི། རང་གི་ངོ་བོ་གནས་པ་ཉིད་ཀྱིས་མ་ཡིན་པ་དེ་བཞིན་དུ། དོན་ལྔའི་དབང་དུ་བྱས་ནས་བསྟན་པའི་ཐེག་པ་ཆེན་པོའི་མདོ་སྡེ་ཞེས་བྱ་བའི་ཆོས་འདི་ཉེ་བར་བསྟན་པའི་བསྟན་བཅོས་འདིའི་དབང་གིས་རྟོགས་པ་ཁོ་ན་རྟོགས་པ་བོ་རྣམས་ལ་མཆོག་ཏུ་དགའ་བ་སྐྱེད་པར་བྱེད་པ་ཡིན་ནོ། ། དེའི་ཕྱིར་སྔར་བསྟན་པའི་ཆོས་ཉིད་རབ་ཏུ་དགའ་བ་སྐྱེད་པར་བྱེད་པ་ཉིད་ཀྱིས་རྒྱན་དང་འདྲ་བར་རྒྱན་ཉིད་དུ་བསྟན་པ་ཡིན་ནོ། །དེ་བས་ན་དེ་ལྟར་རྣམ་པ་གཉིས་སུ་དཔེ་སྦྱར་བའི་སྒོ་ནས་ཚིགས་སུ་བཅད་པ་འདི་བཤད་པ་ཡིན་པར་གདོན་མི་ཟ་བར་ཁས་བླང་བར་བྱ་བ་ཡིན་ཏེ་འགྲེལ་བ་མཛད་པའི་དགོངས་པ་ཡིན་པའི་ཕྱིར་རོ། །གཞན་དུ་གལ་ཏེ་དོན་རྣམ་པ་ལྔའི་དབང་དུ་བྱས་ནས་བསྟན་པའི་ཆོས་འདིས་རྣམ་པར་བཀྲོལ་བ་ན། དགའ་བ་སྐྱེད་པར་བྱེད་པ་ནི་སྒྲུབ་པའི་ཡན་ལག་ཉིད་དུ་གསེར་ལས་བརྡུངས་བྱས་པ་ལ་སོགས་པ་ཉེ་བར་བཀོད་པ་དེ་ལྟ་བུ་ཁོ་ན་བསྟན་བཅོས་མཛད་པའི་བཤད་པར་བཞེད་པ་ཡིན་ན། དེའི་ཚེ་འདིས་ད་ནི་དོན་གྱི་ཚུལ་ལྔའི་བདག་ཉིད་དེ་ཚིགས་སུ་བཅད་པ་གཉིས་པས་སྟོན་པར་བྱེད་དེ་ཞེས་བྱ་བ་ཚིགས་སུ་བཅད་པ་འདིའི་འཇུག་པར་བྱེད་པ་དང་། ངག་ཐ་དད་པར་བཤད་པར་བྱེད་པ་མ་ཡིན་པར་འགྱུར་རོ། །ངག་ཐ་དད་པར་བཤད་པར་མི་བཞེད་པ་ཡིན་ན་ནི། དེའི་ཞེས་བྱ་བ་འདིར་དེའི་སྒྲས་རབ་ཏུ་གཟུང་བའི་ཆོས་དེ་མདོ་སྡེ་རྒྱན་འདིས་ཞེས་བྱ་བ་འདིར་ཡང་དེའི་སྒྲས་བསྟན་པ་འབྲེལ་བ་མེད་པ་ཁོ་ནར་འགྱུར་རོ། །དཔེ་ལྔས་ཞེས་བྱ་བའི་འགྲེལ་བའི་གཞུང་ཡང་བརྗོད་པར་འོས་པ་ཉིད་མ་ཡིན་ཏེ། གོ་རིམས་བཞིན་དུ། གསེར་ལས་བརྡུངས་བྱས་པ་ལ་སོགས་པ་ལྟར་ཞེས་བྱ་བ་འདིས་དོན་རྟོགས་པ་ཡིན་པའི་ཕྱིར་རོ། །སྔར་བཤད་པ་བསྟན་པའི་རིམ་པས་ནི་མཐའ་དག་ཁ་ན་མ་ཐོ་བ་མེད་པ་ཡིན་ཏེ། འདི་ལྟར་དཔེ་ལྔས་ཞེས་བྱ་བ་འདི་ནས་བརྩམས་ཏེ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་ཅེས་བྱ་བའི་བར་གྱི་ངག་གཅིག་གིས་ནི། ཐེག་པ་ཆེན་པོའི་ཆོས་ཀྱི་བརྗོད་བྱ་རྒྱུ་མཚན་ལ་སོགས་པའི། དངོས་པོ་བསྒྲུབ་པར་བྱ་བ་ལ་སོགས་པ་ཉིད་དུ་བསྒྲུབ་པའི་ཡན་ལག་ཉིད་དུ་དཔེ་སྦྱར་བར་མཛད་ནས། མདོ་སྡེ་རྒྱན་འདིས་ཞེས་བྱ་བ་ལ་སོགས་པའི་ངག་གཉིས་པས་ནི། རྣམ་པ་ལྔ་བསྟན་པའི་ཆོས་བསྟན་བཅོས་འདིས་རྣམ་པར་ཕྱེ་བ་ལ་དགའ་བ་སྐྱེད་པར་བྱེད་པ་ཉིད་བསྒྲུབ་པའི་དོན་དུ། གསེར་ལས་བརྡུངས་བྱས་ཞེས་བྱ་བ་ལ་སོགས་པའི་དཔེ་ཉེ་བར་བཀོད་པ་འགྲེལ་བ་མཛད་པས། ལེགས་པར་བརྗོད་པ་ཉིད་ཡིན་པའི་ཕྱིར་ཐམས་ཅད་དུ་ལེགས་པར་གནས་པ་ཡིན་ནོ། ། དེ་ཉིད་དོན་རྟོགས་ལ་མཁས་མ་བརྟེན་པ་དང་བློ་ཆུང་བས། །ཚིགས་སུ་བཅད་པ་འདི་གཉིས་ཇི་བཞིན་དུ་ནི་རྟོགས་པ་མེད། །དེ་ཕྱིར་འདི་ཡི་རྣམ་བཤད་བྱས་ལས་བྱུང་བའི་བསོད་ནམས་གང་། །དེ་ནི་དོན་ཀུན་གྲུབ་པའི་གཏེར་བཞིན་དུ་ནི་གྲུབ་གྱུར་ཅིག །

མདོ་སྡེ་རྒྱན་ལས་དང་བོའི་སྐབས་ཀྱི་ཚིགས་སུ་བཅད་པ་གཉིས་པའི་བཤད་པ་ཁ་ཆེའི་ཡུལ་གྱི་མཁས་པ་ཆེན་པོ་དཔལ་བཙུན་པ་སོ་མ་ཤྲཱིའི་ཞལ་སྔ་ནས་ཀྱི་ཞབས་ཀྱི་པདྨའི་ཟེའུ་འབྲུའི་རྡུལ་གྱིས་རེག་པ། སློབ་དཔོན་གཞན་ལ་ཕན་པ་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།ཐུགས་དམས་ཁྭ་ཆར་གྱི་དཔལ་ཡིད་བཞིན་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་ཁ་ཆེའི་མཁན་པོ་པཎྜི་ཏ་པ་ར་ཧི་ཏ་བྷ་དྲའི་ཞལ་སྔ་ནས་དང་། ལོ་ཙཱ་བ་ཤཱཀྱའི་དགེ་སློང་གཞོན་ནུ་མཆོག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།

 

#ཏད། སཙ། བི། ཤ༡༧༤བ-༡༨༣བ།

 

Aug 27, 2021

མདོ་དབུས་ཁམས་སྐད་གསུམ་གྱི་ཁྱད་ཆོས་དང་བོད་ཀྱི་སྤྱི་སྐད་ངོས་འཛིན་སྐོར་གྱི་དོགས་དཔྱོད།




ཪིན་ཆེན་ཚེ་རིང་།

           དང་བོ། སྤྱི་སྐད་གཏན་འབེབས་བྱེད་པའི་དགོས་པ།

 

          སྤྱིར་སྐད་ཆ་ནི་མི་རྣམས་ཕན་ཚུན་བར་སེམས་པའི་འཁྱེར་སོ་དང་། འཇིག་རྟེན་ལྟ་ཚུལ། འཚོ་བའི་ཉམས་མྱོང་སོགས་བརྗེ་རེས་བྱེད་པར་མེད་དུ་མི་རུང་བའི་བརྡ་སྤྲོད་བྱེད་ཅིག་ཡིན་པར། སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ཐུན་མོང་གི་སྐད་ཆའི་གྲུབ་ཆའང་སྔར་ལས་ཕུན་སུམ་ཚོགས་པར་འགྱུར་བ་དང་། སྤྱི་ཚོགས་རིམ་གྱིས་འགྱུར་བ་དང་འབྲེལ་ནས་ཐུན་མོང་གི་སྐད་ཆའི་མ་ལག་ཀྱང་ཉམས་དམས་སུ་འགྲོ་བས། སྐད་ཆའི་འཕེལ་རྒྱས་ནི་སྤྱི་ཚོགས་འཕེལ་འགྱུར་གྱི་རྗེས་སུ་འགྲོ་ལྡོག་བྱེད་པ་ཞིག་རེད།

          འདིར་སྐད་ཆའི་འཕེལ་འགྱུར་ཞེས་པའང་གོ་དོན་གཉིས་ལས་མ་འདས་ཏེ་གཅིག་ནི་སྐད་ཆའི་གཅིག་གྱུར་དང་། ཅིག་ཤོས་ནི་སྐད་ཆའི་གྱེས་འགྱུར་ཡིན། དེ་ལ་སྐད་ཆའི་གཅིག་གྱུར་ནི་ཡུལ་སྐད་དམ་ཉེ་འབྲེལ་སྐད་རིགས་བར་གྱི་ཁྱད་ཆོས་ཇེ་མང་དུ་འཕེལ་བའི་བརྒྱུད་རིམ་ཞིག་དང་། སྐད་ཆའི་གྱེས་འགྱུར་ནི་མི་རིགས་ཤིག་གི་སྤྱི་ཚོགས་རྒྱུ་རྐྱེན་གང་རུང་ཞིག་ལ་བརྟེན་ནས་ཐུན་མོང་གི་མཚུངས་ཆོས་དག་རིམ་གྱིས་ཉམས་པར་འགྱུར་ཞིང་། དེ་ལྟར་དུས་ཡུན་ངེས་ཅན་ཞིག་འགྱངས་རྗེས། མི་རིགས་དེའི་སྤྱི་འཐུས་ཀྱི་སྐད་ཀྱང་ཡུལ་ལུང་སོ་སོའི་དབང་གིས་སྐད་གདངས་དང་། མིང་བརྡ། བརྡ་སྤྲོད་བཅས་ལ་ཁྱད་པར་བྱུང་ནས་ཡུལ་སྐད་མི་འདྲ་བའི་སྣང་ཚུལ་འབྱུང་ཞིང་། ཡུལ་སྐད་དེ་དག་རྦད་དེ་རང་ཚུགས་ཀྱི་སྐད་མི་འདྲ་བའི་སྣང་ཚུལ་འབྱུང་བར་མ་ཟད། ཐ་ན་ཡུལ་སྐད་དེ་དག་རྦད་དེ་རང་ཚུགས་ཀྱི་སྐད་རིགས་དུ་མར་ཡང་འགྱུར་སྲིད་པ་ཞིག་རེད། རང་རེ་བོད་པའི་སྐད་ཀྱི་འཕེལ་འགྱུར་ཡང་ཆོས་ཉིད་དེ་ལས་གུད་ན་མེད་པར། བོད་སྤྱི་ཚོགས་བྱུང་བ་དང་མཉམ་དུ་བྱུང་ཞིང་འཕེལ་རྒྱས་དང་བསྟུན་ནས་འཕེལ་རྒྱས་སུ་འགྲོ་བ་ནི་བསྙོན་དུ་མེད་པ་ཞིག་རེད།

          རྒྱལ་རབས་སོ་གཉིས་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བཟུང་། བོད་རང་ལ་ཐུན་མོང་གི་སྤྱི་སྐད་ཅིག་རིམ་གྱིས་བྱུང་ཡོད་པར་འདོད་དེ། རང་ཅག་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞིང་རྣམ་དཔྱོད་མཆོག་ཏུ་ཡངས་པའི་སློབ་དཔོན་ཐོན་མིས་གོམས་གཤིས་སུ་ཆགས་པའི་བོད་ཐུན་མོང་སྤྱིའི་སྒྲ་གདངས་དང་སྐད་ཆའི་བརྗོད་ལུགས་ལ་རིགས་པས་བརྟག་གཞིག་མཛད་ནས་ད་ལྟའི་སྒྲ་སྦྱོར་གྱི་བོད་ཡིག་འདི་གསར་དུ་བཟོས་ཏེ། རང་སྐད་ཀྱི་ཁྱད་ཆོས་དང་མཐུན་པའི་བརྡ་སྤྲོད་རིག་པའི་བསྟན་བཅོས་བརྩམས་པ། གཞན་ཟ་མ་ཏོག་བཀོད་པ། ཕྱག་སྟོང་སྤྱན་སྟོང་གི་གཟུགས། པདྨ་སྙིང་བོའི་མདོ་སོགས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་བསྒྱུར་བ་དང་། སྒོས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་ལོ་ཆེན་རྣམ་པར་སྣང་བྱེད་དང་། ལྡན་མ་རྩེ་མང་། ཁ་ཆེ་ཨཱནནྟ་སྟེ་ལོ་ཙཱ་བ་རྒན་པ་གསུམ་དང་། གཉགས་ཛྙ་ན་ཀུ་མ་ར། འཁོར་ཀླུའི་དབང་བོ། རྨ་རིན་ཆེན་མཆོག་སྟེ་བར་བ་གསུམ། སྐ་བ་དཔལ་བརྩེགས། ཞང་ཡེ་ཤེས་སྡེ། ཅོག་རོ་ཀླུའི་རྒྱལ་མཚན་ཏེ་གཞོན་པ་གསུམ་བཅས་ལོ་ཙཱ་བ་རབ་དགུར་གྲགས་པ་རྣམས་ཀྱིས་མདོ་སྔགས་ཀྱི་གཞུང་ལུགས་མང་བོ་བོད་དུ་བསྒྱུར་ཏེ་འཆད་ཉན་གྱི་སྲོལ་ལེགས་པར་བཙུགས་པ། རྒྱལ་རབས་ཞེ་གཅིག་པ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་སྐུ་རིང་ལ། སྡེ་བཞིའི་སྒོ་འཕར་རྒྱ་ཆེར་ཕྱེས་ཏེ་རྒྱལ་ཁབ་ཚུལ་བཞིན་དུ་བསྐྱངས་ཤིང་སྲིད་འབྱོར་གོང་དུ་འཕེལ་བའི་རྨང་གཞིའི་ཐོག་སྔར་ལས་ནང་དོན་རིག་པ་གཙིགས་ཆེན་མཛད་པར། ཉི་འོག་གི་མཁན་པོ་ཨ་ཙརྱ་ཛི་ན་མི་ཏྭ་དང་། སུ་རེནྡྲ་བོ་ངྷི། ཤྭི་ལེནྡྲ་བོ་ངྷི། བོ་དྷི་མི་ཏྭ། བོད་ཀྱི་མཁན་པོ་ངྷརྨ་རཀྵི་ཏ། ལོ་ཙཱ་བ་མཁས་པར་ཆུད་པ་ཛྙཱ་ན་སེ་ན། ཛ་ཡ་རཀྵི་ཏ། མཉྫུ་ཤྲཱི་ཝརྨ་སོགས་རྒྱ་བོད་ལོ་པཎ་དུ་མས་དེ་སྔའི་འགྱུར་མ་རྣམས་ལ་ཞུ་དག་དང་ཕྱི་ནས་ཇི་ལྟར་བསྒྱུར་བ་ལ་སྒྲ་སྦྱོར་བམ་གཉིས་གཏན་ལ་ཕབ་ཅིང་། སླད་ཕྱིན་དེ་ལས་འདའ་མི་ཆོག་པའི་བཀས་བཅད་གནང་བ་དང་། གཞན་བྱེ་བྲག་རྟོགས་བྱེད་ཆེན་མོ་དང་། ཆོས་ཀྱི་རྣམ་གྲངས་སོགས་ཚིག་མཛོད་མང་བོ་ཞིག་མཛད་པར་བརྟེན་ནས། བོད་པའི་སྐད་དང་ཡི་གེ་གཉིས་ཀྱང་ཡུལ་དང་ལུང་བའི་སྐད་ཀྱི་ལྷད་མ་ཞུགས་པར་ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་འཕེལ་བ་དང་། དེ་མིན་ནང་བསྟན་གྱི་བསྟན་གྱི་ལྟ་སྤྱོད་ཟབ་མོས་བོད་མིའི་འདུ་ཤེས་གཅིག་ཏུ་བསྒྲིལ་པ་བཅས། མདོར་ན། བོད་པའི་སྐད་གཅིག་གྱུར་དང་ཡིག་སྲོལ་སྔར་ལས་ཚད་ལྡན་ཅན་དུ་འགྲོ་བཞིན་པ་སོགས་རྟེན་འབྲེལ་བསམ་མི་ཁྱབ་པའི་མཐུས་གངས་རིའི་ཁྲོད་དུ་ཆགས་པའི་མི་རིགས་འདིའི་སྲིད་འབྱོར་རིག་གསུམ་གོང་དུ་འཕེལ་བར་དགེ་མཚན་གྱི་དཔལ་ཤར་རོ།། ཡིན་ནའང་། བཙན་པོ་གླང་དར་མ་འུ་དུམ་བཙན་བཀྲོངས་རྗེས་སུ། བོད་སྤྱི་ལ་དབང་སྒྱུར་བའི་སྲོལ་ཡོངས་སུ་མཇུག་རྫོགས་ཤིང་། འབངས་གྱེན་ལོག་གི་ཚུལ་དུ་ཆབ་འོག་རྣམས་གཅིག་ཏུ་མ་འཆམ་པར་རྗེ་དཔོན་སོ་སོས་ཡུལ་གྲུ་ངེས་ཅན་རེ་བཅད་བཟུང་བྱས། ཕན་ཚུན་བར་འགྲོ་འོང་དང་འབྲེལ་འདྲིས་བྱེད་པའི་རྒྱུན་རིམ་གིས་ཆད་པས། སྔར་ཡོད་བོད་ཀྱི་སྤྱི་སྐད་ཀྱང་ཐུན་མོང་གི་འབྲེལ་འཛུགས་ཡོ་བྱད་ཅིག་ཏུ་མ་གྱུར་བར། ས་ཁུལ་ས་སོའི་སྐད་ཆའི་བརྗོད་སྟངས་དང་འཕེལ་འགྱུར་ཆ་མི་སྙོམས་པར་གྱུར་བ་དང་། ཉེ་འབྲེལ་མི་རིགས་གཞན་དག་གི་སྐད་བརྡའི་ཤན་ཞུགས་པ། ས་བབ་ཀྱི་རྒྱུ་རྐྱེན་སོགས་ལ་བརྟེན་ནས། ལུང་བ་རེ་ལ་ཆུ་མགོ་རེ་དང་། ས་ཆ་རེ་ལ་སྐད་རིགས་རེ། ཞེས་པ་ལྟར། ཤར་དུ་ཨམ་སྐད་དང་། བར་དུ་ཁམས་སྐད། ནུབ་ཏུ་དབུས་གཙང་སྐད་བཅས་ཡུལ་སྐད་ཆེན་པོ་གསུམ་དང་། བྱེ་བྲག་ཏུ་ཡུལ་སྐད་སོ་སོར་ཡང་སྐད་ཆའི་བརྗོད་ཚུལ་ཐད་ཅུང་མི་འདྲ་བའི་ལུང་སྐད་དུ་མ་རེ་དབུས་གཙང་ཡུལ་སྐད་ལ། དབུས་དང་གཙང། མངའ་རིས།   ཤར་བ། བྲག་གསུམ་བཅས་དང་། ཨ་མདོའི་ཡུལ་སྐད་ལ། ཨ་རིག བསང་ཆུ། རྟའུ། བྲག་མགོ་བཅས་དང་། ཁམས་ཀྱི་ཡུལ་སྐད་ལ།   སྡེ་དགེ དཀར་མཛེས།   ཆབ་མདོ། ཡུལ་ཤུལ། རྒྱལ་ཐང་།   ནག་ཆུ། ཅོ་ནེ། འབྲུག་ཆུ་རྣམསམཆིས་པས།   ད་ལྟའི་བོད་པའི་སྐད་ཀྱི་གནས་བབ་ནི་གཅིག་གྱུར་གྱི་སྐད་ལས་ཡུལ་ལུང་རང་བཞིན་ལྡན་པའི་སྐད་རིགས་མང་བོ་ཞིག་གྱེས་འགྱུར་བྱུང་བར། རང་རང་གི་ཁྱད་ཆོས་གཞིར་བཟུང་ནས་རང་ཚུགས་ཀྱི་སྐད་རིགས་ཕྱོགས་སུ་འཕེལ་འགྱུར་བྱེད་བཞིན་ཡོད་པ་ཞིག་རེད།   དེས་ན་སྐད་ཆའི་འཕེལ་རྒྱས་ནི་སྤྱི་ཚོགས་གཅིག་གྱུར་དུ་སོང་བ་དང་བསྟུན་ནས་དེའི་ཐུན་མོང་གི་སྐད་ཀྱང་གཅིག་གྱུར་གྱི་ཚུལ་དུ་འཕེལ་བ་དང་། སྤྱི་ཚོགས་རིམ་གྱིས་འཇིག་པ་དང་འབྲེལ་ནས་སྤྱི་འཐུས་ཀྱི་སྐད་ཉིད་ཀྱང་ཉམས་དམས་སུ་འགྲོ་བར་མ་ཟད། ཡུལ་དུས་རྐྱེན་གསུམ་གྱི་དབང་གིས་ཟུར་ཆག་གི་སྐད་རྣམས་རིམ་པར་ཡན་གར་བའི་སྐད་རིགས་དུ་མར་འགྱུར་སྲིད་པ་ནི། འཛམ་གླིང་མི་རིགས་སྤྱིའི་སྐད་རིགས་འཕེལ་འགྱུར་གྱི་ཆོས་ཉིད་ཅིག་རེད། ཡིན་ནའང་མི་རིགས་སོ་སོའི་ལོ་རྒྱུས་ཀྱི་བྱུང་བ་དང་སྤྱི་ཚོགས་འཕོ་འགྱུར་གྱི་གནས་ཚུལ་མི་འདྲ་བའི་རྐྱེན་གྱིས། དེ་དག་གི་སྐད་ཆའི་འགྱུར་ལྡོག་དང་སོ་སོའི་མཇུག་འབྲས་ཀྱང་མི་མཚུངས་སོ།། ང་ཚོས་བོད་སྤྱི་ཚོགས་འཕེལ་འགྱུར་གྱི་ལོ་རྒྱུས་གཞིར་བཞག་ནས་དཔྱད་ཚེ། ད་ལྟའི་བོད་པའི་སྐད་ཀྱི་གནས་བབ་ནི་ཡུལ་ལུང་རང་བཞིན་གྱི་སྐད་དག་ལས་ཕན་ཚུན་བར་དོན་གྱི་གོ་བརྡ་འཕྲོད་དཀའ་བ་དེ་ཡིན་ལ། ལྷག་པར་ཡུལ་སྐད་ཆེན་པོ་གསུམ་ལ་ཆེད་དུ་སྦྱངས་པ་ཙམ་སྔོན་དུ་མ་སོང་ན་ཐད་ཀར་ཕན་ཚུན་བར་གོ་བརྡ་ཐུབ་ཀྱི་མེད། གནས་ཚུལ་འདི་འདྲའི་འོག་ཏུ་འཚོ་བའི་གནས་སྟངས་མི་འདྲ་བའི་བོད་མི་རྣམས་ཕན་ཚུན་འཕྲད་དུས་གཞན་སྐད་ཀྱི་སྟེང་ནས་བསམ་བློ་བརྗེ་རེས་བྱེད་པ་སོགས་ངོ་གནོང་དགོས་པའི་ཐབས་རྡུགས་དེ་འདྲ་བྱུང་དང་འབྱུང་མུས་ཡོད་པས་མཚོན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། དབུས་གཙང་གི་མི་རྣམས་ཀྱིས་འདི་འདྲ་ཞིག་ལབ་ཀྱི་ཡོད། དེ་ཨ་ཕོ་ཧོར་པ་ཟེར་ནས་ཕར་གཅིག་སྤྲད་པ་དང་། ཁམས་པ་རོ་སྦྱོར་ཟེར་ནས་མར་གཅིག་འབུད་པ་སོགས་བྱས་ནས་ཕལ་ཆེར་བོད་ཅེས་པ་འདི་དམར་བོ་རི་བོའི་སྐོར་ལམ་དང་བར་སྐོར་གཡས་གཡོན་གྱི་མི་མ་གཏོགས་གཞན་དག་བོད་པ་མ་ཡིན་ནམ་བསམ་པའི་ཟོར་ཞིག་བྱས་པ་དང་། ཡང་མདོ་ཁམས་མི་རྣམས་ཀྱིས་དབུས་གཙང་གི་མི་རྣམས་ལ་བོད་པ་ཅེས་འབོད་ནས་ཕལ་ཆེར་རང་ཉིད་བོད་པ་མིན་པའི་མི་རིགས་གཞན་ཞིག་ཡིན་ནམ་བསམ་པ་ཞིག་བྱས་ནས་ཡང་ཕྱིར་འབུད་གཏོང་བཞིན་འདུག་ཅེས་གསུངས་པ་ལྟར།   སྐད་ཆའི་བརྗོད་སྟངས་དང་སྤྱོད་ལམ་སོགས་ཅུང་མི་འདྲ་བར་དམིགས་ནས་བོད་མི་ནང་ཁུལ་དུའང་། མཇལ་བ་སྐོར་ཞིག་ལྷ་སར་བསླེབས་རྗེས། ཁྱེད་ཚོ་བོད་དུ་ཕེབས་ནས་ཞེས་དབུས་གཙང་བས་ཨ་མདོ་བ་དང་ཁམས་པ་ནི་རང་ཉིད་དང་མི་མཚུངས་པའི་རིགས་གཞན་ཞིག་ཏུ་ངོས་འཛིན་བཞིན་ཡོད་པ་དང་། དེ་གཉིས་ཀས་ཀྱང་གཞན་ལ་དེ་ལྟར་དུ་འདོད་པ། འབྲོག་པས་རོང་བ་བོད་རྣལ་མ་ཞིག་ཡིན་མིན་ལ་ཐེ་ཚོམ་ཟ་བ།   རོང་བས་འབྲོག་པ་བོད་ཡིན་པར་འདོད་པ་ལ་བཙོག་སྣང་གི་འདུ་ཤེས་འཛིན་པ་སོགས། མདོར་ན། ཡུལ་སྡེ་ཆུང་བ་ནས་ཆེ་བའི་བར་ཆུ་དང་ས་མཚམས་རིས་སུ་བཅད་ནས་བདུད་ཀྱི་ཆོ་འཕྲུལ་བསྟན་པ་བཞིན་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་རྟག་ཏུ་ཤུགས་རྐྱེན་ངན་པ་བཟོ་བཞིན་པའི་སྐྱི་གཡའ་བའི་གནས་ཚུལ་དག་མངོན་ལྐོག་གང་རུང་ནས་མཐོང་ཐུབ་པ་རེད། མཁས་དབང་ནམ་མཁའི་ནོར་བུས། བོད་དང་བོད་ཀྱི་མི་རིགས་གནས་དང་མི་གནས་ཀྱི་རྩ་བ་ནི། བོད་ཀྱི་ཤེས་རིག་ཡུན་རིང་དུ་གནས་དང་མི་གནས་ལ་རག་ལས་ཀྱི་ཡོད་པ་རེད། ཤེས་རིག་གི་རིན་ཐང་གཙོ་བོ་ནི་ཤེས་རིག་རང་གི་ལོ་རྒྱུས་རང་རྐྱ་ཐུབ་པ་ཞིག་ཡོད་མེད་ལ་ཐུག་ཡོད་པ་རེད། དེ་དག་གི་རྩ་བ་ནི་སྐད་དང་ཡི་གེ་ཡིན་ཙང་དེའི་ཁུངས་ལ་ཐུགས་བསམ་བཞེས་དགོས་པ་ཞིག་ཆགས་ཡོད་པ་རེད་ཅེས་གསུངས་པ་ལྟར། ང་ཚོས་མི་སྒེར་དང་རང་ཉིད་གནས་སའི་ལུང་ཀྱོག་ཁོ་ནར་མགོ་མི་འཁོར་བར་གུ་དོག་པའི་བསམ་པའི་རྒྱ་ལས་གྲོལ་ཏེ། ད་ལྟའི་བོད་ཁམས་ཡོངས་ཀྱི་སྐད་ཆའི་འཕེལ་འགྱུར་ལ་རྟོག་གཞིགས་གནང་ནས། འབྱུང་འགྱུར་མི་རབས་རྗེས་མ་དག་གི་སླད་དུ་རང་གི་ནུས་པའི་སྲི་ཞུ་ཅུང་ཟད་རེ་སྒྲུབ་རྒྱུ་ནི། བོད་མི་ཚང་མར་འཁྲི་བའི་ལོ་རྒྱུས་ཀྱི་འོས་འགན་རླབས་པོ་ཆེ་ཞིག་རེད། མི་རིགས་ཀྱི་ཁྱད་ཆོས་གཙོ་བོའམ་འབུར་དུ་ཐོན་པ་ནི་སྐད་ཆ་ཡིན་ལ།   སྐད་རིགས་ཉམས་རྗེས་མི་རིགས་རང་གི་གཙུག་ལག་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གད་སྙིགས་ཀྱི་ཕུང་བོ་ཙམ་དུ་འགྲོ་བར་མ་ཟད།    རིག་གནས་ཐོག་མཚོན་པའི་གཅིག་གྱུར་གྱི་འདུ་ཤེས་འཛིན་སྟངས་ཀྱང་ཡོད་མི་སྲིད་ལ། དེ་དང་བསྟུན་ནས་མི་རིགས་ཀྱི་དཔལ་འབྱོར་ཡང་འཕེལ་རྒྱས་སུ་མི་འགྲོ་བར་སྙམ།   སི་ཏ་ལིན་གྱིས།

སྤྱི་ཚོགས་ཡོངས་ཀྱིས་གོ་བའི་སྐད་ཆ་ཞིག་མེད་ན། སྤྱི་ཚོགས་ཀྱི་ཁོངས་མིར་སྤྱིའི་སྐད་བརྡ་མེད་པས། སྤྱི་ཚོགས་ཐོན་སྐྱེད་མཚམས་འཇོག་པ་དང་། སྤྱི་ཚོགས་འཐོར་ཞིག་ཏུ་འགྲོ་བས། སྤྱི་ཚོགས་དེ་སྤྱི་ཚོགས་ལྟར་གནས་མི་ཐུབ་པ་ཞིག་རེད་ཅེས་གསུངས། ཡིན་ནའང་། ཉེ་བའི་དུས་འདིར་མེ་ལ་སྣུམ་བཞག་གི་ཚུལ་དུ་བོད་པའི་ཡུལ་སྐད་ཇེ་མང་དུ་འཕེལ་བཞིན་པའི་ཐོག   ལྷ་སའི་ཁ་སྐད་ཚིག་མཛོད་དང་། ཁམས་སྐད་ཚིག་མཛོད། ཨམ་སྐད་ཚིག་མཛོད། རྒྱལ་རོང་སྐད་ཀྱི་ཚིག་མཛོད་སོགས་ཡུལ་དང་ལུང་བའི་སྐད་ཀྱི་ཚིག་མཚོད་ཅི་རིགས་ཕྱོགས་སྒྲིག་གིས་པར་དུ་བཏབ་ནས་ཀུན་གྱི་སྤྱན་ལམ་དུ་འགྲེམ་བཞིན་ཡོད་པ་ནི།    བོད་ཀྱི་སྤྱི་སྐད་འགྲུབ་པའི་གེགས་རྐྱེན་ཁོ་ནར་མཐོང་སྟེ། ཡུལ་སྐད་སྔར་ལས་སིལ་བུར་འཐོར་བའི་ཐད་ལ་མཐུན་རྐྱེན་སྦྱར་བ་ཡིན་པའི་ཕྱིར། སྤྱིར་བོད་ཀྱི་རྩ་བའི་ཡིག་སྲོལ་དང་མཐུན་པའི་ཚིག་མཛོད་ཅིག་བསྒྲིགས་པ་ཤིན་ཏུ་ནས་རིགས་པ་ཡིན་ཏེ། སྐད་དེ་བོད་ཐུན་མོང་གིས་སྤྱོད་ཐུབ་པ་བྱུང་ཚེ་སྤྱི་སྐད་ཀྱང་ཞར་དུ་འགྲུབ་པར་མ་ཟད། བོད་ཀྱི་སྐད་དང་ཡི་གེའི་རྒྱང་ཁྱད་ཇེ་ཉེར་འགྲོ་བར་ཡང་སྣང་བའི་མཆོག་བྱིན་པ་ཡིན་ནོ།། འོན་ཀྱང་། སྔར་བཞིན་ད་དུང་རྣ་བས་ཐོས་ཚད་ཀྱི་ཡུལ་སྐད་ཅི་རིགས་ཤིག་གི་ཚིག་མཛོད་བསྒྲིགས་ཏེ་སྤྱི་ཚོགས་སྟེང་མ་དག་རྒྱུན་འབྱམས་སུ་གྱུར་ཚེ། རང་རང་གི་འདོད་མོས་ལྟར་ཡུལ་སྐད་དེ་དང་དེར་སྦྱངས་པ་བྱེད་ཁུལ་ཙམ་ལས། བོད་མི་རྣམས་འབྲེལ་འདྲིས་བྱེད་པའི་རེ་བ་ཡོངས་སུ་སྐོང་ཐུབ་རྒྱུ་ལྟ་ཞོག བོད་པའི་སྤྱི་སྐད་འགྲུབ་པར་མིག་ལ་ཐལ་རྡུལ་གྱིས་མཆོད་པ་དང་ཀུན་ནས་མཚུངས་པར་ཉེས་པ་སོ་ན་འདུག་པས། འདི་འདྲའི་ཕྱོགས་ལ་ཤིན་ཏུ་ནས་གཟབ་དགོས་པར་འདུག ད་དུང་ཕྱོགས་གཞན་ཞིག་ནས་དེང་སང་ས་གནས་སོ་སོ་ནས་སྤེལ་དང་སྤེལ་མུས་སུ་མཆིས་པའི་ཚགས་པར་དང་རྩོམ་རིག་གི་དུས་དེབ་རྣམས་སུ་བཀོད་པའི་གཏམ་རྒྱུད་དང་། བརྩམས་སྒྲུང་། གཏམ་དཔེ། གཞས་ཚིག་གླུ་ཤགས་སོགས་ལས་རྩོམ་པ་པོ་རང་ཉིད་ལ་གོམས་ཆགས་སུ་སོང་བའི་ཡུལ་སྐད་བྱེ་བྲག་པའི་མིང་བརྡ་གང་བྱུང་དུ་བྲིས་པ་དག་ཀྱང་དགེ་མཚན་ལས་སྐྱོན་ཆེ་བར་སྣང་། མདོར་ན། བོད་རིག་པར་ཞིབ་འཇུག་གནང་མཁན་ནམ་བོད་ཀྱི་ལས་དོན་ལ་ཐུགས་ཁུར་གནང་བ་དག་གིས། སྔ་རབས་པའི་སྐྱོན་ལ་མཛུབ་ཚུགས་ཀྱིས་གཤེ་གཤེ་དང་། ཕྱག་རྗེས་རླབས་པོ་ཆེ་དག་རང་གི་གཟབ་འཆོར་སྤྲས་རྒྱུ་མ་ཡིན་པར། ད་ལྟའི་བོད་སྤྱི་ཚོགས་སྔོན་ཐོན་མི་རིགས་གཞན་དག་ལས་རྗེས་ལུས་ཡིན་པའི་རྒྱུ་རྐྱེན་ཕྱོགས་ཡོངས་ནས་འཚོལ་ཞིབ་དང་འབྲེལ། བོད་ཀྱི་ཡུལ་ལུང་སོ་སོར་སྐད་ཆའི་བརྗོད་ཚུལ་ཐད་དོ་མི་སྙོམས་པའི་སྣང་ཚུལ་རེ་འབྱུང་གིན་འདུག་པའི་མཇུག་འབྲས་ལ་དེ་བས་མནོ་བསམ་བཏང་སྟེ།   བོད་ཁམས་ཡོངས་ཀྱི་གོ་ཐུབ་པའི་ཚད་ལྡན་གྱི་སྤྱི་སྐད་ཅིག་གཏན་ལ་འབེབས་རྒྱུ་ནི་བཅོས་མིན་སྙིང་ནས་བརྡོལ་བའི་རིས་མེད་སྤྱི་ཕན་གྱི་གཏམ་འབའ་ཞིག་གོ།

 

          གཉིས་པ། ཡུལ་སྐད་གང་ཞིག་སྤྱི་སྐད་དུ་འཛིན་རྒྱུའི་སྐོར།

 

          ཉེ་བའི་དུས་རབས་འདིའི་ནང་།    བོད་རིག་པའི་ཁྱབ་ཁོངས་སུ་བོད་ཀྱི་ཚད་ཐུབ་སྤྱི་སྐད་གཏན་ལ་འབེབས་རྒྱུའི་ཐད་རིག་པ་སྨྲ་བ་ཀུན་ནས་མཐོང་ཆེན་དང་འབྲེལ་ལྗགས་རྩོམ་ཅི་རིགས་སྤེལ་ཏེ་རང་གི་ལྟ་ཚུལ་རེ་བརྗོད་ཡོད་པ་ནི་དུས་རབས་ཧྲིལ་བོའི་དགོས་མཁོ་དང་མཐུན་པར་མ་ཟད། རང་རེའི་སྲིད་འབྱོར་རིག་གསུམ་སོགས་གང་ཅིའི་ཐད་ནས་སྔར་ལས་འཕེལ་རྒྱས་འགྲོ་བར་དགེ་མཚན་རླབས་པོ་ཆེ་ལྡན་པ་ནི་གོར་མ་ཆག     འོན་ཀྱང་། ད་ཕན་བོད་ཀྱི་སྤྱི་སྐད་ངོས་འཛིན་སྐོར་ལ་ཞིབ་འཇུག་གི་དུས་དེབ་རྣམས་སུ་སྔ་ཕྱི་ནག་འགྲོས་སུ་འཁོད་པའི་དཔྱད་རྩོམ་རྣམས་ཞིབ་ཏུ་བཀླགས་པའི་མྱོང་ཚོར་ལས། དཔྱོད་ལྡན་རྣམས་མ་གྲོས་གཅིག་མཐུན་གྱིས་དགོངས་པའི་གཏད་སོ་ཞིག་འདུག་པ་ནི་དབུས་གཙང་སྐད་ཀྱིས་རྨང་གཞིར་བྱེད་དགོས་པར་འདོད་ཅིང་། དེ་དག་གི་སྒྲུབ་བྱེད་ཀྱང་བོད་པའི་སྐད་ལ་གཞི་གདངས་གནས་བབ་དང་བྲལ་བའི་ང་རོ་དེ་གཞི་གདངས་གནས་བབ་དང་ལྡན་པའི་ང་རོར་འཕོ་འགྱུར་ཕྱིན་པ་དང་། དབུས་གཙང་གི་སྐད་དེ་བོད་གནའ་བོའི་སྐད་ལ་ལྟོས་ན་འགྱུར་ལྡོག་ཆེ་ཙམ་བྱུང་ཡོད་ཀྱང་། སྤྱིར་ན་སྒྲའི་མཐོ་དམན་དང་ལྕི་ཡང་དྲག་ཞན་གྱི་ཁྱད་པར་གསལ་ཞིང་། ཞེ་ཚིག་མང་བ། ཞི་ཞིང་འཇམ་པ།   བརྗོད་ན་ཁ་ལ་བདེ་བ་དང་ཉན་ན་རྣར་འཇེབས་པ་བཅས་ཀྱི་ཡོན་ཏན་དུ་མ་ལྡན་པར་མ་ཟད། དེ་བཀོལ་སྤྱོད་བྱེད་པའི་མི་མང་བ་དང་། རྒྱལ་ཁབ་ཀྱིས་ཀྱང་གཙོ་བོར་འཛིན་པ། ཕྱི་གླིང་ནའང་ཤོད་མཁན་མང་ཞེས་བརྗོད་ནས་རང་གི་ལྟ་བའི་རྟིང་གནོན་པར་བྱེད་མོད་ཀྱང་། སྒྲ་རིག་པའི་གཞུང་ལ་བློ་ཁ་མ་ཕྱོགས་པ་དག་གིས་སྤྱི་སྐད་ཀྱི་ཚད་གཞི་འཇོག་པར་རིགས་པ་ལྟར་སྣང་བ་འདི་འདྲ་རེ་བཀོད་པ་ལས། གཟུར་གནས་མཁས་གྲལ་ལ་བསྙེགས་པ་དང་། སྒྲ་རིག་པར་བློ་གྲོས་ཀྱི་སྤྱན་དཀྱུས་ཡངས་པ་དག་གི་བཟོ་ལྟ་ཞིག་ག་ལ་ཡིན། སྒྲ་རིག་པ་ལ་མོས་ཤིང་སྤྲོ་བ་མི་ཉམས་པ་རྒྱུན་པར་ཆེར་བརྟས་པ་ཞིག་ཡིན་ཕྱིན། སྐད་རིགས་གང་དང་གང་ཞིག་ཡིན་རུང་དེའི་རྣ་ལམ་དུ་མི་སྙན་པ་མེད་དེ། སྐད་རིགས་ལ་སྙན་མིན་དང་ཡག་བཙོག་བཟང་ངན་དང་མཐོ་དམན་ཡོད་པར་སྨྲ་ན་ནི་སྤྱིར་བཏང་བའི་ཁྱད་ཆོས་ཡིན་ཏེ། བརྡ་སྤྲོད་སྨྲ་བའི་མཁས་པའང་བརྡ་སྤྲོད་སྨྲ་བར་སྤྲོ་བ་འཕེལ་བ་དག་གི་ལས་ག་ལ་ཡིན། དེ་དག་གིས་སྐད་རིགས་ལ་ཡག་བཙོག་ཡོད་པར་སྨྲ་ན་དེའི་ཞིབ་འཇུག་རྣལ་མ་ཞིག་ཡོང་ཐབས་མེད། དེས་ན་སྒྲ་གཞུང་ལ་འཇུག་པར་སྤྲོ་བའི་ཞིབ་འཇུག་པ་དག་གི་རྣ་ལམ་དུ་བོད་རྒྱ་སོག་དབྱིན་སོགས་སྐད་རིགས་ཆེན་པོའམ། ཡང་ན་རི་བྲག་འབྲོག་དགོན་དང་། རོང་ཁོག་ཞིང་སྡེ་ལ་སོགས་པའི་སྐད་རིགས་གཅིག་གི་ཡུལ་སྐད་སོ་སོ་བ་གང་ཞིག་ཐོས་ཀྱང་མི་མཛེས་པ་དང་མི་སྙན་པ་སྤྱིར་བཏང་གིས་མི་འབྱུང་། ཡིན་ནའང་འདོད་ཚུལ་དེས་སྐད་སོ་སོར་རང་ངོས་ནས་བསམ་བློ་མཚོན་བྱེད་ཀྱི་ནུས་པའི་ཆེ་ཆུང་དང་། འཕེལ་རྒྱས་སུ་སོང་བའི་ཟབ་ཁྱད། ཚན་རིག་དང་མཐུན་པའི་ཕྱོགས་སུ་ཚད་མཐོན་པོར་སླེབས་ཡོད་མེད་བཅས་ཀྱི་ཐད་མི་འདྲ་བའི་ཁྱད་ཞུགས་པ་དེ་དག་ཁས་མི་ལེན་པ་གཏན་ནས་མིན་ཏེ། དེ་དག་ནི་སྒྲ་རིག་པར་ཞིབ་འཇུག་བྱེད་མཁན་དག་གི་གཉེར་བྱའི་ལས་ཡིན་པའི་ཕྱིར། དེང་སྐབས་མི་མང་བོ་ཞིག་གིས་ཁུངས་བཙན་པར་འདོད་པའི་སྒྲུབ་བྱེད་གཞན་ཞིག་ནི། སྤྱི་སྐད་ཀྱི་ཚད་གཞི་ངོས་འཛིན་པར་མི་རིགས་གཞན་པའི་སྲོལ་ཀ་ལྟར་ལོ་རྒྱུས་ཐོག་སྲིད་འབྱོར་རིག་གསུམ་ལྟེ་བར་བྱས་པའི་ས་གནས་དེ་གའི་ཡུལ་སྐད་ཅིག་འཇོག་དགོས་པར་འདོད་ཀྱང་། དེ་བོད་ཀྱི་ཚད་ཐུབ་སྤྱི་སྐད་འཇོག་བྱེད་ཀྱི་ཆད་གཞི་ཡང་དག་ཏུ་འགྲོ་དཀའ་སྟེ། མི་རིགས་སོ་སོའི་སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་། སྐད་རིགས་སོ་སོའི་བརྡ་སྤྲོད་ལུགས་ཀྱི་རྣམ་གཞག   སྐད་གདངས་རིམ་འགྱུར་གྱི་ཁྱད་ཆོས།   སྐད་དང་ཡི་གེའི་མཚོན་བྱ་མཚོན་བྱེད་ཀྱི་འབྲེལ་བའི་གནད་སོགས་མཐའ་གཅིག་ཏུ་མཚུངས་པ་མ་ཡིན་པར། རང་རང་ལ་བཅོས་མིན་རང་གྲུབ་ཀྱི་ཐུན་མིན་ཁྱད་ཆོས་རེ་ལྡན་པའི་ཕྱིར།    རང་རྒྱལ་གྱི་རྒྱ་མི་རིགས་ལ་མཚོན་ནས་བརྗོད་ན། བྱང་ཕྱོགས་ཡུལ་སྐད་ཀྱི་རྨང་གཞིའི་ཐོག་པེ་ཅིང་སྐད་ཚད་གཞིར་བཟུང་བའང་སྲིད་འབྱོར་རིག་གསུམ་ལྟེ་གནས་ཡིན་མིན་ཙམ་གཙོ་བོ་མ་ཡིན་པར། རྒྱུ་རྐྱེན་ངེས་ཅན་ཞིག་གིས་ཐག་བཅད་པ་ཡིན་ཏེ། རྒྱ་རིགས་ནི་ཧྭ་ཞ་རིགས(华夏族)གཙོར་བྱས་པའི་མི་རིགས་མང་པོ་མཉམ་འདུས་ཀྱིས་གྲུབ་པ་ཞིག་ཡིན་པར།གནའ་བོའི་དུས་སུ་ཧྭ་ཞ་རིགས་ཀྱིས་རང་རྒྱལ་དབུས་ཁུལ་ལྟེ་བར་བྱས་པའི་ས་གནས་ཁག་ཏུ་ཚོང་ལས་སོགས་བྱ་འགུལ་སྤེལ་བཞིན་མཆིས་ཤིང་།   རྗེས་སུ་ཕྱི་ཕྱོགས་སུ་མུ་མཐུད་དུ་རྒྱ་བསྐྱེད་པར་བརྟེན་ནས་སྙན་གྲགས་ཀྱང་རིམ་གྱིས་ཇེ་ཆེར་སོང་བ་ཞིག་ཡིན་པས། རྒྱའི་ཐུན་མོང་གི་རིག་གནས་ཀྱང་ཧྭ་ཞ་རིགས་ཀྱི་ཤུལ་བཞག་རིག་གནས་རྨང་གཞི་བྱས་ཐོག སྔོན་ཐོན་མི་རིགས་གཞན་གྱི་རིག་པའི་ཉིང་བཅུད་དག་བསྡུ་ལེན་བྱས་པ་དང་། སྒོས་སུ་ཁོ་ཚོའི་ཡི་གེ་གསར་གཏོད་བྱས་རྗེས། སྐབས་དེའི་རྩོམ་རིགས་རྣམས་ཀྱང་བྱང་ཕྱོགས་ཡུལ་སྐད་ཀྱི་སྟེང་ནས་འབྲི་ཀློག་བྱེད་ཀྱིན་མཆིས།   དེང་སང་ང་ཚོས་གླེང་བཞིན་པའི་རྒྱའི་ཡིག་ཐོག་རྩོམ་རིགས་(文言文)ཟེར་བ་ནི་ཀྲུག་(周朝) དང་ཆིན་()རྒྱལ་རབས་སྐབས་ཀྱི་སྐད་ཆ་རྨང་གཞིར་བྱས་པར་དུས་རིམ་མི་འདྲ་བ་སོ་སོར་བྲིས་པའི་གནའ་བོའི་ཡིག་སྐད་དངོས་ཡིན་པས། ཀྲུག་དང་ཆིན་རྒྱལ་རབས་དུས་ཀྱི་ཡིག་སྐད་དང་ཁ་སྐད་གཉིས་བར་ཀློག་གདངས་ཐད་གཅིག་མཚུངས་སུ་སྣང་། ཡིན་ནའང་། ཧན་རྒྱལ་རབས་སྐབས་སུ་བསླེབས་རྗེས་རིམ་བཞིན་ཡིག་སྐད་དང་ཁ་སྐད་གཉིས་ཀྱི་བར་ཧེ་བག་ཆེ་ཙམ་བྱུང་སྐད། སྤྱིར་དེ་ནི་སྐྱོན་ཆ་ཞིག་ཏུ་འདུག་ནའང་། ཡུལ་སྐད་མི་འདྲ་བའི་གནས་ཚུལ་འོག་སྔར་གྱི་གཅིག་གྱུར་ཡིག་སྲོལ་ལམ་གླེགས་བམ་དུ་གྲུབ་པའི་རྩོམ་རིགས་རྣམས་སྐབས་དེའི་རྒྱ་མི་རིགས་ཐུན་མོང་གི་སྐད་ཆའི་ཚད་གཞི་ལྟ་བུར་གྱུར། དེ་ལ་འབྲུག་དང་ཆིན་རྒྱལ་རབས་དུས་ཀྱི་སྐད་གཞིར་བཟུང་ནས་བྲིས་པའི་ཡིག་སྲོལ་ཉིད་དུས་རིམ་མི་འདྲ་བ་མང་པོའི་རིང་ལ་མ་འགྱུར་བར་བརྟན་ཆགས་སུ་གནས་ཐུབ་པ་བྱུང་བའི་རྒྱུ་མཚན་ནི། ཆིན་ཧན་དུས་ནས་བཟུང་རྒྱའི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བ་ནི་བྱང་ཕྱོགས་ཡིན་པའི་རྐྱེན་གྱིས་སོ།། རྗེས་སུ་རྒྱལ་ས་ནུབ་ནས་ཤར་དུ་སྤོས་པ་སྟེ། ཞི་ཨན་(西安)ནས་ལའོ་ཡང་(洛阳)དང་།   དེ་ནས་རིམ་བཞིན་ཁེ་ཧྥིན་(开封)དང་པེ་ཅིང་དུ་གནས་སྤོར་བྱས་པ་བརྒྱུད།   རྒྱའི་ལོ་རྒྱུས་སྟེང་བྱང་ཕྱོགས་ཀྱི་ཆ་རྣམས་སུ་འཁོད་པའི་སྐྱེ་བོ་དག་གིས་བརྗོད་བཞིན་པའི་ཡུལ་སྐད་དང་པེ་ཅིང་སྐད་དེ་རྒྱལ་རབས་རིམ་བྱོན་སྐབས་ནས་ཟམ་མ་ཆད་པར་བརྒྱུད་འོངས་པའི་གནའ་བོའི་སྐད་ཆའི་གཞི་གདངས་ཁོ་ནར་གྲུབ་པ་ཞིག་ཡིན་པས། པེ་ཅིང་སྐད་ཚད་གཞིར་བཟུང་བའང་གནད་ཐོག་དེར་བབས་པ་རེད་ཅེས།   རྒྱའི་བརྡ་སྤྲོད་སྨྲ་བ་ཚོས་མཛད་པའི་སྒྲ་རིག་པའི་གཞུང་རྣམས་དང་འཐད་ལྡན་དུ་གྲུབ་པའི་དཔྱད་རྩོམ་དག་ལས་གསུངས་འདུག དེ་འདྲའི་འབྲེལ་ཡོད་ཡིག་ཆ་དག་ཕན་ཚུན་གོ་བསྡུར་བའི་ཚུལ་གྱིས་ཞིབ་དུ་བལྟས་པས་ངེས་ཤེས་རྙེད་ཐུབ་པར་མ་ཟད། དེང་སྐབས་རྒྱ་ཡིག་ལ་བག་ཆགས་འཇོག་ཁུལ་བྱས་པའི་རང་གཞན་ཀུན་གྱིས་ཁོ་ཚོའི་གནའ་རྩོམ་དག་དེ་སྔའི་ཡིག་སྲོལ་གྱི་ཀློག་སྒྲ་ལྟར་ཕལ་ཆེར་ཤར་མར་བཀླག་ཐུབ་པ་འདིས་ཀྱང་གྲུབ་ནུས་པས་མཚོན། གཞན་རང་རྒྱལ་གྱི་སོག་རིགས་ལ་མཚོན་ནའང་། ཁོ་ཚོའི་སྤྱི་སྐད་ཀྱི་གཞི་གདངས་དེ་ཡུལ་སྐད་གང་ཞིག་ལ་ངོས་འཛིན་རྒྱུའི་ཐད། བི་ལ་ཐེ་ཡུལ་སྐད་(卫拉特方言)དང་པཱ་ཧོ་པི་ལེ་ཡ་ཐེ་ཡུལ་སྐད་(巴尔虎-布里亚特方言)གཉིས་རྨང་གཞིར་འཛིན་དགོས་ཚུལ་ལ་དུས་ཡུན་རིང་བོར་ཞལ་མ་མཐུན་པར་རྩོད་གླེང་མང་དུ་བྱུང་བ་དང་།   ༡༩༧༩ལོར་ཞིང་ཆེན་བརྒྱད་དུ་ཡོད་པའི་སོག་པོའི་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱིས་གྲོས་ཞིབ་ནན་ཏན་མཛད་མཐར། དབུས་ཁུལ་ཡུལ་སྐད་ཀྱི་རྨང་གཞིའི་སྟེང་། ནང་སོག་ཀྲིན་ལན་ཆི་(正蓝旗)ཚབ་བྱས་པའི་ཚ་ཨར་ལུང་སྐད་(察哈尔土语)ཀྱི་གཞི་གདངས་ཉིད་རང་རྒྱལ་སོག་པོའི་སྤྱི་འགྲོས་སྐད་ཀྱི་ཚད་གཞིར་བཟུང་བ་ཞིག་རེད། དེ་ལྟར་བཞག་པའི་རྒྱུ་མཚན་ཡང་ཚར་ལུང་སྐད་ནི་སོག་པོའི་ཡིག་སྲོལ་གྱི་སྒྲ་གདངས་དང་ཤིན་ཏུ་ནས་མཐུན་པའི་གནད་ཀྱིས་སོ།།

          དེས་ན་མི་རིགས་གཞན་པའི་སྤྱི་སྐད་དེ་ཡིག་སྲོལ་དང་མཐུན་པའི་ཡུལ་སྐད་གང་ཡིན་བཞག་པའང་གལ་ཆེའི་རྒྱུ་མཚན་འདི་འདྲར་དམིགས་པ་ཡིན་ཏེ། སྐད་དང་ཡི་གེ་གཉིས་མཚོན་བྱ་མཚོན་བྱེད་ཀྱི་འབྲེལ་བ་ཅན་ཞིག་ཡིན་པར།   མི་རིགས་གང་དང་གང་ཞིག་ཡིན་རུང་དེའི་ཡི་གེ་ཐོག་མར་གསར་གཏོད་བྱེད་དུས། ཚད་ཐུབ་ཀྱི་ཡུལ་སྐད་ཅིག་གི་སྒྲ་གདངས་གཞིར་བཟུང་ནས་བརྩམས་པ་ཞིག་ཡིན་ལ།དེ་ཡང་མི་རིགས་སོ་སོའི་ལོ་རྒྱུས་ཀྱི་འཕེལ་འགྲིབ་མི་འདྲ་བའི་རྐྱེན་རང་རང་གི་བློ་གྲོས་རྩལ་གྱིས་བསྐྲུན་པའི་ཡི་གེའི་རིགས་ཀྱང་མི་མཚུངས་སོ།།

          འོན་ཀྱང་ཡིག་རིགས་དེ་དག་ཐམས་ཅད་ཀྱང་ཡུལ་སོ་སོའི་བརྗོད་བྱའི་དོན་སྟོན་པའི་སྐད་བརྡ་གཞིར་བཞག་པ་ཤ་སྟག་ཡིན་པས། གལ་ཏེ་མི་རིགས་ཤིག་གི་སྐད་གདངས་ཆ་ཡོངས་ནས་འགྱུར་སོང་ན། ཡི་གེས་མི་རིགས་དེའི་སྐད་ཆ་མཚོན་པའི་རྩ་བའི་བྱེད་ནུས་ཀྱང་གཞི་ནས་ཉམས་པའི་རྟགས་ཡིན་པར་མ་ཟད། སྔ་རབས་པས་ཁོ་ཚོར་སྐྱེས་སུ་ཕུལ་བའི་ཤུལ་བཞག་ཁྱད་ནོར་ཏེ་གཙུག་ལག་རྒྱ་མཚོ་ལྟ་བུ་རྣམས་ཀྱང་མཁོ་མེད་སྤྱོད་མེད་ཀྱི་བཤམས་ཆོས་སམ་རྟེན་ཙམ་དུ་གྱུར་བ་ཡིན་ནོ།།

          དེའི་ཕྱིར་སྔོན་ཐོན་གྱི་གྲས་སུ་ཚུད་པའི་མི་རིགས་གཞན་དག་གིས་དེ་འདྲའི་བློ་ཡུལ་ལས་འདས་པའི་མཇུག་འབྲས་དག་མི་འབྱུང་བའི་སླད་དུ། རྩ་བའི་ཡིག་སྲོལ་དང་མཐུན་པའི་ཡུལ་སྐད་གང་ཡིན་སྤྱི་སྐད་ཀྱི་ཚད་གཞིར་བཟུང་བ་ཞིག་ཡིན་པར་ཅིའི་ཕྱིར་རྟོགས་མི་ནུས། གལ་ཏེ་ཁོ་ཚོར་ཡི་གེའི་རྣམ་གཞག་ཅིག་ཆགས་མེད་པ་ཡིན་ཕྱིན། ཡུལ་སྐད་གང་རུང་ཞིག་སྤྱི་སྐད་དུ་བཞག་ཆོག་པ་ལས་དུས་ཡུན་རིང་བོར་དགོས་མེད་ཀྱི་རྩོད་པ་ལྷུར་བླངས་པས་ཅི་ཞིག་བགྱི།   རང་ཅག་བོད་ལ་མཚོན་ནས་བརྗོད་ན།   ཀུན་གྱིས་མཁྱེན་གསལ་ལྟར་དུས་རབས་བདུན་པའི་སྨད་ཀྱི་ཆར་སློབ་དཔོན་ཐོན་མིས་རང་སྐད་ཀྱི་ཁྱད་ཆོས་དང་མཐུན་ཞིང་ཆོས་སྲིད་གཉིས་ཀའི་བརྗོད་དོན་མཐའ་དག་གསལ་པོར་སྟོན་ནུས་པའི་སྒྲ་སྦྱོར་ཡི་གེའི་རྣམ་གཞག་ཆ་ཚང་བ་ཞིག་གསར་དུ་བཟོས་ནས་ད་མུས་བར་ལོ་ཆིག་སྟོང་སུམ་བརྒྱ་ལྷག་འགྱངས་ཟིན་པ་དང་། ཀ་མད་སུམ་ཅུ་སྡེ་བ་ཕྱེད་དང་བརྒྱད་དུ་བགོས་ཏེ་གུང་ལེགས་པར་བསྒྲིགས་པ་དེ་ཕོ་མོ་མ་ནིང་གི་སྐད་གདངས་ལ་དཔེར་བྱས་ནས་སྒྲའི་སྐྱེ་གནས་དང་དྲག་ཞན་བར་མའི་ཁྱད་པར་དང་ཡོངས་སུ་མཐུན་པའི་ཡི་གེའི་ཚོགས་པའི་སྡེབ་སྦྱོར་སོགས་གང་ཅིའི་ཐད་ནས་ཚན་རིག་རང་བཞིན་དང་ལྡན་པས་རང་སྐད་ཀྱི་ཁྱད་ཆོས་ཇི་བཞིན་མཚོན་ཐུབ་པར་མ་ཟད།   མི་རིགས་གཞན་པའི་རིག་གནས་ཀྱི་ཉིང་བཅུད་དག་རང་སྟོབས་ཀྱི་གསོས་སུ་འདྲེན་དུས་ཀྱང་། དོན་སྒྱུར་དང་ཐད་སྒྱུར། སྒྲ་རང་སོར་འཇོག་པ་གང་ཞིག་ཡིན་རུང་བརྗོད་བྱ་དོན་གྱི་སྙིང་བོ་མ་ལུས་པར་དོན་འདུས་ཚིག་ཉུང་ཞིང་ཁ་གསལ་བརྗོད་བདེར་རི་མོར་འབྲི་མི་གཏུབ་པ་མེད་པའི་བག་ཐོན་པ་ཡིན་ནོ།། འོན་ཀྱང་། ལོ་རྒྱུས་ཀྱི་གཙང་བོ་རྒྱུན་ཆད་མེད་པར་སྔོན་དུ་བསྐྱོད་པའི་འགྲོས་རིམ་ཁྲོད་བོད་པའི་སྐད་ལ་ལྟོས་བཅས་ཀྱི་འགྱུར་ལྟོག་གི་རྣམ་པ་གསར་བ་ཞིག་ཏུ་སླེབས་པས་སྐད་དང་ཡི་གེའི་མཚོན་བྱ་མཚོན་བྱེད་ཀྱི་འབྲེལ་བའང་རིམ་བཞིན་བག་ལ་ཉལ་བའི་ཚུལ་གྱིས་བར་ཁྱད་ཇེ་རིང་དུ་འགྲོ་བཞིན་པའི་གནས་ཚུལ་འབྱུང་གིན་འདུག་པ་དང་།   ལྷག་པར་ཡུལ་སྐད་ཆེན་པོ་གསུམ་ལས་དབུས་གཙང་གི་སྐད་ལ་མཚོན་ནས་བརྗོད་ན། མཁན་པོས་ཡི་གེ་གསར་གཏོད་མཛད་དུས་ཀྱི་གནའ་བོའི་སྐད་ཆའི་གཞི་གདངས་ལས་ཡོངས་སུ་འགྱུར་བར་བརྟེན། ཡི་གེའི་སྡེབ་སྦྱོར་དུ་གྲུབ་པའི་མགོ་འདོགས་འཕུལ་རྟེན་སོགས་ཀྱི་ཟུར་དག་སྐད་ཀྱི་གདངས་ལ་ཕལ་ཆེར་ཉམས་ནས་མེད་པ་དང་། དེ་བཞིན་ཁམས་སྐད་དུའང་ཡི་གེའི་ཟུར་རྣམས་ཧ་ལམ་ཉམས་འདུག   མཁས་པ་འགའ་རེས་སྔར་བོད་པའི་སྐད་ཀྱི་གཞི་གདངས་སྒྲའི་ང་རོའི་ཁྱད་ཆོས་ལྡན་པ་ཞིག་མིན་པར།   དེང་གི་དབུས་གཙང་སྐད་དུ་གཞི་གདངས་གནས་བབ་དང་ལྡན་པའི་ང་རོ་སྐྱེས་ཡོད་ཚུལ་བརྗོད་པ་དང་།   ཡང་འགའ་རེས་དབུས་གཙང་གི་སྐད་ལ་རྒྱའི་སྐད་ཇི་བཞིན་ང་རོ་ཞིག་སྐྱེས་འདུག་པ་ནི།   སྔར་བོད་པའི་སྐད་ལས་བརྗོད་གང་བདེའི་ཕྱོགས་སུ་ཕྱིན་ཡོད་པར་འདོད་པའི་མུར། དེ་ནི་སྐད་རིགས་འཕེལ་རྒྱས་སུ་སོང་བའི་ཁྱད་རྟགས་ཤིག་ཏུ་ཁས་བླངས་ཏེ།   སྒྲའི་ང་རོ་མེད་པའི་སྐད་ཆ་རྗེས་ལུས་རེད་ཅེས་ཁ་ཚོན་བཅད་པ་དང་།   དེ་མཚུངས་ཁ་ཅིག་གིས་ཀྱང་། ལྷ་སའི་སྐད་ནི་སྒྲའི་ང་རོའི་མཐོ་དམན་ལྕི་ཡང་དྲག་ཞན་གྱི་ཁྱད་པར་གསལ་ཞིང་བརྗོད་བདེ་བ། གནའ་རབས་བོད་སྐད་དང་དེང་དུས་ཀྱི་ཡུལ་སྐད་དང་བསྡུར་ན་འཕོ་འགྱུར་ཆེན་པོ་བྱུང་ཡོད་ཅེས་བརྗོད་བཞིན་ཡོད་མོད་ཀྱང་།  

འཐད་སྒྲུབ་ཀྱི་རིགས་པས་དཔྱད་མི་གཟོད་པ་འབའ་ཞིག་ཏུ་ཟད་དེ། སྒྲ་རིག་པའི་གཞུང་དག་ལས་ང་རོ་(声调)ཞེས་བརྗོད་པ་ནི་སྐད་ཆའི་སྒྲ་ཚིགས་ནང་གི་དོན་སྙིང་སོ་སོར་འབྱེད་ནུས་པའི་སྒྲ་ཤུགས་མཐོ་དམའ་ཞིག་ལ་ཟེར་བ་ཡིན་ཞིང་། སྒྲ་གདངས་དེ་ཡང་གཙོ་བོ་སྐད་ཆའི་སྒྲ་ཚིགས་ལས་དབྱངས་ཀྱི་སྒྲ་ཤུགས་མཐོ་དམན་ངེས་ཅན་ཞིག་མེད་མི་སྲིད་ནའང་། མི་རིགས་སོ་སོའི་སྐད་ཆའི་བརྗོད་སྟངས་ཐ་དད་པའི་རྐྱེན་གྱིས་སྐད་རིགས་འགའ་ཞིག་གི་ནང་སྒྲ་ཤུགས་མཐོ་དམན་དེས་དོན་ཇི་སྙེད་པ་དག་མ་འདྲེས་པར་གོ་བ་བོགས་ཆོད་དུ་སྟེར་བའི་ནུས་པ་དབེན་པ་དང་། སྐད་རིགས་ལ་ལ་ཞིག་གི་ནང་སྒྲ་གདངས་མཐོ་དམན་ལ་ཐད་ཀར་ལྟོས་ནས་སྐབས་དོན་སོ་སོར་གོ་བ་ཆགས་པར་བྱེད་དགོས་པས། སྒྲ་རིག་པའི་གཞུང་རྣམས་སུ་སྒྲ་གདངས་མཐོ་དམན་ལ་བརྟེན་ནས་བརྗོད་དོན་སོ་སོར་རྟོགས་པར་བྱེད་དགོས་པའི་སྐད་རིགས་དེར་ང་རོ་ལྡན་པའི་སྐད་ཆ་ཟེར་ཏེ། དཔེར་ན། རྒྱའི་ཚད་ཐུབ་ཀྱི་སྐད་དུ།(པེ་ཅིང་སྐད) 妈麻马骂ལྟ་བུ་རྣམས་ལ་མཚོན་ན། རིམ་བཞིན་དེ་དག་གི་སྒྲ་གདངས་གྲུབ་རྒྱུའི་དབྱངས་གསལ་གྱི་ཡི་གེ་གཅིག་ཏུ་སྣང་ནའང་། མིང་དོན་གྱི་འཁྲི་བ་སོ་སོར་གཅོད་པར་དབྱངས་ཨ་(a)དེ་རིམ་པར་དྲང་བ་(阴平)དང་། སྒྲེང་བ་(阳平) བསྟོད་པ་(上声)དང་། སྨད་པ་(去声)ལྟར་བཀླགས་ནས་བརྗོད་དོན་སོ་སོར་ཕྱེད་དགོས་པ་ལྟ་བུས་འཐུས་སོ།།

          འོ་ན། རང་རེའི་བོད་སྐད་ཀྱི་སྒྲའི་ང་རོ་དབྱེ་ཚུལ་ཇི་ལྟར་ཡིན་ཞེ་ན། སྤྱིར་བོད་པའི་སྐད་གདངས་ལ་དབྱངས་ཀྱི་ང་རོ་ལྔ་ཡོད་དེ། དྲང་བ་དང་བཀུག་པ། སྨད་པ། བསྟོད་པ། སྒྲེང་བ་རྣམས་ཏེ། དེ་ཡང་ཨ་ཡི་དབྱངས་དང་ལྡན་པ་ཅི་རིགས་དྲང་བ་སྟེ། སྒྲ་མཉམ་པར་བྱས་ནས་བརྗོད་པ་དང་། དེ་བཞིན་ཨི་ཡི་དབྱངས་དང་ལྡན་པ་ཇི་སྙེད་བཀུག་པ་སྟེ། སྒྲ་སྤྱི་བོའི་ཆ་ནས་བཀུག་ཅིང་ཅུང་ཟད་དོག་པོར་བྱས་ནས་བརྗོད་པ་དང་། ཨུ་ཡི་དབྱངས་དང་ལྡན་པ་ཡོད་དོ་ཅོག་ནི་སྨད་པ་སྟེ། སྒྲ་འཕང་སྨད་དེ་ཅུང་ཟད་དོག་པོར་བྱས་ནས་བརྗོད་པ་དང་། ཨེ་ཡི་དབྱངས་དང་ལྡན་པ་ཐམས་ཅད་ནི་སྒྲེང་བ་སྟེ། སྒྲ་གྱེན་དུ་བསྒྲེང་སྟེ་ཡངས་པོར་བྱས་ནས་བརྗོད་པ་དང་། ཨོ་ཡི་དབྱངས་དང་ལྡན་པ་ཇི་སྙེད་དག་བསྟོད་པ་སྟེ། སྒྲ་འཕང་བསྟོད་དེ་ཡངས་པོར་བྱས་ནས་བརྗོད་པའོ།། འོན་ཀྱང་ས་སྐྱ་པཎྜིཏའི་རོལ་མོའི་བསྟན་བཅོས་ལས། མདའ་གཞུ་ཡི་ནི་འཕྲུལ་འཁོར་ལྟར།། རང་སྒྲ་རྐྱང་བའི་མི་ནུས་ཕྱིར།། དེ་དག་ཚོགས་པའི་སྦྱོར་བ་ཡིས།། རྣ་བ་བདེ་བར་བྱེད་པ་ཡིན།།ཞེས་དང་། ཀུན་མཁྱེན་འཇིགས་མེད་གླིང་བས། བཀའ་དང་བསྟན་བཅོས་ལ་སོགས་པའི་ཚིག་དོན་གྱི་ཕྱོགས་འཛོལ་བ་དཔེར་ན་ཀ་གཅིག་པོ་ལའང་། རྒྱལ་བའི་བཀའ་དང་། ཞིང་བའི་རྐ་དང་། ངལ་དུབ་ཀྱི་དཀའ་དང་། སྐ་རགས། རྐ་བློ། སྒྲའི་སྐད། རོ་བསྐ་བ་ལ་སོགས་འཕུལ་བྱེད་དང་། མགོ་འདོགས་ཀྱི་ཁྱད་པར་ལས་ཚིག་དོན་ཤིན་ཏུ་འཚོལ་བའི་ཕྱིར་རོ།།ཞེས་གསུངས་པ་ལྟར། བོད་སྐད་ཀྱི་སྒྲ་ཚིགས་ནང་བརྗོད་བྱའི་དོན་སོ་སོར་མཚོན་ཞིང་བརྗོད་པར་གཙོ་བོ་མགོ་འདོགས་འཕུལ་རྟེན་གྱི་ཁྱད་པར་ལ་ལྟོས་དགོས་པ་ཞིག་ཡིན་པ་ལས། དབྱངས་ཀྱི་ང་རོའི་མཐོ་དམན་གྱི་སྟེང་ནས་བརྗོད་བྱའི་དོན་གྱི་ཁྱད་འབྱེད་པ་མེད་དེ། གལ་སྲིད་དབྱངས་ཀྱི་ང་རོའི་འདེགས་འཇོག་ལས་དོན་གྱི་ཁྱད་པར་ཕྱེད་དགོས་པ་དེ་འདྲ་ཞིག་ཡིན་ཚེ། གསལ་བྱེད་རྐྱང་བ་རེ་རེ་ནས་བརྗོད་བྱའི་དོན་རེ་སྟོན་དགོས་པས་དེ་འདྲ་མི་སྲིད་པའི་ཕྱིར། འོ་ན། གསལ་བྱེད་སུམ་ཅུ་ལས། ཁ་ང་ཇ་ཉ་ཟ་ཤ་ས་རྣམས་ཀྱིས་རིམ་པར་དོན་རེ་སྟོན་པ་མ་ཡིན་ནམ་ཞེ་ན། སུམ་ཅུ་བ་ལས། ཨཱ་ལི་བཞི་ལས་གང་ལྡན་ཡང་།། རྗེས་འཇུག་བཅུ་བོ་མ་ཞུགས་ན།། མིང་གཞན་སྦྱོར་བ་ཡོད་མི་སྲིད།།   ཅེས་དང་། རྟགས་འཇུག་ལས། ཕོ་ཡིག་དེ་དག་རྣམས་ལ་ཡང་།། འཇུག་པར་བཅས་པར་མེད་ན་ནི།།   མིང་དང་ཚིག་ཀྱང་གསལ་མི་ནུས།།   ཞེས་གསུངས་པས་དོགས་པ་རང་ཤུགས་སུ་སེལ་འགྲོ་སྟེ། འདིར་སྔར་ལས་གོ་སླ་བའི་ཚུལ་དུ་དཔེའི་སྒོ་ནས་བརྗོད་ན། ཞལ་རས་གསལ་ལ་རང་མདངས་གང་བ་བཟང་།།   གདམས་ངག་ཟབ་ལམ་མ་ཆད་ཐ་དད་རང་།།   ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ།   འཕགས་པ་མ་ཕམ་ཡང་དག་དམ་པ་ལགས།།”   ཞེས་པའི་ཚིགས་བཅད་ཤོ་ལོ་ཀར་མཚོན་ན། ཚིག་རྐང་བཞི་བོའི་ཡིག་འབྲུ་དག་དབྱངས་ཀྱི་ང་རོ་དྲང་བ་ཅན་ཡིན་ཡང་། བརྗོད་དོན་དག་གསལ་པོར་རྟོགས་པར་དབྱངས་ཀྱི་ང་རོའི་མཐོ་དམན་ལ་ལྟོས་པ་ཞིག་མིན་པར་མགོ་འདོགས་འཕུལ་རྟེན་དང་ཚིག་གྲོགས་མི་འདྲ་བའི་ཁྱད་པར་ལས་སྐབས་དོན་ལ་ངེས་ཤེས་རྙེད་དགོས་པ་ལྟ་བུས་མཚོན་ནོ།། འདིར་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བརྗོད་དགོས་པ་ཞིག་ནི།   སྤྱིར་སྐད་རིགས་གང་ཡིན་རུང་ཡུལ་སོ་སོའི་ལུང་སྟོན་པའི་སྒྲ་སྐད་ཀྱི་སྨྲ་བ་ཐམས་ཅད་ལ་སྒྲའི་ང་རོ་ངེས་ཅན་ཞིག་རང་བཞིན་གྱིས་གནས་པ་སྟེ་མེད་པར་མི་སྲིད་ནའང་།   ང་རོ་ལྡན་པའི་སྐད་ཆ་ཞེས་བརྗོད་པ་ནི་སྐད་རིགས་རང་མཚན་པ་སོ་སོའི་སྒྲ་ཚིགས་ལས་མིང་དོན་དག་ཇི་བཞིན་ངེས་པར་བྱེད་པར་དབྱངས་ཀྱི་ང་རོ་མཐོ་དམན་ལ་ལྟོས་དགོས་མིན་གྱི་ཆ་ནས་བཞག་པ་ཞིག་ཡིན། དེ་ཡང་གཙོ་བོའི་དབང་དུ་བྱས་ནས་དེ་ལྟར་བརྗོད་པ་ཞིག་ཡིན་གྱི། མི་རིགས་གཞན་དག་གི་སྐད་དུ་དབྱངས་ཀྱི་ང་རོའི་ནུས་པ་རྩ་བ་ནས་མེད་པར་བཤད་པ་ཞིག་གཏན་ནས་མིན་ཏེ། གལ་སྲིད་དེ་འདྲ་ཞིག་ཡིན་པའི་དབང་དུ་བཏང་ན།   སྐད་རིགས་གཞན་དག་སྨྲ་བརྗོད་ལས་འདས་པ་ཞིག་ཡིན་པར་དོན་གྱིས་ཁས་ལེན་དགོས་པའི་གནོད་བྱེད་བཟློག་མི་ཚུགས་པ་འབྱུང་བའི་ཕྱིར་རོ།།

          རྒྱལ་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ལས། གང་ཕྱིར་དངོས་ཀུན་རང་བཞིན་གྱིས།།རང་རང་ངོ་བོ་ལ་གནས་ཕྱིར།། མཐུན་དངོས་གཞན་གྱི་དངོས་དག་ལས།། ལྡོག་པ་ལ་ནི་བརྟེན་པ་ཅན།།ཞེས་དང་། མཁས་དབང་འཇུ་མི་ཕམ་པས། ལེགས་སྦྱར་དང་སྐད་གཞན་གང་དང་གང་ཡིན་ཀྱང་རུང་ཡུལ་སོ་སོའི་ལུགས་ཀྱི་མིང་དང་དེ་ལ་རྐྱེན་ནམ་ཕྲད་སོགས་ཚུལ་བཞིན་སྦྱར་བས་བརྗོད་བྱའི་དོན་ལེགས་པར་བརྡ་སྤྲོད་པར་བྱེད་པའི་རྣམ་གཞག་སྟོན་པར་བྱེད་པའི་བསྟན་བཅོས་དེ་དག་རང་རང་ལུགས་ཀྱི་ལུང་སྟོན་པའང་སྒྲ་རིག་པར་འགྱུར།ཞེས་གསུངས་པ་ལྟར།   མི་རིགས་སོ་སོ་གནས་ཡུལ་དང་ཡུལ་སྲོལ་གོམས་གཤིས། འཇིག་རྟེན་ལྟ་ཚུལ་སོགས་མི་འདྲ་བའི་རྐྱེན་གྱིས་རང་རང་ལ་གོམས་གཤིས་སུ་ཆགས་པའི་རྣམ་དབྱེའི་རྐྱེན་གྱི་སྦྱོར་ཚུལ་དང་། དུས་གསུམ་བྱ་ཚིག་གི་གྲུབ་ལུགས།   སྒྲ་གདངས་ལྕི་ཡང་། ཚིག་མཚམས་གཅོད་ལུགས་སོགས་སྐད་རིགས་གཞན་དང་མ་འདྲེས་པར་འབྱེད་བྱེད་ཀྱི་ཐུན་མིན་རང་མཚན་གྱི་ཁྱད་ཆོས་ཤིག་ལྡན་པ་ཡིན། འདིར་སྒྲ་རིག་པའི་གཞུང་དག་ལས་གསུངས་པའི་སྐད་བརྡ་གྲུབ་རྒྱུའི་གཞི་གདངས་དང་། ཐ་སྙད། བརྡ་སྤྲོད་བཅས་གཞིར་བཞག་པའི་སྟེང་དཔྱད་ཁུལ་བགྱིས་ན། ད་ལྟ་བོད་ཆོལ་ཁ་གསུམ་སོ་སོར་གནས་པའི་སྐྱེ་བོ་རྣམས་རང་སྐད་ལ་བརྟེན་ནས་ཕན་ཚུན་བར་གོ་བརྡ་ལེགས་པོ་ཞིག་འཕྲོད་དཀའ་བའམ་སྤྲོད་མི་ཐུབ་པའི་རྒྱུ་མཚན་ནི།   བོད་པའི་ཡུལ་སྐད་ཆེན་པོ་གསུམ་གྱི་བར་ཐ་སྙད་དང་དུས་ཀྱི་རྣམ་གཞག་ཐད་ཁྱད་འདུག་པར་མ་ཟད། མིང་ཚིག་རྩོམ་པའི་གཞིར་གྱུར་བའི་སྐད་གདངས་ཐད་དེ་བས་ཀྱང་ཁྱད་པར་ཆེ་ཙམ་བདོག་པའི་གནད་ཀྱིས་ཡིན་ཏེ། དེ་ཡང་ཐ་སྙད་ཐད། དཔེར་ན།  རླངས་འཁོར་ལ་ཨ་མདོ་བས་རྒྱ་སྐད་ལྟར་ཆི་ཁྲེཟེར་བ་དང་། དབུས་གཙང་བས་དབྱིན་ཇིའི་སྐད་བཞིན་མོ་ཊ་ཟེར་བ་དང་། ཁམས་སྐད་དུ་སྒ་འདྲིལཟེར་བ་དང་། དེ་བཞིན་གློག་འཕྲིན་ལ་ཁམས་པ་དང་ཨ་མདོ་བས་རྒྱའི་སྐད་ལྟར་ཏེན་པོཟེར་བ་དང་།     དབུས་གཙང་བས་རྒྱ་གར་སྐད་གཞིནཏར་ཟེར་བ་ལྟ་བུ་སོགས་བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་གྱི་བར་མིང་གི་འདོགས་ལུགས་སམ་ཐ་སྙད་ཀྱི་འབྱུང་ཁུངས་གཏན་ནས་མི་འདྲ་བ་བརྒྱ་ཆའི་སུམ་ཅུ་ཙམ་དུ་སླེབས་ཡོད་པ་དང་། དེ་ལས་དབུས་གཙང་སྐད་དང་ཁམས་སྐད་གཉིས་ཀྱི་བར་ཐ་སྙད་མི་འདྲ་བ་བརྒྱ་ཆའི་ཉི་ཤུ་ཙམ་དུ་སླེབས་ཡོད།  དུས་ཀྱི་རྣམ་གཞག་ཐད།  

ཨམ་སྐད་དང་ཁམས་ཕྱོགས་ཀྱི་ཡུལ་སྐད་མང་ཆེ་ཤོས་ནང་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལས་བསྟན་པ་ལྟར་བྱ་ཚིག་གི་འགྱུར་བ་སྟེ་དུས་གསུམ་ལ་བརྟེན་ནས་བརྡ་སྤྲོད་ཀྱིན་མཆིས་ལ། དབུས་གཙང་གི་སྐད་དུ་རྒྱའི་སྒྲ་རིག་མཁས་པ་ཆུད་ཨེད་ཐང་(瞿霭堂)གིས་བྲིས་པའི་བོད་སྐད་བརྡ་སྤྲོད་རྣམ་གཞག་ཅེས་པ་ལས་གསུངས་པ་ལྟར་ན།   སྔར་སྨོས་དུས་གསུམ་ལས་འགྱུར་ཏེ་དུས་མི་འདྲ་བ་ བརྒྱད་(现行体将行体已行体即行体完成体结果体方果体未能体’ )ཙམ་བྱུང་འདུག་སྐད། གཞི་གདངས་ཐད། ཨམ་སྐད་དུ་མགོ་འདོགས་འཕུལ་རྟེན་སོགས་ཀྱི་ཟུར་ཕལ་ཆེར་མ་ཉམས་པར་སོར་གནས་རང་འཇགས་སུ་འདུག་པ་དང་། ཁམས་སྐད་དུ་དེ་ལས་ཅུང་ཟད་ཉམས་འདུག་པ། དབུས་གཙང་གི་སྐད་དུ། ས་སྐྱ་པཎྜི་ཏས། དབུས་གཙང་གཉིས་ཀའི་ཡུལ་མཐིལ་གྱི་ཐ་མལ་བའི་སྐད་རྣམས་ལ། མཐའ་རྟེན་རྫོགས་པར་རབ་ཏུ་ཉུང་སྟེ། གང་ལ་འཁོད་ལ་ག་ལ་འཁོད་དམ།བསྒྲུབ་པ་ལ་སྒྱུབ་པའམ། དབང་ཕྱུག་ལ་དབའ་ཕྱུག་ལྟ་བུ་སྟེ།ཞེས་གསུངས་པ་ལྟར། འཕུལ་བྱེད་དང་མགོ་འདོགས་སོགས་ཀྱི་ཟུར་དག་ཧ་ལམ་ཉམས་པར་གྱུར་བའི་དབང་གིས།    གཙོ་བོ་ཚིག་གྲོགས་དང་རྒྱའི་སྐད་ལྟར་ང་རོ་སྔར་ལས་ལྷག་པར་གསལ་བའི་སྒོ་ནས་གོ་བརྡ་སྤྲོད་བཞིན་ཡོད། ཨ་མདོའི་སྐད་ལ་གསལ་བྱེད་ཀྱི་ཡི་གེ་ཀ་ལ་བ་ཡིག་ཞུགས་གེ “/ku/”སྒྲ་ཐོན་པ་དང་། སྔོན་འཇུག་ད་ཡིག་དང་མགོ་ཡིག་ར་ས་གསུམ་ཞུགས་རྗེས་“/hk/”ཞེས་སྒྲ་གདངས་གཅིག་ཏུ་ཀློག་པ་དང་། ལྷ་སའི་སྐད་ལ་ཀ་དཀའ། བཀའ། རྐ ལྒ བསྐ་བཅས་ཚང་མར་”(/gaf/)ཞེས་འདོན་པ་དང་། དེ་བཞིན་ཁམས་སྐད་དུའང་དབུས་གཙང་སྐད་ཇི་བཞིན་གོང་སྨོས་ཡིག་འབྲུ་རྣམས་“/gaf/”ཞེས་རྗོད་ངག་གཅིག་མཚུངས་སུ་ཀློག་པར་སྣང་ངོ་།། གཞན་གསལ་བྱེད་སུམ་ཅུར་མཚོན་ནས་བརྗོད་ན། ཨ་མདོ་བས། སྡེ་བ་གསུམ་པའི་ཏ་དང་ད་གཉིས་གདངས་གཅིག་ཏུ་(/daf/)ཀློག་པ། སྡེ་བ་དང་བོའི་ཀ་དང་ག་གཉིས་གདངས་གཅིག་ཏུ་(/gaf/)ཀློག་པ་དང་། དེ་བཞིན་སྡེ་བ་གཉིས་པའི་ཅ་དང་ཇ་གཉིས་སྒྲ་གཅིག་ཏུ(/jaf/)ཀློག་པ། སྡེ་བ་དྲུག་པའི་འ་དང་སྡེ་བ་ཕྱེད་ཀའི་ཨ་གཉིས་སྒ་གཅིག་ཏུ་(/af/)འདོན་པ་དང་། (འོན་ཀྱང་། ཡི་གེའི་ཚོགས་པའི་སྡེབ་སྦྱོར་གྱི་སྐབས་སུ་སྔ་མ་ལས་ཕྱི་མ་སྒྲ་གདངས་ཞན་པའི་ཚུལ་ཞིག་འབྱུང་ངམ་སྙམ་སྟེ། ད་དུང་ཞིབ་ཏུ་དཔྱད་དགོས་པར་སྣང་།) དབུས་གཙང་གི་སྐད་དུ་བརྡ་སྤྲོད་རིག་པའི་གཞུང་དུ་གསལ་བའི་སྒྲ་གདངས་ཀྱི་དྲག་ཞན་ཡེ་ནས་མི་འདྲ་བའི་ཁ་དང་ག་གཉིས།   དེ་བཞིན་ཆ་དང་ཇ་གཉིས། ཐ་དང་ད། ཕ་དང་བ། ཚ་དང་ཛ་རྣམས་རིམ་པར་དབྱངས་ཀྱི་ང་རོའི་མཐོ་དམན་ཙམ་ལས་དྲག་ཞན་གྱི་ཁྱད་པར་རྦད་དེ་ཉམས་འདུག་པ་དང་།   ཁམས་སྐད་དུ་གསལ་བྱེད་རྐྱང་བ་རྣམས་རིམ་པར་ངག་ནས་བརྗོད་ཚེ། བརྡ་སྤྲོད་རིག་པའི་གཞུང་ལས་ཇི་ལྟར་གསུངས་པ་བཞིན།ག་ཇ་ད་གསུམ་རིམ་པར་ཀ་ཅ་ཏ་རྣམས་ལས་སྒྲ་གདངས་ཞན་པའི་ཚུལ་གྱིས་འདོན་ནའང་། གསལ་བྱེད་ཀྱི་ཡི་གེ་འདི་དག་མིང་གཞིར་སོང་བའི་ཚེ། བྱེད་རྩོལ་གྱི་ཤུགས་གྲིམ་ཞིང་དྲག་པའི་ཚུལ་དུ་འདོན་པ་སྟེ།བོད་ལ་“/pu53/”དང་། བརྗེད་ལ་“/dZi/”ལྟར་འདོན་པ་ལྟ་བུའོ།།

          གོང་གསལ་ཡུལ་སྐད་ཆེན་པོ་གསུམ་གྱི་བར་བྱུང་བའི་གཞི་གདངས་དང་ཐ་སྙད།    དུས་ཀྱི་རྣམ་གཞག་བཅས་ཀྱི་ཁྱད་པར་རགས་ཙམ་བཀོད་པ་འདི་ལས་ཅི་ཞིག་རྟོགས་ཐུབ་ཅེ་ན། དབྱིན་ཇིའི་སྒྲ་རིག་སྨྲ་བ་ཨེད་ཇི་སུང་གིས། དུས་ཡུན་རིང་པོའི་ནང་སྒྲ་རིག་མཁས་པ་དག་གིས་དགོངས་པ་གཏད་སའི་གནད་དོན་ཞིག་ནི་སྐད་གདངས་འཕེལ་འགྱུར་གྱི་ཆོས་ཉིད་རེད།   གལ་ཏེ་སྒྲ་གདངས་གཅིག་ལ་འགྱུར་ལྡོག་བྱུང་ཚེ། དེ་ནི་གཏན་ཆགས་ཀྱི་མིང་བརྡ་གཅིག་ལས་མངོན་པའི་འགྱུར་ལྡོག་ཅིག་ཡིན་པར་མ་ཟད། དེ་དང་ཀློག་སྒྲ་ཧ་ལམ་མཚུངས་པའི་མིང་བརྡ་གཞན་དག་ལའང་ཤུགས་རྐྱེན་ཐེབས་སྲིད།ཅེས་གསུངས་པ་ལྟར། བོད་ཆོལ་ཁ་གསུམ་གྱི་བར་དོན་དངོས་གོ་བརྡ་སྤྲོད་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་ཐ་སྙད་དང་བརྡ་སྤྲོད་ཀྱིས་བསླད་པ་ཞིག་རྩ་བ་ནས་མ་ཡིན་པར་སྐད་གདངས་ཀྱི་རྐྱེན་ཡིན་ཏེ།   

སྐད་རིགས་རང་མཚན་པ་གང་ཞིག་ལ་མཚོན་ནའང་ང་རོའི་སྒྲ་གདངས་ཀྱི་རྣམ་འགྱུར་དང་དོན་གྱི་གོ་བརྡ་གཉིས་སོ་སོར་ཕྲལ་དུ་མེད་པར་རྟེན་ཅིང་འབྲེལ་བའི་ཚུལ་དུ་གནས་པ་ཞིག་ཡིན་པས། གལ་ཏེ་མིང་ཚིག་བརྗོད་པ་ཀུན་གྱི་གཞིར་གྱུར་བའི་སྐད་གདངས་ལ་འགྱུར་ལྡོག་བྱུང་ཚེ་མིང་དོན་ལའང་ཁྱད་པར་བྱུང་ནས་ཕན་ཚུན་བར་བརྡ་སྤྲོད་མི་ཐུབ་པའམ་ཐ་ན་གོ་བ་ཕྱིན་ཅི་ལོག་ཏུ་འགྲོ་སྲིད་པ་ནི་བསྒྱུར་མི་ཚུགས་པའི་དངོས་པོའི་གཤིས་ལུགས་སོ།།

          འོ་ན།   བོད་ཀྱི་ཡུལ་གྲུ་ཆེན་པོ་གསུམ་གྱི་བར་བརྡ་སྤྲོད་སྟངས་ཐད་དེ་འདྲའི་ཁྱད་པར་ཆེ་ཙམ་འདུག་པ་ན། བོད་པའི་སྤྱི་འགྲོས་སྐད་ཀྱི་རྨང་གཞི་དེ་ཡུལ་སྐད་གང་ཞིག་ལ་ངོས་འཛིན་དགོས་ཤེ་ན། ཡི་གེ་སོ་སོའི་སྐྱེ་གནས་གསལ་ཞིང་ང་རོ་རྣམས་ཡང་དག་པར་ཐོན་ཐུབ་པའི་ཁར་སྦྱོར་ཀློག་གི་སྐབས་སུ་སྔོན་རྗེས་ཡང་གསུམ་དང་མགོ་གསུམ་འདོགས་བཞིའི་སྒྲ་ཟུར་རྣམས་འབུར་དོད་ཀྱིས་སུམ་རྟགས་དག་གསུམ་གྱི་དགོངས་བཞེད་དང་མི་འགལ་བའི་ཡུལ་སྐད་གང་ཡིན་པ་དེ་བོད་ཀྱི་ཚད་ལྡན་སྤྱི་སྐད་ལ་འཇོག་དགོས་པར་སྙམ།    དེས་ན་ཡུལ་སྐད་ཆེན་པོ་གསུམ་ལས་ཨ་མདོའི་ཡུལ་སྐད་ཀྱི་རྨང་གཞིའི་སྟེང་འབྲོག་པའི་སྐད་གདངས་ཚད་གཞིར་འཛིན་དགོས་པར་འདོད་དེ།   དེ་ཡང་ཨ་ཆེན་གངས་རི་དང་མདོ་ལ་རིང་མོའི་རྒྱུད་དུ་འཚོ་བའི་བོད་མི་རྣམས་ཐོན་སྐྱེད་བྱེད་ལུགས་ཀྱི་དབང་གིས་རོང་བ་དང་འབྲོག་པ། རོང་མ་འབྲོག་བཅས་གསུམ་དུ་བརྗོད་པ་ལས། འདིར་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཆེན་པོར་དབྱར་དགུན་སྟོན་དཔྱིད་མེད་པར་ནོར་ལུག་འཚོ་སྐྱོང་ལ་བྲེལ་བའི་འབྲོག་པའི་སྐད་གདངས་དེར་བཤད་པ་ཡིན་ཏེ།   རྒྱལ་རབས་དེབ་ཐེར་དཀའ་བོ་ཞེས་པ་ལས།   ལྷག་པར་ཡང་སྔོན་གྱི་སྲོལ་ལུགས་མ་འགྱུར་བར་གནས་པ་ནི་འབྲོག་སྡེ་ཁག་རྣམས་ཡིན།ཞེས་དང་། གསེར་ཏོག་སྐུ་ཕྲེང་ལྔ་བས། བརྩེགས་ཡིག་དང་འཕུལ་རྟེན་ཡང་འཇུག་ཅན་རྣམས་ཀྱི་བརྗོད་ཚུལ་ཡུལ་སྐད་དར་སོ་ཙམ་ཞིག་བརྗོད་དཀའ་བ་ག་ལ་ཡིན་མོད། ཆོས་སྐད་ཀྱི་ཀློག་ཆེས་དག་པའི་བརྗོད་ཚུལ་ནི་ཤིན་ཏུ་དཀའ་སྟེ།ཞེས་དང་།    བཀའ་གདམས་སྤྲུལ་བའི་གླེགས་བམ་རིན་པོ་ཆེར། བོད་སྐད་ཆོས་དང་མཐུན་པ་འབྲོག་པའི་སྐད།ཅེས་གསུངས་ཏེ། སྤྱིར་ཆོས་ཞེས་པ་རྣམ་བཤད་རིག་པ་ལས་དོན་བཅུར་འཇུག་པར་གསུངས་ནའང་རིགས་པའི་དབང་ཕྱུག་གིས། སྒྲ་ནི་བརྗོད་འདོད་རྗེས་འབྲངས་ཕྱིར།།   མ་བརྗོད་ན་ཡང་འདོད་པས་ཁྱབ།།ཅེས་པ་ལྟར། སྐབས་འདིར་བརྗོད་པའི་ཆོས་ཞེས་པ་ནི་མདོ་རྒྱུད་གཞུང་ལུགས་རྣམས་གླེགས་བམ་དུ་གྲུབ་པའི་ཆོས་ཚིག་གམ་ཡི་གེའི་སྡེབ་སྦྱོར་གྱི་རྣམ་གཞག་དང་མཐུན་པ་ནི་འབྲོག་པའི་སྐད་ཡིན་ཞེས་པའི་དོན་ནོ།།

          དེ་དང་མཚུངས་པར་མཁས་དབང་དགེ་ཆོས་ཀྱིས་ཀྱང་། ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་། ཐམས་ཅད་ཀྱིས་རྟོགས་ཤིང་གོ་ཐུབ་པ་ཡིན་ཞེས་དང་། གལ་ཏེ་ཕལ་སྐད་གསར་བ་དེ་འདྲ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང་།   རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་བོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས།ཞེས་རིན་ཐང་གཞལ་བར་དཀའ་བའི་ཚད་མའི་གསུང་འདི་དག་སྣང་མེད་དུ་བསྐྱུར་ག་ལ་རིགས།   འདིར་ཁ་ཅིག་ན་རེ། ལྷ་སའི་སྐད་དེ་བོད་ཀྱི་ཡིག་སྲོལ་ལྟར་ཇི་བཞིན་འདོན་པའི་སྲོལ་ལས་བརྗོད་གང་བདེའི་ཕྱོགས་སུ་ཕྱིན་ཡོད་ཅེས་དང་།   གསལ་བྱེད་བརྩེགས་མ་ཉམས་པ་དང་དབྱངས་ཇེ་མང་དུ་འགྲོ་བ། རྗེས་འཇུག་ཡང་འཇུག་ཇེ་ཉུང་དུ་འགྲོ་བ། སྒྲའི་ང་རོ་གསར་དུ་བྱུང་བ། སྔོན་རྗེས་དང་བརྩེགས་མའི་སྒྲ་སོགས་རིམ་གྱིས་མེད་པར་གྱུར་བ། གཞན་ད་དུང་ཐ་སྙད་ཀྱི་ཁྲོད་དུ་ཡ་རབས་གུས་སྲོལ་མང་ཞེས་བརྗོད་ནས་དེ་དག་འཕེལ་རྒྱས་ཀྱི་ཁྱད་ཆོས་ཤིག་ཏུ་རིགས་པས་སྒྲུབ་པར་བྱེད་མོད་ཀྱང་། བསྟན་པ་རྒྱ་མཚོས། སྤྱིར་སྐད་ཆ་ནི་མིས་བཟོས་པ་བཞིན་དུ་བརྡ་སྤྲོད་ཀྱང་མིས་བཟོས་ནས་དེའི་གྲུབ་ལུགས་སུ་ཆགས་པ་རེད།ཅེས་གསུངས་པ་བཞིན། མི་རིགས་རང་སྐད་ཀྱི་ངེས་སྲོལ་དང་ཁྱད་ཆོས། གོམས་སྲོལ་ལས་འདས་པའི་བརྡ་སྤྲོད་རིག་པའི་གཞུང་ལུགས་གསར་བ་ཞིག་འཛམ་གླིང་སྒྲ་རིག་པའི་གར་སྟེགས་སྟེང་སྔར་མཐོང་ཐོས་སུ་མ་གྱུར་ལ་ཕྱིན་ཆད་ཀྱང་གཏན་ནས་འབྱུང་མི་སྲིད།    མི་རིགས་གང་དང་གང་ཞིག་ཡིན་རུང་རང་གི་གོམས་གཤིས་ལས་བྱུང་བའི་སྐད་ཡིག་གཉིས་ཆར་དག་ལ་བརྗོད་མི་བདེ་བའི་ཚོར་བ་སྤྱིར་བཏང་གིས་འབྱུང་མི་སྲིད། གཞན་དུ་ན། སྐད་དང་ཡི་གེ་གཉིས་ཚ་གྲང་ལྟར་འགལ་བའི་གཞི་མཐུན་མི་སྲིད་པ་ཞིག་ཡིན་དུ་ཆུག་ནའང་།   དེ་གཉིས་སོ་སོར་གྱེས་པས་ཁྱད་འཕགས་ཀྱི་འཕེལ་རྒྱས་ཤིག་ཏུ་རློམ་ཆོག་ཀྱང་། དེ་འདྲ་ཞིག་ཡིན་པར་གཟུར་གནས་དཔྱོད་ལྡན་སུ་ཞིག་གིས་ཁས་ལེན་པར་ནུས་ཏེ་མི་ནུས་སོ།། གནའ་བོའི་བོད་ཀྱི་སྐད་ཡིག་གཉིས་ཀའི་དབང་དུ་བྱས་ནའང་། བརྗོད་བྱའི་དོན་སོ་སོར་མ་འཁྲུལ་བར་སྟོན་པར་གཙོ་བོ་མགོ་གསུམ་འདོགས་བཞིའི་སྒྲ་ཟུར་དག་ལ་རག་ལས་དགོས་པ་ལས།    ང་རོའི་སྒྲ་གདངས་ཀྱི་རྣམ་འགྱུར་ལས་དོན་གྱི་ཁྱད་པར་འབྱེད་པ་མ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཡི་གེའི་སྐྱེ་གནས་རྣམས་ངེས་ཏེ་ང་རོ་དག་པར་ཐོན་ཞིང་སྦྱོར་ཀློག་དང་བསྡུས་ཀློག་གི་སྒྲ་གདངས་དག་པར་ཐོན་ནས་སུམ་རྟགས་དག་གསུམ་གྱི་རྩ་འགྲེལ་དང་མཐུན་པའི་སྐད་དེ་བོད་ཀྱི་ཚད་ལྡན་སྤྱི་སྐད་ལ་ངེས་སྙམ། དེས་ན། དབུས་གཙང་སྐད་ཀྱིས་རྨང་གཞིར་བྱེད་པར་འདོད། གང་ལགས་ཤེ་ན། དབུས་གཙང་སྐད་ཀྱི་སྒྲ་གདངས་ཐོན་ཚུལ་དེ་ཡི་གེ་སོ་སོའི་སྒྲའི་སྐྱེ་གནས་དང་ང་རོ་ཡང་དག་པར་ཐོན་ཐུབ་པའི་ཁར་སྦྱོར་ཀློག་ནས་བསྡུས་ཀློག་ཏུ་ཕབ་པའི་སྒྲ་གདངས་དེ་ཤིན་ཏུ་དག་པོ་ཐོན་ཐུབ་ཅེས་ལབ་མོད།   མཁས་དབང་དགེ་ཆོས་ཀྱིས།   ད་དུང་ཡང་ཁམས་དང་མདོ་སྨད་སོགས་སུ་སྔོན་གྱི་ལུགས་མ་འགྱུར་བར་གནས་པས་དེ་དག་ལས་དངོས་སུ་ཤེས་པར་ནུས།   ལུང་ཁུག་འགོལ་བོ་ན་ཡོད་པའི་མི་ཡུལ་གཞན་པའི་རིགས་ཀྱིས་ཤན་མ་ཞུགས་པ་དེ་དག་ལ་ལྟོས་ནས་སྔོན་གྱི་ཚུལ་མང་བོ་ཞིག་དཔག་ནུས་པ་ཡིན་ཏེ། དཔེར་ན། དབུས་གཙང་ཕྱོགས་ནི་ཡུལ་གྲུ་ཆེ་བས་སྤྱོད་ལམ་དང་སྐད་ལུགས་ཆོས་གོས་སོགས་མང་དུ་འགྱུར་ཟིན་ཅིང་། སྐད་ཀྱང་ཨ་མདོ་དང་མི་འདྲ། ཆོས་ཀྱང་མི་འདྲ།ཞེས་གསུངས་པ་ལྟར། གངས་ཅན་སྔ་ཕྱིའི་སྒྲ་ཚད་པ་ནས་གཟུར་གནས་རྒྱའི་བརྡ་སྤྲོད་སྨྲ་བ་ཐམས་ཅད་དགོངས་གཅིག་དབྱངས་གཅིག་གིས་ཡུལ་སྐད་ཆེན་པོ་གསུམ་ལས་དབུས་གཙང་གི་སྐད་ལ་འགྱུར་ལྡོག་ཆེ་ཙམ་བྱུང་བ་དེས་བོད་ཀྱི་ཡིག་སྲོལ་དག་ཆ་ལྟར་ཇི་བཞིན་འདོན་པའི་ལུགས་ལས་བརྩེགས་འཕུལ་གྱི་ཟུར་རྣམས་གཞི་ནས་ཉམས་ཏེ་ང་རོ་སྐྱེས་ཡོད་ཚུལ་བརྗོད་པ་དང་། གཞན་མདོ་ཁམས་གཉིས་ཀའི་སྐད་ལའང་གྱོང་ཉམས་བྱུང་ཡོད་ཚུལ་བཤད་པ་དག་དངོས་འབྲེལ་ལུང་དང་རིགས་པས་འཇིག་རྟེན་ཐུན་མོང་གི་སྣང་ངོར་གྲུབ་པར་བསྙོན་རིགས་སམ་ཅི། ཐོན་མི་གཉིས་པ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས།       སྔོན་འབྲི་གུང་དུ་སྐྱོབ་པ་རིན་པོ་ཆེ་(༡༡༤༣-༡༢༡༧)བཞུགས་པའི་ཚེ་གནའ་བོའི་དུས་བཞིན་དུ་ཡིག་ཀློག་ཚུན་ཆད་ཀྱང་བརྩེགས་འཕུལ་སོགས་ཀྱི་ཟུར་ཕྱིན་པར་འདོན་པའི་སྲོལ་བཟང་བོ་བྱུང་བར་གྲགས་པ་དང་། ཁམས་ཕྱོགས་ཀྱི་མཐའ་ཨ་མདོ་དང་རྒྱལ་མོ་རོང་སོགས་བྱང་ཤར་གྱི་ཆ་རྣམས་སུ་འཁོད་པའི་སྐྱེ་བོ་དག་ལའང་གནའ་བོའི་དུས་སུ་བོད་ཡུལ་དབུས་ནས་བྱུང་བའི་ཀློག་ཚུལ་མ་ཉམས་པར་གྲགས་པའི་ཡི་གེ་ཀློག་ཚུལ་དང་། དེ་དག་གི་སྐད་བཅས་ལའང་གྱོང་ཉམས་ཆེ་ཙམ་ལས་འཕུལ་རྟེན་སོགས་ཀྱི་ཟུར་དག་པར་འདོན་པ་འབྱུང་བར་མངོན་སུམ་གྱིས་གྲུབ་པ་སོགས་ཀྱིས་ཀྱང་མཚོན་ནུས་སོ།།

          གཞན་ཡང་བོད་ཡིག་གི་སྡེབ་ཇི་ལྟར་སྦྱོར་བའི་ཚུལ་ནི་སྔོན་གྱི་བོད་སྐད་དག་པ་ཉིད་ལ་བརྗོད་པའི་སྒྲ་ཇི་ལྟར་འབྱུང་བ་དེ་ལྟར་མཁན་པོ་འདིས་སྦྱར་བ་ཡིན་པས།   སྐད་ལ་འཕུལ་རྟེན་སོགས་ཀྱི་ཟུར་གསལ་བ་མེད་ན་ཡི་གེ་ལ་དེ་ལྟར་ཐོབ་པ་རྒྱུ་མཚན་གང་ཞིག་གིས་རྟོགས་པར་ནུས།   དེས་ན་གནའ་བོའི་དུས་སུ་ཡིག་ཀློག་ཙམ་དུ་མ་ཟད་བོད་སྐད་ཉིད་ལའང་སྒྲ་ཟུར་ཐམས་ཅད་མ་ཉམས་པར་འདོན་པ་ཞིག་ཡོད་པར་ངེས་ཀྱང་། དེང་སང་བོད་ཡུལ་དབུས་དང་མཐའ་འཁོབ་ཕལ་ཆེར་རང་སྐད་དང་ཡིག་ཀློག་གཉིས་ཀར་སྒྲ་དག་པར་འདོན་པ་མེད་པ་ལ་བརྟེན་ནས་མཁས་པའི་ཁྲོད་ནའང་ཡིག་གཟུགས་ཀྱི་སྡེབ་དག་ཕྱིན་ཀློག་ཚུལ་དེ་དང་ངེས་པར་བསྟུན་མི་དགོས་བསམ་པའམ། སྡེབ་སྦྱོར་ནི་ཡི་གེ་འབྲི་བའི་དབང་ཏུ་བྱས་ཀྱི་བརྗོད་པའི་དབང་དུ་མ་བསྟུན་པའམ། ཀློག་ཚུལ་ཡིག་སྡེབ་དང་བསྟུན་དགོས་ཀྱང་ཕྱོགས་ཙམ་ལས་ཡིག་སྡེབ་ཇི་ལྟ་བུར་སྒྲ་ཟུར་ཐོན་པ་ནི་སྔར་ཡང་མ་བྱུང་ཞིང་ད་ལྟའང་འདོན་པར་མི་ནུས་སོ་སྙམ་པ་མང་དུ་ཡོད་པར་དོགས་པ་དང་། ལེགས་སྦྱར་གྱི་སྐད་ལའང་། གངས་ཅན་གྱི་བརྡ་སྤྲོད་ཤེས་པར་རློམ་པ་ཕྱིས་བྱུང་རྣམས་ཀྱིས་སྔགས་ཀྱི་ཀློག་ཚུལ་ཞེས་བརྡ་སྤྲོད་ཀྱི་གཞུང་དང་གཏན་འགལ་བ་རེ་ལ་ཡིད་བརྟན་འཆའ་ཞིང་དབྱངས་གསལ་གྱི་མཚམས་སྦྱོར་ལས་བྱུང་བའི་རྣམ་འགྱུར་དེ་རྣམས་ཡིག་གཟུགས་ཀྱི་སྐབས་སུ་མ་གཏོགས་བརྗོད་པ་ལ་ཇི་ལྟ་བུར་སྦྱོར་མི་ནུས་སྙམ་པར་འདུག་པ་ནི་ཡ་ཆའོ།། དེ་བས་ན་རང་ཉིད་ཀྱིས་སྒྲ་དག་པར་བཀླག་མ་ཤེས་པའམ་མི་ནུས་ནའང་། ཀློག་ཚུལ་དག་པ་མེད་དོ་ཞེས་བརྗོད་པར་མི་བྱའོ།།ཞེས་བརྡ་སྤྲོད་རིག་པའི་སྐོར་གྱི་གནད་མང་བོ་ཞིག་ཕྱུར་བུར་སྤུངས་འདུག་པས་མཚོན།  དོན་ཇི་སྙེད་པ་དག་ཚིག་གི་སྒོ་ནས་མཚོན་ཞིང་གསལ་པོར་བརྗོད་པར་ཡི་གེ་སོ་སོའི་སྐྱེ་གནས་དང་ང་རོ་རྣམས་དག་པར་འདོན་དགོས་པར་རག་ལས་ཚུལ་དང་། ཡི་གེའི་གདངས་མ་དག་པས་དོན་ལ་གནོད་པ་འབྱུང་བའི་གལ་ཆེའི་རང་བཞིན་གསལ་བོར་བསྟན་འདུག་པར་མ་ཟད། ལོ་བདུན་བརྒྱ་ལྷག་གི་སྔོན་དུ་བོད་ཡུལ་ཀུན་ཏུ་ཕལ་ཆེར་ཡི་གེའི་ཟུར་རྣམས་མ་ཉམས་པར་སྐད་ཀྱི་གདངས་ལ་ཇི་ལྟ་བུར་འདོན་པའི་སྲོལ་ཡོད་པར་གསུངས་པ་དང་། གཞན་རྡོ་རིང་བ་བསོད་ནམས་བསྟན་འཛིན་གྱི་སུམ་རྟགས་འགྲེལ་བ་ལས་ཀྱང་། ཡང་ཏིག་འདིའི་དོན་ཧྲིལ་གྱིས་བསྒྲིལ་ན། མཁས་པ་རྣམས་འཆད་རྩོད་རྩོམ་གསུམ་ལ་འཇུག་སྐབས་དང་། བླུན་པོ་རྣམས་མིང་ཚིག་དོན་གསུམ་གྱི་བྱ་བ་བྱེད་དུས་བརྗོད་བྱའི་དོན་ལ་བསམས་ཏེ་རྗོད་བྱེད་ཀྱི་སྒྲ་དག་པར་སྨྲ་དགོས་ཀྱང་། དེང་སང་མཁས་བླུན་བར་མ་ཕལ་ཆེར་ཡུལ་སྐད་ཁོ་ནའི་གཞན་དབང་དུ་གྱུར་ཏེ། གཙང་བ་རྣམས་སྲས་པོ་ལ་ཧྲས་འོ་ཟེར་བ་དང་། དེ་མཚུངས་དབུས་གཙང་ཚང་མས་མིག་ལ་སྨིག་ཟེར་བ་སོགས་སྒྲ་མ་དག་པ་མང་བོ་འདུག་པས། དེ་ལྟར་བྱས་ན་ཚིག་སྐྱོན་ཤོར་བས་དོན་ལ་གནོད་པ་འབྱུང་ངེས་ན་སྒྲ་དག་ཅིང་རྗོད་པ་གསལ་བ་གལ་ཆེའོ།།ཞེས་ལོ་བརྒྱ་དང་བརྒྱད་ཅུ་ལྷག་གི་སྔོན་ནས་བྲི་བའི་ཡི་གེས་བརྗོད་བྱ་འཁྲུལ་མེད་དུ་སྟོན་པའི་ཕྱིར། རྗོད་བྱེད་ཀྱི་ཀློག་ཟུར་ཕྱིན་པ་དང་སྒྲའི་ང་རོ་དག་པར་སྨྲ་དགོས་ཚུལ་ནན་གྱིས་གསུངས་པ་འདིས་ཀྱང་མཚོན་ནུས་ཤིང་། གོང་དུ་སི་ཏུས་འབྲི་གུང་སྐྱོབ་པ་རིན་པོ་ཆེ་འཚོ་བཞུགས་སྐབས་ཏེ་ལོ་བདུན་བརྒྱ་ལྷག་གི་སྔོན་དུ་བོད་ཡུལ་དབུས་སུའང་ཡིག་ཀློག་ཚུན་ཆད་སྒྲ་ཟུར་ཕྱིན་པར་འདོན་པའི་སྲོལ་ཡོད་ཚུལ་དང་། ཡི་གེ་གསར་གཏོད་བྱེད་ཡུལ་དབུས་ཁུལ་ཡིན་པ་སོགས་ལ་ཞིབ་ཏུ་གཞིགས་ཚེ། དབུས་གཙང་སྐད་ལ་དེ་འདྲའི་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་ཨེ་སྲིད་སྙམ་སྟེ། འདིར་བོད་རྒྱ་ཡིག་ཚང་དག་ལས་འབྱུང་བའི་བོད་ཀྱི་ལོ་རྒྱུས་མི་སྣའི་མཚན་ཐོ་དང་ས་མིང་རྣམས་ཕན་ཚུན་གོ་བསྡུར་བའི་ཚུལ་གྱིས་དཔྱད་ཁུལ་བགྱིས་ན། རབ་བྱུང་བཞི་པའི་སྨད་ཀྱི་ཆ་ནས་རབ་བྱུང་ལྔ་པའི་དཀྱིལ་ཙམ་ཏེ་འགྲོ་མགོན་འཕགས་པའི་(ཁྲི་བཞུགས་ལོ༡༢༥༣-༡༢༨༠)དུས་ཙམ་ནའང་མགོ་འདོགས་འཕུལ་རྟེན་སོགས་ཀྱི་ཟུར་མ་ཉམས་པར་རང་སོར་གནས་ཡོད་པ་ཤིན་ཏུ་གསལ་ཏེ། དཔེར་ན། སྟག་ལུང་ལ་(思答笼刺)དང་།   གཡའ་བཟང་ལ་(牙里布藏思)དང་།   དབུས་གཙང་ལ་(乌斯藏)དང་། འཕགས་པ་ལ་(巴思巴)དང་།   ཚལ་བ་ལ་(茶里巴)ཞེས་རྒྱའི་སྐད་དུའང་སྐབས་དེའི་བོད་པའི་སྐད་གདངས་ཇི་བཞིན་སྒྲ་ཟུར་རྣམས་ཤིན་ཏུ་དག་པར་ཐོན་ཡོད་པ་ལྟ་བུ། འོན་ཀྱང་། རབ་བྱུང་གཉིས་པའི་དུས་མཇུག་ཙམ་ནས་རབ་བྱུང་བཅུ་གསུམ་པའི་སྟོད་ཀྱི་ཆ་སྟེ། ཕོ་ལྷ་བསོད་ནམས་སྟོབས་རྒྱལ་(སྲིད་ལོ་༡༧༢༨-༡༧༤༨)གྱི་སྐབས་ཙམ་ནས་བཟུང་། འཕུལ་རྟེན་སོགས་ཀྱི་ཟུར་རྣམས་རིམ་གྱིས་ཉམས་འདུག་པ་རྟོགས་ཐུབ་སྟེ། དཔེར་ན། དབུས་གཙང་ལ་(卫藏)དང་། བློ་གྲོས་ལ་(罗珠)ཞེས་བརྗོད་པ་ལྟ་བུ།    དེས་ན་དབུས་གཙང་སྐད་ཀྱང་གཙོ་བོ་དུས་རབས་བཅུ་གཉིས་པའི་སྐབས་ཙམ་ནས་དེང་གི་བར་ཏེ་ལོ་ངོ་ཉིས་བརྒྱ་ལྷག་ཙམ་གྱི་རིང་འདིར་སྔར་ལས་འགྱུར་ལྡོག་ཆེན་པོ་ཞིག་བྱུང་བར་མངོན་ཞིང་། དེ་འདྲའི་འཕོ་འགྱུར་བྱུང་བའི་རྒྱུ་རྐྱེན་ཡང་། ཕྱོགས་གཅིག་ནས་དབུས་གཙང་གི་སྐད་ལ་དུས་ཀྱི་དབང་གིས་འགྱུར་ལྡོག་བྱུང་བཞིན་ཡོད་པ་དང་།    གཞན་ཞིག་ནས་ཉེ་འབྲེལ་མི་རིགས་གཞན་དག་གི་སྐད་བརྡའི་ཤན་ཞུགས་པ་དེ་ཡང་རྒྱུ་རྐྱེན་གཙོ་བོ་ཞིག་མིན་ནམ་སྙམ།

          སྤྱིར་བོད་པའི་སྐད་ཟུར་ཆག་མང་བོར་གྱེས་པས་སྐད་དང་ཡི་གེའི་མཚོན་བྱ་མཚོན་བྱེད་ཀྱི་འབྲེལ་བ་ཉམས་ཞན་དུ་གྱུར་བ་དང་། སྤྱི་བྱིངས་རྣམས་ཡུལ་ཀྱི་སྒོ་ནས་གོ་བརྡ་འཕྲོད་དཀའ་བའི་གནས་སུ་གྱུར་ནའང་། མཁས་དབང་དམུ་དགེ་བསམ་གཏན་གྱིས། བོད་ཀྱི་ཡི་གེ་དང་བརྡ་སྤྲོད་རིག་པ་ད་ལྟའི་བར་དུ་ཡར་རྒྱས་དང་གོང་འཕེལ་བྱུང་སྟེ་བོད་སྤྱིའི་ཆོས་སྲིད་གང་ལའང་བེད་སྤྱད་ཆོག་པའི་སྤྱི་ཡིག་དང་སྤྱི་སྐད་དུ་གྱུར། རྒྱ་ནག་ལའང་ལྷོ་བྱང་གི་སྐད་མི་འདྲ་བ་དང་། ཞིང་ཆེན་གཅིག་གི་ནང་དུའང་སྐད་མི་འདྲ་བ་ཡོད་པ་དང་། ཧྲེང་ཧེ་དང་ཀོན་ཏུང་སོགས་ཡུལ་གྲུ་འགའ་ཞིག་ལ་ལོག་སྐད་ཡོད་ཀྱང་། ཡི་གེ་དང་ཡིག་ཐོག་གི་སྤྱི་སྐད་དེ་ཉིད་གཅིག་གྱུར་ཡིན་པ་དེ་བཞིན་དུ། བོད་དུའང་རོང་འབྲོག་སོགས་ཀྱི་སྐད་ཅུང་ཟད་མི་འདྲ་བ་དང་།   རྒྱ་རོང་སོགས་ཀྱི་སྐད་གདངས་མི་འདྲ་བ་ཡོད་ནའང་ཡི་གེ་དང་ཡིག་ཐོག་གི་སྤྱི་སྐད་དེ་ཉིད་སྟོད་མངའ་རིས་ནས་སྨད་ཨ་མདོའི་མཐའི་བར་གཅིག་པར་མ་ཟད། ཀུན་གྱིས་ཐུན་མོང་དུ་བེད་སྤྱོད་བཞིན་པ་ཡིན་ནོ།།ཞེས་གསུངས་པ་བཞིན།   རང་རེའི་མེས་པོ་བཀའ་དྲིན་ཅན་ཚོས་ལོ་སྟོང་ཕྲག་རིང་བསགས་པའི་ཤུལ་བཞག་ཁྱད་ནོར་ཏེ་ཡིག་སྲོལ་གྱི་སྟེང་ནས་ཕན་ཚུན་འབྲེལ་འདྲིས་བགྱིད་སྐབས། ཚན་རིག་ལག་རྩལ་སོགས་ཤེས་བྱ་གསར་བ་བསྡུ་ལེན་དང་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་བྱེད་པ་གང་ཞིག་ཡིན་རུང་། གོ་བརྡ་སྤྲོད་མི་ཐུབ་པ་མེད་པར་རྒྱུས་ལོན་ཡང་དག་བྱེད་ཐུབ་པ་འདི་ནི་ཤིན་ཏུ་ཡི་རང་བའི་གནས་ཡིན་པར་མ་ཟད། གོམས་གཤིས་སུ་ཆགས་པའི་ཡི་གེའི་རྣམ་གཞག་ལ་ཁོག་པའི་སྙིང་དང་མིག་གི་འབྲས་ལྡོག་བཞིན་བླ་ལྷག་གིས་གཅེས་སྤྲས་དང་།   ཡུལ་སྐད་རྣམས་ཡི་གེའི་ཀློག་གདངས་དང་ཉེ་བའི་ཕྱོགས་སུ་བསྒྱུར་ཅི་ཐུབ་ལ་བརྩོན་དགོས་ངེས་ཀྱི་བློ་བསྐྱེད་ཅིག་བཅོས་མིན་དུ་སྟེར་བ་ཡིན་ནོ།། ཡིན་ནའང་། འདིར་བོད་སྤྱི་འགྲོས་སྐད་ཀྱི་ཚད་གཞིའི་གདངས་ལ་འབྲོག་སྐད་འཇོག་དགོས་ཞེས་པའང་ཡིན་ཏེ།   བོད་ཀྱི་སྤྱི་སྐད་གཅིག་གྱུར་ཚད་ལྡན་ནས་ཁྱབ་གདལ་བྱེད་རྒྱུ་ནི་ཐབ་རྩའི་རྒན་མོས་བག་ལེབ་བཅའ་བ་ལྟ་བུའི་དུས་ཡུན་ཐུང་ངུ་ཙམ་གྱིས་འགྲུབ་སླ་མོ་ཞིག་མ་ཡིན་པར་དཀའ་ངལ་སྣ་ཚོགས་ཤིག་ལ་འཕྲད་སྲིད། སྤྱིར་བོད་པའི་སྐད་ཁོངས་ཁྲོད་མི་རིགས་གཞན་པའི་མིང་བརྡ་མི་ཉུང་བ་ཞིག་ཐོན་པ་དེས་འབྲོག་པའི་སྐད་ལའང་དེ་མཚུངས་ཀྱིས་ཤན་ཞུགས་ནས་ཐ་སྙད་དེ་རིགས་ཀྱིས་གནས་བབ་ངེས་ཅན་ཞིག་ཟིན་ཡོད་པས།   འབྲོག་པའི་སྐད་ཆའི་གཞི་གདངས་ཚད་གཞིར་འཛིན་པ་དང་ཆབས་ཅིག    སྡེབ་གཙང་བརྗོད་བདེར་ཡོང་བའི་སླད་རང་སྐད་ཀྱི་ཁྱད་ཆོས་དང་འགལ་བའི་བརྡ་ཆད་ཅི་རིགས་འདོར་བར་རིགས་ཤིང་།    འབྲོག་སྐད་ལ་མེད་ཀྱང་ཡུལ་སྐད་གཞན་ལ་ཡོད་པའི་བོད་ཀྱི་བརྡ་སྤྲོད་རིག་པའི་རྣམ་གཞག་དང་མཐུན་པའི་ཐ་སྙད་དག་འཚོལ་ཞིབ་ལེགས་སྒྲིག་སྒོས་ཀུན་ནས་བེད་སྤྱོད་བྱེད་དགོས།   ལང་ཀར་གཤེགས་པའི་མདོ་ལས། མིང་དུ་གདགས་པར་མ་མཛད་ན།། འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར།། དེ་བས་རྨོངས་པ་སེལ་བའི་ཕྱིར།། མགོན་པོས་མིང་དུ་གདགས་པར་མཛད།།ཅེས་པ་ལྟར། སྐད་ཆར་མཚོན་ན་གཙོ་བོ་ནི་མིང་བརྡ་ཡིན་པ་དང་། དེ་ཡང་འཕེལ་སྟོབས་ཤིན་ཏུ་ཆེ་བ་ཞིག་རེད། དེང་སྐབས་ནི་འགྲན་རྩོད་ཀྱི་དུས་རབས་གསར་པ་ཞིག་ཡིན་པས།   ཐོན་སྐྱེད་ནུས་ཤུགས་དང་ཚན་རིག་ལག་རྩལ་སོགས་རྒྱུན་ཆད་མེད་པར་གོང་དུ་འཕེལ་བ་དང་འབྲེལ་ནས། དངོས་པོ་གསར་བའང་ཆར་ཤུལ་གྱི་སྤངས་ལ་ཤྭ་མོ་བརྡོལ་བ་བཞིན་བྱུང་དང་འབྱུང་མུས་སུ་མཆིས་ན། དུས་རབས་ཀྱི་འགྲོས་དང་བསྟུན་ནས་དངོས་པོ་གསར་བ་རྣམས་ལ་རང་སྐད་ཀྱི་གོམས་གཤིས་དང་མཐུན་པའི་གཅིག་གྱུར་གྱི་མིང་བརྡ་གསར་བ་བསྐྲུན་རྒྱུ་ནི་བོད་སྤྱི་འགྲོས་སྐད་ཀྱི་ཚེ་སྲོག་ལྟ་བུ་ཡིན་ཏེ།   ཚིག་སྦྱོར་ཇི་སྙེད་པ་དག་མིང་ལས་གྲུབ་པའི་ཕྱིར་རོ།། འོན་ཀྱང་། དེང་དུས་རང་འདོད་ཀྱིས་ཐ་སྙད་གསར་བ་སྒྱུར་མཁན་མང་ཡང་། རང་སྐད་ཀྱི་ཁྱད་ཆོས་ཉམས་པ། དོན་གྱི་རོ་དབེན་པ། འབྲུ་སྔ་ཕྱིའི་མགོ་རྟིང་ལོག་པའི་མིང་བརྡ་དག་ལ་གཞིགས་ཚེ་དོན་ལ་དེ་འདྲ་ཞིག་བྱེད་མི་ནུས་པར་ཤིན་ཏུ་གསལ། རང་བོད་སྐད་ཡིག་འཕེལ་འགྱུར་གྱི་ལོ་རྒྱུས་སྟེང་བཀས་བཅད་ཐེངས་གསུམ་བྱས་པར་མཚོན་ན།   མཐའ་བཞིའི་རིག་གནས་ཀྱི་ཉིང་བཅུད་དག་བོད་རིག་པའི་གསོས་སུ་འདྲེན་སྐབས།   ཐ་སྙད་གཅིག་བསྒྱུར་བ་ཡན་ཆད་ཀྱང་སྐབས་དེའི་བཙན་པོའི་བཀའི་ཕྱག་རྒྱ་ལ་བརྟེན་ནས་གཅིག་གྱུར་ཚད་ལྡན་གྱིས་གཏན་ལ་འབེབས་དགོས་པ་ཞིག་ཡིན་པ་ལས། རང་རང་སོ་སོ་ནས་བཅོས་སུ་མི་རུང་སྟེ། གལ་ཏེ་རང་འདོད་ལྟར་བསྒྱུར་ན་སྲོག་ཆད་གཅོད་པའི་ཁྲིམས་སྲོལ་བཙན་པོ་ཡོད་པར་མ་ཟད།    ལོ་ཙཱ་བྱེད་པའི་རྩ་དོན་ཡང་དཀར་ཆག་ཆེན་མོ་ལྡན་དཀར་མ་དང་མཆིམས་ཕུ་དཀར་ཆག་》《འཕངས་ཐང་མའི་དཀར་ཆགཅེས་གསུམ་གཏན་ལ་ཕབ་ཡོད་པ་དེ་འདྲ་ཞིག་ཡིན་གཤིས། ད་ལྟ་རང་ཅག་རྣམས་ཀྱིས་གཞན་སྐད་ཀྱི་མིང་བརྡ་དག་བོད་དུ་བསྒྱུར་དུས་ཀྱང་གོང་སྨོས་རྩ་དོན་གསུམ་གཞིར་བཞག་ལ་དམིགས་བསལ་གྱིས་སྒྲ་སྒྱུར་བྱེད་པའི་དགོས་པ་ལྷག་པོ་ཆེར་མེད་ན། ཐ་སྙད་ལ་ཤེས་བརྗོད་འཇུག་གསུམ་དང་བཅས་པ་ཞེས་མཁས་པའི་བསྟན་བཅོས་ལ་རླུང་ལྟར་གྲགས་པ་བཞིན་རང་སྐད་ཀྱི་འགྲོ་ལུགས་ཇི་བཞིན་མིང་འདོགས་རྒྱུ་ནི་མཆོག་དང་།   དེ་མིན་དོན་ལ་དམིགས་པ། སྒྲ་ལས་བྱུང་བ། ཐུན་མོང་དུ་གྲགས་པ། མཐུན་པར་སྣང་བ། མངོན་པར་ཞེན་པ་བཅས་ཁྱད་ཆོས་ལྔ་ལྡན་འབུར་དུ་ཐོན་པའི་སྒོ་ནས་དོན་སྒྱུར་ཅི་ཐུབ་བྱེད་དགོས་ཤིང་།   དེ་འདྲའི་མིང་མཛོད་ཕུན་སུམ་ཚོགས་པར་གཏོང་བར་ཡང་རང་རང་གི་ཐད་ནས་འདོད་མོས་ལྟར་བསྒྱུར་རྒྱུ་མ་ཡིན་པར།   བོད་རྒྱལ་བཙན་པོའི་སྐབས་ནས་ཡིག་སྒྱུར་གྱི་ལྟེ་གནས་ཆེན་པོ་གསུམ་(ལྷ་ས། བསམ་ཡས། ཏུན་ཧོང་།)བཙུགས་པ་བཞིན། ཡུལ་གྲུ་ཆེན་པོ་གསུམ་དུ་ཆེད་གཉེར་མཁས་པ་གདན་དྲངས་ཏེ་ཆེས་མཐོ་གྲས་གཏན་ཆགས་ཀྱི་ཡིག་སྒྱུར་ལས་ཁུངས་ཆེན་པོ་གསུམ་བཙུགས་པ་དང་འབྲེལ།    བསམ་འཆར་རྗེས་རེས་སྒོས་གཅིག་གྱུར་གྱི་མང་བརྡ་བཟོ་རྒྱུའི་དོ་གལ་ཤིན་ཏུ་ཆེ་བར་སྙམ། དེའང་བརྡ་སྤྲོད་ཐད། མཁན་པོའི་སུམ་རྟགས་ཀྱི་རྩ་གཞུང་གཉིས་སྙིང་བོའི་མཐིལ་དུ་བཟུང་བའི་སྟེང་།   ད་ལྟའི་འབྲོག་པའི་སྐད་ཀྱི་ཚིག་འགྱུ་དག་ལས་རྣམ་དབྱེའི་རྐྱེན་དང་བྱ་ཚིག་གི་འགྱུར་བ་སོགས་ལ་གནད་དུ་ཐེབས་པའི་མེ་བཙའ་བཞིན་བརྟག་གཟོད་རིགས་པས་དཔྱད་འཇུག་གནང་སྟེ། སྐད་བརྡར་རང་ཆས་སུ་ཡོད་པའི་བརྡ་སྤྲོད་པའི་གྲུབ་ཆ་གསར་པ་དག་གཞུང་ལ་བསྟུན་མཁས་ཀྱིས་གསེད་དཀྲོལ་གང་ལེགས་བྱེད་པ་དང་། དེང་གི་བོད་པའི་སྐད་ལ་མཛུབ་ཁྲིད་ཀྱི་ནུས་པ་ཟབ་མོ་འདོན་ཐུབ་ཅིང་ཚན་རིག་དང་མཐུན་པའི་གཞུང་ལུགས་འཐུས་ཚང་བ་ཞིག་ཏུ་གཏོང་བར་བརྩོན་ལེན་བྱེད་དགོས།

 

          གསུམ་པ། མཇུག་བསྡུ་བའི་གཏམ།

 

          འདིར་བོད་རིག་པར་རྟོག་འཇུག་གནང་མཁན་དག་གིས་བོད་པའི་སྤྱི་འགྲོས་སྐད་ཀྱི་ལམ་ནས་དྲངས་པའི་དཔྱད་འཇོག་ཆེད་རྩོམ་ཇི་སྙེད་ཅིག་འབྲེལ་ཡོད་དུས་དེབ་སོ་སོར་སྔ་ཕྱི་རིམ་པར་ནག་འགྲོས་སུ་འཁོད་པ་རྣམས་མཐོང་ཆོས་སུ་གྱུར་བ་དག་ལས་ཡང་དག་དོན་གྱི་གནད་ལ་གཞོལ་བའི་འཐད་ལྡན་གྱི་ལེགས་བཤད་ཆེར་མ་མཐོང་བས་རང་ངོས་ནས་རྒྱལ་ཁབ་ཕྱི་ནང་གི་བརྡ་སྤྲོད་རིག་སྨྲ་ཚོས་མཛད་པའི་སྒྲ་རིག་པའི་གཞུང་རྣམས་དང་ཚད་མར་གྱུར་བའི་གངས་ཅན་གྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལས་སྒྲ་ཚད་མཁས་པའི་གསུང་གི་ལེགས་བཤད་རྣམས་རྒྱབ་རྟེན་གྱི་དཔང་བོར་གཞིར་བཞག་པའི་སྟེང་།   བོད་རང་སྐད་ཀྱི་ཐུན་མིན་བརྡ་སྤྲོད་གོམས་གཤིས་ལས་སྨྲ་སྲོལ་ཆེན་པོ་གསུམ་གྱི་ཁྱད་ཆོས་དང་།  སྐད་དང་ཡི་གེའི་མཚོན་བྱ་མཚོན་བྱེད་ཀྱི་འབྲེལ་བའི་གནད་སོགས་ལ་གཞིགས་ནས་རིགས་པས་བརྡར་ཤ་ཨེ་གཅོད་ཁུལ་བྱས་པ་དང་།  གཞན་དུ་ན།   མང་བོས་ཁུངས་ལུང་བཙན་པོའི་དབང་དུ་བྱས་ནས་བཀོད་པའི་སྲིད་འབྱོར་རིག་གསུམ་སོགས་མི་རིགས་གཞན་པའི་སྤྱི་སྐད་འཇོག་བྱེད་ཀྱི་ཚད་གཞི་ཡང་དག་ཡིན་མིན་ཐད་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆ་མང་བོ་འཚོལ་ཞིབ་ཟུར་ལྟའི་ཚུལ་གྱིས་གོ་བསྡུར་བགྱིས་པ་ན།   གང་ལྟར་བོད་རང་ལ་ཚད་ཐུབ་ཀྱི་སྤྱི་སྐད་ཅིག་གཏན་ལ་འབེབས་རྒྱུ་ནི་བོད་རིག་པ་ཉམས་པ་སོར་ཆུད་དང་མ་ཉམས་གོང་དུ་སྤེལ་བར་སྔ་ས་ནས་ཡིད་གཟབ་བྱེད་རིན་ཡོད་པའི་གལ་ཆེའི་དོན་སྙིང་ཧ་ཅང་ལྡན་པ་ཞིག་ཡིན་པར་སྨོས་མེད་ཅིག་ཡིན་པས།   ཁོ་བོས་ཡི་གེ་ནི་མིང་ཚིག་རྩོམ་པའི་གཞིར་གྱུར་བའི་སྐད་གདངས་མཚོན་བྱེད་ཀྱི་བརྡ་རྟགས་ཤིག་ཡིན་པའི་ཆ་ནས།   སྦྱོར་ཀློག་རང་བཞིན་ལྡན་པའི་བོད་ཡིག་གི་སྒྲའི་སྐྱེ་གནས་དང་ང་རོ་འདྲེན་ཚུལ་རྣམས་ཡུལ་སྐད་ཆེན་པོ་གསུམ་གྱི་ཁྱད་ཆོས་དང་ཕན་ཚུན་དཔྱད་བསྡུར་གྱིས་འབྲོག་པའི་སྐད་ཚད་མར་འཛིན་དགོས་ཚུལ་ལུང་རིགས་གཉིས་ཀྱི་སྒོ་ནས་མཐའ་དཔྱད་ཁུལ་བྱས་ཡོད་པས་མཚོན།   དེ་འདྲའི་སྤྱི་སྐད་ཇི་ལྟར་ཁྱབ་གདལ་བྱེད་ཚུལ་གྱི་ཐབས་ལམ་འགའ་ཡང་ཟུར་དུ་བསམ་ཚུལ་བརྗེ་རེས་ཀྱི་ཚུལ་དུ་བཏོན་པ་སྟེ། མདོར་ན། དུས་རབས་འདིའི་བོད་སྤྱི་ཚོགས་ཀྱི་དགོས་མཁོ་དང་རེ་འདུན་ཞིག་གིས་ཀུན་ནས་བསླངས་པར་ལག་ལེན་རང་བཞིན་ལྡན་པ་ཞིག་ལ་དམིགས་ནས་རང་གི་འདོད་ཚུལ་རྣམས་སྐྱ་ལམ་ཆོད་པ་ཙམ་གྱིས་ཤར་མར་འབྲི་ཁུལ་བྱས་མོད། འོན་ཀྱང་ང་རང་ཕྱོགས་རེའི་གཞུང་ལ་རྩིང་བོར་སྦྱངས་པ་དང་རིགས་ལམ་ཕྲ་མོར་ཤ་ཆོད་རུས་ཆོད་ཀྱི་རྒྱུས་མེད་གཤིས། དཔྱད་རྩོམ་འདིའི་ཐོག་མཐའ་བར་གསུམ་གང་དུའང་མ་རྟོགས་ལོག་རྟོག་གི་སྤྲང་བོའི་དབྱུག་པ་དགུ་བསྐོར་གྱིས་རང་མགོ་རྨས་པའི་སྐྱོན་ཅི་རིགས་འབྱུང་སྲིད་ན། ལོ་ཆེན་བེེ་རོས། བདེན་ཅིང་འཐད་ན་ལེགས་དཔྱད་བྱིས་པའི་ཀྱང་ཉོན།། མ་བདེན་དོན་དང་འགལ་ན་རྒྱལ་བའི་བཀའ་ཡང་ཞོག། ཚིག་གི་རྩ་བ་མ་དཔྱོད་དོན་གྱི་རྩ་བ་དཔྱོད།།”   ཅེས་གསུངས་པ་ལྟར།   གཟུར་གནས་སྨྲ་བའི་ཁྱུ་མཆོག་ཕྱི་ནང་རིག་གནས་རབ་འབྱམས་ལ་བློ་གྲོས་ཀྱི་སྤྱན་དཀྱུས་ཡངས་ཤིང་བཀའ་དྲིན་གྱི་མཐའ་གཞལ་བར་དཀའ་བའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དག་གིས་ཚུལ་གསུམ་རིགས་པས་གཏན་ལ་འབེབས་བར་བྱའོ།།