-->

Jun 4, 2021

སྡེ་བ་ཐ་དད་པར་བྱེད་པ་དང་རྣམ་པར་བཤད་པ་བཞུགས།




སྡེ་བ་ཐ་དད་པར་བྱེད་པ་དང་རྣམ་པར་བཤད་པ་བཞུགས།
 


 ༄༅༅། །རྒྱ་གར་སྐད་དུ། ཀཱ་ཡ་བྷེ་དོ་བི་བྷཾ་ག་བྱཱ་ཁྱཱ་ན།

བོད་སྐད་དུ། སྡེ་བ་ཐ་དད་པར་བྱེད་པ་དང་རྣམ་པར་བཤད་པ།

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །


སྡེ་བ་བཅོ་བརྒྱད་པོ་དག་ནི་གང་ཡིན། དེ་དག་གི་བྱེ་བྲག་ནི་ཇི་ལྟར་བྱུང་ཞེ་ན། བདག་གི་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་འདི་ལྟར་རྗེས་སུ་ཐོས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས། ལོ་བརྒྱ་དྲུག་ཅུ་ལོན་པ་ན་གྲོང་ཁྱེར་མེ་ཏོག་གིས་རྒྱས་པ་ཞེས་བྱ་བར་རྒྱལ་བོ་དྷརྨ་ཨ་ཤོ་ཀ་ཞེས་བྱ་བ་རྒྱལ་སྲིད་བྱེད་པའི་ཚེ། རྩོད་པའི་ཆོས་འགའ་ཞིག་བྱུང་བའི་དབང་གིས་དགེ་འདུན་གྱི་དབྱེན་ཆེན་པོར་གྱུརད་ཏོ། །དེས་རེ་ཞིག་དང་བོར་སྡེ་བ་གཉིས་སུ་ཆད་ནས་གནས་ཏེ། དགེ་འདུན་ཕལ་ཆེན་པ་དང་གནས་བརྟན་པའོ། །དེ་ལ་དགེ་འདུན་ཕལ་ཆེན་པའི་སྡེ་བ་ཡང་རིམ་གྱིས་བྱེ་བར་གྱུར་བ་ན་རྣམ་པ་བརྒྱད་དུ་གནས་ཏེ། དགེ་འདུན་ཕལ་ཆེན་སྡེ་བ་དང་། ཐ་སྙད་གཅིག་པ་དང་། འཇིག་རྟེན་ལས་འདས་པར་སྨྲ་བ་དང་། མང་དུ་ཐོས་པ་དང་། བཏགས་པར་སྨྲ་བ་དང་། མཆོད་རྟེན་པ་དང་། ཤར་གྱི་རི་བོ་དང་། ནུབ་ཀྱི་རི་བོ་པའོ། །གནས་བརྟན་པ་ཡང་རིམ་གྱིས་བྱེ་བར་གྱུར་བ་ན་རྣམ་པ་བཅུར་གྱུར་ཏེ། འདི་ལྟ་སྟེ་གནས་བརྟན་པ་ཉིད་ལ་གངས་རི་བ་ཞེས་ཀྱང་བརྗོད་པ་དང་། ཐམས་ཅད་ཡོད་པར་སྨྲ་བ་པ་ཉིད་ལ་རྣམ་པར་ཕྱེ་སྟེ་སྨྲ་བ་དང་། རྒྱུར་སྨྲ་བ་དང་། ཁ་ཅིག་མུ་རུན་ཏ་ཀ་བ་ཞེས་ཀྱང་ཟེར་བ་དང་། གནས་མའི་བུ་དང་། ཆོས་མཆོག་པ་དང་། བཟང་བོའི་ལམ་པའོ། །ཀུན་གྱིས་བཀུར་བ་ལ་ཁ་ཅིག་ནི་ཨ་པན་ཏ་ཀ་པ་ཞེས་ཀྱང་ཟེར། ཁ་ཅིག་ནི་ཀུ་རུ་ཀུ་ལ་བ་ཞེས་ཀྱང་ཟེར་བ་དང་། མང་སྟོན་པ་དང་། ཆོས་སྦས་པ་དང་། ཆོས་བཟང་འབེབས་ཞེས་བྱ་བ་ལ་ཁ་ཅིག་ནི་འོད་སྲུངས་པ་ཞེས་ཟེར་བ་དང་། བླ་མ་ལ་ཁ་ཅིག་ནི་འཕོ་བར་སྨྲ་བ་ཞེས་ཟེར་བ་སྟེ། སྡེ་བ་བཅོ་བརྒྱད་ཀྱི་དབྱེ་བ་ནི་དེ་དག་གོ། །


དེ་ལ་དགེ་འདུན་ཡང་ཡིན་ལ་ཕལ་ཆེན་པོ་ཡང་ཡིན་པས་དགེ་འདུན་ཕལ་ཆེན་ཏེ། དེ་ཉེ་བར་སྟོན་པར་བྱེད་པ་ནི་དགེ་འདུན་ཕལ་ཆེན་པའོ། །ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཐམས་ཅད་ཐུགས་གཅིག་རྣམ་པར་མཁྱེནད་ཅིང་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཡོངས་སུ་མཁྱེནད་ཏོ་ཞེས་ཐ་སྙད་འདོགས་ཏེ། དེས་ན་ཐ་སྙད་གཅིག་པ་ཞེས་བྱའོ། །འཇིག་རྟེན་ཐམས་ཅད་ཀྱི་འཇིག་རྟེན་པ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་འདས་པར་གྱུར་བས་དེ་བཞིན་གཤེགས་པ་ལ་འཇིག་རྟེན་པའི་ཆོས་མི་མངའ་འོ་ཞེས་སྨྲ་བ་ནི་འཇིག་རྟེན་ལས་འདས་པར་སྨྲ་བ་བའོ། །མང་དུ་ཐོས་པའི་སློབ་དཔོན་གྱིས་རྗེས་སུ་སྟོན་པར་བྱེད་པས་ན་མང་དུ་ཐོས་པར་སྨྲ་བའོ། །འདུས་བྱས་རྣམས་ཕན་ཚུན་བརྟགས་པ་ཉིད་ཀྱིས་སྡུག་བསྔལ་བ་ཡིན་ནོ་ཞེས་སྨྲ་བའི་ཕྱིར་བཏགས་པར་སྨྲ་བའོ། །མཆོད་རྟེན་ཅན་གྱི་རི་ལ་གནས་བཅས་པ་ཉིད་ནི་མཆོད་རྟེན་པའོ། །ཤར་གྱི་རི་དང་ནུབ་ཀྱི་རི་ལ་གནས་པ་ཉིད་ནི། ཤར་གྱི་རི་བོ་བ་དང་། ནུབ་ཀྱི་རི་བོ་བའོ། །གནས་བརྟན་འཕགས་པའི་རིགས་ཡིན་པར་སྟོན་པ་ནི་གནས་བརྟན་པའོ། །དེ་ཉིད་ལ་གངས་རི་བ་ཞེས་ཀྱང་ཟེར་ཏེ། གངས་ཀྱི་རི་ལ་བརྟེན་ནས་གནས་པའི་ཕྱིར་རོ། །གང་ཅུང་ཞིག་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ཡོད་དོ་ཞེས་སྨྲ་བའི་ཕྱིར། ཐམས་ཅད་ཡོད་པར་སྨྲ་བའོ། །དེ་དག་ཉིད་ལས་འགའ་ཞིག་ནི་ཡོད་དེ་འདས་པའི་ལས་འབྲས་བུ་མ་ཕྱུང་བ་གང་ཡིན་པའོ། །ལ་ལ་ནི་མེད་དེ། གང་འབྲས་བུ་མྱོང་ཟིན་པ་དང་། མ་འོངས་པ་དག་གོ་ཞེས་རྣམ་པར་ཕྱེ་ནས་སྨྲ་བར་བྱེད་པའི་ཕྱིར། དེ་ཉིད་ལ་རྣམ་པར་ཕྱེ་སྟེ་སྨྲ་བ་ཞེས་བྱའོ། །དེ་དག་ཉིད་ལས་གང་ཅུང་ཞིག་བྱུང་བ་དང་། འབྱུང་བ་དང་། འབྱུང་བར་འགྱུར་བ་དེ་ཐམས་ཅད་ནི་རྒྱུ་དང་བཅས་པའོ་ཞེས་སྨྲ་བས་རྒྱུར་སྨྲ་བའོ། །དེ་རྣམས་ཉིད་ལ་ཁ་ཅིག་མུ་རུན་ཏའི་རི་ལ་གནས་པའི་ཕྱིར་མུ་རུན་ཏ་པ་ཀ་བ་ཞེས་བྱའོ། །གནས་པའི་རིགས་ཉིད་ཀྱི་བུད་མེད་ནི་གནས་མ་ཡིན་ལ། དེ་ལས་སྐྱེས་པའི་བུ་ནི་གནས་མའི་བུ་སྟེ། དེའི་རིགས་ཡིན་པར་སྟོན་པ་ནི་གནས་མའི་བུའོ། །སློབ་དཔོན་ཆོས་མཆོག་གི་རྗེས་སུ་སྟོན་པར་བྱེད་པ་ནི་ཆོས་མཆོག་པའོ། །བཟང་བོའི་ལམ་པའི་སློབ་མ་ནི་བཟང་བོའི་ལམ་པའོ། །ཀུན་གྱིས་བཀུར་བའི་སློབ་དཔོན་གྱི་ལུགས་སྟོན་པར་བྱེད་པ་ནི་ཀུན་གྱིས་བཀུར་བ་བའོ། །དེ་ཉིད་ལས་ཨ་པན་ཏའི་གྲོང་ཁྱེར་དུ་ཡང་དག་པར་བསྡུ་བ་བྱ་བའི་ཕྱིར་ཨ་པན་ཏ་ཀ་བའོ། །ཁ་ཅིག་ནི་ཀུ་རུ་ཀུ་ལའི་རི་ལ་གནས་པའི་ཕྱིར་ཀུ་རུ་ཀུ་ལ་བའོ། །ས་སུའི་སྐད་ཀྱི་དབྱིངས་ལས་རྗེས་སུ་སྟོན་དུ་བསྒྱུར་ཏེ། སྐྱེ་བོའི་ཚོགས་ཆེན་པོ་ལ་ཡང་སྲིད་པར་མི་འབྱུང་བར་རྗེས་སུ་སྟོན་པར་བྱེད་པ་ནི་མང་སྟོན་པའོ། །སློབ་དཔོན་ཆོས་སྦས་ཀྱིས་ཡིན་པར་སྨྲ་བ་ནི་ཆོས་སྦས་པའོ། །རབ་ཏུ་བསྔགས་པའི་དམིགས་པའི་ཆོས་ཀྱི་ཆར་འབེབས་པར་བྱེད་པས་ན་ཆར་བཟངས་འབེབས་པའོ། །དེ་ཉིད་སློབ་དཔོན་འོད་སྲུངས་ཀྱི་ཡིན་པར་སྨྲ་བས་ནི་འོད་སྲུངས་པའོ། །དེ་བཞིན་དུ་བླ་མ་བའི་ཡིན་པར་སྨྲ་བ་ནི་བླ་མ་བའོ། །དེ་ཉིད་ལས་ཁ་ཅིག་ན་རེ། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་གང་ཟག་འཕོ་བར་འགྱུར་རོ་ཞེས་སྨྲ་བ་ནི་འཕོ་བར་སྨྲ་བ་བའོ། །དེ་རྣམས་ལས་སྔར་བསྟན་པའི་དགེ་འདུན་ཕལ་ཆེན་པ་ལ་སོགས་པ་བརྒྱད་དང་། ཕྱིས་བསྟན་པའི་ཕྱིར་གནས་བརྟན་པ་དང་། ཐམས་ཅད་ཡོད་པར་སྨྲ་བ་དང་། མང་སྟོན་པ་དང་། ཆོས་མཆོག་པ་དང་། འོད་སྲུངས་པ་རྣམས་ནི་བདག་མེད་པར་སྨྲ་བ་ཡིན་ཏེ། མུ་སྟེགས་པའི་འདོད་པས་བརྟགས་པའི་བདག་དང་བདག་གི་དག་ནི་སྟོང་བ་ཡིན་པ་དང་། ཆོས་ཐམས་ཅད་ནི་བདག་མེད་པ་ཡང་ཡིན་པར་སྨྲ་བ་ཡིན་ནོ། །ལྷག་མ་གནས་མའི་བུ་ལ་སོགས་པ་སྡེ་བ་ལྔ་ནི་གང་ཟག་ཏུ་སྨྲ་བ་ཡིན་ཏེ། གང་ཟག་ནི་ཕུང་བོ་དག་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་རྣམ་པར་ཤེས་པ་དྲུག་གིས་ཤེས་པར་བྱ་བ་འཁོར་བར་འགྱུར་བ་ཡོངས་སུ་གསལ་བར་གྱུར་བ་ཡིན་ནོ་ཞེས་ཟེར་རོ། །དེ་དག་ནི་སྡེ་བ་བཅོ་བརྒྱད་ཀྱི་དབྱེ་བ་ཡིན་ནོ།། །།

གཞན་ཉིད་ཀྱིས་སྨྲ་བ་ནི་གཞི་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ། །རྩ་བའི་དབྱེ་བ་ནི་གསུམ་སྟེ། འདི་ལྟར་གནས་བརྟན་པ་དང་། དགེ་འདུན་ཕལ་ཆེན་པ་དང་། རྣམ་པར་ཕྱེ་སྟེ་སྨྲ་བའོ། །


དེ་ལ་གནས་བརྟན་པ་ཡང་རྣམ་པ་གཉིས་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དང་། གནས་མའི་བུའི་སྡེ་བ་ཞེས་བྱའོ། །ཡང་ཐམས་ཅད་ཡོད་པར་སྨྲ་བ་ཡང་རྣམ་པ་གཉིས་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དང་། མདོ་སྡེ་སྨྲ་བ་ཞེས་བྱ་བའོ། ། གནས་མའི་བུ་ཡང་རྣམ་པ་བཞི་སྟེ། མང་བོས་བཀུར་བ་དང་། ཆོས་མཆོག་པ་དང་། བཟང་བོའི་ལམ་པ་དང་། གྲོང་ཁྱེར་དྲུག་པ་ཞེས་བྱ་བ་སྟེ་དེ་ལྟར་ན་གནས་བརྟན་པ་ནི་རྣམ་པ་དྲུག་ཏུ་གནས་སོ། །

ཡང་དགེ་འདུན་ཕལ་ཆེན་སྡེ་ནི་རྣམ་པ་བརྒྱད་དེ། དགེ་འདུན་ཕལ་ཆེན་པ་དང་། ཤར་གྱི་རི་བོ་བ་དང་། ནུབ་ཀྱི་རི་བོ་བ་དང་། རྒྱལ་བོ་རི་བོ་བ་དང་། གངས་རི་བ་དང་། མཆོད་རྟེན་པ་དང་། བརྟེན་གྲུབ་པ་དང་། བ་ལང་གནས་པ་ཞེས་བྱ་བ་སྟེ། དེ་ལྟར་ན་དེ་དག་ནི་དགེ་འདུན་ཕལ་ཆེན་པའི་དབྱེ་བ་ཡིན་ནོ། །

རྣམ་པར་ཕྱེ་སྟེ་སྨྲ་བ་ཡང་རྣམ་པ་བཞི་སྟེ། ས་སྟོན་པ་དང་། འོད་སྲུངས་པ་དང་། ཆོས་སྦས་པ་དང་། གོས་དམར་བ་ཞེས་བྱའོ། །དེ་ལྟར་འདི་དག་ནི་འཕགས་པའི་སྡེ་རྣམས་རྣམ་པར་ཕྱེ་བ་ནས་རྣམ་པ་བཅོ་བརྒྱད་དུ་གྱུར་པའོ།། །།


ཡང་གཞན་དག་ནི་འདི་སྐད་སྨྲ་སྟེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ནས་བཟུང་ནས། ལོ་བརྒྱ་སུམ་ཅུ་རྩ་བདུན་ལོན་པ་ན་རྒྱལ་བོ་དགའ་བོ་དང་པདྨ་ཆེན་པོ་ཞེས་བྱ་བས་གྲོང་ཁྱེར་པ་ཏ་ལི་པུ་ཏྲའི་ནང་དུ་སྡུད་པར་བྱེད་པ་ལ་སོགས་པའི་འཕགས་པ་ཕལ་ནི་ཡང་ལེན་པ་མེད་པར་བསིལ་བའི་དངོས་པོ་ཐོབ་པར་གྱུར་བ་ན་འཕགས་པ་འོད་སྲུངས་ཆེན་པོ་དང་། འཕགས་པ་སྤུ་ཆེན་པོ་དང་། གཏོང་བ་ཆེན་པོ་དང་། བླ་མ་དང་། རེ་བ་ཏ་ལ་སོགས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་དགྲ་བཅོམ་པའི་དགེ་འདུན་དེ་ལྟར་བཞུགས་པ་ན་བདུད་སྡིག་ཏོ་ཅན་བཟང་བོ་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་བ། དགེ་སློང་གི་ཆ་བྱད་འཛིན་པས་རྫུ་འཕྲུལ་སྣ་ཚོགས་བསྟན་ནས། གཞི་ལྔས་དགེ་འདུན་གྱི་དབྱེན་ཆེན་པོ་བསྐྱེད་དེ། གནས་བརྟན་ཀླུ་ཞེས་བྱ་བ་དང་། ཡིད་བརྟན་པ་ཞེས་བྱ་བ་མང་དུ་ཐོས་པ་དག་གི་གཞི་ལྔ་བསྔགས་པར་བྱེད། རྗེས་སུ་སྟོན་པར་བྱེད་ཅིང་དེ་གཞན་ལ་ལན་གདབ་པ་དང་། མི་ཤེས་པ་དང་། ཡིད་གཉིས་དང་། ཡོངས་སུ་བརྟགས་པ་དང་། བདག་ཉིད་གསོ་བར་བྱེད་པ་ནི་ལམ་ཡིན་ཏེ། འདི་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །


དེ་ནས་སྡེ་པ་གཉིས་སུ་ཆད་ནས་གནས་ཏེ། གནས་བརྟན་པ་དང་། དགེ་འདུན་ཕལ་ཆེན་སྡེ་ཞེས་བྱའོ། །དེ་ལྟར་ལོ་དྲུག་ཅུ་རྩ་གསུམ་གྱི་བར་དུ་དགེ་འདུན་བྱེ་ནས་འཁྲུག་ལོང་གིས་གནས་སོ། །དེ་ནས་ལོ་བརྒྱ་ཕྲག་གཉིས་འདས་པའི་རྗེས་ལ་གནས་བརྟན་གནས་མའི་བུས་བསྟན་པ་ཡང་དག་པར་བསྡུས་སོ། །དེས་ཡང་དག་པར་བསྡུས་པ་ན་དགེ་འདུན་ཕལ་ཆེན་པ་ཡང་རྣམ་པ་གཉིས་སུ་བྱུང་བར་གྱུར་ཏེ། ཐ་སྙད་གཅིག་པ་དང་། བ་ལང་གནས་པ་ཞེས་བྱའོ། །དེ་ལ་ཐ་སྙད་གཅིག་པ་རྣམས་ཀྱི་དམ་ཚིག་གི་རྩ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་ལས་འདས་པ་སྟེ། དེ་བཞིན་གཤེགས་པ་ལ་འཇིག་རྟེན་གྱི་ཆོས་ནི་མི་མངའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་སུ་གསུང་ནི་མི་འཇུག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ནི་སྙིང་བོ་ལ་མངོན་པར་མོས་པའོ། །དེ་བཞིན་གཤེགས་པ་ལ་གནས་དེར་གཟུགས་ཉེ་བར་ལེན་པ་ནི་མི་མངའོ། །བྱང་ཆུབ་སེམས་དཔའི་དུས་ན་ནུར་ནུར་བོ་དང་། མེར་མེར་བོ་དང་། ལྟར་ལྟར་བོས་འཇུག་པ་མ་ཡིན་ཏེ། གླང་བོ་ཆེར་གྱུར་ནས་ཡུམ་གྱི་དཀུ་ནས་ཞུགས་ནས་རང་ཉིད་ངེས་པར་འབྱུང་བ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ལ་འདོད་པའི་འདུ་ཤེས་ནི་མི་འབྱུང་ངོ་། །ངན་འགྲོ་རྣམས་སུ་བདག་ཉིད་ཀྱི་འདོད་པས་སྐྱེ་བ་བླངས་ཏེ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །ཡེ་ཤེས་གཅིག་གིས་བདེན་པ་བཞི་རྣམས་ཡོངས་སུ་ཤེས་སོ། །རྣམ་པར་ཤེས་པ་དྲུག་པོ་དག་ནི་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བ་ཡིན་ནོ། །མིག་གིས་ནི་གཟུགས་རྣམས་མཐོང་ངོ་། །དགྲ་བཅོམ་པ་རྣམས་ཀྱང་གཞན་དག་གིས་བསྟན་པ་སྒྲུབ་པར་བྱེད་དོ། །མི་ཤེས་པ་དང་། ཡིད་གཉིས་དང་། ཡོངས་སུ་བརྟགས་པ་དང་། སྡུག་བསྔལ་སྤོང་བའི་ལམ་ཡང་ཡོད་དོ། །མཉམ་པར་གཞག་པའི་ཚེ་ངག་འཇུག་པ་ཡང་ཡོད་དོ། །མི་གཙང་བ་སྤངས་པ་ཡང་ཡོད་དོ། །ཡང་དག་པར་སྡོམ་པ་མངོན་དུ་བྱས་པ་ཉིད་ཀྱིས་ཀུན་དུ་སྦྱོར་བ་ཐམས་ཅད་རབ་ཏུ་སྤངས་པར་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ལ་འཇིག་རྟེན་པའི་ཡང་དག་པར་ལྟ་བ་ནི་མི་མངའོ། །སེམས་ནི་རང་བཞིན་གྱིས་འོད་གསལ་བ་ཡིན་པས་བག་ལ་ཉལ་བ་རྣམས་སེམས་དང་མཚུངས་པར་ལྡན་ཞེའམ། མི་ལྡན་ཞེས་བརྗོད་པར་མི་བྱའོ། །བག་ལ་ཉལ་བ་ཡང་གཞན་ལ། ཀུན་ནས་ལྡང་བ་ཡང་གཞན་ཡིན་ནོ། །འདས་པ་དང་མ་འོངས་པ་ནི་མེད་དོ། །རྒྱུན་དུ་ཞུགས་པ་ནི་བསམ་གཏན་ཐོབ་པ་ཡིན་ནོ་ཞེས་བྱ་བ་སྟེ་དེ་ལྟ་བུ་རྣམས་ནི་ཐ་སྙད་གཅིག་པ་རྣམས་ཀྱི་དམ་ཚིག་ཡིན་ནོ། །


ཡང་བ་ལང་གནས་པ་རྣམས་ཀྱི་དབྱེ་བ་ནི་མང་དུ་ཐོས་པ་དང་བཏགས་པར་སྨྲ་བ་ཞེས་བྱའོ། །དེ་ལ་མང་དུ་ཐོས་པ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་ངེས་པར་འབྱུང་བའི་ལམ་ལ་ནི་རྣམ་པར་དཔྱོད་པ་མེད་དོ། །སྡུག་བསྔལ་གྱི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པ་དང་། འཕགས་པའི་བདེན་པ་ནི་བདེན་པའོ། །འདུ་བྱེད་ཀྱི་སྡུག་བསྔལ་རྣམས་མཐོང་བས་ཡང་དག་པར་སྐྱོན་མེད་པ་ལ་འཇུག་གི། སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་མཐོང་བས་ནི་མ་ཡིན་ནོ། །དགེ་འདུན་ནི་འཇིག་རྟེན་ལས་འདས་པའོ། །དགྲ་བཅོམ་པ་རྣམས་ལ་ཡང་གཞན་གྱིས་ཉེ་བར་བསྟན་པ་བསྒྲུབ་པ་ཡོད་དོ། །ཡང་དག་པར་བསྒྲགས་པའི་ལམ་ཡང་ཡོད་དོ། །མཉམ་པར་གཞག་པ་ལ་ཡང་དག་པར་འཇུག་པ་ཡོད་དོ་ཞེས་བྱ་བ་རྣམས་ནི་མང་དུ་ཐོས་པ་རྣམས་ཀྱི་དམ་ཚིག་གོ། །ཡང་བཏགས་པར་སྨྲ་བ་རྣམས་ཀྱི་ཕུང་བོ་མེད་པའི་སྡུག་བསྔལ་ཡང་ཡོད་དོ། །ཡོངས་སུ་མ་རྫོགས་པའི་སྐྱེ་མཆེད་ཀྱང་ཡོད་དོ། །འདུ་བྱེད་རྣམས་ནི་ཕན་ཚུན་བརྟགས་པ་ཡིན་ནོ། །ཡང་སྡུག་བསྔལ་ནི་དོན་དམ་པར་རོ། །སེམས་ལས་བྱུང་བ་ནི་ལམ་མ་ཡིན་ནོ། ། དུས་མ་ཡིན་པར་འཆི་བ་ནི་མེད་དོ། །སྐྱེས་བུ་བྱེད་པ་ཡང་མེད་དོ། །སྡུག་བསྔལ་ཐམས་ཅད་ནི་ལས་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ནི་བཏགས་པར་སྨྲ་བ་རྣམས་ཀྱི་རྩ་བའི་དམ་ཚིག་ཡིན་ནོ། །ཡང་བ་ལང་གནས་པ་རྣམས་ཀྱི་བྱེ་བྲག་ལས་གནས་བརྟན་མཆོད་རྟེན་པ་ཞེས་བྱ་བ་སྟེ། དེ་ནི་ལྷ་ཆེན་པོ་ཞེས་བྱ་བའི་ཀུན་དུ་རྒྱུ་ཞིག་རབ་ཏུ་བྱུང་ནས་མཆོད་རྟེན་ཅན་གྱི་རི་ལ་གནས་པ་ཡིན་ཏེ། ཡང་དེ་ནི་དགེ་འདུན་ཕལ་ཆེན་པའི་གཞི་འདོན་པར་གྱུར་བ་ན་མཆོད་རྟེན་པ་ཞེས་བྱ་བའི་སྡེ་བར་རྣམ་པར་བཞག་སྟེ། དེ་དག་ནི་དགེ་འདུན་ཕལ་ཆེན་པ་རྣམས་ཀྱི་སྡེ་བ་དྲུག་ཏུ་བཞག་པ་ཡིན་ནོ། །


ཡང་གནས་བརྟན་པ་ཡང་རྣམ་པ་གཉིས་ཏེ། སྔར་གྱི་གནས་བརྟན་པ་དང་། གངས་རི་བ་ཞེས་བྱ་བའོ། །སྔར་གྱི་གནས་བརྟན་པའི་རྩ་བའི་དམ་ཚིག་ནི་དགྲ་བཅོམ་པ་རྣམས་ལ་གཞན་གྱིས་སྟོནད་ཅིང་བསྒྲུབ་པ་ནི་མེད་དོ། །དེ་བཞིན་དུ་གཞི་ལྔ་བོ་ཡང་མེད་དོ། །གང་ཟག་ནི་ཡོད་དོ། །སྲིད་པ་བར་མ་ནི་ཡོད་དོ། །དགྲ་བཅོམ་པ་ཡོངས་སུ་མྱ་ངན་ལས་འདས་པ་ནི་ཡོད་དོ། །འདས་པ་དང་མ་འོངས་པ་ཡང་ཡོད་དོ། །མྱ་ངན་ལས་འདས་པའི་དོན་ནི་ཡོད་དོ་ཞེས་བྱ་བ་ནི་གནས་བརྟན་པའི་རྩ་བའི་དམ་ཚིག་གོ། །དེ་ལ་གངས་རི་བའི་རྩ་བའི་དམ་ཚིག་ནི་བྱང་ཆུབ་སེམས་དཔའ་ནི་སོ་སོའི་སྐྱེ་བོ་མ་ཡིན་ཞེས་བྱའོ། ། ཕྱི་རོལ་བ་ལ་ཡང་མངོན་པར་ཤེས་པ་ལྔ་ནི་ཡོད་དོ། །ཕུང་བོ་ལས་གང་ཟག་ནི་གཞན་ཡིན་པར་བརྗོད་པར་བྱ་སྟེ། མྱ་ངན་ལས་འདས་པར་འགྱུར་བ་ན་གང་དུ་ཕུང་བོ་འགགས་པ་ན་གང་ཟག་ནི་གནས་པའི་ཕྱིར་རོ། །མཉམ་པར་གཞག་པ་ལ་ངག་འཇུག་པ་ནི་ཡོད་དོ། །ལམ་གྱི་སྡུག་བསྔལ་སྤོང་ངོ་ཞེས་བྱ་བ་དེ་དག་ནི་གངས་རི་བའི་དམ་ཚིག་གོ། །


ཡང་དང་བོའི་གནས་བརྟན་པ་ཡང་རྣམ་པ་གཉིས་སུ་གྱུར་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དང་། གནས་མའི་བུའི་ཞེས་བྱའོ། །དེ་ལ་ཐམས་ཅད་ཡོད་པར་སྨྲ་བའི་རྩ་བའི་དམ་ཚིག་ནི་གཉིས་ཀྱིས་ཐམས་ཅད་བསྡུས་ཏེ། འདུས་བྱས་དང་འདུས་མ་བྱས་སོ། །དེ་སྐད་སྨྲས་པས་ཅིར་འགྱུར། གང་ཟག་ནི་མེད་ཅེས་བྱ་བ་སྟེ། ཇི་སྐད་དུ། བདག་མེད་པ་ཡི་ལུས་འདི་འབྱུང་བ་ན། །བྱེད་པ་མེད་ཅིང་རིག་པ་བོ་ཡང་མེད། །ཇི་ལྟར་འཁོར་བའི་ཆུ་ཀླུང་འཇུག་འགྱུར་བ། །ཉན་པའི་མཆོག་ཁྱོད་དེ་ནི་བསྟན་གྱིས་ཉོན། །ཞེས་གསུངས་པ་ལྟ་བུའོ། །དེ་དག་ནི་ཐམས་ཅད་ཡོད་པར་སྨྲ་བའི་རྩ་བའི་དམ་ཚིག་གོ། །ཡང་དེ་དག་གི་རྩ་བའི་དམ་ཚིག་ནི་མིང་དང་གཟུགས་ཀྱིས་ཐམས་ཅད་བསྡུས་སོ། །འདས་པ་དང་། མ་འོངས་པ་ནི་ཡོད་དོ། །རྒྱུན་དུ་ཞུགས་པ་ནི་མི་ཉམས་པའི་ཆོས་ཅན་ཡིན་པར་བརྗོད་པར་བྱའོ། །འདུས་བྱས་རྣམས་ཀྱི་མཚན་ཉིད་ནི་གསུམ་ཡིན་ནོ། །འཕགས་པའི་བདེན་པ་བཞི་ནི་རིམ་གྱིས་རྟོགས་པར་འགྱུར་རོ། །སྟོང་བ་ཉིད་དང་། སྨོན་པ་མེད་པ་དང་། མཚན་མ་མེད་པ་དག་གིས་སྐྱོན་མེད་པ་ལ་འཇུག་པར་འགྱུར་རོ། །སྐད་ཅིག་མ་བཅོ་ལྔས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ཡིན་ནོ། །རྒྱུན་དུ་ཞུགས་པ་ནི་བསམ་གཏན་ཐོབ་པ་ཡིན་ནོ། །དགྲ་བཅོམ་པ་ཡང་ཉམས་པ་སྲིད་དོ། །སོ་སོའི་སྐྱེ་བོ་ལ་ཡང་འདོད་པའི་འདོད་ཆགས་སམ་གནོད་སེམས་སྤོང་བ་ཡོད་དོ། །ཕྱི་རོལ་བ་ལ་ཡང་མངོན་པར་ཤེས་པ་ལྔ་ཡོད་དོ། །ལྷ་རྣམས་ལ་ཡང་ཚངས་པར་སྤྱོད་པ་ལ་གནས་པ་ཡོད་དོ། །མདོ་སྡེ་ཐམས་ཅད་ནི་དྲང་བའི་དོན་ཡིན་ནོ། །སྐྱོན་མེད་པ་ལ་འཇུག་པར་འགྱུར་བ་ནི་འདོད་པའི་ཁམས་ནས་སོ། །འདོད་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི་ཡོད་དོ། །རྣམ་པར་ཤེས་པའི་ཚོགས་ལྔ་ནི་འདོད་ཆགས་དང་བཅས་པ་ཡང་མ་ཡིན། འདོད་ཆགས་དང་བྲལ་བ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་དག་ནི་ཐམས་ཅད་ཡོད་པར་སྨྲ་བའི་དམ་ཚིག་གོ། །


ཡང་ཐམས་ཅད་ཡོད་པར་སྨྲ་བའི་བྱེ་བྲག་ནི་རྣམ་པར་ཕྱེ་སྟེ་སྨྲ་བ་ཡིན་ནོ། །ཡང་རྣམ་པར་ཕྱེ་སྟེ་སྨྲ་བའི་བྱེ་བྲག་ནི་མང་སྟོན་པ་དང་། ཆོས་སྦས་པ་དང་། གོས་དམར་བ་དང་། འོད་སྲུངས་པ་ཞེས་བྱའོ། །དེ་ལ་མང་སྟོན་པ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་འདས་པ་དང་མ་འོངས་པ་ནི་མེད་དོ། །ད་ལྟར་བྱུང་བའི་འདུས་བྱས་ཉིད་ནི་ཡོད་དོ། །སྡུག་བསྔལ་མཐོང་བས་བདེན་པ་བཞི་ཆར་མཐོང་བར་འགྱུར་རོ། །བག་ལ་ཉལ་ཡང་གཞན་ཡིན་ལ་མངོན་དུ་རྒྱུ་ཡང་གཞན་ཡིན་ནོ། །སྲིད་པ་བར་མ་ནི་མེད་དོ། །ལྷའི་གནས་ན་ཡང་ཚངས་པར་སྤྱོད་པ་ནི་ཡོད་དོ། །དགྲ་བཅོམ་པ་ཡང་བསོད་ནམས་བསོག་གོ། །རྣམ་པར་ཤེས་པའི་ཚོགས་ལྔ་ལ་ཡང་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བ་ཡོད་དོ། །གང་ཟག་ནི་མགོ་ལ་སོགས་པ་ལུས་དང་མཉམ་པོ་ཡིན་ནོ། །རྒྱུན་དུ་ཞུགས་པ་ནི་བསམ་གཏན་ཐོབ་པའོ། །སོ་སོའི་སྐྱེ་བོས་ཀྱང་འདོད་ཆགས་སམ་གནོད་སེམས་སྤོང་ངོ་། །སངས་རྒྱས་ནི་དགེ་འདུན་གྱི་ཁོངས་སུ་གཏོག་པའོ། །དགེ་འདུན་ནི་འབྲས་བུ་ཆེན་པོ་འབྱུང་བར་བྱེད་ཀྱི་སངས་རྒྱས་ནི་དེ་ལྟ་མ་ཡིན་ནོ། །སངས་རྒྱས་དང་ཉན་ཐོས་ཀྱི་རྣམ་པར་གྲོལ་བ་ནི་གཅིག་གོ། །གང་ཟག་ནི་མི་མཐོང་ངོ་། །སེམས་དང་སེམས་ལས་བྱུང་བ་འབའ་ཞིག་ནི་སྐྱེ་བའི་ཆོས་ཅུང་ཟད་ཙམ་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བ་ནི་མེད་པ་ཉིད་དོ། །འདུས་བྱས་ཐམས་ཅད་ནི་སྐད་ཅིག་མའོ། །འདུ་བྱེད་རྒྱས་པར་གྱུར་བ་ལས་ནི་སྐྱེ་བ་ཡིན་ནོ། །འདུ་བྱེད་རྣམས་གནས་པ་ནི་མེད་དོ། །སེམས་ཇི་ལྟ་བ་དེ་ལྟར་ལས་ཡིན་གྱི་ལུས་དང་ངག་གི་ལས་ནི་མེད་དོ། །ཉམས་པར་མི་འགྱུར་བའི་ཆོས་མེད་དོ། །མཆོད་རྟེན་མཆོད་པ་ལ་ནི་འབྲས་བུ་མེད་དོ། །ད་ལྟར་བྱུང་བ་རྟག་ཏུ་བ་ནི་བག་ལ་ཉལ་བ་ཡིན་ནོ། །འདུས་བྱས་མཐོང་བའི་སྐྱོན་མེད་པ་ལ་འཇུག་པར་འགྱུར་རོ་ཞེས་བྱ་བ་འདི་དག་ནི་མང་སྟོན་པ་རྣམས་ཀྱི་རྩ་བའི་དམ་ཚིག་ཡིན་ནོ། །


ཡང་ཆོས་སྦས་པ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་སངས་རྒྱས་ནི་དགེ་འདུན་གྱི་ཁོངས་སུ་གཏོགས་པ་མ་ཡིན་ནོ། །སངས་རྒྱས་ལས་འབྲས་བུ་ཆེན་པོ་འབྱུང་བ་དེ་དག་དགེ་འདུན་ལས་ནི་མ་ཡིན་ནོ། །ལྷའི་གནས་ན་ཡང་ཚངས་པར་སྤྱོད་པ་ནི་ཡོད་དོ། །འཇིག་རྟེན་པའི་ཆོས་ནི་ཡོད་དོ་ཞེས་བྱ་བ་དེ་དག་ནི་ཆོས་སྦས་པ་རྣམས་ཀྱི་རྩ་བའི་དམ་ཚིག་ཡིན་ནོ། །དེ་ལ་འོད་སྲུངས་པ་རྣམས་ཀྱི་དམ་ཚིག་ནི་རྣམ་པར་སྨིན་པ་རྣམ་པར་སྨིན་པའི་ཆོས་རྣམས་ཀྱང་འབྱུང་བར་འགྱུར་བའི་ཆོས་ནི་ཡོད་དོ། །སྤངས་ལ་ཡོངས་སུ་མ་ཤེས་པ་ཡོད་དོ་ཞེས་བྱ་བ་དང་། ཆོས་སྦས་པའི་ཐམས་ཅད་ཀྱང་འདོད། དེ་དག་ནི་འོད་སྲུངས་པའི་དམ་ཚིག་ཡིན་ནོ། །


གོས་དམར་བ་རྣམས་ཀྱི་དམ་ཚིག་ནི་གང་ཟག་ནི་མེད་དོ་ཞེས་བྱའོ། །ཡང་ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་བྱེ་བྲག་སློབ་དཔོན་བླ་མའི་གཞུང་སྟོན་པར་བྱེད་པའི་འཕོ་བར་སྨྲ་བ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་ཕུང་བོ་ལྔ་ནི་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བའོ། །ལམ་མ་རྟོགས་པར་ཕུང་བོ་འགག་པ་མེད་དོ། །རྩ་བའི་ལྟུང་བ་དང་བཅས་པའི་ཕུང་བོ་ནི་ཡོད་དོ། །གང་ཟག་ནི་དོན་དམ་པར་མི་དམིགས་སོ། །ཀུན་ཀྱང་མི་རྟག་གོ་ཞེས་བྱ་བ་དེ་དག་ནི་འཕོ་བའི་དམ་ཚིག་ཡིན་ཏེ། རྣམ་པ་བདུན་པོ་དེ་ལྟ་བུ་དག་ཏུ་ཐམས་ཅད་ཡོད་པར་སྨྲ་བར་དམ་ཚིག་དག་གནས་སོ། །ཡང་གནས་མའི་བུའི་དམ་ཚིག་ནི་ཉེ་བར་བླང་བ་ཉེ་བར་ལེན་པ་དང་ལྡན་པ་ནི་བཏགས་པའོ། །ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བ་མེད་དོ། །གང་ཟག་ནི་ཕུང་བོ་ལྔ་ཉེ་བར་བླངས་ནས་འཕོ་བར་འགྱུར་རོ། །འདུས་བྱས་ནི་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པ་ཡང་ཡོད་དོ། །གང་ཟག་ནི་ཉེ་བར་བླངས་པའི་ཕུང་བོ་ཉིད་དང་། གཅིག་པའམ་གཅིག་པ་མ་ཡིན་པར་བརྗོད་པར་མི་བྱའོ། །མྱ་ངན་ལས་འདས་པ་ནི་ཆོས་ཐམས་ཅད་དང་གཅིག་པ་ཉིད་དང་ཐ་དད་པ་ཉིད་དུ་མི་བརྗོད་དོ། །མྱ་ངན་ལས་འདས་པ་ནི་ཡོད་པ་ཉིད་དམ་མེད་པ་ཉིད་དུ་མི་བརྗོད་དོ། །རྣམ་པར་ཤེས་པའི་ཚོགས་ལྔའི་ནི་འདོད་ཆགས་དང་བཅས་པ་ཡང་མ་ཡིན་འདོད་ཆགས་དང་བྲལ་བ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་གནས་མའི་བུ་བ་རྣམས་ཀྱི་དམ་ཚིག་ཉིད་དོ། །


ཡང་གནས་མའི་བུ་ཡང་རྣམ་པ་གཉིས་ཏེ། རི་ཆེན་པོ་དང་། མང་པོས་བཀུར་བ་བའོ། །དེ་ལ་མང་བོས་བཀུར་བ་བ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་འབྱུང་བར་འགྱུར་བ་དང་། འབྱུང་བ་དང་འགག་པར་འགྱུར་བ་དང་། འགག་པ་དང་སྐྱེ་བར་འགྱུར་བ་དང་། སྐྱེ་བ་དང་། འཆི་བར་འགྱུར་བ་དང་། འཆི་བ་དང་། བྱེད་པར་འགྱུར་བ་དང་། བྱེད་པ་དང་། ཆད་པར་འགྱུར་བ་དང་། ཆད་པ་དང་། འགྲོ་བར་འགྱུར་བ་དང་། འགྲོ་བ་དང་། རྣམ་པར་ཤེས་པར་འགྱུར་བ་དང་། རྣམ་པར་ཤེས་པ་ནི་ཡོད་དོ་ཞེས་བྱ་བ་དེ་ལྟ་བུ་ནི་མང་བོས་བཀུར་བ་བ་རྣམས་ཀྱི་རྩ་བའི་དམ་ཚིག་གོ། །

ཡང་རི་ཆེན་པོ་བ་ཡང་རྣམ་པ་གཉིས་ཏེ། ཆོས་མཆོག་པ་དང་། ལམ་བཟངས་པ་ཞེས་བྱ་བའོ། །ཆོས་མཆོག་པ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་སྐྱེ་ལ་མ་རག་པ་དང་། སྐྱེ་བ་དང་། འགག་པ་ལ་མ་རག་པ་དང་། འགག་པའོ། །ལམ་བཟངས་པའི་ཡང་དེ་བཞིན་ནོ། །གྲོང་ཁྱེར་དྲུག་པ་ལ་ཁ་ཅིག་ན་རེ་རི་ཆེན་པོ་བའི་བྱེ་བྲག་ཡིན་ཟེར། གཞན་དག་གིས་སྨྲས་པ་ནི། མང་བོས་བཀུར་བ་བའི་བྱེ་བྲག་ཡིན་པར་འདོད་དེ། དེ་ལྟར་དེ་རྣམས་ནི་གནས་མའི་བུའི་སྡེ་བ་རྣམ་པ་བཞིར་གནས་པ་ཡིན་ནོ། །གང་དེ་དག་ནི་སློབ་དཔོན་དག་གི་རྗེས་སུ་འབྲངས་པའི་རིམ་གྱིས་རྣམ་པ་བཅོ་བརྒྱད་དུ་གྱུར་བ་ཡིན་ཏེ། དེ་དག་ནི་རྩ་བའི་རྟོག་པ་དག་ཡིན་ནོ། །


གཞན་ནང་གསེས་ཀྱི་དབྱེ་བ་ནི་མང་དུ་ཡོད་པས་བརྗོད་པར་བྱའོ། ། ལྟ་ཞེ་ན། ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་འདོད་གཞུང་གི་བྱེ་བྲག་ཀྱང་དབྱེ་བ་རྣམ་པ་བཞི་སྟེ་དངོས་པོ་དང་། མཚན་ཉིད་དང་། གནས་སྐབས་དང་། གཞན་གཞན་དུ་འགྱུར་བ་ཉིད་ཀྱི་བྱེ་བྲག་གིས་སོ། །

དེ་ལ་དང་བོ་དངོས་པོ་གཞན་ཉིད་དུ་འགྱུར་བ་ནི་བཙུན་པ་ཆོས་སྐྱོབ་ཀྱི་སྟེ། དེ་ནི་ཆོས་རྣམས་དུས་ཀྱིས་འཇུག་པར་གྱུར་བ་ན། དངོས་པོ་གཞན་དུ་གྱུར་བ་ཉིད་ཡིན་གྱི། རྫས་གཞན་དུ་གྱུར་བ་ཉིད་ནི་མ་ཡིན་ཏེ། གསེར་གྱི་སྣོད་བཅོམ་ནས་གཞན་དུ་བྱས་པ་ན་དབྱིབས་གཞན་དུ་གྱུར་བ་ཉིད་ཡིན་གྱི་རྫས་གཞན་དུ་གྱུར་བ་ནི་མ་ཡིན་ནོ། །ཇི་ལྟར་འོ་མ་ལ་ཞོར་གྱུར་བ་ན། རོ་དང་ནུས་པ་དང་སྨིན་པ་གཞན་དུ་གྱུར་བ་ལས་ཁ་དོག་ནི་མ་ཡིན་པ་དེ་བཞིན་དུ་ཆོས་རྣམས་ཀྱང་འདས་པའི་དུས་ནས་ད་ལྟར་གྱི་དུས་སུ་བྱུང་བ་ན། འདས་པའི་དུས་ཀྱི་དངོས་པོ་ཉམས་པ་ཡིན་གྱི་རྫས་ནི་མ་ཡིན་ནོ། །དེ་བཞིན་དུ་ད་ལྟར་གྱི་དུས་ནས་མ་འོངས་པར་འགྱུར་བ་ན་ཡང་། ད་ལྟར་གྱི་དངོས་པོ་ཉམས་པ་ཡིན་གྱི་རྫས་ཀྱི་དངོས་པོ་ནི་མ་ཡིན་ནོ་ཞེས་ཟེར་རོ། །


མཚན་ཉིད་གཞན་དུ་གྱུར་བ་ནི་བཙུན་པ་དབྱངས་སྒྲོགས་ཀྱི་སྟེ། དེ་ན་རེ་ཆོས་རྣམས་དུས་ཀྱིས་འཇུག་པར་གྱུར་བ་ནི། འདས་པའི་མཚན་ཉིད་དང་ལྡན་པ་ནི་མ་འོངས་པ་དང་ད་ལྟར་གྱི་མཚན་ཉིད་དང་མི་ལྡན་པ་ཡང་མ་ཡིན་ལ། མ་འོངས་པ་ཡང་མ་འོངས་པའི་མཚན་ཉིད་དང་ལྡན་པ་ནི་འདས་པ་དང་ད་ལྟར་གྱི་ངག་དང་མི་ལྡན་པ་ནི་མ་ཡིན་ནོ། །དཔེར་ན་སྐྱེས་བུ་བུད་མེད་གཅིག་ལ་ཆགས་པར་གྱུར་བ་ན། ལྷག་མ་རྣམས་ལ་ཆགས་པ་དང་བྲལ་བ་ནི་མ་ཡིན་ནོ་ཞེས་ཟེར་རོ། །

གནས་སྐབས་སུ་གཞན་དུ་གྱུར་བ་ནི་བཙུན་པ་དབྱིག་བཤེས་ཀྱི་སྟེ། དེ་ནི་ཆོས་རྣམས་དུས་ཀྱིས་འཇུག་པར་གྱུར་བ་ན་གཞན་དང་གཞན་དུ་རྗོད་པར་བྱེད་པ་ནི་གནས་སྐབས་གཞན་དུ་གྱུར་བ་ཡིན་གྱི། རྫས་གཞན་དུ་གྱུར་བ་ནི་མ་ཡིན་ཏེ། དཔེར་ན་སྡོང་བུ་གཅིག་པུ་བགྲང་བའི་ཚེ་ནི་གཅིག་ཅེས་བརྗོད་པར་གྱུར་བ་ལ། གྲངས་བརྒྱར་གཏོགས་པའི་ཚེ་ནི་བརྒྱ་ཞེས་བྱ། ། གྲངས་སྟོང་དུ་བགྲང་བའི་ཚེ་ནི་སྟོང་ཞེས་བྱ་བ་དང་འདྲའོ་ཞེས་ཟེར་རོ། །

གཞན་གཞན་དུ་གྱུར་པ་ནི་བཙུན་པ་སངས་རྒྱས་ལྷའི་སྟེ། དེ་ནི་ཆོས་རྣམས་སུ་དུས་ཀྱིས་འཇུག་པར་གྱུར་བ་ན་སྔོན་དང་ཕྱི་མ་ལ་ལྟོས་ནས་གཞན་དང་གཞན་དུ་བརྗོད་པར་བྱ་སྟེ། དཔེར་ན་བུད་མེད་གཅིག་ལ་མ་ཞེས་ཀྱང་བརྗོད། བུ་མོ་ཞེས་ཀྱང་བརྗོད་པ་ཡིན་ནོ། །བཞི་བོ་དེ་དག་ཇི་ལྟ་བ་བཞིན་དུ་ཐམས་ཅད་ཡོད་ཅེས་སྨྲ་བའི་ཕྱིར་ཐམས་ཅད་ཡོད་པར་སྨྲ་བའོ། །


དེ་བཞིན་དུ་ཁ་ཅིག་རྐྱེན་བདུན་ཏེ། རྒྱུ་དང་། དམིགས་པ་དང་། དེ་མ་ཐག་པ་དང་། བདག་པོ་དང་། ལས་དང་། ཟས་དང་། རྟེན་ཞེས་བྱའོ། །དེ་བཞིན་དུ་ལ་ལ་ནི་རྟོགས་པའི་སེམས་བཞི་སྟེ། བདེན་པ་སོ་སོ་བའོ། །གཞན་རྣམས་ནི་ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་བརྒྱད་ཡིན་ཏེ། སོ་སོར་རྟོག་པའི་ཡེ་ཤེས་ནི་མ་ཡིན་ནོ་ཞེས་ཟེར། གཞན་རྣམས་ནི་བཅུ་གཉིས་སུ་འདོད་དོ། །དེ་ལས་ཀྱང་གཞན་པ་རྣམས་ནི་བཅུ་དྲུག་ཏུ་འདོད་དོ། །དེ་བཞིན་དུ་སེམས་མེད་པའི་གཉིད་ལ་ནི་སེམས་མ་ཡིན་ནོ། །མཚུངས་པར་ལྡན་པ་ལྷག་མ་རྣམས་ལ་ནི་ཡོད་དོ། །འདུ་ཤེས་དང་ཚོར་བ་འགོག་པ་ལ་འདུ་ཤེས་དང་ཚོར་བ་འགོག་པ་ནི་ཡོད་དོ། །ལྷག་མ་རྣམས་ལ་ནི་མཚུངས་པར་ལྡན་པ་ཡོད་དོ། །ཇི་ལྟར་ཡིད་ཀྱིས་སྐྱོ་བར་གྱུར་བ་ནི་སྤྱོད་པ་མེད་པའི་བསམ་གཏན་ལ་སྙོམས་པར་འཇུག་ལ། དགའ་བས་སྐྱོ་བར་གྱུར་བ་ནི་དགའ་བ་མེད་པའི་བསམ་གཏན་ལ་སྙོམས་པར་འཇུག་བཞིན་དུ་འདུ་ཤེས་པ་དང་། ཚོར་བས་སྐྱོ་བར་གྱུར་བ་ནི་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་ལ། དེ་བཞིན་དུ་ཁ་ཅིག་ན་རེ་སེམས་ཀྱིས་ཡུལ་གྱི་ཁྱད་པར་ཐོབ་པ་ནི་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ་ཞེས་ཟེར་རོ། །ལ་ལ་ན་རེ་ཕུང་བོ་མེད་པར་གྱུར་བར་མྱ་ངན་ལས་འདས་པ་ཡིན་གྱི་དངོས་པོའི་དོན་ནི་མ་ཡིན་ཞེས་ཟེར། ཁ་ཅིག་ན་རེ་རང་བཞིན་གྱིས་ལུང་དུ་བསྟན་དུ་མེད་པ་ནི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བརྗོད་དོ། །དེ་བཞིན་དུ་ལ་ལ་ན་རེ་ཚད་མེད་པ་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་ཡིན་ནོ་ཡང་ཟེར་རོ། །ཁ་ཅིག་ན་རེ་འབྲས་བུ་ཆེ་བ་ནི་གསུམ་སྟེ། གཞན་གྱི་སེམས་ཀྱི་འབྲས་བུ་དང་། འབྲས་བུ་ཆེ་བ་དང་། ཚད་མེད་པའི་འབྲས་བུ་ཞེས་བྱ་བའོ། །དེ་བཞིན་དུ་ཉོན་མོངས་པའི་དབང་གིས་འགྲོ་བར་འགྲོ་བ་ན་གྲོགས་སུ་གྱུར་བ་ནི་ལས་ཡིན་ནོ། །དེ་བཞིན་དུ་དེ་སྤངས་པར་གྱུར་བ་ནི་འགྲོ་བ་དེ་དག་ཏུ་འགྲོ་བར་མི་འགྱུར་རོ། །ཡང་ལ་ལ་ན་རེ་སྔར་བྱས་པའི་ལས་རྣམས་ཀྱི་དབང་གིས་དང་བོར་འགྲོ་བར་འདོད་དོ། །ཁ་ཅིག་ནི་ཇི་ལྟར་གོམས་པའི་ལས་རྣམས་ཀྱིས་ཡིན་པར་འདོད་དོ། །ལ་ལ་ན་རེ་རྣམ་པ་ལྔས་གོམས་པས་ཏེ། སྔ་མ་བཞི་དང་རྐྱེན་གྱི་ཁྱད་པར་གོམས་པས་སོ། །ཁ་ཅིག་ན་རེ་འདས་པའི་ཉེ་བར་ལེན་པ་ལས་མེ་འབར་རོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ད་ལྟར་གྱི་ལས་སོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་སྒྲིབ་པ་ལྔ་བོ་རྣམས་ལས་གང་ཡང་རུང་བ་ལ་མི་མཐུན་པར་སེམས་པ་ལས་སོ་ཞེས་ཟེར། ཁ་ཅིག་ནི་གཟུགས་ཀྱི་ཁམས་ནི་ཁམས་བཞི་པར་ཁ་དོག་བཞི་པར་འདོད་དོ། །གཞན་ནི་ཁ་དོག་གཅིག་པར་འདོད་དོ། །དེ་བཞིན་དུ་གཞན་དག་ནི་གང་ཟག་ནི་ཡོད་དོ། །དེ་ཡང་ཕུང་བོ་ལས་གཞན་ཡིན་ནོ་ཞེས་ཟེར། ཕུང་བོ་ཙམ་ཡང་མ་ཡིན་ཏེ། ཕུང་བོ་ཉེ་བར་བླངས་པ་དང་ལྡན་པར་བརྟག་པའོ། །ཉེ་བར་ལེན་པ་མེད་པ་ནི་མྱ་ངན་ལས་འདས་པ་ཡིན་པས་སོ། །འདི་ལྟར་འཕགས་པའི་བདེན་པ་བཞི་ལས་རིམ་གྱིས་བརྟགས་ནས་མངོན་པར་རྟོགས་པར་འགྱུར་ཏེ། བར་མ་དོར་མི་མཐུན་པའི་སེམས་འབྱུང་བ་མེད་དོ། །སྡུག་བསྔལ་ལ་དམིགས་པའི་བྱང་ཆུབ་ཀྱི་ཡན་ལག་གིས་སྐྱོན་མེད་པར་འཇུག་གོ། །འདོད་པར་གཏོགས་པའི་འདུ་བྱེད་མི་རྟག་པར་ཡིད་ལ་བྱེད་པ་ལ་བརྟེན་པའི་སེམས་བཅུ་གསུམ་གྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་ཏེ། ཆོས་དེ་ལ་གནས་པ་ལ་ཉམས་པ་མེད་དོ། །དེ་བཞིན་དུ་ཞུགས་པ་ཡང་ངོ་། །དགྲ་བཅོམ་པ་ལ་ཡང་ཉམས་པའི་ཆོས་ཡོད་དོ། །སྲིད་པ་བར་མ་དོ་ཡང་ཡོད་དོ། །འདས་པ་དང་མ་འོངས་པ་ཡང་ཡོད་དོ། །གཅིག་ཏུ་དགེ་བའི་ཆོས་ཀྱི་དོན་མྱ་ངན་ལས་འདས་པ་ནི་ཡོད་དོ། །ཕུང་བོ་འགག་པ་ནི་དུས་ལས་རྣམ་པར་གྲོལ་བ་ཡིན་ནོ། །ལྷ་ལ་ཡང་ཚངས་པར་སྤྱོད་པ་ལ་གནས་པ་ཡོད་དོ། །འདོད་པའི་ཁམས་ནས་སྐྱོན་མེད་པ་ལ་འཇུག་པར་འགྱུར་རོ། །སོ་སོའི་སྐྱེ་བོས་ཀྱང་འདོད་པའི་འདོད་ཆགས་དང་གནོད་སེམས་སྤོང་ངོ་། །རྣམ་པར་ཤེས་པའི་ཚོགས་ལྔ་ནི་འདོད་ཆགས་དང་བཅས་པའམ་བྲལ་བ་ཡང་མ་ཡིན་ཏེ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དྲུག་པ་ནི་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བ་ཡང་ཡིན་ནོ། །དགྲ་བཅོམ་པ་ནི་ཟག་པ་དང་བཅས་པའི་གཟུགས་དང་སེམས་ཀྱིས་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ལས་དམིགས་པ་ཡིན་ནོ། །སེམས་ཀྱིས་ཡུལ་གཞན་དུ་ཕྱིན་པ་ནི་མ་ཡིན་གྱི། འདི་ན་གནས་བཞིན་དུ་ཐག་རིང་བོ་ན་གནས་པ་ལ་དམིགས་པར་བྱེད་དོ། །གཟུགས་མེད་པའི་ཁམས་ན་གཟུགས་མེད་དོ། །དགྲ་བཅོམ་པ་ལ་ཡང་ཉམས་པའི་ཆོས་ཡོད་དོ། །དུས་མ་ཡིན་པར་འཆི་བ་ཡོད་དོ། །སྐྱེས་བུའི་བྱེད་པ་ཡོད་དོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཡོད་དོ། །ཕྱི་རོལ་བ་ལ་ཡང་མངོན་པར་ཤེས་པ་ལྔ་ཡོད་དོ། །དགྲ་བཅོམ་པ་ལ་གཞན་གྱིས་བསྟན་ཅིང་བསྒྲུབ་པ་མེད་དོ། །མི་ཤེས་པ་མེད་དོ། །ཡིད་གཉིས་མེད་དོ། །གཞན་གྱི་ལ་ཡོངས་སུ་བརྟག་པ་མེད་དོ། །ངག་འཇུག་པའི་སྨྲ་བ་མེད་དེ། དབང་བོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་བསྐྱེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་བྱང་གི་སྒྲ་མི་སྙན་དང་། བདུད་རིས་དང་། འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེ་བ་ནི་མེད་དོ། །རྒྱུན་དུ་ཞུགས་པས་བསམ་གཏན་རྣམས་ཐོབ་པ་མ་ཡིན་ནོ། །མདོ་སྡེ་ཐམས་ཅད་ནི་ངེས་པའི་དོན་ཡིན་ནོ། །མཚུངས་པར་མི་ལྡན་པའི་བག་ལ་ཉལ་དང་སེམས་ལས་བྱུང་བའི་བག་ལ་ཉལ་ཡང་ཡོད་དོ། །འདུས་བྱས་ནི་སྐད་ཅིག་མ་དང་། སྐད་ཅིག་མ་མ་ཡིན་པ་ཡང་ཡོད་དོ། །འགག་པར་འགྱུར་བའི་ཉེ་བར་ལེན་པ་ལས་མེ་འབར་བར་འགྱུར་རོ། །སེམས་ཅན་གཅིག་ཅིག་འཆི་ཞིང་སྐྱེ་བོ་མི་ཤེས་པའི་གཞི་ལས་འཆི་བའི་མཐར་ཐུག་གི་བར་དུའོ། །འཆི་བའི་རྐྱེན་བྱེད་པའི་སེམས་གཅིག་པོ་དེ་ཉིད་ཡང་དག་པར་ཞི་བར་བྱའོ། །ཚད་མེད་པ་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་མ་ཡིན་ནོ། །སྙོམས་པར་འཇུག་པ་དྲུག་ཅུ་རྩ་བདུན་གྲུབ་པར་བྱས་ནས་སྙོམས་པར་འཇུག་པ་བཅུ་དགུ་དང་། དབང་བོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་བྱང་ཆུབ་སེམས་དཔས་ཡང་དག་པར་སྦྱོང་བར་བྱེད་དོ། །ཀུན་དུ་སྦྱོར་བ་རྣམས་མ་གཏོགས་པ་ཉིད་ནི་བར་ཆད་མེད་པའི་ལམ་གྱིས་སྤང་བར་བྱ་བ་རྣམས་སོ། །འགྲོ་བ་དང་བཅས་པའི་ལམ་ནི་ངེས་པར་གཉིས་ཉིད་ཡིན་ནོ། །དགེ་སྦྱོང་གི་འབྲས་བུ་ནི་རིམ་གྱིས་ཐོབ་པ་མ་ཡིན་ནོ། །འཇིག་རྟེན་པའི་ལམ་གྱིས་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱེད་དོ། །འཁོར་བ་གཞན་དུ་འགྱུར་བ་ཡང་ཡོད་དོ། །ཆོས་ཅུང་ཞིག་ཀྱང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འགྲོ་བ་མེད་དོ། །ཕུང་བོ་ཉེ་བར་བླངས་ནས་སེམས་ཅན་ནི་འཕོ་བར་འགྱུར་རོ། །གཟུགས་ཀྱི་ཁམས་ནི་ཁ་དོག་བཞི་བ་ཡིན་ནོ། །དེ་བཞིན་དུ་སྲིད་པ་བར་མ་ནི་ཁ་དོག་བཅུའམ་ཉ་ཕྱིས་ཀྱི་མདོག་འདྲ་བ་ཡིན་ནོ། །དེ་བཞིན་དུ་སྲིད་པ་བར་མ་ནི་ཞག་ལྔའམ་བདུན་དུ་གནས་པའམ་ཡུན་རིང་བོར་ཡང་ངོ་། །དེ་བཞིན་དུ་ལས་ནི་ནམ་ཡང་མེད་པར་མི་འགྱུར་རོ། །ཉམས་པར་མི་འགྱུར་རོ། །འཕྲོགས་པར་མི་འགྱུར་རོ། །ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ནི་མེད་དོ། །སྲིད་པ་ཇི་སྲིད་ཀྱི་བར་དུ་རིགས་ཀྱི་ངོ་བོ་དང་ལྷན་ཅིག་ཏུ་གནས་སོ། །སྔར་ཉེ་བར་བསགས་པ་དང་ཕྱིས་ཉེ་བར་བསགས་པའི་ལས་ཀྱི་རྐྱེན་ཉེ་བར་རྙེད་པར་གྱུར་ནས་འགྲོ་བ་རྣམས་སུ་འགྲོ་བར་བྱེད་དོ། །ངེས་པའི་ལས་ནས་བཟློག་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ནི་སྐྱེས་བུའི་གཟུགས་ཀྱིས་ལྷུམས་སུ་ཞུགས་པ་ཡིན། ཡུམ་གྱི་དཀུ་ནས་གླང་བོ་ཆེར་གྱུར་ནས་ཞུགས་པ་ནི་མ་ཡིན་ཏེ། དེ་ནི་དེའི་རྨི་ལམ་གྱི་རྣམ་རྟོག་ཡིན་ནོ། །ནུར་ནུར་བོ་དང་། མེར་མེར་བོ་དང་། ལྟར་ལྟར་བོའི་ངོ་བོར་ཡང་འགྱུར་རོ། །སྐྱེ་གནས་ན་ཡང་སྒྲིབ་པ་མེད་པའི་རྣམ་པར་གྲོལ་བའི་ནུས་པ་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ནི་ལོངས་སྤྱོད་པ་ལ་འཇུག་པར་འགྱུར་རོ། །སོ་སོའི་སྐྱེ་བོ་ཉིད་ཀྱང་སེམས་གཅིག་གིས་འགོག་གོ། །སེམས་གཅིག་གིས་སྒྲིབ་པ་ཐམས་ཅད་སྤོང་། སེམས་གཅིག་གིས་ཐམས་ཅད་མཁྱེན་པའི་སྒྲིབ་པ་མེད་པའི་རྣམ་པར་ཐར་བ་ཡང་རབ་ཏུ་ཐོབ་བོ། །སེམས་གཅིག་གིས་ཞུགས་པའི་ཆོས་རྣམས་འགག་པར་བྱེད་ཅིང་འབྲས་བུ་ལ་གནས་པ་རྣམས་སྐྱེད་པར་བྱེད་དོ། །རྐྱེན་བཞི་ཉིད་ཀྱིས་རྐྱེན་ཐམས་ཅད་བསྡུས་སོ། །སྡུག་བསྔལ་གྱིས་སྤང་བར་བྱ་བའི་ཀུན་ནས་ལྡང་བ་ལ་གནས་པ་ནི་མཚམས་མེད་པ་དག་བྱེད་པ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ། ། མཐོང་བས་སྤང་བར་བྱ་བའི་བག་ལ་ཉལ་བཞིས་བསྡུས་པས་ཐམས་ཅད་བསྡུས་པ་སྟེ་དེས་དགེ་བའི་རྩ་བ་ཐམས་ཅད་གཅོད་པར་བྱེད་ཀྱི་བསྒོམ་པས་སྤང་བར་བྱ་བས་ནི་མ་ཡིན་ནོ། །བསྒོམ་པའི་རང་བཞིན་ཐམས་ཅད་ལ་འཇིག་རྟེན་ཇི་སྲིད་གནས་ཀྱི་བར་དུ་གཞན་གྱིས་གནོད་པར་བྱེད་པའི་འབད་པས་གནོད་པར་མི་འགྱུར་གྱི། བདག་ཉིད་ཀྱི་ཚེ་ཟད་པས་དུས་བྱེད་པར་འགྱུར་རོ། །དགྲ་བཅོམ་པ་ཐམས་ཅད་ནི་འབྲལ་བས་འཆི་བར་འགྱུར་གྱི། འཕོ་བས་ནི་འཆི་བ་མེད་དེ། ཇི་སྐད་དུ་ལུས་དང་བྲལ་བས་དུས་བྱེད་པར་འགྱུར་ཏེ། དགྲ་བཅོམ་པ་ནི་ལུས་ཐ་མ་དང་བྲལ་བས་འབྲལ་བའི་ཕྱིར་རོ་ཞེས་བྱ་བར་གསུངས་པ་ལྟ་བུ་སྟེ། ལུས་ནི་འདིར་དབང་བོའི་ལུས་ལ་བྱ་བར་བཞེད་དོ། །འབྱུང་བར་འགྱུར་བ་དང་། འབྱུང་བ་དང་། འགག་པར་འགྱུར་བ་དང་། འགག་པ་དང་། སྐྱེ་བར་འགྱུར་བ་དང་། སྐྱེ་བ་དང་། འཆི་བར་འགྱུར་བ་དང་། འཆི་བ་དང་། བྱེད་པར་འགྱུར་བ་དང་། བྱེད་པ་དང་། ཆད་པར་འགྱུར་བ་དང་། ཆད་པ་དང་། འགྲོ་བར་འགྱུར་བ་དང་། འགྲོ་བ་དང་། རྣམ་པར་ཤེས་པར་འགྱུར་བ་དང་། རྣམ་པར་ཤེས་པའོ། །ཕུང་བོ་གསུམ་གྱིས་སེམས་ཐམས་ཅད་བསྡུས་ཀྱི་ཆོས་ཐམས་ཅད་ནི་མ་ཡིན་ནོ། །ཚོར་བ་ཐམས་ཅད་ནི་ལས་ལས་བྱུང་བ་ཡིན་ནོ། །སྔར་བྱས་པའི་སྒོམ་པས་སྤང་བར་བྱ་བའི་ལས་ཐམས་ཅད་ཀྱི་རྣམ་པར་སྨིན་པར་འགྱུར་རོ་ཞེས་བྱ་བའི་བར་རྣམས་སོ།། །།

སྡེ་བ་ཐ་དད་པར་བྱེད་པ་དང་རྣམ་པར་བཤད་པ་སློབ་དཔོན་བྷ་བྱས་མཛད་པ་རྫོགས་སོ།། །།


ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་དགེ་སློང་ལེགས་པའི་ཤེས་རབ་ཀྱིས་གསོལ་བ་བཏབ་ནས་རྒྱ་གར་ཤར་ཕྱོགས་བཾ་ག་ལའི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙ་ན་ཞེས་བྱ་བའི་པཎྜི་ཏའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུརད་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །

#དཏ། ད། སུ། ཤ༡༤༧ན༣-༡༥༤བ༢


ཟླ་བ་གཞོན་ནུས་བསྟན་འགྱུར་ལས་ཁོལ་དུ་ཕྱུང་སྟེ་གཅིག་ཞུས་པ་ཀུན་ལ་ཕན་པར་གྱུར་ཅིག།

 

May 30, 2021

བུད་མེད་ཀྱིས་བགེགས་བྱས་པའི་ལེའུ་བཞུགས་སོ།།

 


སངས་རྒྱས་སྤྱོད་པ།

स्त्री-निवारण

བུད་མེད་ཀྱིས་བགེགས་བྱས་པའི་ལེའུ་བཞུགས་སོ།།




 

 

དེ་ནས་སྐྱེད་མོས་ཚལ་དེ་ནས། །ཡ་མཚན་གྱིས་ནི་མིག་གཡོ་རྣམས། །

བུད་མེད་རྣམས་ནི་ཁྱོ་ཐོབ་བཞིན། །མི་སྐྱོང་སྲས་ཀྱི་མདུན་དུ་འོངས། །

 

འོངས་ནས་དེ་ལ་དེ་རྣམས་ཀྱིས། །ཡ་མཚན་རབ་རྒྱས་སྤྱན་མ་རྣམས། །

པདྨའི་མཛོད་འདྲའི་ཕྱག་རྣམས་ཀྱིས། །ཕྲིན་ལས་ཡང་དག་སྤྱོད་པ་བྱས། །

 

གཡོ་མེད་དགའ་བ་རྣམ་གསལ་བའི། །སྤྱན་མིག་རྣམས་ཀྱིས་འཐུང་བ་བཞིན། །

ཡིད་དཀྲུགས་འདོད་པས་སེམས་གཡེངས་རྣམས། །དེ་ལ་ཡོངས་སུ་བསྐོར་ནས་གནས། །

 

ལྷན་སྐྱེས་རྒྱན་རྣམས་ཀྱིས་བཞིན་དུ། །མཚན་མ་མཛེས་རྣམས་ཀྱིས་བརྒྱན་པ། །

འདོད་ལྷ་ལུས་དང་ལྡན་ནོ་ཞེས། །དེ་ལ་མི་མོ་དེ་རྣམས་སྙམ། །

 

ཞི་བ་ཉིད་ཕྱིར་བརྟན་ཉིད་ཕྱིར། །ཁ་ཅིག་གསང་བའི་འོད་ཟེར་ཅན། །

ས་ལ་དངོས་སུ་བབས་པ་ཡི། །ཟླ་བ་བཞིན་དུ་རྟོག་པར་གྱུར། །

 

དེ་ཡི་ལུས་ཀྱིས་གཡེངས་དེ་རྣམས། །ངེས་བཟུང་ལུས་ནི་རྣམ་འགྱུར་ཞིང་། །

ཕན་ཚུན་མིག་རྣམས་ཀྱིས་བསྣུན་ནས། །དལ་བུས་དབུགས་ནི་རྣམ་པར་བརྒྱུས། །

 

དེ་ལྟར་མི་མོ་དེ་རྣམས་ཀྱིས། །དེ་ནི་མིག་ཙམ་གྱིས་མཐོང་ཉིད། །

སྨྲ་བ་མེད་ཅིང་དགའ་མེད་པར། །འདི་ཡི་མཐུ་ཡིས་ནོན་པར་གྱུར། །

 

དེ་ལྟར་དེ་རྣམས་རྩོམ་བྲལ་ཞིང་། །སྙིང་རྗེས་རྣམ་པར་འཁྲུགས་མཐོང་ནས། །

བྲམ་ཟེ་མདུན་ན་འདོན་གྱི་སྲས། །བློ་ལྡན་འཆར་ཀས་ཚིག་སྨྲས་སོ། །

 

ཀུན་གྱི་སྒྱུ་རྩལ་ཀུན་ཤེས་ཤིང་། །དགོངས་པ་ལེན་ལ་མཁས་མ་རྣམས། །

གཟུགས་དང་མཛངས་དང་ལྡན་པ་སྟེ། །རང་གི་ཡོན་ཏན་གཙོར་ཕྱིན་ནོ། །

 

ལུས་ངན་གྱི་ཡང་སྐྱེད་ཚལ་དང་། །བྱང་གི་སྒྲ་མི་སྙན་ན་ཡང་། །

ཡོན་ཏན་འདི་རྣམས་ཀྱིས་མཛེས་ཏེ། །ནོར་འཛིན་འདི་ན་སྔོན་ཉིད་དོ། །

 

ཆགས་བྲལ་རྣམས་དང་དྲང་སྲོང་ཡང་། །ཁྱེད་ཅག་རྣམས་ཀྱིས་གཡོ་ནུས་ཤིང་། །

ལྷ་མོ་རྣམས་ཀྱིས་ཤེས་པ་ཡིས། །ལྷ་རྣམས་ལ་ཡང་ལེན་པར་རོ། །

 

དགོངས་པ་ཤེས་དང་རྩེད་འཇོ་དང་། །མཛངས་དང་གཟུགས་ནི་ཕུན་ཚོགས་པས། །

བུད་མེད་རྣམས་ཀྱང་ཆགས་ནུས་ན། །སྐྱེས་པ་རྣམས་ནི་སྨོས་ཅི་དགོས། །

 

རྣམ་པ་དེ་ལྟར་རབ་སྦྱར་བ། །དེ་ཡི་རང་གི་སྤྱོད་ཡུལ་ལས། །

རྣམ་པ་དེ་ལྟར་སྤྱོད་པ་འདི། །ཁྱོད་ཀྱི་དྲང་བོའི་ཚིག་མ་གྱུར། །

 

ཁྱོད་ཀྱི་འདི་ནི་ངོ་ཚ་བས། །མིག་འཁུམས་བག་མ་གསར་བ་ཡི། །

སྤྱོད་པ་དང་མཚུངས་ཡང་ན་ནི། །བ་གླང་སྐྱོང་གི་ཆུང་མའི་འོས། །

 

གང་ཡང་འདི་ནི་དཔའ་བ་སྟེ། །དཔལ་གྱི་མཐུ་ལས་ཆེན་པོ་ཡིན། །

བུད་མེད་ཀྱི་ཡང་གཟི་ཆེ་སྟེ། །དེ་ཕྱིར་འདི་ཡང་ངེས་པར་བྱ། །

 

སྔོན་ཡང་ཀཱ་ཤིའི་མཛེས་མ་ནི། །སྨད་འཚོང་མ་ཡི་དྲང་སྲོང་ཆེ། །

ལྷ་ཡིས་ཐུབ་པར་དཀའ་བ་ཡང་། །དྲང་སྲོང་རྒྱས་པས་རྐང་བས་བརྡུངས། །

 

མཱན་ཐལ་གཽ་ཏམ་དགེ་སློང་ནི། །སྨད་འཚོང་གཙོ་མོ་བྱིན་མ་ཡི། །

དགའ་འདོད་དེ་ཡི་དོན་ཆེད་དུ། །སྔོན་གྱི་ཚེ་ན་རོ་རྣམས་བཏོན། །

 

མུན་རིངས་མིང་ཅན་གཽ་ཏ་མ། །དྲང་སྲོང་ཆེན་པོ་ཚེ་རིངས་པོ། །

ཁ་དོག་དབྱིབས་མཆོག་མ་ཡིན་པའི། །བུད་མེད་ཀྱིས་ནི་ཚིམ་པར་བྱས། །

 

དྲང་སྲོང་རྭ་སྐྱེས་ཐུབ་པ་མཆོག །བུད་མེད་ཡུལ་ལ་མི་མཁས་པ། །

རྣམ་པ་སྣ་ཚོགས་ཐབས་རྣམས་ཀྱིས། །ཞི་མས་དེ་ལྟར་བླངས་ཤིང་ཕམ། །

 

སྣ་ཚོགས་བཤེས་གཉེན་དྲང་སྲོང་ཆེ། །བརྟུལ་ཞུགས་ཆེན་པོ་བརྟན་པ་ཡང་། །

ལྷ་མོ་མར་སྲུང་མས་ཕྲོགས་ཏེ། །ལོ་བཅུ་རྣམས་ལ་ཉི་མར་ཤེས། །

 

དྲང་སྲོང་དེ་རྣམས་དེ་རྣམས་སོགས། །བུད་མེད་ཀྱིས་བསྒྱུར་བླངས་གྱུར་ན། །

རོལ་ཞིང་ལང་ཚོ་སྔ་མ་ཡིས། །མི་བདག་སྲས་པོ་སྨོས་ཅི་དགོས། ། 

 

དེ་ལྟར་གྱུར་ན་ཡིད་ཆེས་ཤིང་། །འདི་ནི་མི་སྐྱོང་རིགས་ཀྱི་དཔལ། །

འདི་ལས་ཕྱིར་ཕྱོགས་མ་ཡིན་པ། །ཇི་ལྟར་དེ་ལྟར་ནན་ཏན་མཛོད། །

 

ལང་ཚོ་ལྡན་མ་འགའ་ཞིག་རྣམས། །མཚུངས་པའི་སྐྱེ་བོ་འཕྲོག་པ་སྟེ། །

མཆོག་དང་མཆོག་མིན་དག་གི་སེམས། །ལེན་པ་གང་དེ་བུད་མེད་རྣམས། །

 

དེ་ལྟར་འཆར་ཀའི་ཚིག་ཐོས་ནས། །བུད་མེད་དེ་རྣམས་ཕུག་པ་བཞིན། །

གཞོན་ནུ་ལེན་པར་རབ་མཚོན་ཏེ། །བདག་ཉིད་ཡང་དག་ཀུན་ནས་འཛེགས། །

 

འཇིགས་ལས་འཇིགས་བཞིན་ཡན་ལག་མ། །དེ་རྣམས་སྨིན་དང་ལྟ་དང་སྒེག །

དགོད་དང་རོལ་དང་འགྲོ་བ་ཡིས། །ཀུན་ནས་བསྐྱོད་པའི་སྤྱོད་པ་བྱས། །

 

རྒྱལ་བོའི་བཀའ་ལུང་སྦྱར་ཕྱིར་དང་། །གཞོན་ནུ་ཉིད་ཀྱང་འཇམ་ཕྱིར་དང་། །

རྒྱགས་པ་ཡིས་ནི་མྱོས་པའི་ཕྱིར། །ཡིད་མི་ཆེས་པ་མྱུར་བར་དོར། །

 

གླང་མོའི་ཚོགས་དང་ཐབས་ཅིག་ཏུ། །གླང་བོ་གངས་ཅན་ནགས་ན་ལྟར། །

དེ་ནས་མི་མོའི་སྐྱེ་བོ་ཡིས། །གཞོན་ནུ་བསྐོར་ཞིང་ནགས་ན་སྤྱད། །

 

ཡིད་འོང་ནགས་དེར་གཞོན་ནུ་དེ། །བུད་མེད་རྣམས་ཀྱི་མདུན་འགྲོ་འབར། །

རྣམ་པར་མཛེས་པའི་སྐྱེད་ཚལ་ན། །ལྷ་མོས་བསྐོར་བའི་ཉི་མ་བཞིན། །

 

རྣམ་པར་སྒེག་བཅས་གཞོན་ནུ་མ། །རྒྱགས་པས་མ་སྤངས་དེ་རྣམས་དགའ། །

སྲ་ཞིང་ཟླུམ་རྒྱས་ལྷན་ཅིག་པའི། །ནུ་མ་རྣམས་ཀྱིས་དེ་ལ་རེག །

 

དཔུང་བ་ལས་བྲུལ་འཇམ་རིང་མཉེན། །ལག་པའི་ལྗོན་ཤིང་སྟོབས་མེད་མ། །

ཁ་ཅིག་བདེན་མིན་འཁྲུལ་བ་རུ། །བྱས་ནས་དེ་ལ་སྟོབས་ཀྱིས་འཁྱུད། །

 

ཁ་ཅིག་ཟངས་མཆུ་མ་མཆུ་ཅན། །ཁ་ཅིག་ཆང་གི་དྲི་ངག་གིས། །

གཅིག་པུ་དབེན་པར་སྡོད་ཅིག་ཅེས། །འདི་ཡི་རྣ་བར་ཤབ་ཤུབ་བྱེད། །

 

ཁ་ཅིག་བཀའ་ལུང་སྩོལ་བ་བཞིན། །བྱུག་པ་གཤེར་མས་རབ་སྨྲས་ཏེ། །

འདིར་ནི་གུས་པར་གྱིས་ཤིག་ཅེས། །དགོད་དང་འཁྱུད་དང་འདོད་པས་སོ། །

 

ཁ་ཅིག་གསེར་གྱི་སྐ་རགས་ཀྱི །ཅལ་ཅོལ་རྣམས་ཀྱིས་ཙམ་ཙོམ་དང་། །

ཕྲ་མོའི་དར་གྱི་གོས་གྱོན་ཞིང་། །འདི་ལ་རོ་སྨད་སྟོན་ཅིང་བསྐོར། །

 

ཡང་དང་ཡང་དུ་མྱོས་པའི་སྒྱུས། །གཞན་མ་དར་སྔོན་ཉིལ་བ་སྟེ། །

སྐ་རགས་ཕན་ཚུན་སྡུད་པ་ནི། །མཚན་མོ་གློག་ཕྲེང་བཞིན་དུ་མཛེས། །

 

ཙཱུ་ཏའི་ཡལ་ག་མེ་ཏོག་རྒྱས། །བཟུང་ནས་གཞན་ནི་འཕྱང་གྱུར་ལ། །

གསེར་གྱི་བུམ་པར་མཚུངས་པ་ཡི། །འོ་མ་འཛིན་པ་སྟོན་པར་བྱེད། །

 

ཁ་ཅིག་པདྨའི་ནགས་ཚལ་ནས། །འོངས་ནས་པད་བཅས་པདྨའི་སྤྱན། །

པདྨའི་ཞལ་གྱི་ལོགས་གནས་ཤིང་། །པདྨའི་དཔལ་བཞིན་བསྡད་པར་གྱུར། །

 

རང་གནས་དེ་ལ་བསྐུལ་བ་བཞིན། །བསླུས་པར་གྱུར་ཞེས་མིག་རྣམས་ཀྱིས། །

ཁ་ཅིག་མངོན་པའི་གར་དང་བཅས། །དོན་ལྡན་དངར་བའི་གླུ་ལེན་ནོ། །

 

དགེ་བའི་གདོང་གིས་གཞན་མས་ནི། །སྨིན་པའི་གཞུ་ནི་རྣམ་བཀང་སྟེ། །

བསྐོར་གནས་བརྟན་དང་རོལ་བ་ཡིས། །འདི་ཡི་སྤྱོད་ལ་རྗེས་ཟློས་བྱས། །

 

རྒྱས་ཟླུམ་ནུ་ལྡན་ཁ་ཅིག་ནི། །དགོད་པས་རྣ་ལུང་གཡོས་གྱུརད་ཅིང་། །

ཁྱོད་ནི་ཐོབ་པར་གྱུརད་ཅིག་ཅེས། །མཐོན་པོ་རྣམས་ཀྱིས་བཞད་ཅིང་སྨྲས། །

 

གཞན་ནི་དེ་བཞིན་འགྲོ་འདོད་པ། །མེ་ཏོག་ཕྲེང་བའི་ཚལ་གྱིས་བཅིངས། །

ཁ་ཅིག་ཅོད་བཅས་དངར་མོ་ཡི། །ངག་གི་ཞགས་པ་རྣམས་ཀྱིས་བཟུང་། །

 

སོ་སོར་འབྲལ་བ་དོན་གཉེར་འགའ། །ཙཱུ་ཏའི་སྙེ་མ་བཟུང་ནས་ནི། །

མེ་ཏོག་འདི་ནི་གང་གི་ཞེས། །རྒྱགས་པས་རྣམ་པར་འཁྲུགས་ཤིང་དྲིས། །

 

ཁ་ཅིག་འགྲོས་དང་ཆ་ལུགས་ནི། །སྐྱེས་པ་བཞིན་དུ་བྱས་ནས་ནི། །

ས་འདི་རྒྱལ་བར་གྱུར་ཅིག་ཀྱེ། །བུད་མེད་ལས་རྒྱལ་དེ་ལ་སྨྲས། །

 

དེ་ནས་གཡོ་བའི་མིག་ཅན་འགས། །ཨུཏྤལ་སྔོན་པོ་སྣོམ་བྱེད་ཅིང་། །

ཅུང་ཞིག་རྒྱགས་སྐད་ཚིག་རྣམས་ཀྱིས། །མི་སྐྱོང་བདག་སྐྱེས་ལ་སྨྲས་སོ། །

 

གཟིགས་ཤིག་ཇོ་བོ་ཙཱུ་ཏའི་ཤིང་། །མེ་ཏོག་སྦྲང་རྩིའི་དྲིས་ཁྱབ་ལ། །

ཁུ་བྱུག་འདིར་ནི་སྐད་འདོན་པ། །གསེར་གྱི་གུར་ན་བཀག་པ་འདྲ། །

 

མྱ་ངན་མེད་པའི་ཤིང་འདི་གཟིགས། །འདོད་པ་ཅན་གྱི་མྱ་ངན་འཕེལ། །

བུང་བ་འདིར་ནི་སྒྲ་སྒྲོགས་པ། །མེ་ཡིས་ཚིག་པ་ཡིན་པ་འདྲ། །

 

ཙཱུ་ཏའི་ཤིང་གིས་ཡང་དག་འཁྱུད། །གཟིགས་ཤིག་ཏི་ལ་ཀ་ཡི་ཤིང་། །

བུད་མེད་ལུས་སེར་ཆགས་པ་ཡིས། །སྐྱེས་པ་གོས་དཀར་གོན་པར་འདྲ། །

 

རབ་རྒྱས་ཀུ་ར་བ་ཀར་གཟིགས། །མ་ཟོས་པ་ཡི་སྨུག་རྩིའི་འོད། །

བུད་མེད་རྣམས་ཀྱི་སེན་འོད་ཀྱིས། །སྨ་ཕབ་གྱུར་ཏེ་དུད་པ་འདྲ། །

 

གཞོན་ནུ་མྱ་ངན་མེད་འདི་གཟིགས། །འདབ་མ་རྣམས་ཀྱིས་སྤྲས་པ་གང་། །

ཁོ་མོའི་ལག་པ་མཛེས་པ་ཡིས། །ངོ་ཚར་གྱུར་ཏེ་གནས་པ་འདྲ། །

 

རྫིང་བུ་གཟིགས་ཤིག་འགྲམ་སྐྱེས་པའི། །ལྕང་མ་རྣམས་ཀྱིས་རབ་ཏུ་བསྐོར། །

དཀར་བོའི་དར་གྱི་གོས་གོན་པའི། །རབ་མྱོས་མ་རྣམས་ཉལ་བ་འདྲ། །

 

བུད་མེད་རྣམས་ལ་བདག་ཉིད་ཆེ། །གཟིགས་ཤིག་ངང་བ་ཆུ་འདི་ལ། །

རྒྱབ་ན་བསྒོ་བྱའི་བྲན་བཞིན་དུ། །ངང་མོ་རྗེས་འཇུག་རྗེས་སུ་འགྲོ། །

 

རབ་ཏུ་མྱོས་པའི་ཁུ་བྱུག་ནི། །སྐད་གྲགས་སྒྲ་ནི་གསོན་མཛོད་ཅིག །

ཁུ་བྱུག་གཞན་ནི་དེ་མ་ཐག །ཀུས་འདེབས་བྲག་ཅའི་སྒྲ་བརྙན་འདྲ། །

 

མཁའ་ལ་རྒྱུ་བ་རྣམས་ཀྱི་ཡང་། །རྒྱགས་པ་དཔྱིད་ཀྱིས་ཁྱེར་ཏེ་འོངས། །

བསམ་བྱ་མིན་སེམས་སྐྱེ་བོ་ནི། །ཤེས་རབ་ཅན་དུ་རློམ་པ་མེད། །

 

དེ་ལྟར་དར་ལ་བབ་པ་རྣམས། །ཡིད་དཀྲུགས་འདོད་པས་སེམས་དྲེགས་ཤིང་། །

སྣ་ཚོགས་ཚུལ་ནི་དེ་དང་དེས། །གཞོན་ནུ་ལ་ནི་ཉེ་བར་བརྩམས། །

 

དེ་ལྟར་ཀུན་ནས་གཡེངས་ན་ཡང་། །བརྟན་པས་དབང་བོ་དཀྲིས་པ་དེ། །

འཆི་བར་བྱ་ཞེས་སྐྱོ་བྱས་ཤིང་། ། དགའ་དང་འཇིགས་པ་མེདཔར་འགྱུར། །

 

དེ་རྣམས་ཀྱི་ནི་གནས་སྐབས་དེ། །གཟིགས་ནས་སྐྱེས་མཆོག་དམ་པ་དེས། །

མཉམ་ལ་སྐྱོ་དང་བརྟན་པ་ཡི། །ཐུགས་ཀྱིས་བསམས་པར་གྱུར་བའོ། །

 

ཅི་ཞིག་བུད་མེད་འདི་རྣམས་ནི། །ལང་ཚོ་གཡོ་བར་རྟོགས་པ་མིན། །

གང་ཕྱིར་གཟུགས་ཀྱི་མྱོས་པ་ནི། །གང་ཞིག་རྒ་བས་ཉམས་པར་འགྱུར། །

 

གང་གི་ནང་དུ་བྱིང་བ་རུ། །ངེས་པར་དེ་རྣམས་ཀྱིས་མི་མཐོང་། །

འགྲོ་བ་ནད་ཀྱི་ཆོས་ཅན་ལ། །འཇིགས་པ་སྤངས་ཏེ་དེ་ལྟར་དགའ། །

 

ཐམས་ཅད་འཕྲོག་བྱེད་འཆི་བ་ཡི། །ངེས་པར་མངོན་པར་ཤེས་མིན་ཞིང་། །

དེ་ལྟར་རང་གནས་སྐྱོ་མེད་པར། །རྩེད་མོ་དང་ནི་བཞད་གད་བྱེད། །

 

རྒ་དང་ན་དང་འཆི་བ་ཡང་། །ཤེས་ལྡན་ཡིན་ན་སེམས་ལྡན་སུ། །

རང་གནས་ལངས་དང་འདུག་པ་འམ། །ཉལ་བྱེད་རྒོད་པ་སྨོས་ཅི་དགོས། །

 

ནད་དང་འཆི་བ་ཉིད་དང་ནི། །མཆོག་ཏུ་འཁོགས་གང་དེ་མཐོང་ནས། །

རང་གནས་གྱུར་ཞིང་སྐྱོ་མེད་པ། །ཇི་ལྟར་སེམས་མེད་དེ་ལྟར་དེ། །

 

མེ་ཏོག་རྣམས་དང་འབྲས་བུ་ཡིས། །རྣམ་པར་སྤངས་པར་གྱུར་བའི་ཤིང་། །

འགྱེལ་ལམ་ཡང་ན་བཅད་པ་སྟེ། །ཤིང་གཞན་མྱ་ངན་བྱེད་མ་ཡིན། །

 

དེ་ལྟར་བསམ་གཏན་མཆོག་མཐོང་ནས། །ཡུལ་རྣམས་ལ་ནི་འདོད་པ་ཐལ། །

འཆར་ཀ་ཚུལ་ལུགས་བསྟན་བཅོས་ཤེས། །མཛའ་བ་ཉིད་ཀྱིས་དེ་ལ་སྨྲས། །

 

ཁོ་བོ་མི་སྐྱོང་གིས་བྱིན་ཏེ། །ཁྱོད་ལ་གྲོགས་སུ་ནུས་པ་ལོ། །

གང་ཕྱིར་ཁྱེད་ལ་སྨྲ་འདོད་པ། །རབ་དགའ་ལྡན་པ་དེ་ཕྱིར་རོ། །

 

ཕན་པ་མིན་ལས་རབ་བཟློག་ཅིང་། །ཕན་པ་ལ་ཡང་རྗེས་འཇུག་བགྱིད། །

སྡུག་ཀྱང་ཡོངས་སུ་མི་གཏོང་བ། །གྲོགས་པོའི་མཚན་ཉིད་རྣམ་པ་གསུམ། །

 

བདག་དེ་བྱམས་པར་དམ་བཅས་ནས། །སྐྱེས་བུའི་དོན་ལས་ཕྱིར་ཕྱོགས་པ། །

གལ་ཏེ་ཁྱོད་ལ་བཏང་སྙོམས་བྱེད། །བདག་ལ་མཛའ་བརྩེ་མེད་པར་འགྱུར། །

 

དེ་ཕྱིར་མཛའ་བོར་གྱུར་ནས་སྨྲས། ། གཞོན་ནུའི་ལུས་དང་ལྡན་པ་ནི། །

ཁྱོད་ཀྱིས་འདི་འདྲ་བུད་མེད་ཀྱིས། །ཡུལ་ལ་མཁས་པའི་གཟུགས་བརྙན་མིན། །

 

དེ་ཡི་ངོ་ཚའི་རྒོད་དོན་དང་། །བདག་ཉིད་དགའ་བའི་དོན་ཉིད་དུ། །

བདེན་མིན་གྱིས་ཀྱང་མི་མོ་ཡི། །རྗེས་སུ་འཇུག་པ་རིགས་པ་ཡིན། །

 

ཡང་དག་འདུད་དང་རྗེས་འཇུག་གི། །བུད་མེད་རྣམས་ཀྱིས་སེམས་འཆིང་སྟེ། །

བརྩེ་བའི་ཡོན་ཏན་སྐྱེ་གནས་ཕྱིར། །ཡིད་ལ་འདོད་པ་བུད་མེད་ཡིན། །

 

དེ་ཕྱིར་རྣམ་པར་ཡངས་པའི་སྤྱན། །སྙིང་ལ་གཞན་དུ་ཕྱིར་བལྟས་ཀྱང་། །

འདི་ཡི་ཚུལ་དང་རྗེས་མཐུན་པར། །མཁས་པ་རྣམ་པར་དཔྱད་པར་འོས། །

 

མཁས་པ་སྨན་ཡིན་བུད་མེད་ལ། །མཁས་པ་རབ་མཆོག་རྒྱན་ཡིན་ནོ། །

མཁས་པ་དང་བྲལ་གཟུགས་དག་ནི། །མེ་ཏོག་མེད་པའི་ནགས་དང་འདྲ། །

 

ཡང་ན་མཁས་པའི་རང་བཞིན་གྱི། །བསམ་པ་རང་བཞིན་ཁས་ལེན་མཛོད། །

ཡུལ་རྣམས་ཉེས་པར་དཀའ་ཐོབ་ནས། །ཕྱི་ཤོལ་བྱེད་པ་འོས་མ་ཡིན། ། 

 

སྔོན་ཚེ་ལྷ་ཡི་དབང་བོས་ཀྱང་། །འདོད་པ་མཆོག་ཅེས་ཤེས་བྱས་ནས། །

གཽ་ཏམ་ཐུབ་པའི་དགའ་ལྡན་མ། །བཤོལ་མེད་མ་ལ་འདོད་པ་བྱས། །

 

ཟླ་བའི་ཆུང་མ་སྣར་མ་ནི། །དྲང་སྲོང་རི་བྱིས་དོན་དུ་གཉེར། །

དེ་ནས་དེ་དང་འདྲ་བ་ཡི། །བརྐམ་བྱ་མ་ནི་རྙེད་ཅེས་ཐོས། །

 

ཨུ་ཏ་ཐྱ་ཡི་ཆུང་མ་ནི། །རླུང་གི་བུ་མོ་མཐུན་མ་ལ། །

དཀའ་ཐུབ་ཆེན་པོའི་ཕུར་བུ་ཡིས། །བྷ་ར་དྭཱ་ཛ་བསྐྱེད་པར་གྱུར། །

 

དྲང་སྲོང་ཕུར་བུའི་ཆུང་མ་ནི། །སྦྱིན་སྲེག་མ་ལ་སྦྱིན་སྲེག་མཆོག །

ཟླ་བ་ཡིས་ནི་ལག་པ་ཡི། །ལྷ་ཡི་ལས་བྱེད་བསྐྱེད་པར་གྱུར། །

 

སྔོན་ཚེ་བུ་མོ་ནག་མོ་ནི། །ཆུར་སྐྱེས་མ་ལས་སྐྱེས་མ་ལ། །

རྩིབ་ལོགས་སྐྱེས་ནི་ཆགས་སྐྱེས་ཤིང་། །ཡ་མུ་ན་ཡི་འགྲམ་དུ་ཕྱིན། །

 

གནོད་སྦྱིན་ཕྲེང་མ་རིགས་ངན་མ། །སྨོད་མ་ལ་ནི་དགའ་འདོད་པས། །

གོང་མ་སྲེག་ནི་ཟ་བའི་བུ། །ཐུབ་པ་གནས་མཆོག་གིས་བསྐྱེད་དོ། །

 

འགྲོ་མགྱོགས་རྒྱལ་བོ་དྲང་སྲོང་ཉིད། །ན་ཚོད་རྣམ་པར་སོང་བ་ཡི། །

ལྷ་མོ་སྣ་ཚོགས་མཆོད་མར་བཅས། །སྣ་ཚོགས་ཤིང་རྟའི་ནགས་སུ་སྤྱད། །

 

བུད་མེད་འགྲོགས་པ་ཞི་མིན་དུ། །སྐྱ་བསེང་གིས་ནི་ཤེས་ནས་ཀྱང་། །

དགའ་མའི་གཟུགས་ཡོན་གྱིས་བཀུག་སྟེ། །འདོད་ལས་སྐྱེས་པའི་བདེ་བ་བསྟེན། །

 

སྐྱེད་མཛད་རྒྱལ་བོ་དམར་སེར་ཡང་། །བྲམ་ཟེའི་བུ་མོ་ཕྲོགས་ནས་ནི། ། 

ན་བབས་ཐོབ་པ་ཉིད་ཡིན་ཡང་། །ཡིད་དཀྲུགས་འདོད་པ་མ་བསྟེན་མིན། །

 

དེ་ལ་སོགས་པ་བདག་ཉིད་ཆེས། །ཡུལ་རྣམས་སྨད་པ་ཡིན་ན་ཡང་། །

དགའ་བའི་ཆེད་དུ་ལོངས་སྤྱད་དེ། །ཡོན་ཏན་ལྡན་ལ་སྔོན་ཉིད་དོ། །

 

ཁྱོད་ཀྱང་རིགས་པ་ལས་ཐོབ་ཅིང་། །སྟོབས་ལྡན་གཟུགས་ལྡན་དར་ལ་བབ། །

གང་དུ་སྐྱེ་འགྲོ་འདི་ཆགས་ན། །ཡུལ་རྣམས་ལ་ནི་ཕྱི་བཤོལ་བྱེད། །

 

དེ་ལྟར་འཇམ་ཞིང་ལུང་དང་བཅས། །དེ་ཡིས་ཚིག་ནི་གསན་གྱུར་ནས། །

འབྲུག་གི་སྒྲ་སྐད་དབྱངས་ཀྱིས་ནི། །གཞོན་ནུ་ཡིས་ནི་ལན་སྨྲས་སོ། །

 

ངག་ཚིག་འདི་ནི་འཐད་པ་སྟེ། །ཁྱོད་ཀྱི་མཛའ་བ་གསལ་བྱེད་དོ། ། 

གང་དུ་བདག་ལ་ངན་པར་སེམས། །འདིར་ནི་ཁྱོད་ལ་རྗེས་ཞི་བགྱི། །

 

ཡུལ་རྣམས་ལ་ནི་ཕྱི་བཤོལ་བྱེད། །འཇིག་རྟེན་དེའི་བདག་ཉིད་དུ་ཤེས། །

འགྲོ་བ་མི་རྟག་པར་ཤེས་ནས། །འདིར་ནི་བདག་ཡིད་དགའ་བ་མིན། །

 

རྒ་དང་ན་དང་འཆི་བ་སྟེ། །གལ་ཏེ་འདི་གསུམ་མ་ཡིན་ན། །

ཡིད་དུ་འོང་བའི་ཡུལ་རྣམས་ལ།  །ཁོ་བོ་ཡང་ནི་དགའ་བར་འགྱུར། །

 

གལ་ཏེ་བུད་མེད་རྣམས་ཀྱི་ལུས། །དེ་ཉིད་རྟག་པར་འགྱུར་ན་ནི། །

སྐྱོན་ལྡན་འདོད་པ་རྣམས་ལ་ཡང་། །ཁོ་བོའི་སེམས་ནི་འདོད་ལ་ཕྱོགས། །

 

གང་ཚེ་འདི་དག་རྣམས་ཀྱི་གཟུགས། །རྒས་པས་འཐུང་བ་འབྱུང་འགྱུར་ཞིང་། །

བདག་ཉིད་ཀྱི་ཡང་འདོད་མེད་ན། །རྨོངས་ལས་དེར་ནི་དགའ་བར་འགྱུར། །

 

རྒ་དང་ན་དང་འཆི་བའི་ཆོས། །རྒ་ན་འཆི་བའི་བདག་ཉིད་ཀྱིས། །

སྐྱོ་བ་མེད་པར་རོལ་བ་ནི། །རི་དྭགས་དང་ནི་བྱ་དང་མཚུངས། །

 

བདག་ཉིད་ཆེན་པོ་འདི་རྣམས་ཀྱང་། །འདོད་པའི་བདག་ཉིད་ཅེས་སྨྲས་གང་། །

འདིར་ནི་སྐྱོ་བར་བྱ་བ་སྟེ། །གང་ཕྱིར་དེ་རྣམས་ཀྱི་ཡང་ཟད། །

 

གང་དུ་སྤྱི་ལས་ཟད་པ་དེ། །བདག་ཉིད་ཆེན་པོར་མི་སེམས་ཏེ། །

ཡུལ་རྣམས་ལ་ནི་ཆགས་པ་འམ། །སྦྱོར་མིན་བདག་ཉིད་ལྡན་ཉིད་ཀྱིས། །

 

མཁས་པ་ཡིས་ཀྱང་དཔེ་བརྗོད་ཅིང་། །བདེན་མིན་གྱིས་ཀྱང་བུད་མེད་ཀྱི། །

སྐྱེ་ལ་ཞུགས་ཞེས་སྨྲས་པ་གང་། །བདེན་མིན་བདག་གིས་ཤེས་མ་ཡིན། །

 

གང་དུ་དྲང་མིན་རྗེས་འཇུག་པ། །དེ་ལ་བདག་ནི་སྲེད་པ་མེད། །

བསམ་པ་ཀུན་གྱི་འབྲེལ་བ་དེ། །གལ་ཏེ་མེད་ན་སྨོད་པར་ཤོག །

 

མི་བརྟན་པ་ཡི་དད་པ་དང་། །སྐྱོན་དུ་མཐོང་བའི་ནུས་པ་མེད། །

ཆགས་པ་སྐྱེས་པར་གྱུར་བའི་སེམས། །སླུ་བར་བྱ་བ་ཅི་ཞིག་ཡིན། །

 

བུད་མེད་སྐྱེས་པའི་ཆགས་སྐྱེས་ཤིང་། །བུད་མེད་སྐྱེས་པ་ཕན་ཚུན་དུ། །

གལ་ཏེ་དེ་ལྟར་བསླུ་ན་ནི། །ལྟ་བར་བཟོད་པ་ཉིད་མ་ཡིན། །

 

དེ་ལྟར་གྱུར་ན་སྡུག་བསྔལ་གྱིས། །ཉམ་ཐག་རྒ་འཆིའི་སྐལ་བ་ཅན། །

བདག་ནི་འཕགས་མིན་འདོད་པ་ལ། །སླུ་བར་འོས་པ་མ་ཡིན་ནོ། །

 

ཨེ་མ་ཤིན་ཏུ་བརྟན་ལ་སྟོབས་ལྡན་ཁྱོད་ཀྱི་སེམས། །འདོད་པ་གཡོ་བ་རྣམས་སུ་སྙིང་བོ་མཐོང་གྱུར་ལ། །

འཇིགས་པ་ཤིན་ཏུ་མི་བཟད་བདོག་པའི་འཆི་བའི་ལམ། །སྐྱེ་དགུ་ཞུགས་པ་ལྟ་བཞིན་ཡུལ་ལ་ཁྱོད་ཆགས་སམ། །

 

ཤིན་ཏུ་རྣོ་ཞིང་འཇིགས་པའི་ཡུལ་ལ་ཟོན་མཛད་ཅིང་། །རྒ་དང་རྒུད་པ་ནད་ཀྱི་འཇིགས་པ་རྣམ་སེམས་ཤིང་། །

འགྲོ་བ་རྣམས་ནི་མེ་ཡིས་འཚིག་པ་བཞིན་ཐོས་ནས། །ཞི་བ་འཐོབ་མིན་བརྟན་མིན་དགའ་བ་ག་ལ་ཞིག །

 

ཐེ་ཚོམ་མེད་པར་འཆི་ཞེས་རབ་ཏུ་ཤེས་པ་ཡི། །མི་རྣམས་གང་གི་སྙིང་ལ་ཆགས་པ་རབ་བསྐྱེད་པ། །

དེ་ཡི་སེམས་ནི་ལྕགས་ལས་གྱུར་བར་ཤེས་པ་སྟེ། །འཇིགས་པ་ཆེ་ལ་ཆགས་པ་གང་ཞིག་ངུ་བ་མེད། །

 

དེ་ནས་གཞོན་ནུ་ཡིས་ནི་འདོད་པ་རྣམས་ཀྱི་རྟེན། །འཇོམས་བྱེད་གཏམ་ནི་རྣམ་པར་ངེས་པའི་བདག་ཉིད་མཛད། །

སྐྱེ་བོ་རྣམས་ཀྱི་མིག་གི་འགྲོ་བྱ་གསལ་བྱེད་ཀྱི། །དཀྱིལ་འཁོར་ས་འཛིན་རི་བོ་ལ་ནི་ནུབ་པར་གྱུར། །

 

དེ་ནས་རྒྱན་དང་མེ་ཏོག་ཕྲེང་བ་འབྲས་མེད་འཛིན། །སྒྱུ་རྩལ་ཡོན་ཏན་གྱིས་དང་རབ་དགས་འབྲས་མེད་རྣམས། །

རང་གི་སེམས་ལ་ཡིད་དཀྲུགས་འདོད་པ་རྣམས་སྨད་ནས། །ཡིད་ལ་རེ་ཉམས་བུད་མེད་རྣམས་ནི་གྲོང་དུ་ཐལ། །

 

དེ་ནས་གྲོང་ཁྱེར་སྐྱེད་མོས་ཚལ་སོང་སྐྱེ་བོའི་དཔལ། །ལེགས་པར་བརྟགས་ནས་སྤྱོད་ལ་སོ་སོར་བརྟུལ་ཏེ་ཡང་། །

ཐམས་ཅད་མི་རྟག་པར་གྱུར་རྣམ་པར་སེམས་བཞིན་དུ། །སླར་ཡང་མི་སྐྱོང་བདག་སྐྱེས་གྲོང་དུ་རྣམ་པར་ཞུགས། །

 

དེ་ནས་དེ་ཡི་ཡིད་ནི་ཡུལ་ལ་རྣམ་པར་ཕྱིར་ཕྱོགས་རྒྱལ་བོས་ཐོས་གྱུར་ནས། །

སྙིང་ལ་མདུང་རིང་ཟུག་པའི་གླང་ཆེན་བཞིན་དུ་མཚན་མོ་དེ་ལ་གཉིད་མ་ལོག །

དེ་ནས་སྔགས་མང་རྣམ་པ་སྣ་ཚོགས་ལམ་རྣམས་དག་གིས་ཐང་ཆད་བློན་པོར་བཅས། །

དེས་ནི་འདོད་པ་ལས་གཞན་སྲས་ཀྱི་བློ་ཡི་ངེས་པ་གཟིགས་མ་གྱུར། །

 

སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། བུད་མེད་ཀྱིས་བགེགས་བྱས་པའི་ལེའུ་སྟེ་བཞི་བའོ།།

 

 

ཟླ་བ་གཞོན་ནུས་སློབ་དཔོན་རྟ་དབྱངས་མཛད་པའི་སྙན་ངག་ཆེན་མོ་སངས་རྒྱས་སྤྱོད་པ་ལས་ལེའུ་བཞི་བ་ཁོལ་དུ་ཕྱུང་ཞིང་། ཞུ་དག་དང་ཧོང་ཀོང་བསབས་པ་དང་བཅས་ཏེ་སྤེལ་བ་ཕན་པར་གྱུར་ཅིག