-->

Jan 27, 2012

སྤྲིན་གྱི་ཕོ་ཉ།






ནག་མོ་འཁོལ། (कालिदास)

རྒྱ་གར་སྐད་དུ། མེགྷདཱུཏ། (मेघदूत)

བོད་སྐད་དུ།སྤྲིན་གྱི་ཕོ་ཉ།


རྗེ་བོ་ཁྲོས་པའི་ཤིན་ཏུ་ལྕི་བའི་བཀའ་ལུང་དག་གིས་གཟི་བརྗིད་ཉམས་པར་བྱས་གྱུར་ཅིང་།།

གནོད་སྦྱིན་འགའ་ཞིག་ལ་ནི་རང་ཉིད་བདག་མེད་དབང་གྱུར་མཛེས་མ་སྤང་ལ་ལོ་ཡི་བར།།

ཡིད་འོང་སྐྱེད་བྱེད་བུ་མོས་ཁྲུས་བྱས་བསོད་ནམས་ཆུ་བོ་རྣམས་དང་ཤིན་ཏུ་རབ་མཛེས་པའི།།

རབ་བཟང་ལྗོན་ཤིང་གྲིབ་མ་དང་ལྡན་རཱ་མའི་རི་བོར་སོང་ལ་སྤྱོད་པས་གནས་པར་གྱིས།།

འདོད་ལྡན་དེ་ནི་མཛེས་མ་སྤངས་ཤིང་ཟླ་བ་འགའ་ཡི་རི་བོ་དེར་ནི་ཕྱིན་བྱས་པས།།

ལག་པ་ཕྲ་བར་གྱུར་ནས་གསེར་གྱི་གདུ་བུ་དག་ནི་དཔུང་བའི་བར་དུ་རྒྱུ་བར་བྱེད།།

ཆུ་སྟོད་ཟླ་བ་རྫོགས་པའི་ཉིད་ལ་སྤྲིན་རྣམས་རི་ཤོད་རི་སྟེང་ཉལ་བར་གྱུར་པ་ནི།།

མཆོག་ཏུ་རོལ་ཞིང་མཛེས་པར་གྱུར་པའི་གླང་ཆེན་ཡིན་ནམ་སྙམ་དུ་རྟོག་ཅིང་མཐོང་བར་གྱུར།།

གནོད་སྦྱིན་རྒྱལ་བོའི་རྗེས་འབྲངས་དེ་ལྟར་གནས་དེ་མདུན་དུ་ཀེ་ཏའི་མེ་ཏོག་རྒྱས་སྟོབས་ཀྱིས།།

ནང་དུ་ཡིད་ལ་རབ་ཏུ་གདུང་བའི་མཆི་མ་ཡུན་རིང་དག་ཏུ་ཅི་ཡང་བྱུང་གྱུར་ཏེ།།

མགྲིན་པར་འཁྱུད་བྱ་དགའ་མ་རིང་ན་གནས་པར་གྱུར་པའི་སྐྱེ་བོའི་སེམས་ལ་ནི།།

ཆུ་འཛིན་མཐོང་ན་བདེ་ལྡན་ཡང་ནི་རྣམ་པ་གཞན་དུ་གདུང་བ་ཅི་ཡང་འཇུག་པར་འགྱུར།།

དབྱར་དུས་ཟླ་བ་གཉིས་པ་འོངས་པར་གྱུར་ཚེ་བརྩེ་ལྡན་མ་ཡིན་ཆེད་དུ་སྲོག་འཆང་བ།།

དེ་ལ་ཆར་སྤྲིན་དག་གིས་རང་ཉིད་བདེ་འོ་ཞེས་པའི་ཚིག་འདི་ཁྱེར་ནས་འཇུག་པ་བཞིན།།

ཀུན་དའི་ཟླ་ཡི་ཆུ་སྐྱེས་འཛུམ་པ་རྣམས་ཀྱི(ཀྱིས)དེ་ལ་མཆོད་པའི་ཆེད་དུ་དགའ་བྱེད་བཞིན།།

མཛའ་བ་མངོན་དུ་གྱུར་པའི་ཚིག་ནི་དེ་ལ་ལེགས་པར་འོངས་སམ་དགའ་བ་བརྗོད་པ་བཞིན།།

གང་དུ་དུ་བ་གཟི་ལྡན་ཆུ་གཏེར་མྱུར་འགྲོ་རྣམས་ཀྱི་ཚོར་བ་ལས་ནི་ཆར་སྤྲིན་ཏེ།།

གང་དུ་མཁས་པའི་བྱེད་པ་རྣམས་དང་སྲོག་རྣམས་ཀྱིས་ནི་ལེགས་བཤད་ཆེད་དུ་ཐོབ་པར་བྱེད།།

ཅེས་པ་མཆོག་ཏུ་དགའ་བའི་གསང་བ་པ་ནི་དེ་ལ་ཡོངས་སུ་མི་ཤེས་གང་གིས་ནི།།

འདོད་པའི་དོན་དུ་མཁས་དང་མི་མཁས་རྣམས་དང་སེམས་ལྡན་སེམས་མེད་རྣམས་ལ་ཞུ་བར་བྱེད།།

ཁྱོད་ནི་རིགས་མཆོག་དང་ལྡན་མཆོད་སྦྱིན་བརྒྱ་བའི་བློན་པོ་མཆོག་སྟེ་འདོད་འཇོའི་ངོ་བོ་ཉིད།།

ས་གསུམ་མཐའ་དག་རིག་ཅིང་བསྐལ་བར་འཇུག་པའི་ཆེ་བའི་ཆུ་གཏེར(ཆུ་འཛིན)ཉིད་དུ་བདག་གིས་ཤེས།།

དེས་ན་ཁྱོད་ནི་དོན་གཉེར་ཉིད་ལ་སྐལ་བའི་དབང་གིས་དམན་མིན་འདོད་པ་ཐོབ་པ་ཉིད།།

མཆོད་སྦྱིན་འབྲས་མེད་བདག་གི་རིང་གནས་གཉེན་མདུན་དག་ཏུ་ཡོན་ཏན་མཆོག་དབང་ཁྱོད་གཤེགས་མཛོད།།

ཀྭ་ཡེ་ཆུ་ལྡན་ཁྱོད་ནི་ཤིན་ཏུ་གདུངས་གྱུར་སྐྱབས་ཉིད་དེ་ཕྱིར་བདག་གི་དགའ་མ་ལ།།

གཏམ་གྱི་བདག་པོ་ཚབ་ཆེར་ཁྲོས་པས་འཁྱམས་ཤིང་བྲལ་བ་དག་གི་ཕྲིན་ནི་མཛད་དུ་གསོལ།།

ཕྱི་རོལ་སྐྱེད་ཚལ་མཆོག་གནས་འཕྲོག་བྱེད་གཙུག་གི་ཟླ་བའི་འོད་ཀྱིས་སྣང་བྱས་ཁང་བཟང་ཅན།།

གསང་བའི་བདག་པོའི་བསྟི་གནས་ཆེན་པོ་ལྕང་ལོ་ཅན་ཞེས་བྱ་བའི་གནས་སུ་ཁྱོད་གཤེགས་མཛོད།།

ཁྱོད་ནི་དྲི་ཡི་བཞོན་པ་དང་ལྡན་མཁའ་ལམ་གཤེགས་པའི་དབང་གིས་ལམ་བགྲོད་མཛེས་མ་རྣམས།།

བསམ་པ་དགའ་བར་གྱུར་ཏེ་ལན་བུའི་རྩེ་མོ་རྒྱབ་ཏུ་བྱས་ནས་བལྟ་ཞིང་གུས་པར་བྱེད།།

ཁྱོད་འོངས་ཚེ་ན་བྲལ་བས་མཆོག་ཏུ་ཉེན་ཅིང་གཡོག་བཞིན་གཞན་དབང་གྱུར་པ་བདག་འདྲ་དང་།།

གང་ཞིག་གཞན་ཡང་མཛེས་མའི་སྐྱེ་བོ་སུ་ཞིག་གུས་ཤིང་དགའ་བ་རྒྱ་ཆེར་བྱེད་མི་འགྱུར།།

དལ་བུ་དལ་བུས་བསྐྱོད་པའི་དྲི་བཞོན་དག་གིས་ཁྱོད་ལ་རྗེས་མཐུན་ཞབས་ཏོག་བྱེད་པ་བཞིན།།

མྱོས་པའི་ཙ་ཏ་ཀ་འང་ཁྱོད་ལ་སྙན་པའི་བསྟོད་པའི་ངག་ནི་གཡོན་ནས་སྒྲོགས་པ་དང་།།

ཆུ་སྐྱར་མཛེས་མ་རྣམས་ཀྱང་སྐལ་བཟང་མིག་གིས་མཁའ་ལ་ཁྱོད་མཐོང་ཕྲེང་བར་བྱས་ནས་བརྟེན།།

ངེས་པར་མངལ་ནི་རབ་ཏུ་འཛིན་པ་ཡོངས་སུ་གསལ་བ་ཉིད་དུ་བྱ་བ་བརྗོད་པར་ནུས།།

༡༠

བདག་གི་མཛེས་མ་དེ་ཡང་ཉིན་ཞག་གྲངས་བཞིན་བདག་པོ་གཅིག་པུ་ཡིད་ལ་འབྲི་བར་ནི།།

གདོན་མི་ཟ་བར་མྱུར་ཏུ་གཤེགས་ཏེ་བདག་ནི་མ་ཤི་བ་ཉིད་ཁྱོད་ཀྱིས་བསྟན་པར་མཛོད།།

གང་ཕྱིར་འཕྲལ་ལ་ཆུ་སྐྱེས་ཕལ་ཆེར་ཕྲེང་བས་བཅིངས་པས་ལྟུང་བ་མེད་པར་གྱུར་པ་བཞིན།།

ལྷ་མོའི་སྙིང་གི་དགའ་བ་བྲལ་ལས་ལྷུང་བ་འཕྲལ་ལ་འགོག་ཅིང་མཛའ་བས་འཆིང་བར་བྱེད།།

༡༡

གང་ཞིག་ཁྱོད་ཀྱིས་འབྲུག་སྒྲ་སྒྲོགས་པ་དེ་ནི་སྐལ་བཟང་རྣ་བས་ཐོས་བྱས་ནས།།

མཆོག་ཏུ་རྒྱས་པའི་མེ་ཏོག་དག་གིས་ས་གཞིའི་ཆེད་དུ་གདུགས་དག་བྱས་པར་གྱུར་པ་ཉིད།།

ཁྱོད་ནི་ནམ་མཁའ་དག་ལ་གཤེགས་ཚེ་དགའ་བའི་ཡིད་ཀྱིས་མཚོ་དང་གངས་ཅན་བར་ལ་ནི།།

པད་མའི་རྩ་བ་ལོ་མའི་ལམ་རྒྱགས་ལྡན་པའི་ངང་བའི་རྒྱལ་བོ་རྣམས་ཀྱང་གྲོགས་སུ་འགྱུར།།

༡༢

ར་གྷུའི་བདག་པོའི་ཞབས་ཀྱིས་མཚན་པའི་རི་ངོས་རྣམས་ལ་སྐྱེ་བོ་ཀུན་གྱིས་ཕྱག་བྱེད་པའི།།

ཆེ་བའི་རི་བོ་འདི་ནི་ཁྱོད་ཀྱི་དགའ་བའི་གྲོགས་བཟང་ཁྱོད་ལངས་འཁྱུད་པ་སྔོན་འགྲོ་བའི།།

མཛའ་བ་གསལ་བྱས་ཡུན་རིང་འབྲལ་ལས་བྱུང་བའི་མཆི་མའི་དྲོ་བའང་འབྱུང་བ་ཡོངས་མཐོང་ལ།།

ཁྱོད་དང་གང་དེ་དུས་དུས་དག་ཏུ་ཡང་དག་མཇལ་འགྱུར་ཞེས་ནི་བྱས་ནས་ཁམས་བདེ་མཛོད།།

༡༣

ཀྭ་ཡེ་ཆུ་འཛིན་རེ་ཞིག་ཁྱོད་ནི་ལམ་ལ་བགྲོད་པའི་ཐབས་ཀྱི་གཏམ་ནི་མཉན་པར་མཛོད།།

དེ་ཡི་རྗེས་སུ་བདག་གི་འཕྲིན་ནི་རྣ་བའི་བདེ་སྐྱེས་ཁྱོད་ཀྱིས་རྣ་བས་གཟུང་བར་མཛོད།།

ཤིན་ཏུ་ངལ་ཞིང་རབ་ཏུ་ངལ་ཚེ་རི་བོའི་རྩེ་ལ་རྐང་བཀོད་ངལ་བ་བསལ་ནས་གཤེགས།།

གང་དུ་སྐོམ་ཞིང་ཤིན་ཏུ་སྐོམ་ན་ཉུང་ངུའི་ཆུ་དང་ཆེ་བའི་མཚོ་ལའང་བཏུང་བར་བྱ།།

༡༤

ནི་ཙུ་ལ་ནི་གསར་བས་གནས་འདི་ལས་ནི་ཁྱོད་ལངས་མཁའ་ལ་བྱང་དུ་གདོང་ཕྱོགས་མཛོད།།

ཕྱོགས་ཀྱི་གླང་བོ་རྣམས་ཀྱི་ལག་པ་ཆེ་བས་བཅིངས་པའི་ལམ་ནི་ཡོངས་སུ་དོར་བར་གྱིས།།

རི་ཡི་རྩེ་མོ་འཕྲོགས་ནས་དྲི་བཞོན་འགྲོ་བའམ་ཆུ་འཚིན་ལངས་ནས་འགྲོ་བའི་ཅི་ཞེས་ཐེ་ཚོམ་དུ།།

གྱུར་ནས་གྲུབ་པའི་བུད་མེད་རྣམས་ཀྱིས་གྱེན་ཕྱོགས་བལྟས་ཏེ་འཇིགས་ཤིང་སྐྲག་པས་རྨོངས་པར་གྱུར།།

༡༥

རིན་ཆེན་འོད་ཀྱི་སྣང་བ་བཞིན་དུ་རབ་མཛེས་མཆོད་སྦྱིན་བརྒྱ་བའི་གཞུ་ཡི་དུམ་བུ་ནི།།

ཆེ་བའི་གྲོག་མཁར་རྩེ་ལས་བྱུང་བ་དེ་ནི་མདུན་དུ་ཡང་དག་མཐོང་བར་འགྱུར།།

ཁྱབ་འཇུག་གླང་རྫིའི་ཚུལ་བཟུང་རྨ་བྱའི་སྒྲོ་ཡི་འོད་ཀྱིས་ཁྱབ་པར་གྱུར་པ་བཞིན།།

ཁྱོད་སྐུ་མཆོག་ཏུ་མཛེས་པ་མཐིང་ནག་གང་གིས་ཀུན་ཏུ་ཁྱབ་པར་བྱེད་པ་ཐོབ་པར་གྱུར(འགྱུར)།།

༡༦

ཁྱོད་འོངས་ཚེ་ན་གྲོང་ཁྱེར་ན་ཆུང་དགའ་ཞིང་ཆགས་པའི་མིག་རྣམས་ཀྱིས་ནི་སྨིན་མ་ཡི།།

རྣམ་འགྱུར་མངོན་པར་མི་ཤེས་བཞིན་དུ་བལྟ་ཞིང་འབྲུ་རྣམས་ཀུན་ནས་འཕེལ་བར་བྱེད་པའི་ཕྱིར།།

ཁྱེད་ནི་ཅུང་ཟད་ནུབ་ཏུ་བསྐྱོད་ཅིང་གནས་བྱ་འཕྲལ་ལ་རྨོས་ཀྱི་རོལ་གྱིས་དགའ་བ་ཡི།།

གནམ་ཆུ་སྒུག་པའི་ཞིང་ལ་གྲུ་ཆར་རྒྱས(སྐྱུག)་བྱ་སླར་ཡང་བྱང་དུ་མྱུར་བར་དལ་གྱིས་གཤེགས།།

༡༧

ཀྭ་ཡེ་ཆུ་འཛིན་ཁྱོད་ནི་ལམ་ལ་ངལ་ཚེ་སྣ་ཚོགས་བརྩེགས་པ་ཞེས་པའི་རི་བོ་ནི།།

ངོས་ལྡན་རྩེ་མོ་ཡོངས་ལ་བསྡད་ནས་ཕན་ཚུན་སྔོན་དུ་ཕྱོགས་པའི་བསྙུན་ནི་བྱེད་བཞིན་པས།།

ཁྱོད་ཀྱང་དེ་ཡི་སོ་ཀའི་མ་ནི་བདུད་རྩིས་ཞི་བྱེད་དེ་ཡང་ཕན་པའི་དངོས་པོའི་རྟེན་དུ་འགྱུར།།

ཆེན་པོ་རྣམས་ལ་ཕན་བཏགས་ལན་དུ་འཕྲལ་ལ་འབྲས་བུ་དམ་པས་བརླན་པ་ཉིད།།

(ཨ་ལགས་དོར་ཞི་སོགས་ཀྱིས་ཤོ་ལོ་ཀ་འདི་ཟློས་པར་དགོངས་ཏེ་བཀོད་མི་འདུག)

༡༨

ལམ་དུ་ཡོངས་སུ་ངལ་བའི་ཚེ་ན་ངོས་ལྡན་ཨ་མྲ་བརྩེགས་པའི་རི་རྩེར་གནས་བྱ་སྟེ།།

ཁྱོད་ཀྱིས་ནགས་ནང་ཤིང་སྐམ་རྣམས་ནི་ཆར་གྱིས་བརླན་པར་བྱས་བཞིན་ལེགས་པར་མཛོད།།

གང་ཕྱིར་ཆེ་བའི་སྐྱེ་བོ་དང་བོར་ལེགས་བྱས་རྒྱུ་མཚན་ཐོབ་པའི་གྲོགས་བཟང་ལ།།

དེ་ལྟའི་བྱ་བའི་གནས་ཆེད་ཅི་ཡང་གྱུར་ལ་ཕྱིར་ཕྱོགས་ངན་པའི་སྐྱེ་བོའང་འགྱུར་མ་ཡིན།།

༡༩

ཁྱོད་ནི་གཡོ་མེད་རྩེ་མོར་གནས་ཚེ་ཨ་མྲའི་ནགས་ཀྱི་འབྲས་བུ་རྒྱས་པར་སྨིན་པ་ནི།།

ཕྱོགས་ཀུན་ཁྱབ་པར་བཀྲམ་པ་དགའ་མའི་རྣམ་མཛེས་ལན་བུ་དག་དང་མཚུངས་པ་བཞིན་དུ་གྱུར།།

ས་གཞིའི་མཛེས་མའི་ནུ་རྒྱས་ལྷག་མ་དཀར་ཞིང་ཐེག་ལེ་སྔོན་པོས་མཛེས་པ་བཞིན།།

འཆི་མེད་ཁྱོ་ཤུག་དག་ནི་ཡ་མཚན་ངེས་པ་ཐོབ་པའི་མིག་གིས་རབ་ཏུ་ལྟ་བར་བྱེད།།

༢༠

དེ་ནས་རི་དྭགས་བདག་པོའི་ཆུང་མའི་ནགས་ཀྱི་ཁང་བ་དེ་ལ་ཡུད་ཙམ་གནས་བྱས་ནས།།

དེ་ཡི་ཕ་རོལ་ཆུ་ལས་ཐོན་ནས་མཆོག་ཏུ་མྱུར་བས་ལམ་གཞན་དག་ཏུ་གཤེགས་ཤིང་བགྲོད་པ་ན།།

དྲང་སྲོང་བུ་མོའི་ཆུ་བོ་འབིགས་བྱེད་རི་ཡི་ཞབས་ནི་རྩུབ་པའི་རྡོ་ལ་འོག་ཏུ་འབབ་ལྡན་མ།།

སོ་གཉིས་ཡན་ལག་མཆོག་ལ་དཀར་མོ་ཚོན་གྱིས་ལེགས་བྲིས་བཞིན་དུ་ཁྱོད་ཀྱིས་མཐོང་བར་འགྱུར།།

༢༡

ཁྱོད་ཀྱིས་ཐོག་མར་ཆར་བ་སྐྱུག་བྱ་དེ་ཡི་ཆུ་ནི་འཐུངས་ནས་བགྲོད་པར་བྱ་སྟེ་ཕྱིན་ནས་ནི།།

ནགས་ཀྱི་གླང་བོ་མྱོས་པའི་ཏིག་ཏའི་རོ་དང་འཛམ་བུའི་ཤིང་གིས་ཆུ་དེའང་མྱུར་དུ་འགེངས།།

ཀྭ་ཡེ་སྤྲིན་སྟུག་ཁྱོད་ནི་ནང་གི་སྙིང་བོ་ལྡན་ན་དྲི་བཞོན་དག་གིས་གཡོ་མི་ནུས།།

གང་ཕྱིར་ཐམས་ཅད་སྟོང་ན་ཡང་བར་འགྱུར་ཞིང་ཡོངས་སུ་གང་ན་ཀུན་ཀྱང་ལྕི་བ་ཉིད།།

༢༢

དང་བོར་ཀནྡལི་ཡི་མེ་ཏོག་ཁ་འབུས་རྣམས་ནི་ཤུན་པས་བསྒྲིབས་པ་བྱུང་བ་དང་།།

འདབ་མ་ལྗང་ཞིང་གེ་སར་དཀར་སེར་ཕྱེད་ལྡན་བསྟན་པ་རྣམས་ཀྱི་ཆུ་སྐྱེས་མེ་ཏོག་མཐོང་ནས་ཀྱང་།།

འབྲོག་དགོན་རྣམས་སུ་མེས་བསྲེགས་ས་གཞིར་དྲི་འཛིན་མནམ་བྱ་དྲི་བཟང་མང་བོ་བྱུང་བ་ན།།

ཆུ་འཛིན་དལ་བུས་ཆར་བསྐྲུན་ཁྱོད་ལ་སཱ་རིགས་རྣམས་ནི་སྟོན་པར་བྱེད་པར་འགྱུར།།

༢༣

ཁྱོད་ནི་ལེགས་པར་འོངས་ཚེ་སྙན་པའི་སྒྲ་བསྒྲགས་དུས་ན་གྲུབ་པ་རྣམས་ཀྱིས་མཆོད་བྱེད་ཅིང་།།

ཙཱ་ཏ་ཀ་རྣམས་ཆུ་ཡི་ཐིགས་པ་བཟུང་ནས་དགའ་བས་འཐུང་ལ་ལྟ་བར་བྱེད་བཞིན་དང་།།

ཆུ་སྒྲོགས་རྣམས་ནི་ཕྲེང་བར་བསྒྲིགས་རྣམས་ཡོངས་སུ་བསྒྲེང་ཞིང་ཅི་ཞེས་ངེས་པར་ལྟ་བཞིན་དང་།།

མཆོག་ཏུ་འདར་བྱས་དགའ་བས་དགའ་མ་ལ་ནི་དམ་དུ་འཁྱུད་པ་རྣམས་ནི་བྱེད་པ་ཡིན།།

(འདི་ཡང་ཨ་ལགས་དོར་ཞིས་བཀོད་མེད།)

༢༤

ཀྭ་ཡ་གྲོགས་པོ་ཁྱོད་ནི་བདག་གི་དགའ་མའི་དོན་ལ་མྱུར་དུ་འགྲོ་སྙམ་ཡོད་ན་ཡང་།།

ཀ་ཀུ་བྷ་ཡི་དྲི་ལྡན་རི་བོ་རི་བོ་རྣམས་ལ་ཡུན་རིང་ཐོགས་པར་བདག་གིས་ཤེས།།

གཙུག་ཕུད་ཅན་གྱི་འདྲེན་བྱེད་ཆུ་དང་བཅས་པར་ལེགས་པར་འོངས་སམ་བྱས་ནས་ཡུན་རིང་གནས་པར་འདོད།།

དེ་སླད་ཁྱོད་ནི་ཤིན་ཏུ་མྱུར་བར་འགྲོ་བར་འགྱུར་བ་དག་ཀྱང་ཇི་ལྟར་ཡིན།།

༢༥

ཁྱོད་འོངས་ཚེ་ན་ངང་བ་རྣམས་ནི་དེ་ཉིད་ཅུང་ཟད་གནས་ནས་འགྲོ་ཞིང་འབྲས་བུ་ནི།།

ཡོངས་སུ་སྨིན་པ་ལྗང་སྔོན་དང་ལྡན་འཛམ་བུའི་ནགས་ཀྱིས་བསྐོར་དབུས་དཀར་བོའི་འོད་ལྡན་ཆེ་བ་ཡི།།

ནགས་ཀྱི་འཁྲི་ཤིང་ཀེ་ཏའི་ཆུ་སྐྱེས་གེ་སར་གསལ་བར་རྒྱས་ཤིང་གྲོང་དང་མཆོད་རྟེན་གྱིས།།

བསྐོར་བའི་ཁང་བར་གཏོར་ལེན་ཚང་སྐྱེད་རྩོམ་པའི་གྲོང་ཁྱེར་ཏམ་ཤ་ཞེས་པས་མཆོད་པར་འགྱུར།།

༢༦

དེ་ཚེ་བྱང་ཕྱོགས་གཞི་ལ་བི་དེ་ཤ་ཞེས་མཚོན་ཆ་རྒྱལ་བོའི་ཁབ་ཏུ་མྱུར་སོང་ནས།།

དེར་ནི་ཁྱོད་ཀྱིས་ཤིན་ཏུ་ཆེ་བའི་འབྲས་བུ་མཆོག་གི་གོ་འཕང་འཕྲལ་ལ་ཐོབ་གྱུར་(འགྱུར)་ཞིང་།།

ཆེ་བའི་ཁ་ཞེང་དང་ལྡན་མཐའ་ནས་ལྷུང་ལྷུང་སྐད་སྙན་སྒྲོགས་ཤིང་དྭངས་ལ་བསིལ་ལྡན་པ།།

གཡོ་བའི་རླབས་ཕྲེང་གདོང་ཁ་སྨིན་མ་གཡོ་བཞིན་པ་འདྲའི་མཚོ་དེའང་སྐལ་བཟང་ཁྱོད་འཐུང་འགྱུར།།

༢༧

གང་ཞིག་ནི་ཙ་ཞེས་གྲགས་རི་བོར་ཁྱོད་འོངས་ཐོབ་ལས་དེར་ནི་ངལ་གསོའི་ཆེད་དུ་གནས།།

ཀ་དམ་པ་ཡི་མེ་ཏོག་དགའ་བས་སྤུ་ལོང་རྒྱས་ཤིང་གེ་སར་འཛུམ་པར་བྱེད་པ་བཞིན།།

གྲོང་ཁྱེར་རྣམས་ནི་སྨད་འཚོང་མ་རྣམས་དགའ་བར་བྱེད་པའི་དྲི་བཟང་དག་གིས་གང་བ་རྣམས།།

རྡོ་ཡི་བྲག་ཕུག་རྣམས་ཀྱིས་མཆོག་ཏུ་མཛེས་པའི་ལང་ཚོ་མ་རྣམས་སྨྲ་རུ་འཇུག་པ་བཞིན།།

༢༨

ངལ་སོས་གྱུར་ན་བགྲོད་བྱ་གསར་སྐྱེས་རྣམས་ཀྱིས་མེ་ཏོག་སེར་བོའི་དྲ་བ་མཛེས་པ་རྣམས།།

ཆུ་བོའི་ཆུ་ངོགས་སྐྱེས་པ་རྣམས་ནི་ཆུ་ཐིགས་རྣམས་ཀྱི་བྲན་པ་འཕྲལ་དུ་འོངས་འགྱུར་ཞིང་།།

ཆུ་སྐྱེས་ཐོག་མའི་གདོང་གི་འགྲམ་པའི་རྡུལ་ཐིགས་སེལ་ལ་རྣ་བའི་ཨུཏྤལ་ངལ་བ་དང་།།

རྙིངས་འགྱུར་ལ་ནི་ཉིད་ཀྱིས་སྐད་ཅིག་བདེ་བའི་གྲིབ་བསིལ་ཡོངས་སུ་གནང་བར་མཛོད་ཅིག་ཀྱེ།།

༢༩

ཡང་ནི་བྱང་གི་ཕྱོགས་སུ་བགྲོད་ཅིང་གང་ཞིག་ཁྱེད་ནི་འཁྱོག་པའི་ལམ་ལ་ཞུགས་པའི་ཚེ།།

གྲོང་ཁྱེར་ཨུརྫ་ཡ་ནའི་རྒྱལ་བོའི་ཕོ་བྲང་ནང་དུ་ཕྱིར་ཕྱོགས་མིན་པར་གནས་པར་མཛོད།།

དེ་ན་གྲོང་གི་དགའ་མ་རྣམས་ནི་རོལ་སྒེག་ཟུར་མིག་གློག་གི་ཕྲེང་ཐག་གཡོ་བ་ནི།།

སྐྱོང་བྱེད་མིག་གིས་གལ་ཏེ་ཁྱོད་ནི་མ་མཐོང་འབྲས་བུ་མེད་ཅིང་བསླུས་པ་ཉིད་དུ་འགྱུར།།

༣༠

རླབས་ཕྲེང་གཡོ་ལྡན་སྙན་པར་སྒྲོགས་ཤིང་འདབ་ཆགས་ཕྲེང་བའི་སྐེད་རྒྱན་སྐ་རགས་སིལ་སིལ་ཅན།།

དལ་གྱིས་དལ་གྱིས་འགྲོ་ཞིང་ལང་ལིང་མཛེས་པའི་སྐལ་བཟང་འཁོར་ལོའི་ལྟེ་བ་དང་ལྡན་པ།།

རོ་མཆོག་དང་ལྡན་ཆུ་བོའི་ན་ཆུང་བིར་བིན་དྷ་ནི་ཁྱོད་ཀྱི་ལམ་ལ་མངོན་ཞུགས་ནས།།

དགའ་མ་རྣམས་ཀྱིས་མཛའ་བོ་རྣམས་ལ་རོལ་སྒེག་ཐོག་མར་སྟོན་ཅིང་སྐེད་རྒྱན་འགྲོལ་འདྲ་མཐོང་།།

༣༡

དེ་རྒལ་སིན་དྷུའི་ཆུ་ནི་ལན་བུ་བཞིན་དུ་ལུས་ནི་རབ་ཏུ་ཕྲ་བར་གྱུར་པ་ཅན།།

ངོགས་སུ་སྐྱེས་པའི་ཤིང་ནི་རྙིངས་པའི་འདབ་མ་ལྷུང་བ་རྣམས་ཀྱིས་ཁྱབ་པར་བསྒྲིབས་ལས་དཀར།།

ཀྭ་ཡེ་སྐལ་བཟང་ཁྱོད་དང་བྲལ་བར་གནས་པས་ལུས་ཀྱི་གནས་སྐབས་འདི་འདྲར་གྱུར།།

གང་གི་ཆུང་མ་སྤངས་ནས་ཆེ་བའི་གནས་སྐབས་མཛད་དམ་ཁྱོད་མཁྱེན་དེ་ནི་རྗོད་པར་བྱེད།།

༣༢

ཨ་ཝནྟའི་ཡུལ་ཐོག་ནས་ཨུ་ད་ཡ་ནའི་གཏམ་ནི་གྲོང་གི་རྒན་མོས་ཤེས་པ་ཡོད།།

དེ་རྗེས་གྲོང་ཁྱེར་སྔར་བསྟན་ཁང་བཟང་ཡངས་ཤིང་དཔལ་དང་ཕུན་ཚོགས་ཆེ་ལྡན་ཡངས་པ་ཅན།།

འཛམ་གླིང་ས་གཞིར་མཐོ་རིས་མཛེས་ལྡན་དུམ་བུ་བསོད་ནམས་ལྷག་མ་རྣམས་ཀྱིས་སྐབས་གསུམ་པའི།།

ལེགས་བཤད་འབྲས་བུར་གྱུར་པ་ཉུང་ཤས་འགའ་ཞིག་དག་ནི་ཕྲོགས་ནས་འོངས་པར་གྱུར་པ་བཞིན།།

༣༣

གང་དུ་བཞད་རྣམས་མྱོས་པའི་གདངས་སྙན་ཆེ་བར་སྒྲོག་ཅིང་ཡིད་འོང་སྒྲ་ནི་གསལ་བར་བྱེད།།

ཉི་གཞོན་གྱིས་རྒྱས་ཆུ་སྐྱེས་དྲི་བཟང་དགའ་བསྐྱེད་བསྐ་བའི་རོ་ལྡན་ཡིད་དུ་འོང་གྱུར་ཅིང་།།

ཆུ་ཐིགས་ཀྱིས་བྲན་དྲི་བཞོན་བུད་མེད་ཆགས་གཟིར་གདུང་བ་འཕྲོག་བྱེད་ལུས་ཀྱི་རྗེས་མཐུན་པ།།

བདག་པོ་མཆོག་ནི་འདོད་དོན་གཉེར་བར་བྱེད་ལ་སྙན་པར་སྒྲོག་ཅིང་དགའ་བར་བྱེད་པ་བཞིན།།

༣༤

དེ་ཡི་ནོར་ལྡན་ཁང་བ་རྣམས་ན་ལན་བུ་སྤོས་ཀྱིས་བདུགས་པའི་དྲི་བཟང་དྲ་བ་ནས།།

ཐོན་པས་ཁྱོད་ལུས་ཆེར་འགྱུར་ཁྱིམ་གྱི་གཙུག་ཕུད་ཅན་ནི་དགའ་བའི་གཉེན་མཐོང་གར་གྱིས་ནི།།

མཆོད་འབུལ་ཆུ་སྐྱེས་དྲི་བཟང་ལྡན་པ་བུད་མེད་རོལ་སྒེག་ལྡན་པའི་རྐང་བའི་ཚོན་རྣམས་ཀྱིས།།

མཚན་པ་རྣམས་ཀྱི་དབུས་སུ་ལམ་གྱིས་དུབ་པར་གྱུར་པའི་རང་ཉིད་སྡུག་བསྔལ་བསལ་བར་བྱ།།

༣༥

ཡང་ནི་སྲིད་པ་གསུམ་གྱི་བླ་མ་དཔལ་མགྲིན་གནས་སུ་བསོད་ནམས་ལྡན་ཁྱོད་བགྲོད་པར་བྱ།།

འཁོར་གྱི་ཚོགས་ཀྱིས་ཁྱབ་བདག་མགྲིན་འོད་མཚུངས་བཞིན་ཞེས་ནི་གུས་དང་བཅས་པས་ལྟ་བར་བྱེད།།

ཡིད་འོང་དྲི་ལྡན་ཆུ་ལ་ལང་ཚོ་མ་རྣམས་རོལ་སྒེག་ཁྲུས་ནི་བྱེད་པའི་དྲི་ལྡང་ཞིང་།།

ཨུཏྤལ་གེ་སར་ལྡན་པའི་དྲི་རྣམས་ཀྱིས་བསྒོས་རླུང་གིས་སྐྱེད་ཚལ་གཡོ་བར་བྱེད་པ་ཡོད།།

༣༦

ཀྭ་ཡེ་ཆུ་འཛིན་ནག་པོ་ཆེན་པོའི་གནས་སུ་བགྲོད་ནས་ཉིན་ཞག་གཞན་པའི་དུས་ལ་ཡང་།།

ཉིན་མོར་བྱེད་པ་འདྲེན་བྱེད་ཡུལ་དུ་འོངས་པར་གྱུར་གྱི་བར་དུ་ཁྱོད་ནི་གནས་པར་མཛོད།།

རྩེ་གསུམ་ཅན་ལ་ཐུན་མཚམས་ལ་ནི་གཏོར་མ་རྔ་ཆེན་བསྒྲགས་ཤིང་བསྟོད་དབྱངས་བྱེད་པ་བཞིན།།

ཁྱོད་ཀྱིས་འབྲུག་དབྱངས་བསྒྲགས་ཚེ་མ་ཚང་མེད་པའི་འབྲས་བུ་ཐོབ་པས་ཀུན་གྱི་དོན་ཡང་བྱེད།།

༣༧

དེ་ནས་རྐང་བ་བཀོད་པར་གྱུར་ཚེ་འོག་པག་དག་ལས་སིལ་སིལ་སྙན་པའི་སྒྲ་འབྱུང་ཞིང་།།

རོལ་སྒེག་གཡོ་བའི་རིན་ཆེན་འོད་འཕྲོས་ལུས་མཛེས་རྔ་ཡབ་འཛིན་པའི་ངལ་བའི་ལག་པ་ཅན།།

ཚོགས་ཀྱི་མཛེས་མ་སེན་རྗེས་གསར་བས་གདུངས་ལ་ཁྱོད་ལས་ཆར་ཐིགས་ཐོབ་ན་ཚིམ་བྱེད་པ།།

ཁྱོད་ལ་སྦྲང་རྩི་བྱེད་པའི་ཕྲེང་བ་བཞིན་དུ་གཡོ་བའི་ཟུར་མིག་རིང་བ་དག་གིས་བལྟ་བར་འགྱུར།།

༣༨

ཕྱུགས་བདག་གླང་ཆེན་ལྤགས་རློན་འདོད་བཞིན་གྱོན་ནས་གར་ནི་རྩོམ་པ་འཕྲོགས་པར་གྱུར་པ་བཞིན།།

ཁྱོད་འོངས་སྔ་དྲོའི་ཐུན་མཚམས་ཉི་གཞོན་དམར་བའི་འོད་ཀྱིས་དམར་བའི་ཆུ་སྐྱེས་འཛིན་བྱེད་ཅིང་།།

རྒྱབ་ནས་མཐོ་བའི་ལག་པ་ཟླུམ་པོའི་ནགས་ཀྱི་ཤིང་ཆེན་དག་གིས་བརྒྱངས་ནས་འཛིན་ཅིང་གནས།།

ཞི་བའི་ཆར་རྒྱུན་འབབ་ཚེ་རི་ཡི་སྲས་མོས་གཡོ་མེད་མིག་གིས་གུས་པས་ལྟ་བར་བྱེད།།

༣༩

དེ་ན་བདག་པོའི་གནས་སུ་མཆོག་གི་བཙུན་མོ་རྣམས་ནི་རབ་དགའ་སྙེག་པར་བྱེད་པ་ན།།

མཚན་མོའི་མུན་པ་སྟུག་པོ་རྣམས་ཀྱིས་མི་ཡི་བདག་པོའི་ལམ་གྱི་སྣང་བ་འགོག་བྱེད་པས།།

ཁྱོད་ཀྱི་གློག་འོད་གསེར་མདོག་འོད་ཀྱིས་སྣང་བས་ས་གཞིའི་ལམ་ནི་ཀུན་ནས་བསྟན་པར་མཛོད།།

ཆུ་ཆར་འབྲུག་དབྱངས་སྒྲ་ཆེན་མང་བོ་མ་བྱེད་མཛེས་མ་དེ་རྣམས་སྐྲག་ཅིང་འཆི་བར་འགྱུར།།

༤༠

དེ་རྣམས་ཀྱིས་ནི་ཁང་བཟང་ཕུག་རོན་ཉལ་ས་སྟེང་གི་རྒྱ་ཕིབས་འགའ་ཞིག་དག་ཏུ་ནི།།

ཡུན་རིང་འོངས་ལས་དུབ་པའི་རང་གི་དགའ་མ་གློག་མའི་དོན་དུ་མཚན་མོ་གནས་བྱས་ནས།།

ཉི་མ་མཐོང་ཚེ་ཁྱོད་ནི་སླར་ཡང་ལྷག་མའི་ལམ་དག་ཤིན་ཏུ་མགྱོགས་པར་བགྲོད་པར་བྱ།།

གང་ཕྱིར་སྙིང་གྲོགས་དག་གི་དོན་དུ་འབད་པ་བྱས་པ་ངེས་པར་བྱ་བ་བྱས་པ་ཉིད།།

༤༡

དེ་ཡི་དུས་སུ་ཉིན་མོར་བྱེད་པའི་ལམ་ནི་དོར་ནས་དེ་ནས་མྱུར་དུ་འགྲོ་བར་བྱ།།

འོད་ཟེར་རབ་ཏུ་འཕྲོ་བ་བསྒྲིབས་ན་ཁྲོ་བ་ཆུང་བ་མིན་པ་ཁྱོད་ལ་བྱེད་པར་འགྱུར།།

མཚན་མོ་བདག་པོ་སོང་བའི་བུད་མེད་མིག་གི་མཆི་མ་སེལ་ལ་བདག་པོ་འོང་བ་བཞིན།།

པདྨོའི་ཡུམ་གྱི་ཆུ་སྐྱེས་གདོང་གི་མིག་ཆུ་དེ་ཡང་རབ་ཏུ་སེལ་བ་བྱེད་པར་འགྱུར།།

༤༢

རབ་ཏུ་དང་བའི་སེམས་བཞིན་ཤིན་ཏུ་ཟབ་མོ་དང་ལྡན་མཚོ་ཡི་ཆུ་ཡི་ནང་དུ་ནི།།

ཁྱོད་ཀྱི་གཟུགས་བརྙན་ཡང་ནི་རང་བཞིན་སྐལ་བ་བཟང་བོ་བདག་ཉིད་འཆར་བ་ཐོབ་པར་འགྱུར།།

དེ་སླད་དེ་ཡི་ཀུ་མུ་ཏ་ནི་དཀར་བོ་རྣམས་ཀྱིས་ཁྱོད་ལ་བཀུར་སྟི་བསྙེན་བཀུར་བྱེད།།

བརྟགས་པས་དོན་ཡོད་བྱ་བའི་ཆེད་དུ་གཡོ་ལྡན་ཉ་རྣམས་གྱེན་དུ་འཕར་ཞིང་ལྟ་བར་བྱེད།།

༤༣

དེ་ཡི་ཆུ་གོས་སྔོན་པོས་ཆུ་ཡི་ངོགས་ཀྱི་ཚིང་ར་འཕྲོགས་པར་བྱས་ནས་སྤངས་པ་ན།།

མ་འཕྲོག་ཅེས་ནི་ཤིང་ཆེན་ཡལ་གའི་ལག་པ་དག་གིས་དབུས་སུ་ཅུང་ཟད་འཛིན་པ་བཞིན།།

ཀྭ་ཡེ་གྲོགས་པོ་ཆུ་འཐུང་ལྟོ་ཁེངས་འགྱེད་རྗེན་འགྲོ་བར་ནུས་པ་ཡང་ནི་ཇི་ལྟར་ཡིན།།

མཛེས་པའི(མའི)་མདུན་སྒྲོམ་མཛེས་པའི་བྲོ་བ་ཤེས་ན་ཇི་ལྟར་འདོར་བའི་ནུས་པ་ཡོད་པ་ཡིན།།

༤༤

ཁྱོད་ནི་དེ་བའི་རི་ལས་ཉེ་བར་འགྲོ་ཚེ་དལ་བུ་དལ་བུའི་རླུང་ནི་ལྡང་འགྱུར་ཞིང་།།

བསིལ་བའི་རླུང་གིས་བསྒོས་པའི་ཨུ་དུམ་ཝ་རའི་ནགས་ཀྱི་འབྲས་བུ་འཆང་ཞིང་རོལ་རྩེད་བྱེད།།

ཁྱོད་ཀྱིས་ཆར་ཆེན་ཕབ་པས་ནོར་འཛིན་མ་ཡི་དྲི་དང་རླངས་པ་གཙང་མ་ཚོགས་པ་ནི།།

སོ་ལྡན་རྣམས་ཀྱིས་སྣ་ཡིས་རྔུབ་ཅིང་བུ་གའི་ནང་དུ་སྐལ་བཟང་གླུ་དབྱངས་སྒྲོག་པར་བྱེད།།

༤༥

དེར་ནི་སྐྱེ་མཆེད་ཉི་མ་ལས་ལྷག་གཟི་ལྡན་སྲེག་ཟ་ལས་སྐྱེས་སོན་དུ་ཕྱོགས་པ་ཅན།།

གཙུག་ན་ཟླ་བའི་རིན་ཆེན་མང་གི་དམག་ཚོགས་བསྲུང་བའི་དོན་དུ་བསྐོས་པ་དེ་ནི་གནས།།

ཁྱོད་ཀྱིས་མཁའ་ཡི་གངྒཱའི་ཆུ་ལས་སྤྲིན་གྱི་མེ་ཏོག་གཤེར་བ་མང་བོ་རྣམས་ཀྱིས་ནི།།

མེ་ཏོག་གྲུ་ཆར་བདག་ཉིད་ཕབ་པ་རྣམས་ཀྱིས་གང་ཞིག་དེ་ནི་ཁྲུས་ནི་བྱེད་པར་འགྱུར།།

༤༦

གཙུག་ཕུད་ལྡན་དེ་ཆུ་འཐུངས་དགའ་བས་ཕྱིན་ནས་རི་གཟུང་སྙན་པའི་སྒྲ་སྒྲོགས་གར་དག་བྱེད།།

མིག་ཟུར་དཀར་བའི་ཟེར་གྱིས་འཕྲོག་བྱེད་གཙུག་གི་ཟླ་བའི་འོད་ཀྱི་ཟེར་ནི་སྐྱེངས་བྱེད་ཅིང་།།

གང་གི་ཆེ་བའི་མཇུག་སྒྲོ་མདོངས་འོད་ཚོན་རྩིས་བྲིས་བཞིན་མཛེས་པ་ལྷུང་བ་འོང་གྱུར་པ།།

ཨུ་མས་སྲས་ནི་དགའ་བར་བྱེད་པ་ཆུ་སྐྱེས་འདབ་མ་བཞིན་དུ་རྣ་བར་བྱེད་པ་ཡོད།།

༤༧

སྨྱིག་མའི(འདམ་བུའི)ཚལ་ནས་སྐྱེས་པའི་ལྷ་དེ་ཡང་དག་མཆོད་ནས་སླར་ཡང་ལམ་ནི་བརྒལ་བར་མཛོད།།

གྲུབ་པའི་ཁྱོ་ཤུག་དག་གི་ལག་པའི་པི་ཝང་ཆུ་ཐིགས་བརླན་ལ་འཇིགས་པས་ལམ་ནི་སྟེར།།

ཁྱོད་ཀྱིས་མཐོང་བར་འགྱུར་བའི་ས་བདག་དགའ་བའི་ལྷ་ཡི་སྲས་པོ་ཆུ་གཏེར་གཟུགས་འཛིན་ནི།།

ས་ཡི་གཞི་ལ་བྱུང་ཞིང་ལྟུང་བ་འདོད་འཇོའི་བུ་མོས་འོངས་ནས་མཆོད་པ་བྱེད་པར་འགྱུར།།

༤༨

ཁྱོད་ཀྱི་དེ་ཡི་རླབས་ལྡན་མཚོ་ཡི་ཆུ་འཐུང་འོངས་པའི་ཚེ་ན་ཐག་རིང་མཐུ་ལས་ནི།།

ཆེན་པོ་ཡིན་ཡང་ཕྲ་མོ་དང་ནི་སྦྲང་རྩིའི་བུ་ཡི་ཁ་དོག་བསྐུས་པར་གྱུར་པ་དང་།།

ཆེན་པོའི་ས་ལ་ཨིན་དྲ་ནཱི་ལ་མུ་ཏིག་དོ་ཤལ་དག་ནི་གཅིག་ཏུ་བཀོད་པ་བཞིན།།

མཁའ་ལ་བགྲོད་པ་རྣམས་ཀྱི་མིག་རྣམས་དག་གིས་འོག་ཏུ་བལྟ་ཞིང་ངེས་པར་མཐོང་བར་འགྱུར།།

༤༩

དེ་རྣམས་བརྒལ་ནས་བགྲོད་ཚེ་སྨིན་མ་འཁྲི་ཤིང་གཞོན་ནུ་རོལ་བ་རྣམས་ཀྱིས་མཛེས་པ་ཅན།།

དཀར་ནག་འོད་ཟེར་དང་ལྡན་རྣམས་ཀྱི་རྫི་མ་སྟེང་དུ་བསྐྱོད་པར་གྱུར་པའི་མཛེས་པ་དག།

ཀུན་དའི་མེ་ཏོག་གཡོ་བའི་རྗེས་འགྲོ་སྦྲང་རྩི་བྱེད་པའི་དཔལ་གྱིས་མཛེས་པ་བཞིན་དུ་ནི།།

མཛེས་ལྡན་ད་ཤ་ཞེས་པའི་གྲོང་ཁྱེར་ན་ཆུང་མིག་གིས་བལྟ་འདོད་ལ་ནི་རང་ལུས་བསྟན་པར་མཛོད།།

༥༠

དང་བོར་ཚངས་པ་འཇུག་པ་ཞེས་བྱའི་ལྗོངས་ལ་ཁྱོད་ནི་བགྲོད་བྱ་འོག་ཏུ་སྒྲིབ་བསིལ་བྱ།།

དེ་ནས་རྒྱལ་རིགས་བཅོམ་པའི་དུར་ལྡན་ཀུ་རུ་པ་ཡི་ཞིང་ནི་ཁྱོད་ཀྱིས་བསྟེན་པར་བྱ།།

གང་དུ་སྲིད་སྒྲུབ་མདའ་རྣོན་བརྒྱ་ཕྲག་དག་གིས་རྒྱལ་རིགས་མང་བོའི་མགོ་བོ་བཅད་པ་ནི།།

ཁྱོད་ཀྱིས་གྲུ་ཆར་ཆེན་པོ་རབ་ཏུ་མང་བོ་ཕབ་པས་པདྨ་རྣམས་ནི་ཆད་པ་བཞིན།།

༥༡

མྱོས་པར་བྱེད་པའི་རོ་ལྡན་དགའ་མ་སྣར་མའི་མིག་གིས་མཚན་པའི་ཆང་ནི་སྤང་བྱས་ནས།།

རང་གི་གཉེན་ལ་དགའ་བར་གྱུར་པར་གཡུལ་ལས་ཕྱིར་ཕྱོགས་སྟོབས་བཟང་གང་དེ་བལྟ་བར་བྱ།།

ཀྭ་ཡེ་ཞི་ལྡན་སཱ་ར་སྭ་ཏིའི་ཆུ་ལ་མངོན་པར་ཕྱོགས་ཚེ་ཁྱོད་ཀྱིས་འཐུང་བྱས་ནས།།

ལུས་ཀྱི་ཁ་དོག་དག་ནི་ནག་པོར་འགྱུར་ཞིང་ནང་གི་བསམ་པ་ཡང་ནི་དཀར་བ་ཉིད།།

༥༢

དེ་ནས་བགྲོད་པའི་ཕྱི་ན་ས་ཀ་ལ་ཡི་གྲོང་ཡོད་ཛ་ཧཱུའི་བུ་མོ་རི་རྒྱལ་གྱི།།

ངོས་ལ་བགྲོད་པ་དུག་ཅན་རྒྱལ་བོའི་བུ་ནི་མཐོ་རིས་དེ་ཡི་ཐེམ་སྐས་བགྲོད་པ་བཞིན།།

གང་གི་དབུ་བའི་ཕྲེང་བ་རྣམས་ཀྱིས་གཽ་རཱིའི་ཞལ་གྱི་ཁྲོ་གཉེར་རྣམས་ལ་རྒོད་པ་བཞིན།།

བདེ་འབྱུང་སྐྲ་ནས་རླབས་ཀྱི་ལག་པ་དག་གིས་བཟུང་ནས་ཟླ་ཕྱེད་འཕྲོག་པར་བྱེད་པ་བཞིན།།

༥༣

ཁྱོད་ནི་གལ་ཏེ་ཆུ་འཐུངས་བསམས་ན་ལུས་ཕྱེད་ཕྱི་མ་མཁའ་ལས་འཕྱང་བ་ནི།།

ལྷ་ཡི་གླང་བོ་བཞིན་ཏེ་ཆུ་དེ་དྭངས་ཤིང་དྲི་མེད་དཀར་བའི་ཤེལ་བཞིན་སྣང་བ་ཉིད།།

ཆུ་བོ་དེ་ལ་ཁྱོད་ཀྱི་གྲིབ་མ་བབས་པས་འཕྲལ་ལ་ཡང་དག་འབྱུང་འགྱུར་མཛེས་པ་ནི།།

ཡ་མུ་ན་ཡི་ཆུ་དང་གངྒཱ་འགྲོགས་པའི་མཛེས་པ་ལས་འོངས་གྱུར་ལ་གནས་མ་ཡིན།།

༥༤

རྡོ་ལེབ་སྟེང་དུ་རི་དྭགས་གནས་པའི་རི་དྭགས་ལྟེ་བའི་དྲི་བཟང་འཛིན་པའི་རྡོ་ལྡན་ཞིང་།།

གངྒཱ་ཉིད་ཀྱི་ཡབ་གྱུར་ཁ་བས་དཀར་བའི་གཡོ་མེད་གངས་ལྡན་དེ་ཉིད་ཐོབ་བྱས་ནས།།

ལམ་གྱི་ངལ་བ་རྣམ་པར་སེལ་བའི་ཆེད་དུ་དེ་ཡི་རྩེ་ལ་སླེབས་ནས་འདུག་པ་ཡི།།

མཛེས་པ་མིག་གསུམ་པ་ཡི་བཞོན་པ་དཀར་བའི་ཁྱུ་མཆོག་རྭ་ཡིས་འདམ་ནི་བླངས་པ་བཞིན།།

༥༥

དེ་ལ་གལ་ཏེ་རླུང་གིས་རབ་བསྐྱོད་ཐང་ཤིང་ལག་པ་ཀུན་ཏུ་འཐབས་པ་ལས་བྱུང་བའི།།

མེ་ཡི་དུགས་དང་མེ་སྟག་དག་གིས་འབྲོང་གི་དགའ་མའི་སྤུ་ཚོགས་མང་བོ་སྲེག་བྱེད་ན།།

ཁྱོད་ཀྱིས་དེ་རྣམས་ཞི་བའི་ཆེད་དུ་ཆུ་འཛིན་སྟོང་ཕྲག་མང་བོ་ཆར་ནི་བྱ་བར་འོས།།

གང་ཕྱིར་ཆེན་པོ་རྣམས་ཀྱི་ཕུན་ཚོགས་འབྲས་བུ་མང་བོའི་སྡུག་བསྔལ་ཞི་བར་བྱེད་པ་ཉིད།།

༥༦

དེར་ནི་ཁྱོད་ཀྱིས་སྒྲ་ཆེན་བསྒྲགས་ལ་མ་བཟོད་ཆེ་བའི་དྲེགས་པ་ཀུན་ཏུ་ལྡན་པའི་རྐང་བརྒྱད་པ།།

ཁྱོད་ཀྱི་སྟེང་དུ་མཆོང་བར་བྱའོ་སྙམ་ནས་མཆོངས་པས་རང་གི་ཡན་ལག་ཀུན་ཏུ་རྨས།།

དེ་རྣམས་དག་ལ་རབ་ཏུ་བཞད་ལྡན་ཐོག་སེར་ཆར་བ་དྲག་ཕབ་མང་བོས་གཞོམ་པར་མཛོད།།

རང་བཞིན་ངན་པར་གནས་པ་དག་གི་འབྲས་མེད་རྩོམ་པའི་འབད་པ་རྣམས་ནི་ཅི་ཡང་མེད།།

༥༧

དེར་ནི་ཆེ་ཞིང་གསལ་བའི་རྡོ་ལ་གཙུག་ན་ཟླ་ཕྱེད་འཛིན་པའི་རྐང་བཀོད་རྗེས་ལ་ནི།།

རྟག་ཏུ་གྲུབ་པ་རྣམས་ཀྱིས་གཏོར་མ་མཆོད་དེ་ཁྱོད་ཀྱིས་གུས་པའི་ཕྱག་དང་བསྐོར་བ་མཛོད།།

གང་ཞིག་མཐོང་ན་བྱེད་པས་བྱས་པའི་སྡིག་པ་རྣམས་ནི་ཤིན་ཏུ་རིང་བོར་འདོར་བྱེད་ཅིང་།།

གུས་པ་འཛིན་པ་རྣམས་ནི་དེ་ཡི་འཁོར་དུ་གནས་པ་ཐོབ་བྱེད་བརྟན་པ་ཐོབ་པར་འགྱུར།།

༥༨

དྲི་ཞིམ་རྣམས་ཀྱིས་ཁེངས་པར་གྱུར་བའི་ཁང་བ་ནང་ནས་སྙན་པའི་ཡིད་འོང་སྒྲ་འབྱུང་ཞིང་།།

མི་འམ་ཅི་མོ་རྣམས་ཀྱིས་གྲོང་ཁྱེར་གསུམ་རྒྱལ་འགྱུར་ལས་ཡང་དག་དགའ་བའི་གླུ་དབྱངས་སྒྲོགས།།

རྔ་ཟླུམ་སྙན་པའི་སྒྲ་བཞིན་གལ་ཏེ་ཁྱོད་ཀྱིས་རྡོ་ཡི་གཙུག་ལག་ཁང་དེར་སྒྲ་སྙན་ནི།།

བསྒྲགས་པར་གྱུར་ན་ངེས་པར་ཕྱུག་བདག་དྲུང་དུ་གསུམ་འདུས་དབྱངས་སྙན་དོན་གྱི་ཚོགས་པ་འབྱུང་།།

༥༩

གངས་ཀྱི་རི་ལ་ཉེ་བའི་ཐང་ལ་རྐང་བ་བསྐྱོད་ཚེ་དེ་དང་དེ་ཡི་ཁྱད་པར་ལ།།

ཀྲོོ་ཉུའི་རི་ཡི་ལམ་ལ་རབ་གྲགས་བྷྲི་གུའི་བདག་པོའི་མདའ་ཕུག་ངང་བའི་སྒོ་ཅན་ཡོད།།

དེ་ནས་གནོད་སྦྱིན་ཕྱོགས་སུ་ཁྱོད་ནི་རྗེས་སུ་འགྲོ་ཚེ་འཁྱོག་པོར་འགྲོ་བའི་མཛེས་པ་ནི།།

སྟོབས་ལྡན་སླུ་བའི་ཆེད་དུ་ཁྱབ་འཇུག་ས་འཇལ་རྐང་བ་སྔོ་བསངས་ཡང་དག་བཀོད་པ་བཞིན།།

༦༠

མགྲིན་བཅུའི་ལག་པས་བསྐྱོད་བྱ་རི་ངོས་སྤུངས་པ་དང་ལྡན་ཤེལ་གྱི་ཀེེ་ལ་ཤ་ཡི་རི།།

སྐབས་གསུམ་མཛེས་པའི(མའི)་གདོང་གི་མེ་ལོང་བསྟན་བྱའི་སྟེང་དུའང་སོང་སྟེ་ཅུང་ཟད་གནས་པར་བྱ།།

གང་གི་རྩེ་མོ་ཤིན་ཏུ་མཐོ་བ་ཀུ་མུ་ཏ་ལྟར་མཁའ་ལ་ཁྱབ་པར་གནས་པ་ནི།།

མིག་གསུམ་པ་ཡི་རབ་ཏུ་བགད་པ་ཕྱོགས་བཅུ་དག་ནས་གཅིག་ཏུ་སྤུངས་པར་གྱུར་པ་བཞིན།།

༦༡

དེ་ཡི་རི་ངོས་དག་ལ་ཁྱོད་ནི་འགྲོ་ཚེ་སྣུམ་པའི་མིག་སྨན་དག་དང་མཚུངས་པ་དང་།།

དེ་ནི་གཉིས་འཐུངས་སོ་ནི་འབྲས་ལ་བཅད་པར་བྱས་པ་ལྟ་བུར་དཀར་ཞིང་མཛེས་པ་སྟེ།།

མཛེས་པའི་རི་བོ་ལ་ནི་གཡོ་བ་མེད་པའི་མིག་གིས་བལྟ་བྱ་ཉིད་དུ་འགྱུར་བ་དང་།།

སྟོབས་ལྡན་དཀར་བའི་དཔུང་བ་དག་ལ་གོས་སྔོན་བཀོད་པར་གྱུར་བཞིན་འབྱུང་བ་བདག་གིས་ཤེས།།

༦༢

དེར་ནི་བདེ་འབྱུང་སྤྲུལ་གྱི་གདུ་བུ་དོར་ནས་གོོ་རཱིའི་ལག་པ་དག་ལ་འཛིན་བྱེད་ཅིང་།།

གལ་ཏེ་ཡང་ནི་རོལ་རྩེད་ཆེད་དུ་ཞབས་ཀྱིས་འགྲོ་བས་རི་ལ་དེ་དག་དལ་འགྲོ་ན།།

ཁྱོད་བགྲོད་ལུས་ནི་འཁྱོག་པོར་འགྲོ་ཞིང་ནང་ན་གནས་པའི་རྩ་ཆེན་དག་ནི་སྤང་བྱ་ཞིང་།།

སྐམས་པར་བྱས་ནས་སྟེང་དུ་འགྲོ་བ་རྣམས་ལ་རྐང་བའི་བདེ་བ་རེག་པར་བྱ་བ་མཛོད།།

༦༣

རིགས་གནས་དེར་ནི་ཁྱོད་ཀྱིས་ཆུ་རྣམས་སྐྱུགས་པར་བྱས་པས་ངེས་པར་ནང་ན་མེད་པ་ན།།

ལྷ་ཡི་ན་ཆུང་རྣམས་ཀྱིས་ཁྱོད་ནི་འཕྲུལ་འཁོར་གྱིས་བཟུང་ཁང་བཟང་ནང་དུ་འཁྱེར་བར་བྱེད།།

ཀྭ་ཡེ་གྲོགས་བཟང་ཚ་བས་གདུངས་པ་དེ་རྣམས་ཆེད་དུ་གལ་ཏེ་ཁྱོད་ནི་མི་གཏོང་ན།།

རོལ་སྒེག་གཡོ་བའི་མཛེས་མ་དེ་རྣམས་རྣ་བར་རྩུབ་པའི་སྒྲ་ཆེན་བསྒྲགས་པས་འཇིགས་པར་བྱ།།

༦༤

ཆུ་ཐིགས་དག་གིས་བྲན་པ་དང་ལྡན་དྲི་བཞོན་གྱིས་བསྐྱོད་དཔག་བསམ་ཤིང་ལ་གཡོ་བཞིན་དུ།།

ཁྱོད་ཀྱི་གྲིབ་འོད་ཤེལ་ལྟར་དཀར་བའི་གོས་ཀྱིས་རི་དབང་དེ་ནི་ཡོངས་སུ་གཡོགས་བྱ་ཞིང་།།

ཡིད་འོང་ཆུ་བོ་བཞི་ཡི་རྒྱུན་ནི་གསེར་གྱི་ཆུ་སྐྱེས་གསར་བ་ལྟར་དེའང་འཐུང་བ་དང་།།

ས་སྲུང་བུ་ཡི་གདོང་བའི་གོས་ནི་ཅི་འདོད་སྤྱད་ཅིང་དགའ་བའང་སྐད་ཅིག་བྱ་བར་མཛོད།།

༦༥

ཀྭ་ཡེ་འདོད་བཞིན་རྒྱུ་བྱེད་ཁྱོད་ནི་དེ་ལས་རྒལ་ཚེ་ལྕང་ལོ་ལྡན་མ་ཤེས་པར་འགྱུར།།

སླར་ཡང་རི་དེ་གཡོ་ལྡན་གངྒཱའི་ཆུ་གོས་ལྡན་མའི་བདག་པོ་བཞིན་དུ་མི་མཐོང་མིན།།

མཐོང་བའི་གཞལ་མེད་ཁང་སྟེང་ཆར་སྤྲིན་ཆེ་ལས་ཁྱོད་ཀྱིས་ཆུ་བྱས་སྐྱུགས་བྱས་དུས་སུ་ནི།།

གང་ཞིག་འདོད་ལྡན་མ་ནི་ལན་བུ་མུ་ཏིག་དྲ་བས་བསྒྲིགས་པའི་ཕྲེང་བ་ལྡན་པ་བཞིན།།

༦༦

ཁྱོད་ལ་གློག་འོད་ལྡན་བཞིན་སྒེག་པའི་མཛེས་མ་དང་ལྡན་དབང་བོའི་གཞུ་བཞིན་བཀྲ་བར་ལྡན།།

སྙན་པའི་དབྱངས་ནི་ཟབ་པ་བཞིན་དུ་གླུ་དབྱངས་དག་དང་རོལ་མོའི་དབྱངས་སྙན་རྣམས་དང་ལྡན།།

ཆུ་ཡི་སྙིང་བོ་ཅན་བཞིན་ས་གཞི་ནོར་བུའི་རང་བཞིན་མཐོ་བཞིན་རྩེ་མོ་མཁའ་ལ་རེག།

གང་དུ་ཁྱད་པར་དེ་རྣམས་ཀྱིས་ནི་ཁྱོད་དང་ཁང་བཟང་མཚུངས་པའི་ཆེད་དུ་ནུས་པར་ལྡན།།

༦༧

གང་དུ་ན་ཆུང་རྣམས་ནི་ལག་པད་མཛེས་ཤིང་ལན་བུའི་ཀུན་ད་གཞོན་ནུའི་སྐྲ་ནི་འཆིང་།།

གདོང་གི་ཆུ་སྐྱེས་འཛུམ་ཞིང་དཀར་བའི་གེ་སར་དཔལ་ནི་གསར་བ་དག་གིས་མཛེས་བྱས་ཤིང་།།

གཙུག་ཕུད་ཀུ་རུ་བ་ཀའི་མེ་ཏོག་ཞགས་པས་བཅིངས་པ་མཛེས་ཤིང་རྣ་བར་ཨུཏྤལ་ཅན།།

སྐྲ་མཚམས་བཀྲ་བའི་མེ་ཏོག་དག་དང་ལྡན་པའང་ཁྱོད་ནི་ཉེ་བར་འོངས་ལས་སྐྱེས་པ་ཡིན།།

༦༨

གང་གི་དཀར་བོའི་ནོར་བུ་དང་ལྡན་རིན་ཆེན་འོད་ཀྱིས་ཁྱབ་པ་ཆུ་སྐྱེས་ལྟར་མཛེས་པའི།།

ཡང་ཐོག་གཞི་ལ་གནོད་སྦྱིན་རྣམས་ནི་མཆོག་གི་དགའ་མ་དང་བཅས་ཡང་དག་གནས་བྱས་ནས།།

དཔག་བསམ་ཤིང་ལས་རབ་ཏུ་འཁྲུངས་པའི་དགའ་མའི་རོ་ལྡན་ཆང་ནི་ཀུན་ཏུ་འཐུང་བྱེད་ཅིང་།།

དལ་བུ་རྣམས་ཀྱིས་རྔ་རྣམས་ལ་ནི་བརྡུངས་པ་ཁྱོད་ཀྱི་འབྲུག་སྒྲ་ཟབ་པའི་དབྱངས་སྙན་བཞིན།།

༦༩

གང་དུ་རབ་བགྲོད་ཆེས་ཆེར་འདར་བས་ལན་བུ་ལྷུང་ཞིང་མནྡ་ར་བའི་མེ་ཏོག་ནི།།

མཚན་པར་གྱུར་ཅིང་རྣ་བའི་རྒྱན་གྱུར་རབ་མཛེས་གསེར་གྱི་མེ་ཏོག་ལྷུང་བར་གྱུར་པ་དང་།།

ནུ་རྒྱས་མུ་ཏིག་དྲ་བས་མཚར་བར་གྱུར་ཅིང་དོ་ཤལ་སྲད་བུ་ཆད་པར་གྱུར་པ་ཡིས།།

འདོད་ལྡན་མ་རྣམས་མཚན་མོ་ལམ་དུ་འགྲོ་ལ་བྱུང་བ་འོད་ལྡན་ཤར་ཚེ་གསལ་བར་བྱེད།།

༧༠

གང་དུ་ཆགས་པས་གནོད་སྦྱིན་བུད་མེད་རྣམས་ཀྱི་འོག་པག་བཅིངས་པ་འགྲོལ་ཞིང་གོས་དག་ནི།།

བསལ་ལ་མཛའ་བོ་རྣམས་ལ་འདོད་མས་འདར་བར་གྱུར་ཅིང་གཡོ་བའི་ལག་པ་འཕེན་པ་ན།།

མཆོག་ཏུ་ཆེ་བའི་འོད་ཟེར་དང་ལྡན་རིན་ཆེན་མར་མེ་མངོན་དུ་གནས་པ་མཐོང་བྱས་ནས།།

ངོ་ཚས་རྨོངས་པ་རྣམས་ཀྱི་ལག་པ་དག་གིས་ཕྱེ་མ་གཏོར་བར་གྱུར་པ་འབྲས་མེད་འགྱུར།།

༧༡

གང་དུ་ཆུ་འཛིན་ས་སྟེང་གནས་རྣམས་འདྲེན་བྱེད་རྟག་འགྲོས་གཞལ་མེད་ཁང་ནང་དེད་པ་ན།།

གང་ཞིང་རང་གི་ཆུ་ཐིགས་དག་གིས་བཀྲ་བའི་རི་མོ་རྣམས་ལ་འཕྲལ་དུ་སྐྱོན་བྱུང་ནས།།

ངོ་ཚ་རེག་པ་བཞིན་དུ་ཁྱོད་འདྲ་དུམ་བུ་དུམ་བུ་དག་ཏུ་འཐོན་པར་བྱེད་པ་ནི།།

དྲ་མིག་རྣམས་ཀྱི་ནང་ནས་དུ་བ་ཞུགས་པ་འཐོན་པ་རྣམས་ཀྱི་རྗེས་སུ་བྱེད་པ་བཞིན།།

༧༢

གང་དུ་བུད་མེད་རྣམས་ཀྱི་བདག་པོ་མཆོག་གིས་ཀུན་ནས་འཁྱུད་པ་རྣམས་ནི་བཏང་བ་ན།།

ལུས་ནི་ཀུན་ནས་གདུང་བར་བྱེད་ལ་ཟླ་བ་ཆུ་ཤེལ་སྲད་བུས་དྲ་བ་འཕྱང་བ་ཅན།།

ཁྱོད་ཀྱིས་བསྒྲིབས་པ་མེད་ཅིང་དཀར་བའི་ཟླ་བའི་འོད་རྣམས་གསལ་བར་མཐོང་བར་གྱུར་པ་ན།།

ཆུ་ཐིགས་འབབ་པ་ཀུན་ནས་བྱུགས་པས་ཞི་བར་བྱེད་ཅིང་མཆོག་ཏུ་དགའ་བ་སྐྱེད་པ་ཉིད།།

༧༣

གང་དུ་གནོད་སྦྱིན་བདག་པོའི་གྲོགས་བཟང་ལྷ་ཉིད་མངོན་སུམ་ཉིད་དུ་གནས་པ་ཤེས་བྱས་ནས།།

འཇིགས་པ་མང་ལས་ཡིད་སྲུབས་གཞུ་ནི་རྐུང་དྲུག་པ་ཡི་གཞུ་རྒྱུད་ཅན་དེ་དོར་བས་ཆོག།

བདག་པོའི་འབེན་ལ་མཛེས་མའི་སྨིན་མ་འཁྱོག་པའི་གཞུ་ལ་ཟུར་མིག་གཡོ་བ་དག་གི་མདའ།།

རོལ་སྒེག་གཡོ་བ་རྩོམ་པར་བྱེད་པ་ཉིད་ཀྱིས་དེ་ཡི་འབྲས་བུ་ངེས་པར་གྲུབ་པ་ཉིད།།

༧༤

དེ་ན་ནོར་གྱི་བདག་པོའི་ཁང་བཟང་ལས་ནི་བྱང་གི་ཕྱོགས་ན་བདག་གི་གྲོང་ཁྱེར་ནི།།

མཐོ་རིས་བདག་པོའི་གཞུ་དང་འདྲ་བའི་རྟ་བབས་མཛེས་པས་རིང་ནས་མཚོན་པར་བྱས་པ་སྟེ།།

གང་གི་སྐྱེད་ཚལ་མནྡ་ར་དང་ལྗོན་ཤིང་གཞོན་ནུ་བདག་གི་མཛེས་མའི་བུ་ལྟར་ནི།།

བསྐྱངས་པའི་མཐུ་ལས་འཕེལ་བའི་མེ་ཏོག་ཆུན་འཕྱང་ཐུར་དུ་འཕྱང་བ་ལག་པས་ཐོབ་བྱ་ཡོད།།

༧༥

བཀོད་མ་བཟང་བོའི་ཆུ་ནི་མ་ར་ཀ་ཏའི་རྡོ་ཡི་ཕྲེང་བ་བསྒྲིགས་པའི་ལམ་སྐས་ཅན།།

འདི་ནི་མཛེས་པའི་གསེར་གྱི་པདྨ་རྒྱས་པའི་རིན་ཆེན་རྩ་ལྡན་རྣམས་ཀྱིས་ཁྱབ་པ་སྟེ།།

གདུང་བ་དང་བྲལ་ངང་བའི་ཚོགས་རྣམས་དག་ནི་གངྒཱའི་ཆུ་ལ་གནས་པར་བྱས་པའི་ཚེ།།

ཁྱོད་ཉིད་ཡང་དག་མཐོང་བར་གྱུར་ཀྱང་ཉེ་བར་གནས་པའི་ཡིད་འོང་མཚོ་ལས་འགྲོ་མི་འགྱུར།།

༧༦

ཀྭ་ཡེ་གྲོགས་བཟང་ཁྱོད་ནི་གློག་གི་དགའ་མ་གཡོ་བཞིན་ཉེ་བར་མཐོང་བར་གྱུར་པ་ན།།

མཚོ་དེའི་ངོགས་ན་མཛེས་པའི་རི་བོ་ཡིད་འོང་མཆོག་གི་ཨིན་དྲ་ནཱི་ལ་རྣམས་ཀྱིས་ནི།།

རྩེ་མོ་མཛེས་པར་བྱས་པར་གསེར་གྱི་ལྗོན་པ་རྣམས་ཀྱིས་བསྐོར་བ་ཁྱོད་ཀྱིས་བལྟ་བྱ་བ།།

བདག་གི་དགའ་མ་དགའ་བྱེད་དང་བཅས་དེ་ཉིད་སེམས་གདུངས་བདག་ནི་ཤིན་ཏུ་དྲན་པར་གྱུར།།

༧༧

དེ་ལ་ཀུ་རུ་པ་ཀའི་ཤིང་གིས་བསྐོར་བའི་ཡལ་གའི་ཁང་བཟང་དང་ལྡན་ཉེ་བ་ན།།

མྱ་ངན་མེད་ཤིང་དམར་དང་ཀེ་ས་ར་ཡི་ཤིང་ཆེན་ཡལ་འདབ་གཡོ་བ་མཛེས་པ་ཡོད།།

གཅིག་ལ་ཁྱོད་ཀྱི་གྲོགས་སུ་གྱུར་པའི་དགའ་མ་བདག་དང་བཅས་པའི་གཡོན་པས་བསྣུན་འདོད་ཀྱང་(ཅིང)།།

གཞན་ལ་གདོང་གི་ཆང་འཐུངས་མེ་ཏོག་འབྱུང་བའི་དོན་དུ་དགའ་མ་དེ་ནི་བདག་འདོད་གྱུར།།

༧༨

དེ་ཡི་དབུས་ན་རབ་དཀར་ཤེལ་གྱི་གཞི་ལ་གསེར་གྱི་སྡོང་བོ་ཆེ་ཞིང་མཐོ་བར་གནས།།

རྩ་བ་རིན་ཆེན་ཕྲེང་བས་བཅིངས་པ་རྡོ་རྗེ་ཕ་ལམ་ཆེ་བ་མིན་པ་འོད་འཕྲོ་བ།།

གང་ལ་ཁྱོད་ཀྱི་གྲོགས་བཟང་མགྲིན་སྔོན་གནས་ནས་ཉིན་བྱེད་སོང་ཚེ་རོལ་སྒེག་གར་བྱེད་ཅིང་།།

བདག་གི་མཛེས་མ་རིན་ཆེན་གདུ་བུ་འཐབ་པའི་དབྱངས་སྙན་སྐལ་བཟང་མཆོག་ཏུ་མཛེས་པ་ཡོད།།

༧༩

དེ་རྣམས་ཀྱིས་ནི་ལེགས་པར་མཚན་པ་ཀྭ་ཡེ་ལེགས་པའི་ཐུགས་འཛིན་ཁྱོད་ཀྱིས་བལྟ་བར་བྱ།།

སྒོ་ཡི་མཐའ་དང་ཉེ་བ་དག་ན་དུང་དང་པདྨའི་གཟུགས་བྲིས་མཐོང་བར་བྱས་པ་ན།།

ད་ལྟ་བདག་དང་བྲལ་བར་གྱུར་པར་ངེས་པར་མཛེས་པ་དམན་པ་ཉིད་དུ་གནས་པར་ངེས།།

ཉི་མ་ནུབ་པར་གྱུར་པས་ངེས་པར་པདྨ་ངང་གིས་མཛེས་པ་ཉམས་པར་གྱུར་པ་ཉིད།།

༨༠

མཛེས་མ་དེ་ནི་ཡོངས་སུ་བསྐྱངས་ཆེད་མྱུར་དུ་གཤེགས་ནས་གླང་ཕྲུག་ལུས་བཞིན་ཆུང་བ་ཡིས།།

མཛེས་པའི་རི་བོ་དེ་ཡི་ངོས་ལ་གནས་ནས་དང་བོར་ལེགས་བཤད་སྙན་པའི་གསུང་གླེང་མཛོད།།

བདག་གི་ཁང་ནང་འཇུག་ཚེ་མེ་ཁྱེར་ཕྲེང་བ་ལྟ་བུའི་སྣང་བ་ཆུང་ཞིང་ཆུད་པ་ནི།།

མཛེས་ཤིང་རོལ་བའི་སྨིན་མ་གཡོ་བའི་གློག་གི་མིག་ནི་བྱས་ནས་ཁྱོད་ཀྱིས་བལྟ་བར་འོས།།

༨༡

དེ་ན་བདག་གི་དགའ་མ་ལུས་ཕྲ་མདོག་མཛེས་གཉིས་སྐྱེས་བཀྲ་བའི་ཕྲ་ལམ་མཆུ་དག་ནི།།

བིལ་བ་སྨིན་པ་སྐེད་པ་ཕྲ་ཞིང་འདྲེན་བྱེད་གཡོ་བའི་རི་དྭགས་མིག་ཅན་ལྟེ་བ་དམའ།།

རོ་སྨད་སྦོམ་ཞིང་དལ་གྱིས་འགྲོ་མཁས་འོ་མ་འཛིན་པ་དག་གི་བར་དག་མཆོག་ཏུ་མཛེས།།

ན་ཆུང་དག་གི་ཡུལ་ལ་བྱེད་པོ་ཚངས་པས་དང་བོར་ཉིད་དུ་སྤྲོས་པ་ཉིད་དུ་གྱུར།།

༨༢

གཞོན་མ་དེ་ནི་བདག་གི་སྲོག་ནི་གཉིས་པར་ཤེས་པར་མཛོད་ཅིག་དལ་གྱིས་སྨྲ་བར་བྱ།།

བདག་དང་ལྷན་ཅིང་སྦྱོར་ལ་ཤིན་ཏུ་རིང་བར་གྱུར་ཏེ་ངང་མོ་གཅིག་པུར་གྱུར་པ་བཞིན།།

འདི་ལ་ཉིན་ཞག་མང་བོ་འོང་བ་རྣམས་སུ་ཡིད་ལ་བཅགས་པ་མེད་པ་ཉིད་དུ་གྱུར།།

དགུན་སྨད་པདྨ་ཅན་ནི་ཁ་བས་ཉམས་པ་བཞིན་དུ་གཟུགས་གཞན་ཐོབ་པར་བདག་གིས་ཤེས།།

༨༣

དགའ་མ་དེ་ནི་ངེས་པར་མཆི་མ་མང་བོ་བབས་ལས་མིག་འབུར་ཆེ་བ་ཏག་ཏུ་གྱུར།།

སྟེང་འོག་མཆུ་ཡི་པགས་པ་དག་ནི་ཤུགས་རིང་ཤིན་ཏུ་དྲོ་བའི་དབུགས་ནི་དུ་མ་བྱས།།

གདོང་ནི་ལེགས་པར་བཀོད་ལ་ལན་བུ་འཕྱང་བས་བསྒྲིབས་པར་མཐའ་དག་གསལ་བ་མིན་པ་ནི།།

ཟླ་བའི་འོད་ཀྱིས་མཛེས་པ་ཁྱོད་ནི་འོངས་པར་བསྒྲིབས་ལས་སྣང་མིན་མུན་པ་འཛིན་པ་བཞིན།།

༨༤

གཏོར་མ་བྱེད་པའམ་བྲལ་བས་བཏུད་པར་གྱུར་པ་བདག་འདྲ་ཡིད་ཀྱིས་རྟོགས་བྱ་འབྲི་བའམ།།

སྙན་པའི་ཚིག་གིས་སྨྲ་བའི་ཤ་རི་ཀ་ནི་གུར་གྱི་ནང་ན་གནས་ཤིང་གནས་པ་ལ།།

ཀྭ་ཡེ་གྲོགས་མོ་རྗེ་བོ་དེ་ཡི་དགའ་བ་དྲན་ནམ་ཞེས་པའི་དྲི་བ་བྱེད་ཀྱང་ནི།།

ཁྱོད་ནི་མཐོང་བར་གྱུར་པ་ན་ནི་ང་ནི་མདུན་དུ་འོངས་ཤིང་དགའ་བ་བྱེད་པར་འགྱུར།།

༨༥

ཀྭ་ཡེ་གྲོགས་བཟང་དྲི་མའི་གོས་དང་བཅས་པའི་རང་གི་པང་བར་པི་ཝང་བཞག་བྱས་ནས།།

བདག་གི་མིང་ནས་བོད་པས་མཚན་ཅིང་འདོད་པའི་དབྱངས་སྙན་ཆེར་སྒྲོགས་སྙན་པར་གྱུར་པའི་ཚེ།།

རང་གི་བྱས་པར་གྱུར་ཀྱང་དབྱངས་སྙན་དུམ་བུ་དུམ་བུར་བཅད་ནས་སེམས་ཤིང་ཡང་ཡང་ནི།།

མིག་ཆུས་བརླན་པའི་རྒྱུད་མངས་ཅུང་ཟད་ཕྱི་བར་བྱས་ནས་ཀྱང་ནི་དེ་ནི་འོང་བར་འགྱུར།།

༨༦

བདག་ནི་འོངས་པའི་ཉིན་ནས་བརྩམས་ཏེ་ཉིན་ཞག་དང་ནི་ཟླ་བ་སོང་བའི་ལྷག་མ་རྣམས།།

ས་ལ་རྣམ་པར་འགོད་ཅིང་སྒོ་ཡི་ནང་དུ་གངས་ཀྱི་མེ་ཏོག་རྣམས་ནི་སྐྱུར་བར་བྱེད།།

བདག་ཅག་ནམ་ནི་ཕྲད་པར་འགྱུར་རམ་སྙམ་པ་སྙིང་ལ་སེམས་པའི་རྩོམ་པ་མང་བོ་བྱེད།།

ཕལ་ཆེར་བུད་མེད་རྣམས་ནི་བདག་པོ་བྲལ་བས་ཡིད་ཀྱི་ལུས་ཀྱིས་གདུང་བ་མང་བོ་བྱེད།།

༨༧

ཉིན་མོའི་བར་ལ་བྱ་བ་དང་ལྡན་བདག་དང་བྲལ་ལས་དེ་ལྟར་ཤིན་ཏུ་གདུང་མིན་ཡང་།།

མཚན་མོ་ཤིན་ཏུ་རིང་ལས་ཁྱོད་ཀྱི་གྲོགས་མོ་བྱ་མེད་གདུང་བ་ཆེ་བར་བདག་གིས་ཤེས།།

ལེགས་མ་མཚན་རིང་རྣམས་ལ་གཉིད་བྲལ་སྟན་མེད་ས་ལ་ཉལ་ཚེ་དྲ་མིག་ཉེ་བར་ནི།།

གནས་ནས་བལྟ་བྱ་བདག་གི་ཕྲིན་རྣམས་བཟླས་པ་རྣམས་ནི་བདེ་བའི་ཆེད་དུ་ནུས་པ་ཉིད།།

༨༨

བྲལ་ལས་ལྷག་པར་གདུངས་པས་ས་ཡི་གཞི་ལ་གཞོགས་གཅིག་བརྟེན་ཏེ་ཉལ་བར་གྱུར་པ་ནི།།

ཚེས་གཅིག་ཟླ་བ་ཤར་བ་ཆ་གཅིག་ལྷག་མར་རྩ་བར་གནས་པའི་ལུས་བཞིན་དུ་ནི་གྱུར།།

བདག་དང་ལྷན་ཅིང་གནས་ཚེ་འདོད་པའི་དགའ་མ་རྣམས་ཀྱི་མཚན་མོ་སྐད་ཅིག་བཞིན་དུ་སོང་།།

གང་དེ་ད་ལྟར་བྲལ་བ་ལས་སྐྱེས་མཆི་མ་དྲོན་མོ་རྣམས་བཅས་ཤིན་ཏུ་རིང་བ་ཉིད།།

༨༩

ཁྲུས་ཀྱིས་དག་ཅིང་ཡེངས་(ཡངས)ཤིང་རྩུབ་པའི་སྐྲ་ཡི་ལན་བུ་འགྲམ་པ་དག་ལས་འཕྱང་བ་རྣམས།།

དབུགས་ཀྱི་རླུང་གིས་སེལ་བར་བྱེད་པ་རྣམས་ལ་མཆུ་ཡི་འདབ་མ་དག་ནི་ངལ་བར་ངེས།།

གཉིད་ནི་འདོད་པ་མེད་ཅིང་བདག་དང་ཕྲད་པ་ལས་བྱུང་གཉིད་ནི་ཅུང་ཟད་འབྱུང་འགྱུར་ཞེས།།

དགའ་མ་དེ་ནི་འདྲེན་བྱེད་མཆི་མ་དང་བཅས་ཤིན་ཏུ་གདུངས་པས་མཐོང་བ་འགོག་པར་བྱེད།།

༩༠

བདག་གིས་བཅིངས་པའི་སྤྱི་གཙུག་ལན་བུ་བྲལ་བའི་ཉི་མ་དང་བོ་ཉིད་ལ་དོར་བྱས་ནས།།

ལན་བུ་རྣམས་ནི་གཅིག་གྱུར་རེག་པ་རྩུབ་པ་མི་བཟད་འགྲམ་པ་དག་ལ་གནས་པ་ལས།།

སེན་མོ་རིང་བའི་ལག་པས་རེག་པའི་ཉོན་མོངས་ལྡན་པས་ལན་ཅིག་མིན་པར་སྐྱུར་བྱེད་མ།།

རྗེ་བོ་ཁྲོས་པའི་བཀའ་ལུང་རྫོགས་ཚེ་གདུང་བྲལ་གྱུར་པ་བདག་གིས་གང་དེ་དགྲོལ་བར་བྱ།།

༩༡

མིག་ནི་མཆི་མ་མང་བོ་རྣམས་ཀྱིས་གདུངས་ལས་རྫི་མ་རྣམས་ཀྱིས་བཀབ་པར་བྱས་ནས་ནི།།

ཟླ་བའི་རྐང་བའི་འོད་ཟེར་བདུད་རྩི་སིལ་མ་རྣམས་ནི་དྲ་མིག་ནང་ནས་ཞུགས་པ་ན།།

བཀབ་པ་བསལ་ཏེ་མངོན་དུ་འོངས་ནས་དང་བོར་དགའ་འགྱུར་ལྡོག་པ་ན་ནི་དེ་བཞིན་ཉིད།།

སྤྲིན་དང་བཅས་པའི་ཉིན་མོ་ས་ལ་གནས་པའི་པདྨ་རྒྱས་མིན་ཟུམ་པ་མ་ཡིན་བཞིན།།

༩༢

དགའ་མ་དེ་ནི་ཉིན་པར་མཛའ་བའི་གྲོགས་མོ་རྣམས་ཀྱིས་སྐད་ཅིག་ཀྱང་ནི་གཏོང་མིན་བཞིན།།

ལུས་ཕྲ་མ་ལ་གཅིག་ནི་བལྟ་ཚེ་ཀུན་གྱིས་རྨད་བྱུང་བལྟ་བས་འཇུག་པར་འགྱུར་བ་ཉིད།།

མཚན་མོ་སྐྱེ་བོ་རྣམས་ནི་ཉལ་བར་གྱུར་ལ་མཛེས་མ་གཉིད་བྲལ་ཀྭ་ཡེ་ཆུ་འཛིན་ཁྱོད།།

དྲ་མིག་དང་ནི་ཉེ་བར་གནས་ནས་ཉལ་སར་ཉེ་བར་འོངས་ཏེ་དེ་ནི་དགའ་བར་མཛོད།།

༩༣

ལན་བུ་གཅིག་ཏུ་གྱུར་ལ་རེག་པ་འགྲམ་པ་ལ་གནས་སེན་མོ་མཐོ་བའི་ལག་པ་ཡིས།།

ཡང་དང་ཡང་དུ་སེལ་བར་བྱེད་ཅིང་ས་ཡི་གཞི་ཡི་མལ་གྱི་སྟེང་དུ་གཞོགས་གཅིག་ནི།།

ལྟུང་བར་གྱུར་ཅིང་དེ་ཡི་མཐའ་ན་མཆི་མ་རྣམས་ནི་འབབ་པ་དོ་ཤལ་ཆད་པ་དག།

གཡོ་ཞིང་ལྟུང་བར་གྱུར་པ་བཞིན་དུ་གནས་པ་དེ་མཐོང་ཉིད་ཀྱིས་དལ་གྱིས་བརྗོད་པར་བྱ།།

༩༥

མཛེས་མ་དེ་ནི་རྒྱན་རྣམས་ཡང་དག་གཞག་ཅིང་ལུས་ནི་ཤིན་ཏུ་ཕྲ་ལ་འཛིན་བྱེད་ཅིང་།།

གདུང་བའི་སྡུག་བསྔལ་དག་གིས་མལ་སྟན་སྟེང་ན་ཡང་དང་ཡང་དུ་འགྲེ་ལྡོག་བྱེད་པ་ན།།

ཁྱོད་ཀྱང་འཕྲལ་ལ་ཆུ་ཡི་རང་བཞིན་མཆི་མ་འཛག་པ་ཉིད་དུ་འགྱུར་བ་གདོན་མི་ཟ།།

ཕལ་ཆེར་ཐམས་ཅད་ནང་གི་བདག་ཉིད་བརླན་པས་སྙིང་རྗེ་ཅི་ཡང་འཇུག་པར་འགྱུར་བ་ཉིད།།

༩༥

ཀྭ་ཡེ་གྲོགས་པོ་ཁྱོད་ཀྱི་གྲོགས་མོ་བདག་ལ་མཛའ་བ་མང་དུ་འཛིན་པ་བདག་གིས་ཤེས།།

དེ་ཕྱིར་དེ་ལྟར་གྱུར་པ་རྣམས་ནི་དང་བོར་བྲལ་བ་དེ་ནི་བདག་ལ་སེམས་པར་བྱེད།།

སྐལ་བཟང་ནང་གི་བསམ་པ་དག་གིས་བརྗོད་པ་ངེས་པར་རྫུན་མིན་བདེན་པར་ཤེས་པ་ནི།།

བདག་གིས་གང་གང་བརྗོད་པ་མ་ལུས་ཡུན་རིང་མིན་པར་ཁྱོད་ལ་མངོན་སུམ་ཉིད་དུ་འགྱུར།།

༩༦

ལན་བུ་རྣམས་ཀྱིས་མིག་ཟུར(ཟུང)་གཉིས་པོ་གཡོ་བ་འགོག་ཅིང་མིག་སྨན་བྱུགས་པས་གཏོར་བ་དང་།།

ཉེས་པར་བྱེད་པ་ནམ་ཡང་མེད་པར་གྱུར་ལས་སྨིན་མའི་རྣམ་འགྱུར་བརྗེད་པར་གྱུར་ན་ཡང་།།

ཁྱོད་ནི་ཡོང་བ(ལ)་རི་དྭགས་མིག་ཅན་འདྲེན་བྱེད་སྟེང་ནི་གཡོ་བར་བྱེད་པ་བདག་གིས་ཤེས།།

གང་ཞིག་ཉ་ཡིས་བསྐྱོད་ལས་ཆུ་སྐྱེས་གཡོ་བའི་དཔལ་ནི་འཛིན་པར་བྱེད་པ་ཉིད་དང་མཚུངས།།

༩༧

དེ་ཡི་བདག་གི་ལག་པའི་སེན་མོའི་རྗེས་ནི་མེད་ཅིང་མུ་ཏིག་རྣམས་ཀྱི་དྲ་བ་ནི།།

ཡུན་རིང་ཉིད་ནས་འདོར་བར་བྱས་པར་གྱུར་ཅིང་ལོངས་སྤྱོད་ཉིད་ཀྱིས་རྫོགས་པའི་མཐའ་རུ་ནི།།

བདག་གིས་ལག་པ་རྣམས་ཀྱིས་མཉེས་པར་བྱས་པ་མེད་ཅིང་ཁྱོད་འོངས་སྐལ་བཟང་དབང་གིས་ནི།།

དེ་ཡི་ཆུ་ཤིང་གསར་བའི་སྡོང་བོ་བརླ་ཡང་གཡོན་པ་གཡོ་བ་ཉིད་ནི་ཐོབ་པར་འགྱུར།།

༩༨

ཀྭ་ཡེ་ཆུ་འཛིན་དེ་ལ་དེ་ཡི་དུས་སུ་གལ་ཏེ་བདེ་བའི་གཉིད་ནི་ཐོབ་གྱུར་ན།།

དེའི་ཚེ་ཁྱོད་ནི་ཐུན་ཚོད་བར་དུ་སྒྲ་སྒྲོག་མིན་པར་ལྷན་ཅིག་དག་ཏུ་གནས་པར་མཛོད།།

དེ་ཡི་བདག་པོར་གྱུར་པ་བདག་ལ་དཀའ་ཚེགས་ཆེན་པོས་ཐོབ་པར་གྱུར་པའི་རྨི་ལམ་ནི།།

མགྲིན་པར་ལག་པའི་འཁྲི་ཤིང་དག་གིས་ཆེ་བར་འཁྱུད་པའི་མདུད་པ་འཕྲལ་ལ་གཏོང་བར་བྱེད།།

༩༩

རང་གི་ཆུ་ཡི་ཐིགས་པ་བསིལ་བས་བསྒོས་པའི་རླུང་གི་མཱ་ལ་ཏ་ཡ་རྣམས་ཀྱི(ཀྱིས)་ནི།།

ཤིན་ཏུ་གཞོན་པའི་མེ་ཏོག་བཅས་པ་དེ་ནི་སླར་ནས་ཀྱང་ནི་དེ་ཡི་དབུགས་དབྱུང་མཛོད།།

ཁྱོད་ནི་གློག་གི་འདྲེན་བྱེད་གཡོ་ཞིང་གཡོ་བ་ཁྱོད་མདོག་དང་མཚུངས་གནས་སུ་གནས་བྱས་ནས།།

ཁེངས་ལྡན་མ་ལ་འབྲུག་དབྱངས་ཚིག་ནི་སྙན་པའི་བརྗོད་པ་ཁྱོད་ཀྱིས་ཡང་ཡང་རྩོམ་པར་མཛོད།།

༡༠༠

ཀྭ་ཡེ་ཁྱོད་ལྡན་ཆུ་གཞོན་མིང་ཅན་བདག་ནི་རྗེ་ཡི་གྲོགས་བཟང་ཡིན་པར་ཤེས་པར་མཛོད།།

དེ་ཡི་འཕྲིན་སྙན་ཡིད་ལ་བཟུང་ནས་ཁྱོད་ཀྱི་དྲུང་དུ་ཉེ་བར་འོངས་པར་གྱུར་པ་ཉིད།།

བདག་གི་སྒྲ་ནི་བསྒྲགས་ཚེ་ལམ་བགྲོད་དུབ་པའི་ཚོགས་རྣམས་སྒོ་ཡི་ནང་དུ་འབྲོས་པར་བྱེད།།

སྙན་པའི་སྒྲ་དབྱངས་རྣམས་ཀྱིས་བུད་མེད་ལན་བུ་འགྲོལ་ཞིང་འདོད་པས་གཟིར་བར་མཚོན་པར་བྱེད།།

༡༠༡

ཅེས་པ་དེ་སྐད་བཤད་ཚེ་དྲི་བཞོན་བུ་ནི་མི་ཐི་ལ་ཡི་བུ་མོས་མཐོང་བ་བཞིན།།

དེ་ནི་དགའ་བདེའི་སྙིང་གིས་ཁྱོད་ལ་མངོན་ཕྱོགས་བལྟ་ཞིང་བདེན་པ་ཉིད་དུའང་ངེས་པ་ཉིད།།

ཀྭ་ཡེ་གྲོགས་བཟང་དེ་ནས་ལེགས་པར་གནས་ལ་གཞན་ཡང་ཉན་འདོད་སྒྲ་ལྡན་མ་རྣམས་ནི།།

བདག་པོའི་ཚིག་ནི་སྙིང་གྲོགས་དག་གིས་ཁྱེར་འོངས་གྱུར་ལས་ཕྲད་ལྟར་ལྷག་མར་ལུས་པ་ཉིད།།

༡༠༢

ཀྭ་ཡེ་ཚེ་ལྡན་བདག་གི་ཚིག་དང་ཉིད་ཀྱིས་ཀྱང་ནི་དེ་ལ་ཕན་པའི་ཆེད་དུ་ནི།།

ཁྱོད་ཀྱི་རྒྱལ་བོ་མཆོག་ནི་རྒྱལ་བོ་རཱ་མའི་རི་ཡི་གནས་ན་གནས་ཤིང་འཚོ་བ་ཉིད།།

ཁྱོད་ནི་སྤངས་པར་གྱུར་ལ་ཀྭ་ཡེ་མཛེས་མ་དགེ་འམ་འདྲི་ཞེས་དེ་ལྟར་སྨྲ་བར་མཛོད།།

གང་ཕྱིར་སྐྱེ་བོ་རྣམས་ནི་བྱེད་པ་ཉམས་ལ་དང་བོར་དེ་འདྲའི་དབུགས་དབྱུང་བྱེད་པ་ཉིད།།

༡༠༣

ལུས་ཀྱི་ནང་ནས་ཤིན་ཏུ་ཕྲ་བས་ཕྲ་གྱུར་དང་ནི་ཤིན་ཏུ་གདུངས་པས་གདུངས་གྱུར་དང་།།

མཆི་མ་འཛག་པས་འཆི(མཆི)་མ་འཛག་གྱུར་ཆེ་བར་ཕྲད་འདོད་ཉིད་ཀྱིས་ཕྲད་འདོད་མཆོག་ཏུ་གྱུར།།

དབུགས་དྲོན་ཤུགས་རིངས་ལྷགས་པར་དབུགས་དྲོན་ཤུགས་རིངས་མཆོག་ཏུ་ལྷགས་གྱུར་རིང་ནས་འཇུག་པ་ཅན།།

བསོད་ནམས་ཆོམ་རྐུན་དག་གིས་ལམ་བཀག་གྱུར་ཅིང་དེ་རྣམས་ཡིད་ལ་སིམ་ཞིང་འཇུག་པ་ཡིན།།

༡༠༤

གྲོགས་མོའི་མདུན་དུ་དེ་ཡི་རྣ་བ་ལ་ནི་ཁྱོད་ཀྱི་གདོང་ནི་རེག་པར་ཐོབ་གྱུར་པས།།

ཁྱོད་ཀྱིས་གང་ཡང་གུས་པའི་གཏམ་གྱི་ཆེད་དུ་གྱུར་པའི་ཆེ་བའི་སྒྲ་འདི་བརྗོད་པར་འོས།།

གང་དེ་རྣ་བའི་ཡུལ་ལས་གང་ཡང་ཤིན་ཏུ་འདས་ཤིང་མིག་དག་གིས་ནི་མཐོང་བྱ་མིན།།

ཁྱོད་དང་དགའ་བས་འཕྲད་འདོད་གྱུར་ཞེས་བདག་གི་ཁ་ལ་ཚིག་འདི་ཟེར་ཞེས་སྨྲ་བར་མཛོད།།

༡༠༥

འཁྲི་ཤིང་འགའ་ལ་ཡན་ལག་མཛེས་པ་འཇིགས་བཅས་རི་དྭགས་མོ་ལ་མིག་མཛེས་གཡོ་བ་མཐོང་།།

འགྲམ་པའི་མཛེས་འོད་རི་བོང་ཅན་ལ་སྐྲ་རྣམས་གཙུག་ཕུད་ཅན་གྱི་མཇུག་སྒྲོའི་ཚོགས་ལ་མཐོང་།།

སྨིན་མའི་རོལ་སྒེག་མཛེས་པ་རྣམས་ནི་ཆུ་ཀླུང་རླབས་ཕྲེང་ཕྲ་མོ་རྣམས་ལ་རབ་ཏུ་མཐོང་།།

ཨེ་མ་གཅིག་ཏུ་ཚོགས་པ་དང་ལྡན་གཡོན་མིག་ཁྱོད་དང་མཚུངས་པ་འགའ་ཡང་ཡོད་མ་ཡིན།།

༡༠༦

ཆར་གྱི(གྱིས)་བརླན་ལས་དྲི་མེད་སྦྲང་རྩི་ཅན་བཞིན་ཁྱོད་ཀྱི་གདོང་འདི་མཛེས་སོ་ལུས་ཕྲ་མ།།

ཁྱོད་ནི་རིང་གྱུར་བདག་ནི་ཕྲ་བའི་ལུས་གྱུར་མདའ་ལྔ་བ་ཡི་གདུང་བ་ཡང་ཡང་བྱིན།།

སོ་ཀ་རྫོགས་པའི་མཐའ་རུ་ཕྱོགས་ཀུན་ཆེ་བའི་ཆུ་འཛིན་སྟུག་པོས་བསྒྲིབས་པས་ཉི་མ་ཡི།།

སྣང་བ་རྣམས་ནི་ཉམས་ཤིང་རྒྱུན་དུ་ཆར་འོང་བདག་གིས་ཞག་གི་གྲངས་ཇི་ལྟ་བ་ཡིན།།

༡༠༧

ཁྱོད་ནི་རྡོ་ལེབ་གཞི་ལ་ཁམས་ཀྱི་ཚོན་རྣམས་ཀྱིས་ནི་དགའ་དང་ཁྲོ་བས་ལེགས་བྲིས་ཏེ།།

དེ་ཉིད་རྫོགས་ནས་འདོད་པ་བྱ་བའི་ཆེད་དུ་ཁྱོད་ཀྱི་ཞབས་དྲུང་ལྷུང་བར་གྱུར་པ་ན།།

ཚིག་ལན་མ་བྱུང་བདག་ལ་མཆི་མ་མང་བོ་བྱུང་བས་བྲུགས་པས་མིག་ལ་ཁྲོ།།

དེར་ཡང་བདག་ཅག་གཉིས་ནི་ལྷན་ཅིག་འགྲོགས་པའི་སྐལ་བ་མེད་པ་ཉིད་དུ་གྱུར་པ་ཞིག།

༡༠༨

ཁྱོད་ནི་བདག་གི་རྨི་ལམ་དག་ཏུ་འོངས་ཤིང་ཐོབ་པ་ཅི་ཡང་མཐོང་བར་གྱུར་པ་ན།།

ཁོ་བོས་དམ་དུ་འཁྱུད་པར་བྱ་བའི་ཆེད་དུ་ནམ་མཁའ་དག་ལ་ལག་ཡུགས་བྱས་པ་ནི།།

ས་ལ་གནས་པའི་ནགས་ཀྱི་ལྷ་རྣམས་ཀྱིས་ནི་ངེས་པར་མ་མཐོང་མ་ཡིན་མང་བོ་རུ།།

མུ་ཏིག་བརྒྱུས་པ་བཞིན་དུ་ཤིང་གི་ཡལ་ག་རྣམས་ལ་མཆི་མའི་དུམ་བུ་ལྷུང་བར་གྱུར།།

༡༠༩

དེ་ཝ་དཱ་རུའི་ལྗོན་པ་རྣམས་ཀྱི་ཡལ་གའི་འདབ་མ་རྣམས་ནི་འཕྲལ་དུ་བཅད་བྱས་ནས།།

དེ་རྣམས་ཀྱིས་ནི་འོ་མ་ཟགས་པའི་དྲི་བཟང་དང་ལྡན་ལྷོ་ནས་ཞུགས་པའི་དྲི་བཞོན་རྣམས།།

གང་ཞིག་བདག་གིས་དང་བོར་རབ་ཏུ་འཁྱུད་དོ་ཀྭ་ཡེ་ཡོན་ཏན་མ་ལུས་དེ་རྣམས་ནི།།

གངས་ཀྱི་རི་ལ་གལ་ཏེ་སོང་ན་ཁྱོད་ཀྱི་ལུས་ལ་རེག་པ་ངེས་པར་འགྱུར་རོ་ཅེའོ།།

༡༡༠

ཐུན་གསུམ་ཅན་མ་ཐུན་རིང་གྱུར་པ་སྐད་ཅིག་བཞིན་དུ་བསྡུས་པ་ཅི(ཇི་རང)་ལྟར་ཡིན།།

ཉིན་པར་ཡང་ནི་གནས་སྐབས་ཀུན་ཏུ་ཅུང་ཟད་གདུང་བའང་ཇི་ལྟར་གྱུར་པ་ཡིན།།

ཀྭ་ཡེ་འདྲེན་བྱེད་གཡོ་བ་དེ་ལྟར་གྱུར་པས་བདག་སེམས་དོན་གཉེར་སྐལ་བ་དམན་པར་གྱུར།།

ཁྱོད་དང་བྲལ་བའི་གདུང་བ་རྣམས་དང་ཆེ་བའི་སྡུག་བསྔལ་རྣམས་ཀྱིས་བརྟན་པ་མིན་པར་བྱས།།

༡༡༡

བདག་ནི་ཞག་གྲངས་མང་བོའི་བདག་ཉིད་བགྲང་ཞིང་ནང་གི་བསམ་པས་མི་འཆི་བར་ནི་ཤེས།།

ཀྭ་ཡེ་དགེ་ལེགས་ལྡན་མ་ཁྱོད་ཀྱང་མྱ་ངན་མང་བོ་ཤིན་ཏུ་བྱ་བ་མ་ཡིན་ཏེ།།

བདེ་བ་མཐའ་གཅིག་ལྡན་པ་སུ་ཡིན་རྟག་ཏུ་སྡུག་བསྔལ་མཐའ་གཅིག་པ་ཡང་སུ་ཞིག་ཡིན།།

དེ་དག་འཁོར་ལོའི་རྩིབས་ནི་ཅུང་ཟད་འོག་ཏུ་འགྲོ་ཞིང་སྟེང་དུའང་རིམ་གྱིས་བསྐོར་བ་བཞིན།།

༡༡༢

ཁྱབ་འཇུག་ལག་འགྲོའི་གནས་ན་གཉིད་ལས་ལངས་ཚེ་རྗེ་བོ་ཁྲོས་པའི་བཀའ་ལུང་རྫོགས་པ་ཉིད།།

དེ་ལ་ཟླ་བ་བཞི་ཡོད་དེ་བར་མིག་ནི་ཟུམ་པར་བྱས་ནས་ཁྱོད་ནི་གནས་པར་མཛོད།།

ཕྱི་ནས་བདག་ཅག་གཉིས་ནི་ཡུན་རིང་བྲལ་བ་ལས་བྱུང་འདོད་པའི་ལོངས་སྤྱོད་དེ་ཐོབ་སྟེ།།

སྟོན་ཀའི་ཟླ་བ་རྫོགས་པའི་མཚན་མོ་རྣམས་ལ་འདོད་པའི་ལོངས་སྤྱོད་དེ་དག་ལྡན་པར་འགྱུར།།

༡༡༣

ཡང་ནི་བརྗོད་པ་སྔོན་ནི་བདག་དང་ཁྱོད་ནི་མལ་སྟན་གནས་ན་མགྲིན་འཁྱུད་གཉིད་སོང་བས།།

བདག་ནི་འཕྲལ་ལ་རབ་ཏུ་སད་པར་གྱུར་ནས་ཅི་ཡང་ངུ་བར་བྱས་པར་གྱུར་པ་ནི།།

ནང་ནས་རྒོད་པ་དང་བཅས་ལན་གཅིག་མིན་པར་ཁྱོད་ཀྱིས་བདག་ལ་དྲི་བ་བརྗོད་པ་ནི།།

ཀྭ་ཡེ་གཡོ་མ་འགའ་ཞིག་དང་ཡང་དགའ་བྱེད་རྨི་ལམ་དུ་མཐོང་ཞེས(པར?)བདག་གིས་ཁྱོད་ལའོ།།

༡༡༤

དེ་ལ་བདག་ནི་ཁྱོད་ལ་མཚན་མ་བཟང་བོ་སྦྱིན་པར་བྱེད་པ་ཡིན་པར་རིག་བྱས་ནས།།

ཀྭ་ཡེ་འདྲེན་བྱེད་དཀར་མིན་སྐྱེ་བོ་ངན་པའི་ཚིག་ལས་བདག་ལ་མི་གུས་འོས་མ་ཡིན།།

གང་ཕྱིར་བྲལ་བས་གདུངས་པ་ལོངས་སྤྱོད་བྲལ་ལ་དེ་རྣམས་མཛའ་བོའི་རྗོད་པ་ཅི་ཞིག་ཡིན།།

དངོས་པོ་རྣམས་ནི་མཐོང་ཚེ་མཆོག་ཏུ་དགའ་བའི་རོ་ནི་མང་བོའི་ཕུང་བོ་ཉིད་དུ་འགྱུར།།

༡༡༥

འདི་རྣམས་ཀྱིས་ནི་དང་བོར་བྲལ་བས་གདུངས་པར་གྱུར་པའི་གྲོགས་མོ་དེ་ནི་དབུགས་དབྱུང་མཛོད།།

མིག་གསུམ་པ་ཡི་ཁྱུ་མཆོག་ལྟ་བུར་དཀར་བའི་ཀེེ་ལཱ་ཤ་ཡི་རི་ལས་སླར་ལྡོག་བྱ།།

དེ་ལའང་རང་གི་དགེ་བའི་མཚན་མ་ཁྱེར་འོངས་དེ་དང་དེ་ནི་བདག་ལ་བཤད་པར་བྱ།།

ཁྱོད་ནི་ཀུན་དའི་གེ་སར་གཡོ་ལྡན་མྱུར་འགྲོ་རྣམས་ཀྱིས་བསྐུལ་བྱས་མྱུར་བར་འོང་བར་བྱ།།

༡༡༦

ཀྭ་ཡེ་གྲོགས་བཟང་ཁྱོད་ཀྱིས་བདག་གི་གཉེན་འདུན་དག་ཏུ་ཅུང་ཟད་གནས་པ་འདི་བྱས་ནས།།

སླར་ཡང་འཕྲིན་རྣམས་བརྟན་པ་ཁྱོད་ལས་ངེས་པར་བདག་ལ་འོང་བར་འགྱུར་ཞེས་བདག་སེམས་སོ།།

ཙཱུ་ཏ་ཀ་རྣམས་སྒྲ་མེད་པར་ཡང་ཆུ་ནི་སྦྱིན་པར་མཛོད་ཅེས་ཁྱོད་ལ་ཞུ་བར་སེམས།།

གང་ཕྱིར་སྐྱེ་བོ་རྣམས་ལ་འདོད་པར་གྱུར་པ་རྣམས་ཀྱི་བྱ་བའི་དོན་ཉིད་ལན་གྱི་ཚིག།

༡༡༧

ཀྭ་ཡེ་ཆུ་འཛིན་གདུང་ལྡན་བདག་གི་བརྗོད་པ་བདག་གི་སེམས་ལ་དོན་གཉེར་དགའ་བ་ཡི།།

ཚོགས་འདི་བྱམས་པར་གྱུར་པའམ་རྗེས་སུ་རབ་ཏུ་བརྩེ་བའི་བློས་ནི་འདི་རྣམས་ཀུན་བྱས་ནས།།

ཁྱོད་ཀྱང་འདོད་པའི་ཡུལ་ནི་ཐོབ་ཅིང་མཛེས་པའི་ཆར་སྤྲིན་ཚོགས་འཛིན་དཔལ་དང་ལྡན་པ་དང་།།

གློག་མ་དང་ཡང་ནམ་ཡང་མི་འབྲལ་གྱུར་ཅིག་དེ་བཞིན་ཀུན་ཀྱང་དགེ་ཞིང་ཤིས་གྱུར་ཅིག།


སྙན་དངགས་མཁན་ཆེན་པོ་ནག་མོ་ཁོལ་གྱིས་མཛད་པའི་སྤྲིན་གྱི་ཕོ་ཉ་རྫོགས་སོ།།


བློ་གྲོས་དང་སྙིང་རྗེ་དང་། བརྟུལ་བ་དང་ངེས་པ་དང་། གཏོང་བ་ལ་སོགས་པའི་ཡོན་ཏན་ཕུལ་དུ་བྱུང་བ་དཔག་ཏུ་མེད་པས་སྤྲས་པའི་དཔོན་ཆེན་ནམ་མཁའ་བརྟན་པའི་བཀའ་ལུང་གིས། ཁ་ཆེའི་པཎྚིཏ་སྙན་དངགས་མཁན་ཆེན་པོ་སུ་མ་ནི་ཤྲཱི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་མང་དུ་ཐོས་པའི་དགེ་སློང་བྱང་ཆུབ་རྩེ་མོ་དང་། ལོ་ཙཱ་བར་གཏོགས་པ་ལུང་རིགས་སྨྲ་བ་ནམ་མཁའ་བཟང་བོས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

གང་ཞིག་ཐུགས་དགོངས་རྣམ་པར་དག་པ་ཡིས།།

འདི་ལ་བསྐུལ་ཞིང་མཐུན་རྐྱེན་བསྒྲུབས་པ་དང་།།

བདག་ཅག་འབད་ལས་བསོད་ནམས་གང་བསྒྲུབས་པས།།

འཁོར་བ་ལས་བརྒལ་སྐུ་གསུམ་ཐོབ་པར་ཤོག།

བྱང་གི་བདག་པོའི་གསུང་བཟང་ལས།།

སྙན་དངགས་འདི་ནི་བོད་སྐད་དུ།།

ཁ་ཆེ་པཎ་ཆེན་དང་ལྷན་ཅིག།

དགེ་སློང་བྱང་ཆུབ་རྩེ་མོས་བསྒྱུར།།

འདིས་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་ཐོགས་ནས་བཀྲ་ཤིང་ཤིང་བདེ་ལེགས་སུ་གྱུར་ཅིག


(ཨ་ལགས་དོར་ཞིའི་འགྲེལ་བ་ཀུན་དའི་ཟླ་ཟེར་དང་རྡོ་སྦིས་རྡོ་རྗེ་ཚེ་རིང་གིས་རྩོམ་སྒྲིག་བྱས་པའི་རྒྱ་བོད་ཤན་སྦྱར་མར་གཏུགས་ཏེ་གཏགས་པ་ཡིན། དག་ཆ་ཐོད་མི་ཐུག་པ་ཁ་ཤས་ཡོད་ཀྱང་བསྟན་འགྱུར་རང་ལ་ཁུངས་མ་མཛད་ན་རང་ཐག་མི་ཆོད་པས་མི་མཐུན་པ་དག་མཉམ་དུ་བཀོད་ཡོད། རྗེས་མར་དག་བཅོས་མཛད་པར་བྱའོ།། སྤྱིར་རྒྱ་གཞུང་དང་རྒྱ་འགྱུར་མ་གཉི་གར་ཤོ་ལོ་ཀ་༡ནས་༦༦/༦༧བར་སྤྲིན་སྔ་མ་དང་། ཤོ་ལོ་ཀ་༦༧/༦༨ནས་མཐའ་མ་བར་སྤྲིན་ཕྱི་མ་ཞེས་མིང་བཏགས་ཡོད། )

ལེགས་སྦྱར་གྱི་རྩ་བར་གཟིགས་དགོངས་ཚེ་འདི་ནོན།

སརྦམངྒལཾ། བཀྲ་ཤིས་པར་གྱུར་ཅིག


Jan 24, 2012

ཀླུ་ཀུན་ཏུ་དགའ་བ་ཞེས་བྱ་བའི་ཟློས་གར། ༢

མཚན་མ་གཉིས་པ།


༼དེ་ནས་འབངས་མོ་ཞུགས་ཏེ༽

འབངས་མོས། རྗེའི་སྲས་མོ་མས་ལ་ཡ་ཅན་མས་བདག་ལ་གསུངས་པ།བུ་མོ་མེ་ཏོག་གསར་བ་ཅན་བདག་གི་མིང་བོ་ཇོ་བོ

་བཤེས་གཉེན་གྱི་དབྱིག་དེ་རིང་ཡུན་རིང་དུ་ཐོགས་སོ།། དེའི་ཕྱིར་སོང་ལ་འོང་ངམ་མི་འོང་རྟོགས་ཤིག་ཅེས་སོ།།

༼ཡོངས་སུ་བགྲོད་དེ་ཕྱི་རོལ་དུ་མངོན་པར་ཕྱོ གས་ཤིང་བལྟས་ནས༽ འདི་ཉིད་ནས་འོངས་པ་འདི་སུ་ཞིག་ཡིན།

༼ངེས་པར་བརྟགས་ནས༽ཅི་དྲུང་མོའམ། འབངས་མོ་གཉིས་པ་ཡང་ཞུགས་སོ།།

དང་བོ་མས། ༼ཉེ་བར་བཏུད་ནས༽གྲོགས་མོ། དྲུང་མོ་ཁྱོད་ཅིའི་ཕྱིར་མགྱོགས་པར་འགྲོ་བར་བྱེད།

གཉིས་པས། རྗེའི་སྲས་མོ་མ་ལ་ཡ་ཅན་མས་བདག་ལ་གསུངས་པ། བུ་མོ་གྲུང་མོ།བདག་གི་ལུས་ཀྱིས་མེ་ཏོག་འཐུ་བའི་ཡོངས་སུ་ངལ་བ་མི་བཟོད་དོ།།སྟོན་ཀའི་གདུང་བས་བྱས་པ་བཞིན་དུ་བདག་ཡོངས་སུ་གདུང་བས་ཤིན་ཏུ་ལྷག་པར་གཟིར་བར་གྱུར་ཏོ།། དེས་ན་ཁྱོད་སོང་ལ་ཆུ་ཤིང་གཞོན་ནུའི་འདབ་མས་བསྒྲིབས་པ་ཙན་དན་འཁྲི་ཤིང་གི་ཁང་བར། ཟླ་བ་ཆུ་ཤེལ་གྱི་རྡོ་ལ་མལ་སྟན་ཆས་གྱིས་ཤིག་ཅེས་སོ།། ཇི་ལྟར་གསུངས་པ་བཞིན་དུ་བདག་གིས་ཀྱང་བྱས་ཏེ། དེའི་ཕྱིར་སོང་ནས་རྗེའི་སྲས་མོ་ཉིད་ལ་སྦྲན་པར་བྱའོ།།

དང་བོ་མས། གལ་ཏེ་དེ་ལྟར་ཡིན་ན་མྱུར་དུ་ཆས་དག་གྱིས་ཤིག དེར་སོང་ན་དེའི་གདུང་བ་ཉེ་བར་ཞི་བར་འགྱུར་རོ།།

གཉིས་པས། ༼བགད་ནས་རང་གིས་རྟོགས་པར༽ གང་ཞིག་འདི་འདྲ་བའི་གདུང་བ་དག་ནི་དེ་ལྟ་བུས་ཉེ་བར་ཞི་བར་མི་འགྱུར་རོ།། རྣམ་པར་བཀྲ་ཞིང་དགའ་བར་བྱ་བ་ཙན་དན་འཁྲི་ཤིང་གི་ཁང་བ་མཐོ ན་ནས་དེ་ནི་ཤིན་ཏུ་ཡང་ལྷག་པར་འགྱུར་རོ ་ཞེས་བདག་རྟོག་གོ། ༼གསལ་བར༽གྲོགས་མོ་ཁྱོད་སོང་ཤིག བདག་གིས་ཀྱང་རྡོ་བའི་གཞི་བསར་བ་དག་རྗེའི་

སྲས་མོ་ལ་སྦྲན་པར་བྱའོ་ཞེས་ནས་སོང་སྟེ་འཇུག་པར་བྱེད་པའོ།།༼དེ་ནས་སྲེད་པ་དང་ལྡན་པའི་མ་ལ་ཡ་ཅན་མ་དང་། འབངས་མོ་ཡང་ཞུགས་སོ།།༽

འདྲེན་མས། ༼ཤུགས་ནར་ཕྱུང་ནས་བདག་ཉིད་ཀྱིས་རོགས་པར༽ སྐྱེ་བོ་དེ་ལ་སེམས་ཁྱོད་ཀྱིས་བདག་ངོ་ཚས། དེ་ལར་ཕྱིར་ཕྱོགས་པར་བྱས་ཏེ། ད་ནི་ཁོད་ཉིད་དེར་འགྲོ་བའི་ཕྱིར་ན། ཨེ་མ་ཁྱོད་ནི་བདག་ཉིད་རྒྱས་པར་བྱེད་པ་ཞིག་གོ།། ༼གསལ་བར༽ བུ་མོ་བཅོམ་ལྡན་མའི་གནས་སུ་འགྲོ་བའི་ལམ་དག་བདག་ལ་སྟོན་ཅིག

འབངས་མོས། རྗེའི་སྲས་མོ། ཙན་དན་འཁྲི་ཤིང་གི་ཁང་བར་གཤེགས་པ་མ་ལགས་སམ།

འདྲེན་མས། ༼ངོ་ཚ་དང་བཅས་པར༽བུ་མོ། ཁྱོད་ཀྱིས་ལེགས་པར་དྲན་པར་བྱས་སོ།། དེའི་ཕྱིར་ཚུར་ཤེག དེ་ཉིད་དུ་འགྲོ་བར་བྱའོ།།

འབངས་མོས། བྱོན་ཅིག བྱོན་ཅིག

༼རྗེའི་སྲས་མོ་སོང་བར་གྱུར་ཏོ།།༽

འབངས་མོས། ༼རྗེའི་སྲས་མོ་གཞན་དུ་སོང་བ་ན། འབངས་མོས་ཕྱི ར་བལྟས་ནས་མྱ་ངན་དང་བཅས་པར་བདག་ཉིད་ཀྱིས་རྟོགས་པར༽ ཀྱེ་མ། འདི་ནི་སྙིང་གིས་སྟོང་བ་༼སྨྱོན་པའི་དོན་རང་༽ཞིག་སྟེ་ཇི་ལྟར་ཡང་ལྷ་མོའི་གནས་དེ་ཉིད་དུ་འཇུག་པར་བྱེད་དོ།། ༼གསལ་བར་༽དེ་ན་ཙན་དན་འཁྲི་ཤིང་ཁང་བ་ཡོད་པ་མ་ཡིན་ནམ། དེས་ན་འདིར་བྱོན་ཅིག

འདྲེན་མས། ༼སྐྱེངས་པའི་འཛུམ་དང་བཅས་པར་དེ་ལྟར་བྱེད་དོ།།༽

འབངས་མོས། ཙན་དན་འཁྲི་ཤིང་གི་ཁང་བ་དེ་ནི་འདི་ལགས་སོ།། དེས་ན་ནང་དུ་ཞུགས་ཏེ་ཟླ་བ་ཆུ་ཤེལ་གི་ནོར་བུའི་རྡོ་ལ་རྗེའི་སྲས་མོ་བཞུགས་པར་མཛོད་ཅིག

༼གཉི་ག་འཁོད་དོ།།༽རང

འདྲེན་མས། ༼དེ་ལྟར་བྱས་ཏེ་ཤུགས་ནར་ཕྱུང་ནས་བདག་ཉིད་ཀྱིས་རྟོགས་པར༽བཅོམ་ལྡན་མེ་ཏོག་གི་མཚོན་དང་ལྡན་པ་གང་གི་གཟུགས་ཀྱིས་ཕམ་པར་བྱས་པ་དེ་༼སྤྲིན་གྱི་བཞོན་པ་རང༽ལ་ཅི་ཡང་མི་བགྱིད་པར་གནོད་པ་མ་བྱས་ཤིང་བུད་མེད་དུ་གྱུར་པ་དག་ལ་བསྣུན་པར་བགྱིད།ངོ་ཚ་བ་མ་མཆིས་སམ།༼ཞེས་ཏེ་མོས་པའི་གནས་སྐབས་ཀྱི་གར་དག་བྱས་ཏེ། གསལ་བར༽ ངེས་པར་བྱས་ནས་བུ་མོ་ཅིའི་ཕྱིར་ཡལ་འདབ་སྟུག་པོས་ཉི་མའི་འོད་ཟེར་སྒྲིབ་པ་དང་ལྡན་པའི་ཙན་དན་འཁྲི་ཤིང་གི་ཁང་བ་འདི་དག་དིང་བདག་གདུང་བའི་སྡུག་བསྔལ་སེལ་བར་མི་བྱེད།

འབངས་མོས། ༼འཛུམ་དང་བཅས་པར༽གདུང་བའི་རྒྱུ་ནི་བདག་གིས་ཤེས་ཏེ། འོན་ཀྱང་། རྗེའི་སྲས་མོ། བདག་ལ་ཐུགས་མི་ཆེས་པས་ཁས་ལེན་པར་མི་འགྱུར་རོ།།

འདྲེན་མས། ༼བདག་ཉིད་ཀྱིས་རྟོགས་པར༽འདིས་བདག་མཚོན་ཡང་རེ་ཞིག་དྲི་བར་བྱའོ།། ༼གསལ་བར༽བུ་མོ། རེ་ཞིག་དེ་དག་གིས་ཅི། དེའི་རྒྱུ་ཅི་ཡིན་བདག་ལ་སྨྲོས་ཤིག

འབངས་མོས། རྗེའི་སྲས་མོ་འདི་ནི་ཁྱོད་ཀྱི་སྙིང་ལ་འདོད་པའི་མཆོག

འདྲེན་མས། ༼བརྟབས་པ་དང་བཅས་ཤིང་དགའ་བ་དང་བཅས་པར་ལངས་ཏེ། མདུན་དུ་གོམ་པ་གཉིས་གསུམ་སོང་ནས༽ དེ་གང་ན། གང་ན།

འབངས་མོས། ༼ལངས་ཏེ། འཛུམ་པ་དང་བཅས་པར༽རྗེའི་སྲས་མོ། ཅི་ལགས།

འདྲེན་མས། ༼ངོ་ཚ་དང་བཅས་པར་འདུག་སྟེ་ཁ་འོག་ཏུ་བལྟས་ནས་འཁོད་དོ།།༽

འབངས་མོས། རྗེའི་སྲས་མོ། བདག་ནི་འདི་སྐད་བརྗོད་པར་འདོད་དོ། འདི་ནི་ཁྱོད་ཀྱི་སྙིང་ལ་འདོད་པའི་མཆོག་གདུང་བའི་རྒྱུ་ཡིན་པ་གང་གིས་ན་ཙན་དན་འཁྲི་ཤིང་གི་ཁང་བ་རང་བཞིན་གྱིས་བསིལ་ཡང་ཁྱོད་ཀྱི་གདུང་བའི་སྡུག་བསྔལ་སེལ་བར་མི་ནུས་སོ།།

འདྲེན་མས། ༼དགའ་བ་དང་བཅས་པར་འབངས་མོ་ལ་འཁྱུད་ནས༽ བུ་མོ་གྲུང་མོ་ཁྱོད་ནི་ངེས་པར་གྲུང་མོ་སྟེ། གཞན་པ་ཅི་ཞིག་དྲི་བར་བྱ། དེས་ན་སྨྲོས་ཤིག

འབངས་མོས། རྗེའི་སྲས་མོ། ད་ལྟ་ཉིད་ཁྱོད་ལ་སྨྲས་པ་ཡིན་ན། དེས་ན་མཆོག་ལྟབས་བྱས་པའི་གདུང་བ་འདིས་རེ་ཞིག་གདུང་བར་མ་བྱེད་ཅིག གལ་ཏེ་བདག་གྲུང་མོ་ཡིན་པ་དེ་ལྟ་ན་དེ་ཡང་རྗེའི་སྲས་མོ་མཐོང་བ་མེད་པར་ཡུད་ཙམ་ཡང་གཞན་དུ་མངོན་པར་དགའ་བར་མི་འགྱུར་རོ།།འདི་ཡང་བདག་གིས་ཤེས་པ་ཉིད་དོ།།

འདྲེན་མས། ༼མཆི་མ་དང་བཅས་པར༽བུ་མོ། དེ་ལ་བུའི་སྐལ་བ་བདག་ལ་ག་ལ་ཡོད།

འབངས་མོས། རྗེའི་སྲས་མོ། དེ་སྐད་ཅི་ལ་གསུངས། ཁྱབ་འཇུག་བྲང་གི་གཞི་ལ་དཔལ་མོ་འཛིན་པ་ཡང་བདེ་བར་ཇི་ལྟར་འགྱུར།

འདྲེན་མས། སྐྱེ་བོ་ལེགས་པ་ངག་སྙན་པ་བོར་ནས། གཞན་སྨྲ་བར་བྱེད་དམ་ཅི། བུ་མོ། བདག་གི་གདུང་བ་འདི་བས་ཀྱང་འདི་ཤིན་ཏུ་ལྷག་པར་གཟིར་བ་སྟེ། གང་གཟི་བྱིན་ཆེན་པོ་དེ་ལ་ཚིག་ཙམ་གྱིས་ཀྱང་དགའ་བར་མ་བྱས་པ་བདག་ཚུལ་དང་མཐུན་པ་མ་ཡིན་པར་མཁྱེན་ཏོ།།༼ཞེས་ངུས་སོ།།༽

འབངས་མོས། ༼མཆི་མ་དང་བཅས་པར༽རྗེའི་སྲས་མོ། མ་བཤུམས་ཤིག ༼ལངས་ནས་ཡལ་འདབ་བླངས་ནས་བཙིར་ཏེ་ཁུ་བ་སྙིང་གར་བྱུགས་སོ།། རྗེའི་སྲས་མོ། བདག་སྨྲའོ།། མ་བཤུམས་ཤིག ནུ་མའི་ངོས་ལ་བྱུགས་པ་ཙན་དན་ཡལ་འདབ་ཀྱི་ཐུང་ཆུ་འདི་ནི་ངེ ས་པར་རྒྱུན་ཆད་མེད་པར་འབབ་པ་མཆི་མའི་ཐིགས་པ་འདི་དག་གིས་དྲོ་བར་བྱས་པར་ཁྱོད་ཀྱི་སྙིང་གའི་གདུང་བ་མི་སེལ་ལོ།།༼ཞེས་ཏེ་ཆུ་ཤིང་གི་འདབ་མ་དག་གིས་གཡོབ་པར་བྱེད་དོ།།༽

འདྲེན་མས། ༼ལག་པས་བཟློག་ཅིང༽ བུ་མོ། མ་གཡོབ། མ་གཡོབ། ཆུ་ཤིང་གི་འདབ་མའི་རླུང་འདི་ནི་ཤིན་ཏུ་ཚའོ།།

འབངས་མོས། རྗེའི་སྲས་མོ། འདིའི་སྐྱོན་དུ་མ་བྱེད་ཅིག འདི་ལྟར་སྙམ་སྟེ། སྟུག་པའི་ཙན་དན་འཁི་ཤིང་ཡལ་འདབ་དང་འགྲོགས་པ་ཆུ་ཤིང་གི་འདབ་མའི་རླུང་འདི་ནི་ཤིན་ཏུ་བསིལ་ཡང་ཁྱོད་ཉིད་ཀྱི་དབུགས་ཀྱིས་ཚ་བར་བྱས་སོ།།

འདྲེན་མས། ༼མཆི་མ་དང་བཅས་པར༽བུ་མོ། སྡུག་བསྔལ་འདི་ཉེ་བར་ཞི་བའི་ཐབས་འགའ་ཞིག་ཡོད་དམ།

འབངས་མོས། རྗེའི་སྲས་མོ། གལ་ཏེ་དེ་ཉིད་འདིར་འོངས་ན་ཡོད་པ་ཉིད་དོ།།

༼དེ་ནས་འདྲེན་པ་དང་། བིདཱུཥཀ་དག་ཞུགས་སོ།།༽

འདྲེན་པས། ཕྱིར་ལོག་དཀར་དང་དཀར་མིན་མིག་གི་འོད་ཀྱིས་བསྟི་གནས་ཤིང་དེ་རྣམས།། ཡལ་ག་ལ་ཆགས་རི་དྭགས་པགས་པའི་ཚོགས་ཀྱིས་སྒེག་པ་བཞིན་བྱེད་ཅིང་།། ཐུབ་པའི་སྔོན་དུ་བདག་ལ་བལྟས་པ་གང་དེ་ཉིད་ཀྱིས་བདག་ནི་བཅོམ་གྱུར་ན།། མེ་ཏོག་མདའ་ཅན་ཁྱོད་ཀྱིས་དོན་མེད་མདའ་འདི་དག་ནི་ཅི་སླད་འཕེན་པར་བྱེད།།

བིདཱུཥཀས། ཀྱེ། གྲོགས་པོ། ངེས་པར་ཁྱོད་ཀྱི་བརྟན་པ་གང་དུ་སོང་།

འདྲེན་པས། གྲོགས་པོ། བདག་ལ་བརྟན་པ་ཡོད་པ་ཉིད་མ་ཡིན་ནམ།གང་གི་ཕྱིར།

ཟླ་བས་དག་པའི་མཚན་ལས་མིན་ནམ་ཅི་ཞིག་ཨུཏྤལ་སྔོན་པོ་མ་བསྣམས་སམ།།

རབ་རྒྱས་ཛཱ ་ཏའི་མེ་ཏོག་དྲི་ལྡང་སྲོད་ལའི་རླུང་དག་བཟོད་པ་མིན་ནམ་ཅི།།

པད་ཚལ་སྦྲང་རྩི་བྱེད་པའི་དར་དིར་སྒྲ་དག་ཅི་ཞིག་བདག་གིས་མ་མཉན་ནམ།།

གདུང་བ་དག་གིས་གནོད་མེད་བདག་ལ་མི་བརྟན་པ་ཞེས་གང་གིས་ཁྱོད་རྗོད་བྱེད།།

ཡང་ནི། གོགས་པོ་ཨ་ཏིའི་རིགས་བདག་གིས་ཡང་ངག་པར་མ་བརྗོད་དོ།། ལུས་མེད་ཀྱིས་འཕངས་པ་མེ་ཏོག་གི་མདའ་ནི་བུད་མེད་ཀྱི་སྙིངགིས་བཟོད་པ་མ་ཡིན་ནམ། གང་གིས་ན་དེ་རིང་ཁོད་ཀྱི་མདུན་དུ་བདག་གིས་བརྟན་པ་ཡིན་ནོ་ཞེསབརྗོད་པར་བྱ།

བིདཱུཥཀས། ༼བདག་ཉིད་ཀྱིས་རྟོགས་པར༽འདི་ལྟར་བརྟན་པ་མེད་པ་ཉིད་དུ་ཡང་ཁས་ལེན་ཅིང་། འདིས་སྙིང་ལ་གདུང་བ་ཆེན་པོ་གནས་པ་དག་གསལ་བར་བྱེད་དོ།། དེས་ན་རེ་ཞིག་ཇི་ལྟར་ཡང་འདི་གཡེང་བར་བྱའོ།།༼གསལ་བར༽ཀྱེ། གྲོགས་པོ། དིང་ཁྱོད་བླ་མའི་བསྙེན་བཀུར་མྱུར་བ་ཉིད་དུ་བྱས་ནས་ཅིའི་སླད་དུ་འདིར་འོངས།

འདྲེན་པས། གྲོགས་པོ། གནས་དག་དྲིས་ཏེ་གཞན་སུ་ཞིག་ལ་འདི་སྨྲ་བར་བྱ། དིང་བདག་གི་རྨི་ལམ་དུ་ཤེས་པ་ནི་དགའ་མའི་མཆོག་དེ་ཉིད་མཛུབ་མོས་སྟོན་ཅིང་ཙན་དན་འཁྲི་ཤིང་གི་ཁང་བ་ཟླ་བ་ཆུ་ཤེལ་གྱི་སྟན་འདི་ལ་འདུག་ནས་མཛའ་བས་ཁྲོས་ཏེ། བདག་ལ་འགའ་ཞིག་སྨོད་བཞིན་དུ་ངུ་ཞིང་འདུག་པ་བདག་གིས་མཐོང་ངོ་།། དེས་ན་རྨི་ལམ་དུ་དགའ་མ་དང་འགྲོགས་པའི་དགའ་བ་ཉམས་སུ་མྱོང་བར་གྱུར་བའི་གནས་འདི་ཉིད་དུ་ཉི་མ་བསྐྱལ་བར་འདོད་དོ།། དེའི་ཕྱིར། ཚུར་ཤེག དེ་ཉིད་དུ་འགྲོ་བར་བྱའོ།། ༼ཞེས་ཏེ་སོང་ངོ།།༽

འབངས་མོས། ༼རིངས་པ་དང་བཅས་པར་ཐོས་ནས༽ རྗེའི་སྲས་མོ། རྐང་བའི་སྒྲ་འདྲ་བ་དག་ཐོས་སོ།།

འདྲེན་མས། རིངས་པ་དང་བཅས་པར་བདག་ཉིད་ལ་བལྟ་ཞིང༽ བུ་མོ། བདག་གི་སྤྱོད་པ་འདི་འདྲ་བ་འདི་མཐོང་ནས་འདི་འགའ་ཞིག་གིས་བདག་གི་སེམས་པ་རིག་པར་འགྱུར་རོ།། དེས་ན་ཤིང་མྱ་ངན་མེད་པ་དམར་བོའི་ཁྲོད་འདིར་འདུག་སྟེ། འདི་དག་སུ་ཞིག་ཡིན་བལྟ་བར་བྱའོ།།

༼དེ་བཞིན་བྱས་སོ།༽

བིདཱུཥཀས། འདི་ནི་ཙན་དན་འཁྲི་ཤིང་གི་ཁང་བ་སྟེ། དེས་ན་འཇུག་པར་བྱའོ།།༼གར་གྱིས་རབ་ཏུ་ཞུགས་པར་གྱུར་ཏོ།།༽

འདྲེན་པས། ཙན་དན་འཁྲི་ཤིང་དག་གི་ཁང་བ་ནི།། ཟླ་བ་ནོར་བུའི་རྡོ་དང་ལྡན་མོད་ཀྱང་།། ཟླ་བཞིན་མ་བྲལ་འདི་ལ་བདག་མི་དགའ།། ཟླ་འོད་དང་བྲལ་མཚན་མོའི་སྒོ་བཞིན་ནོ།།

འབངས་མོས། ༼མཐོང་ནས༽རྗེའི་སྲས་མོ། དགའ་བ་འཕེལ་བར་མཛོད་ཅིག ཁྱོད་ཀྱི་སྙིང་སྡུག་དེ་ནི་འདི་ཉིད་དོ།།

འདྲེན་མས། ༼མཐོང་ནས་དགའ་བ་དང་བཅས་ཤིང་བརྟབས་པ་དང་བཅས་པར༽བུ་མོ། འདི་མཐོང་བར་ཤིན་ཏུ་འཇིགས་པའི་ཕྱིར། འདི་དང་ཤིན་ཏུ་ཉེ་བར་འདུག་མི་བཟོད་དོ།། གལ་ཏེ་ན་འདིས་བདག་མཐོང་བར་འགྱུར་རོ།། དེས་ན་ཚུར་ཤེག གཞན་དུ་འགྲོའོ།། ༼བྱིན་པ་འདར་བ་དང་བཅས་པར་རྐང་བ་བཀོད་ནས༽བུ་མོ། བདག་གི་བྱིན་པ་དག་འདར་རོ།།

འབངས་མོས། ༼བགད་ནས༽ཤིན་ཏུ་སྐྲག་མ། འདིར་འཁོད་ཀྱང་ཁྱོད་སུ་ཞིག་གིས་མཐོང་། ཤིང་མྱ་ངན་མེད་དམར་བོའི་ཁྲོད ན་གནས་པ་དག་བརྗེད་དམ། དེས་ན་འདི་ཉིད་དུ་འཁོད་ལ་འདུག་ཅིག ༼དེ་ལྟར་བྱས་སོ།།༽

བིདཱུཥཀས། ༼བརྟགས་ནས༽ཀྱེ། གྲོགས་པོ། ཟླ་བ་ནོར་བུའི་རྡོ་ལམ་དེ་འདི་ཡིན་ནམ།

འདྲེན་པ(མ?)ས། ༼མཆི་མ་དང་བཅས་པར་ཤུགས་རིང་ཕྱུང་ངོ་།།༽

འབངས་མོས། རྗེའི་སྲས་མོ། འདི་འདི་ཞེས་པའི་གཏམ་དག་ཐོས་སོ།།དེས་ན་ངེས་པར་བརྟགས་ལ་མཉན་པར་བྱའོ།། ༼དེ་བཞིན་བྱས་སོ།།༽

བིདཱུཥཀས། ༼ལག་པ་བསྐྱོད་ཅིག༽ ཀྱེ་གྲོགས་པོ། ཟླ་བ་ནོར་བུའི་རྡོ་ལམ་དེ་འདི་ཡིན་ནམ་བྱས་པ་ན། ༼ལག་པས་འདེན་པ་བསྐྱོད་ཅིང༽ ཀྱེ་གྲོགས་པོ།བདག་བསྐྱར་དུ་འདི་སྐད་བརྗོད་པར་བྱ་སྟེ་ཟླ་བ་ནོར་བུའི་རྡོ་ལམ་དེ་འདི་ཉིད་དོ།། ༼རང༽

འདྲེན་པས། ༼ཡང་དག་པར་མཚོན་ཅིང་ལག་པས་བསྟན་ནས༽ལག་གཡོན་ཡལ་འདབ་དག་ལ་རྣམ་པར་དཀར་བའི་གདོང་བ་བཞག་ནས་ནི།།ཤུགས་རིང་དབུགས་འབྱིན་ཡིད་ལ་ཁོ་བ་ངེས་བྱས་སྨིན་མ་དག།ཅུང་ཟད་བསྐྱོད་ཅིང་ཡུན་རིང་ཐོགས་པ་བདག་ལ་བསམ་པ་གསལ་བྱས་པའི།། དགའ་མ་གང་དུ་བདག་གིས་མཐོང་བའི་ཟླ་བ་ནོར་བུའི་རྡོ་འདིའོ།། དེའི་ཕྱིར། ཟླ་བ་ནོར་བུའི་རྡོ་འདི་ཉིད་ལ་འདུག་པར་བྱའོ།།

བིདཱུཥཀས། གང་ཁྱོད་གསུངས་པའོ།།

༼གཉི་ག་ཉེ་བར་འཁོད་དོ།།༽

འདྲེན་མས། ༼བསམས་པ། འདིས་སེམས་པར་བྱེད་པ་དེ་སུ་ཞིག་ཡིན༽

འབངས་མོས། རྗེའི་སྲས་མོ། ཇི་ལྟར་ཡུ་བུ་ཅག་གིས་བསྒྲིབས་ནས་འདི་དག་མཐོང་བ་དེ་བཞིན་ཉིད་དུ། ཁྱོད་ཀྱང་འདི་དག་གིས་མཐོང་བ་ཡིན་པ་སྲིད་དོ།།

འདྲེན་མས། འདི་ནི་རིགས་ཏེ། འོན་ཀྱང་མཛའ་བས་ཁྲོ་བའི་དགའ་མའི་སྐྱེ་བོ་སྙིང་ལ་བྱས་ནས་རྗོད་པར་བྱེད་དོ།།

འབངས་མོས། འདི་འདྲ་བའི་དོགས་པ་མ་བྱེད་ཅིག ད་དུང་རེ་ཞིག་མཉན་པར་བྱའོ།།

བིདཱུཥཀས། ༼བདག་ཉིད་ཀྱིས་རྟོགས་པར་༽འདིའི་གཏམ་འདི་ནི་མངོན་པར་དགའོ།། དེས་ན་འདི་ཉིད་འཕེལ་དུ་གཞུག་པར་བྱའོ།། ༼གསལ་བར༽ཀྱེ་གྲོགས་པོ་དེ་ནས་ངུ་བ་དང་བཅས་པ་དེ་ལ་ཁྱོད་ཀྱིས་ཅི་ཞིག་སྨྲས།

འདྲེན་པས། གྲོགས་པོ། བདག་གིས་འདི་སྐད་བརྗོད་དེ།

ཟླ་བ་ཆུ་ཤེལ་རྡོ་དག་ནི།། མཆི་མའི་ཆུ་ཡིས་བྲན་པ་འདི།།

ཁྱོད་ཀྱི་བཞིན་གྱི་ཟླ་བ་དག། ཤར་བ་འདི་ཡིས་བཞུས་པ་ཡིན།།

འདྲེན་མས། ༼ཁྲོ་བ་དང་བཅས་པར༽གྲུང་མོ། འདི་ལས་ཀྱང་གཞན་མཉན་པར་བྱ་

བ་ཡོད་དམ། ༼མཆི་མ་དང་བཅས་པར༽ཚུར་ཤེག འགྲོ་བར་བྱའོ།།