-->

Nov 2, 2020

ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་མཆོད་པར་བརྗོད་པའི་རྣམ་བཤད།

 


 


 

 ཟླ་བ་གཞོན་ནུ།

 

དེ་ཡང་<<ཀླུ་ཀུན་ཏུ་དགའ་བའི་ཟློས་གར>>(ཀླུ་ཀུན་ཏུ་དགའ་བ)གྱི་མཆོད་བརྗོད་འདིའི་འགྲེལ་བ་འབྲི་བའི་དགོས་པ་ནི། ཚིགས་བཅད་ཤོ་ལོ་ཀ་འདི་དག་ལ་སྙན་ངག་གི་ཉམས་ཕུན་སུམ་ཚོགས་པ་ཡོད་ལ། མཁས་པ་དག་ལ་སྨོས་མ་དགོས་ཀྱང་། སྙན་ངག་ལ་དགའ་བ་ཕལ་མོ་ཆེ་འདི་ལྟའི་བསྟན་བཅོས་ལ་འཇུག་པ་མ་མཐོང་བའི་ཕྱིར། དེ་དག་དེ་ལ་འཇུག་པའི་སྤྲོ་བ་སྤེལ་བའི་སླད་དང་། རང་དང་སྐལ་བ་མཉམ་པ་དག་ལ་རིག་པའི་བགོ་བཤའི་ཚུལ་དུ་སྤེལ་བ་ལགས།

ཀླུ་ཀུན་ཏུ་དགའ་བའི་ཤིས་བརྗོད་ཤོ་ལོ་ཀ་དང་བོ་འདིའི་ལེགས་སྦྱར་མ་ཡིག་ད་བར་རྙེད་མི་འདུག་པས་བཀོད་ཐབས་བྲལ་ཏེ། འཇར་མན་གྱི་ཞིབ་འཇུག་པ་གྲགས་ཅན་ཧན་མཆོག་གིས་གསུངས་པ་(༨།ཤ༦)ལྟར་ན། བལ་ཡུལ་ནས་རྙེད་པའི་རྒྱ་དཔེ་གསུམ་གའི་མགོ་ཤོག་བརླག་ཡོད་པ་དང་། ད་སྔའི་རྒྱ་གར་རང་གི་ལྷོ་དབུས་བྱང་གསུམ་གྱི་རྒྱ་དཔེ་དག་ལ་མེད་པས། ཤོ་ལོ་ཀ་དང་བོ་འདི་དག་མིན་གྱི་ཐད་ལ་རྩོད་པ་ཡོད་ཀྱང་། ཀླུ་ཀུན་ཏུ་དགའ་བ་འདི་དང་མཁས་པའི་གཙུག་རྒྱན་ཙནྡྲ་གོ་མིས་མཛད་པའི་<<འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར>>(འཇིག་རྟེན་ཀུན་ཏུ་དགའ་བ)གཉིས་ཀ་རིམ་པ་བཞིན་སངས་རྒྱས་ཀྱི་སྐྱེས་རབས་ལས་སྤྲིན་གྱི་བཞོན་པ་དང་། གཙུག་ན་ནོར་བུའི་རྟོགས་བརྗོད་ལ་སྦྱར་ཏེ་བརྩམས་པ་ཡིན་པས། བརྗོད་བྱའི་ཆ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེས་རབས་ལ་སྦྱར་བ་འདྲ་བ། བོད་འགྱུར་གྱི་བལྟ་བྱའི་སྙན་ངག་གཉི་གར་ཤིས་བརྗོད་ཤོ་ལོ་ཀ་གསུམ་རེ་ཡོད་པ་འདྲ་བ། དེ་ཙམ་དུ་མ་ཟད། ཟློས་གར་གྱི་མཚན་བྱང་འདྲ་ཞིང་། བརྗོད་ཚུལ་མི་འདྲ་བ་ཙམ་མ་གཏོགས། ཚིགས་བཅད་དེ་དག་གི་བརྗོད་བྱའང་འདྲ་བའི་ཆ་དང་གཅིག ཀླུ་ཀུན་ཏུ་དགའ་བ་འདི་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ལ་ལད་མོའི་ཚུལ་དུ་བྲིས་པར་ངེས་པ་དང་གཉིས། བོད་འགྱུར་གྱི་མ་དཔེ་ཡིན་ངེས་ཤིང་བལ་ཡུལ་ནས་རྙེད་པའི་རྒྱ་དཔེ་དེ་དག་གི་ལྡེབས་མ་དང་བོ་བརླག་ཡོད་ཅིང་། ལྡེབས་མ་བོར་བ་དེ་རང་གི་སྟེང་ན་ཚིགས་བཅད་ཤོ་ལོ་ཀ་འདི་ཉིད་ཡོད་སྲིད་པ་དང་གསུམ་གྱིས། ད་སྔ་ཡོད་པར་སྒྲུབ་ཐབས་མེད་ཀྱང་། བོར་ཟིན་པའི་ལྡེབས་མ་དང་བོ་དེའི་སྟེང་ན་ཤོ་ལོ་ཀ་དང་བོའི་མ་དཔེ་ཡོད་སྲིད་པའི་ཕྱིར་དང་། ད་སྔ་མ་རྙེད་པ་ཙམ་ཡིན་པར་བརྟེན། ཤོ་ལོ་ཀ་དེ་ཚད་མར་བཟུང་ཡང་སྐྱོན་ཡོད་པར་མི་འདོད་དོ།།

དེ་ཡང་འདིར་ངེས་པར་བཤད་དགོས་པ་ཞིག་ནི། ད་སྔའི་རྒྱ་དཔེ་དང་བོད་འགྱུར་གཉིས་ལ་མི་འདྲ་བའི་ཆ་ཆེན་པོ་གཉིས་ཡོད་ཅིང་། དེ་གཉིས་ནི་ད་སྔ་རྙེད་པའི་རྒྱ་དཔེ་གང་ལའང་མཆོད་བརྗོད་ཀྱི་ཤོ་ལོ་ཀ་དང་བོ་འདི་མེད་པ་དང་བོད་འགྱུར་ལ་ཡོད་པ་དང་གཅིག དེ་བཞིན་བལ་ཡུལ་ནས་རྙེད་པའི་རྒྱ་དཔེ་གསུམ་མ་གཏོགས་པའི་རྒྱ་དཔེ་གཞན་དག་ཏུ། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལ་མཚན་མའམ་ཡན་ལག་ལྔ་རེ་མ་གཏོགས་མེད་པ་དང་། བོད་འགྱུར་དུ་ཡན་ལག་དྲུག་ཏུ་ཕྱེ་ཡོད་པའི་ཚུལ་མི་འདྲ་བ་གཉིས་ཡིན། བལ་བོའི་རྒྱ་དཔེ་ཁག་ཏུའང་ཡན་ལག་དྲུག་ཏུ་ཕྱེ་ཡོད་པར་བརྟེན་བོད་འགྱུར་གྱི་མ་དཔེ་དེ་ཡིན་པར་ངེས་ཞེས་གོང་དུ་བཤད་དོན་དེའོ།། 

གོང་དུ་བཤད་ཟིན་པ་ལྟར། འཇིག་རྟེན་ཀུན་ཏུ་དགའ་བ་དང་ཀླུ་ཀུན་ཏུ་དགའ་བ་གཉིས་ཀྱི་མཆོད་བརྗོད་ཧ་ཅང་འདྲ་བ་དང་། འདི་རྟོགས་པར་གྱུར་ན་ཅིག་ཤོས་ཏེ་ཀླུ་ཀུན་ཏུ་དགའ་བའི་མཆོད་བརྗོད་ཀྱང་དཀའ་ཚེགས་མེད་པར་རྟོགས་པར་འགྱུར་བས། ཐོག་མར་འཇིག་རྟེན་ཀུན་ཏུ་དགའ་བའི་མཆོད་བརྗོད་ལ་དཔྱད་པར་བྱའོ།། འཇིག་རྟེན་ཀུན་ཏུ་དགའ་བའི་མཆོད་བརྗོད་ཀྱི་ཚིགས་བཅད་གསུམ་པོས་རིམ་པ་བཞིན། ཚིགས་བཅད་དང་བོས་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་ལ་མཆོད་པའི་སླད་དུ་བཀོད་པའི་མེ་ཏོག་གི་ཁྱད་པར་ཞིབ་ཏུ་བརྗོད་དེ། མེ་ཏོག་གིས་མཆོད་པས་འགྲོ་བ་ཁྱེད་རྣམས་དེས་ཞི་བར་མཛད་པར་གྱུར་ཅིག་ཅེས་ཤིས་པ་བརྗོད་ཅིང་། གཉིས་པས་སངས་རྒྱས་བཅོམ་ལྡན་འདས་བསམ་གཏན་ལ་མཉམ་པར་འཇོག་ཅིང་བཞུགས་པའི་ཚེ། བདུད་ཀྱི་བུ་མོ་དག་གིས་གཞོན་ནུ་དོན་གྲུབ་ཀྱི་ཁྱིམ་ཐབ་གྲགས་འཛིན་མ་དང་སྦྱར་ཏེ་ཅོ་འདྲི་ཞིང་བར་ཆད་རྩོམ་པ་ལྷུར་བླངས་ཀྱང་ངལ་བ་འབྲས་མེད་དུ་གྱུརད་ཅིང་འཁང་ར་བར་མེད་བྱས་པའི་ཚུལ་བརྗོད་ཡོད་ལ། གསུམ་པས་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྫོགས་པའི་བྱང་ཆུབ་བརྙེས་པར་འགྱུར་བར་མི་བཟོད་པའི་བདུད་དགའ་རབ་སྡེ་དང་བཅས་པ་མངོན་དུ་གྱུརད་ནས་དྲག་པོས་གཡུལ་སྤྲད་པར་གྱུརད་ཀྱང་རུང་། བདུད་ཀྱི་བུ་མོ་དག་གིས་འཇམ་པོས་འགུག་ཐབས་བྱས་ཀྱང་བླའི། བཏང་སྙོམས་ཆེན་པོའི་ཁྲི་བརྗིད་ཀྱིས་བཞུགས་པའི་སྟོབས་བཅུ་མངའ་བའི་སངས་རྒྱས་ལྷ་མོ་གཞན་གྱིས་མ་ཐུབ་མས་སྐྱོང་ཚུལ་གསལ་བར་བརྗོད་ཡོད་ཅིང་། དེ་ལྟ་བུའི་གཞན་གྱིས་མི་ཐུབ་མས་འགྲོ་བ་ཁྱེད་རྣམས་སྲུང་བར་ཤོག་ཅེས་ཤིས་པ་བརྗོད་དོ།།

ཇི་སྐད་དུ། འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ལས། (༡།ཤ༥༦༠)

བུང་བའི་ཕྲེང་བ་མི་གསལ་སྒྲ་སྒྲོགས་རྐང་བས་འདབ་མ་རྣམ་བསྐྱོད་པས། །

གེ་སར་ཁ་འབུས་རོ་བཅུད་དང་བཅས་རྡུལ་ཕྲན་ཚོགས་པས་ཁྱབ་གྱུར་ཅིང༌། །

སྦྲང་རྩི་རྒྱ་ཆེན་ཐིག་ལེས་རྣམ་ཁེངས་མེ་ཏོག་ཐལ་མོ་སྦྱར་བ་འདིས། །

བདག་གིས་རྒྱལ་བའི་ཞབས་ལ་མཆོད་པས་ཁྱེད་རྣམས་ལ་ནི་ཞི་བར་མཛོད། །

ཅེས་ཏེ་ཤོ་ལོ་ཀ་དང་བོས་སངས་རྒྱས་ཀྱི་ཞབས་ལ་མཆོད་པའི་སླད་དུ་སྙིམ་པར་བཀོད་པའི་མེ་ཏོག་ཆུན་པོ་སྟེ། བུང་བས་སྒྲ་སྒྲོགས་ཤིང་དེ་དག་གི་རྐང་བས་མེ་ཏོག་གི་འདབ་མར་སྣུན་ཞིང་རབ་ཏུ་བསྐྱོད་པར་བྱས་པས་གེ་སར་གྱི་ཁ་ཕྱེ་ནས་གསལ་བར་གྱུར་ལ། རོ་བཅུད་དང་དྲི་ཞིམ་གྱིས་ཁྱབ་པར་གྱུར་བ་དེ་ལྟ་བུའི་མེ་ཏོག་གིས་སངས་རྒྱས་ཀྱི་ཞབས་ལ་མཆོད་པས་ཁྱེད་རྣམས་ཀྱི་རྒུད་པ་མཐའ་དག་རིང་དུ་ཞི་བར་མཛད་པར་གྱུར་ཅིག་ཅེས་པའོ།།

 
དེ་ཡང་ཚིགས་བཅད་འདི་ལ་དཔེ་བལྟས་ཏེ། ཁམས་གསུམ་ཆོས་ཀྱི་རྒྱལ་བོ་རྗེ་ཙོང་ཁ་བ་ཆེན་པོའི་སྲས་ཀྱི་ཐུ་བོར་གྱུར་བ། གངས་རིའི་ཁྲོད་དུ་སྙན་ངག་སྨྲ་བ་མཐའ་དག་གི་གཙུག་གི་ནོར་བུ་མཁས་གྲུབ་དགེ་ལེགས་དཔལ་བཟང་བོས་ཀྱང་། རྣམ་འགྲེལ་གྱི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོའི་དབུར། (༣།ཤ༣) ཇི་སྐད་དུ།

གང་ཞིག་རྐང་དྲུག་ལྡན་པའི་ཕྲེང་བ་འཕུར་ལྡིང་སྒྲ་སྙན་སྒྲོགས་པ་ཡི།།

རྐང་བས་བསྣུན་པའི་འདར་བ་དང་ལྡན་བཅུ་ཕྲག་འདབ་མའི་ཟེའུ་འབྲུ་དཀར།།

ཡིད་སྲུབས་ཟོལ་སྐྱེས་སྤུ་ལོང་གོས་ཅན་ཅོད་པན་མེ་ཏོག་འཛིན་པ་འདིས།།

བདག་གིས་རྒྱལ་བའི་ཞབས་ལ་མཆོད་པས་འཇིག་རྟེན་འདི་དག་ཞི་གྱུར་ཅིག།

ཅེས་སྦྱར་ཡོད་ཅིང་། དེ་ལ་ཀུན་མཁྱེན་འཇིགས་མེད་དབང་བོ་མཆོག་གིས་རྣམ་འགྲེལ་གྱི་རྣམ་བཤད་རིགས་པའི་རྒྱ་མཚོའི་མགོ་མཇུག་བར་གསུམ་གྱི་སྙན་ངག་གི་ཚིག་འགྲེལ་རིན་པོ་ཆེའི་སྒྲོན་མེ་ཞེས་པར་(༤།ཤ༥༤༠-༥༤༡)དོན་དང་ལྡན་པར་འགྲེལ་ཡོད་པས། འདིར་ཚིག་འགྲེལ་ཆ་ཚང་བར་དྲངས་ན། དེ་ཡང་གང་ཞིག་ཅེས་པ་སྤྱི་སྒྲ་ཡིན་ཀྱང་ཁྱད་པར་གྱི་ཚིག་དང་འབྲེལ་བའི་སྒོ་ནས་པདྨ་ལ་འཇུག་གོ། དཔེའི་ཁྱད་གཞིའི་པདྨ་དེ་ནི་ཁྱད་པར་དུ་མ་དང་ལྡན་ཏེ། དཔྱིད་ཀྱི་དུས་སུ་པདྨ་རབ་ཏུ་རྒྱས་པའི་དགའ་ཚལ་དུ་རྐང་དྲུག་ལྡན་པ་སྟེ་བུང་བ་གྲངས་མེད་པ་ཕྱོགས་མཐའ་དག་ནས་འདུས་ཏེ་ཚར་དུ་དངར་བའི་ཕྲེང་བ་རྣམས་ནི་སྐབས་འགར་ནམ་མཁའ་ལ་འདབ་གཤོག་བསྐྱོད་དེ་འཕུར་ཞིང་ལྡང་བའི་སྒོ་ནས་སྒྲ་དབྱངས་སྙན་པ་སྒྲོགས་པར་བྱེད་པ་ཡི་རོལ་རྩེད་འཛིན་ཞིང་། རེས་འགའ་པདྨའི་ལྟེ་བའི་གེ་སར་གྱི་དབུས་སུ་བབས་ནས་དེའི་ཟིལ་མངར་མྱངས་པར་འདོད་དེ་རྐང་བ་དང་མཆུས་པདྨ་ལ་བསྣུན་པའམ་རེག་པ་ན་པདྨའི་འཁྲི་ཤིང་རང་ཚུགས་མ་ཐུབ་པར་ཕན་ཚུན་དུ་བསྐྱོད་པས་འདར་ཞིང་གཡོ་བ་དང་ལྡན་པའི་ཁྱད་པར་དང་། ཉི་མའི་འོད་ཟེར་དང་ཕྲད་པས་སྡོང་བུའི་རྩེ་མོར་བཅུ་ཕྲག་བཅུའི་གྲངས་ཀྱི་འདབ་མའི་ཚོགས་རྣམས་ཁ་ཟུམ་པ་རབ་ཏུ་ཕྱེ་བའི་ལྟེ་བར་ཟེའུ་འབྲུ་དཀར་པོ་སོ་ཕྲེང་རྒོད་པ་ལྟར་མཛེས་པའི་ཁྱད་པར་དང་། དེ་ཉིད་ན་ཆུང་གཞོན་ནུའི་ཚོགས་ཀྱིས་མཐོང་བ་ན་ཡིད་ཀྱི་སྲུབས་ཤིང་དུ་གྱུར་བ་འདོད་ཆགས་ཀྱི་ཟོལ་ལས་སྐྱེས་པའི་སྤུ་ལོང་གི་གོས་ཀྱི་སྒྲིབ་གཡོགས་འཛིན་པའི་ཁྱད་པར་དང་ལྡན་པའི་ཕྱིར། རྩོམ་པ་པོ་བདག་གིས་ཅོད་པན་ཏེ་སྤྱི་བོར་མེ་ཏོག་གི་ཕྲེང་བ་འཛིན་པ་འདིས་རྒྱལ་བའི་ཞབས་ལ་མཆོད་པས་འཇིག་རྟེན་གྱི་རྒུད་པ་མཐའ་དག་ཞི་བར་གྱུར་ཅིག་ཅེས་པ་ནི་སྒྲས་ཟིན་གྱི་འབྲུ་གནོན་ཙམ་ཡིན་ལ། དེ་ཙམ་ཞིག་འདིའི་བརྗོད་བྱའི་གཙོ་བོར་བཟུང་དུ་མི་རུང་བས་དོན་ཁྱད་པར་བ་ཞིག་སྟོན་དགོས་ལ། དེ་ཡང་སྒྲས་ཟིན་གྱི་དཔེ་དང་། དེས་མཚོན་པའི་དོན་གཉིས་སྦྱར་ཏེ་བཀོད་ན། རྣམ་འགྲེལ་གྱི་རྣམ་བཤད་རིགས་པའི་རྒྱ་མཚོ་ཞེས་བྱ་བའི་བསྟན་བཅོས་པདྨ་དཀར་པོ་འདི་ཉིད་ཁྱད་ཆོས་དུ་མ་དང་ལྡན་ཏེ། བློ་གསལ་རྐང་དྲུག་ཚར་དུ་དངར་བའི་ཕྲེང་བ་རིགས་ལམ་སྦྲང་རྩི་ལོངས་སུ་སྤྱོད་པར་འདོད་དེ་དོན་གཉེར་འཕུར་ལྡིང་དང་བཅས་ལུང་རིགས་ཀྱི་སྒྲ་སྙན་སྒྲོགས་བཞིན་དགའ་མགུར་རོལ་བའི་ཁྱད་པར་དང་། མཁས་གྲུབ་རྗེའི་མཁྱེན་རབ་ཉི་མའི་ཟེར་དང་ཕྲད་པ་ལ་བརྟེན་ནས་ཚད་མ་སྡེ་བདུན་གྱི་དགོངས་དོན་འདབ་བརྒྱ་ཡོངས་སུ་རྫོགས་པས་དཀའ་གནད་ལེགས་བཤད་ཀྱི་ཟེའུ་འབྲུ་དཀར་པོས་མཛེས་པའི་ཁྱད་པར་དང་། གངས་ཅན་མཁས་མང་ན་ཆུང་ཚོགས་ཀྱིས་མཐོང་བ་ན་ཡིད་རང་དབང་མེད་པར་ཕྲོགས་ཏེ་ཀུན་དགའི་སྤུ་ལོང་གཡོ་བའི་ཁྱད་པར་དང་ལྡན་པའི་ཕྱིར། དེས་ན་རྩོམ་པ་པོ་དགེ་ལེགས་དཔལ་བཟང་པོ་བདག་གིས་ཅོད་པན་ཏེ་སྤྱི་བོར་ཐལ་མོ་སྦྱར་བའི་བར་དུ་དེ་ལྟ་བུའི་ལེགས་པར་བཤད་པའི་མེ་ཏོག་གི་ཕྲེང་བ་འཛིན་པ་འདིས་བདུད་བཞི་ལས་རྒྱལ་བའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་ལ་གུས་པས་མཆོད་པའི་བསོད་ནམས་ལ་བརྟེན་ནས། ས་འོག་ས་སྟེང་ས་བླ་སྟེ་འཇིག་རྟེན་གསུམ་གྱི་རྒུད་པ་མ་ལུས་པ་འདི་དག་ལྷག་མ་མེད་པར་ཞི་བར་གྱུར་ཅིག་ཅེས་པའོ།། འདི་ནི་དོན་རྒྱན་སོ་ལྔའི་ནང་ནས་བསྡུས་བརྗོད་ཀྱི་རྒྱན་ཡིན་ཏེ། བརྗོད་འདོད་དཔེ་ཅན་གྱི་དངོས་པོ་འགའ་ཞིག་ལ་བསམ་པར་བྱས་ནས། དེ་དང་མཚུངས་པའི་དཔེའི་དངོས་པོ་གཞན་དག་ངག་ཏུ་བཀོད་པའི་སྒོ་ནས། དཔེ་ཅན་དེ་བསྡུས་པའི་ཚུལ་གྱིས་བརྗོད་པར་བྱེད་པ་དེ་ནི་བསྡུས་བརྗོད་ཀྱི་རྒྱན་དུ་བཤད་པའི་ཕྱིར། སྙན་ངག་མེ་ལོང་ལས། དངོས་པོ་འགའ་ལ་བསམ་བྱས་ནས།། དེ་དང་མཚུངས་པའི་དངོས་པོ་གཞན།། བསྡུས་པའི་ཚུལ་གྱིས་བརྗོད་བྱེད་པ།། དེ་ནི་བསྡུས་པ་བརྗོད་པར་འདོད།། ཅེས་པ་ལྟར་རོ།། དེས་ན་འགའ་ཞིག་གིས་འདི་གཟུགས་ཅན་གྱི་རྒྱན་ཡིན་ཞེས་པ་སྨྲ་བ་ནི། མེ་ལོང་གི་གཞུང་མ་མཐོང་བར་ཟད་དོ།།ཞེས་ལེགས་པར་བཀྲལ་བའི་ཚུལ་འདི་ཀླུ་ཀུན་ཏུ་དགའ་བའི་མཆོད་བརྗོད་ཀྱི་ཤོ་ལོ་ཀ་དང་བོ་དང་གཞན་དག་ལ་ཡང་རིགས་བསྒྲེ་བར་བྱའོ།། 

གཞན་ཡང་། ཇི་སྐད་དུ། འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ལས། (༡།ཤ༥༦༠)

བྱམས་པའི་ཐུགས་ནི་རྒྱ་ཆེན་དགའ་བས་མགུལ་ནས་ཡང་དག་འཁྱུད་གྱུརད་པ། །

ཁྱེད་ཀྱི་སྙིང་རྗེས་བདག་ཅག་ཀྱང་ནི་དེ་བཞིན་བཏང་སྙོམས་མཚུངས་མཛད་རིགས། །

ལེགས་པའི་ལྷ་མོ་གྲགས་འཛིན་མཛད་བཞིན་བདག་ཅག་གིས་ནི་རྗེས་མི་འགྲོ། །

བདུད་ཀྱི་བུ་མོས་ཕྲག་དོག་གིས་སྨྲས་ཁྱེད་རྣམས་སངས་རྒྱས་རྟོགས་པར་ཤོག །

ཞེས་པའི་དོན་ནི། བྱམས་པའི་ཐུགས་ནི་རྒྱ་ཆེ་ཞིང་ཚད་ཀྱིས་གཞལ་དུ་མེད་པ་ཁྱོད་ཀྱི་དགའ་བ་སྟེ། ཆུང་མ་(གྲགས་འཛིན་མ)སྔོན་ཁྱོད་ཀྱི་མགུལ་ནས་ཡང་དག་པར་འཁྱུད་པར་གྱུར་མྱོང་བ་ལྟར། ཁྱེད་ཀྱིས་སྙིང་རྗེས་གཟིགས་ནས་བདག་ཅག་ལའང་དེ་ལྟ་བུའི་གོ་སྐབས་མཚུངས་པར་གནང་རིགས་སོ།། [འོན་ཏེ] ཁྱོད་ཀྱི་ལྷ་མོ་དམ་པ་སྟེ་བཙུན་མོ་གྲགས་འཛིན་མས་ཁྱོད་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དང་འདོད་པ་ལ་རྒྱབ་ཀྱིས་ཕྱོགས་པར་ཅི་མི་སྙམ་པ་ལྟ་བུའི་མཛད་པ་བསྐྱངས་པ་བཞིན་དུ་ནི་བདག་ཅག་གིས་གཏན་ནས་བྱེད་མི་ཐུབ་བོཞེས་བདུད་ཀྱི་བུ་མོས་ཕྲག་དོག་གིས་སྨྲས་པའི་ཡུལ་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྟོགས་པའི་གོ་འཕང་དེ་ལྟ་བུ་ཁྱེད་རྣམས་ལ་འཁྲུང་བར་ཤོག་ཅིག་ཅེས་ཤིས་པར་བརྗོད་པའོ།།

ཡང་། དེ་ཉིད་ལས། (༡།ཤ༥༦༠)
རྫོགས་བྱང་ཆུབ་ལ་བདུད་ནི་ཁྲོ་བས་སྐད་ཅིག་གཞུ་བཀང་དེ་ཡི་སྡེ་ཚན་རྣམས། །

གང་གིས་རྣམ་པར་བྲོས་པས་བུབ་ཅིང་ལོག་འདྲེན་ཞབས་ཀྱིས་མནན་ཏེ་མངོན་སྐད་འབྱིན། །

ལུས་མེད་བུ་མོ་མྱོས་བྱེད་མ་རྣམས་མཆི་འཛག་འཆི་མེད་རྣམས་ཀྱིས་མཐོང་ནས་དགའ། །

སྟོབས་བཅུ་མངའ་བའི་སྔོན་འགྲོ་གཞན་གྱིས་མི་ཐུབ་མས་ནི་ཁྱེད་རྣམས་སྐྱོང་བར་ཤོག །

ཞེས་པའི་དོན་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྫོགས་པའི་བྱང་ཆུབ་བརྙེས་པར་འགྱུར་བ་ལ་རབ་ཏུ་མ་བཟོད་ཅིང་ཤིན་ཏུ་ཁྲོ་བར་གྱུར་བས། བདུད་ཀྱིས་གཞུ་བཀང་བར་བྱས་ཏེ་དེ་ལ་བར་དུ་གཅོད་པའི་རྒོལ་བ་ལྷུར་ལེན་ཞིང་། དེ་ཡི་སྡེ་ཚན་ཏེ་བདུད་དེའི་དཔུང་སྡེ་དག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་མི་ཕམ་པའི་ཡོན་ཏན་གྱིས་རྣམ་པ་ཀུན་ཏུ་ཕམ་པར་གྱུརད་ཅིང་། ཕྱོགས་ཀུན་ཏུ་འབྲོས་པར་གྱུར་ལ། ཁ་སྦུབ་ཏུ་འགྱེལ་བ་དག་ནི་ལོག་འདྲེན་ཏེ་བདུད་ཀྱི་ཞབས་ཀྱིས་བརྫིས་པར་གྱུར་བས་འོ་དོད་བར་མེད་འབོད་ཅིང་། སྐད་ངན་སྣ་ཚོགས་མངོན་པར་འབྱིན་པ་དང་། ལུས་མེད་ཀྱི་བུ་མོ་འདོད་ལྡན་མྱོས་པར་བྱེད་མ་དག་ནི་སངས་རྒྱས་བཅོམ་ལྡན་འདས་ལ་ཅིར་ཡང་བྱར་མ་བཏུབ་པས་ཡིད་ཁོང་དུ་ཆུད་དེ་མིག་ལས་མཆི་མའི་རྒྱུན་བབ་པར་གྱུརད་པ་དང་། ཡང་འཆི་བ་མེད་པ་སྟེ་ལྷ་རྣམས་ནི་དེ་ལས་ལྡོག་སྟེ་ལྷ་མིའི་རྣམ་འདྲེན་སངས་རྒྱས་བཅོམ་ལྡན་ཉིད་ཀྱིས་བདུད་དཔུང་མ་ལུས་བཅོམ་པར་མཛད་པའི་ཚུལ་དེ་ལྟ་བུ་མཐོང་ནས་ཤིན་ཏུ་དགའ་བར་གྱུརད་ཏོ།། ཞེས་སེམས་ཅན་གྱི་རྣམ་སྨིན་མི་འདྲ་བ་ཉིད་ལས་སོ་སོར་དགའ་སྡུག་སྣ་ཚོགས་པ་བྱུང་ཚུལ་ཡང་སྙན་ངག་པས་ཞོར་ལ་གསལ་བར་བཀོད་དེ། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་སོགས་སྟོབས་བཅུ་མངའ་བའི་སངས་རྒྱས་ཉིད་སྲུང་ཞིང་སྙེན་པའི་ལྷ་མོ་གཞན་གྱིས་མི་ཐུབ་མ་ཡིས་འགྲོ་བ་ཁྱེད་རྣམས་དུས་ཀུན་ཏུ་སྲུང་ཞིང་སྐྱོང་བར་ཤོག་ཅིག་ཅེས་ཤིས་པ་བརྗོད་པའོ།།

དེ་ལྟར། དགེ་བསྙེན་ཟླ་བས་མཛད་པའི་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་གྱི་དགའ་ལྡན་ནམ། དགའ་བར་བྱེད་པའི་ཚིགས་བཅད་ཅུང་ཙམ་བཀྲལ་ནས་ད་ནི་དངོས་གཞི་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་དགའ་ལྡན་གྱི་ཚིགས་བཅད་འགྲེལ་བ་ལ། དགའ་བྱེད་ཀྱི་ཤོ་ལོ་ཀ་དང་བོ་ནི། ཇི་སྐད་དུ། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལས། (༢།ཤ༦༤༢)

དགའ་མ་དགའ་བའི་ཟོལ་ལས་སྐྱེས་པའི་སྤུ་ལོང་དག་གིས་བསྒྲིབས་པའི་ལུས་འཛིན་ཅིང་། །

འཛུམ་དང་ལྡན་པས་རྒྱལ་བའི་བྱང་ཆུབ་དག་ལ་བཀོད་པ་མེ་ཏོག་སྙིམ་པ་ནི། །

གཤོག་རྩལ་རབ་བསྐྱོད་སྒྲ་སྒྲོགས་སྦྲང་རྩི་བྱེད་རྣམས་སྦྲང་རྩི་རེ་བས་བསྟེན་ཅིང་དེའི། །

རྐང་བས་བསྣུན་པས་ཁ་ཟུམ་ཚོགས་ཕྱེ་གེ་སར་གསལ་བར་གྱུར་པས་ཁྱེད་ལ་སྲུངས། །

ཞེས་གསུང་བའི་དོན་ནི། བདུད་ཀྱི་བུ་མོ་དགའ་མ་རབ་ཏུ་དགའ་བའི་ཟོལ་ལམ་ཚུལ་ལས་སྐྱེས་པའམ་གཡོས་པའི་སྤུ་ལོང་དག་གིས་ཡོངས་སུ་བསྒྲིབས་པའི་ལུས་ཀྱི་རྣམ་པ་འཛིན་པ་སྟེ། ལུས་ཡོངས་དགའ་བའི་སྤུ་ལོང་གིས་གཡོས་པར་གྱུར་བ་(བདུད་ཀྱི་བུ་མོ་དགའ་མ)དེས་སྒེག་པའི་འཛུམ་དང་བཅས་ཏེ་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་ལ་ལེགས་པར་སྙོམས་པར་བཞུགས་པའི་དྲུང་དུ་བཀོད་པའམ་བཞག་པའི་མེ་ཏོག་སྙིམ་པའམ་ཁ་མ་ཕྱེ་བ་དེ་དག་ནི། གཤོག་རྩལ་རབ་ཏུ་སྐྱོད་ཅིང་ཟིར་ཟིར་གྱི་སྒྲ་ཀུན་ཏུ་སྒྲོགས་པ་སྦྲང་རྩི་བྱེད་པ་སྟེ་སྦྲང་མ་རྣམས་ཀྱིས་སྦྲང་རྩི་འདོད་པའི་རེ་བ་དང་བཅས་ཏེ་བསྟེནད་ཅིང་བུང་བ་དེ་དག་གི་རྐང་བས་མེ་ཏོག་ལ་བསྣུན་པའི་རྐྱེན་གྱིས་ཁ་ཟུམ་པའི་མེ་ཏོག་གི་ཚོམས་ཁ་ཕྱེ་བར་གྱུར་ལ། མེ་ཏོག་དེ་དག་གི་གེ་སར་རམ་ཟེའུ་འབྲུའི་སོ་ཕྲེང་གསལ་བར་གྱུར་བ་དེ་ལྟ་བུའི་ཁྱད་པར་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁྱེད་ཅག་སྲུང་བར་གྱུར་ཅིག་ཞེས་པའོ།།

ཀུན་མཁྱེན་འཇིགས་མེད་དབང་བོ་མཆོག་གིས་རྗེའི་ཐུགས་སྲས་མཁས་གྲུབ་དགེ་ལེགས་དཔལ་བཟང་མཆོག་གི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོའི་མཆོད་བརྗོད་འགྲེལ་བ་གོང་དུ་བཀོད་ཡོད་པ་ལྟར། ཚིགས་བཅད་གོང་འོག་ཀུན་ཏུ་དེ་ལྟའི་འགྲེལ་ཚུལ་གྱིས་རིགས་བསྒྲེས་ཏེ་སྤྲོས་པར་མོས་པ་དག་གིས་ཀུན་རྟོག་གི་སྤྲོ་བ་མང་དུ་མཛད་པར་རིགས་སོ།། 
དོན་ཡོད་པའི་ཕྱིར། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་ཤོ་ལོ་ཀ་གཉིས་པ་རྒྱ་དཔེ་དང་གཏུགས་ཏེ་འགྲེལ་བ་ལ། དེ་ཡང་ཇི་སྐད་དུ། ལེགས་པར་སྦྱར་བ་ལྷའི་སྐད་དུ་བཞུགས་པའི་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལས།(།ཤ༡།-༧།ཤ༡)

ध्यानव्याजमुपेत्य चिन्तयसि कामुन्मील्य चक्षुः क्षणं

पश्यानङ्गशरातुरं जनमिमं त्राताऽपि नो रक्षसि।

मिथ्याकारुणिकोऽसि निर्घृणतरस्त्वत्तः कुतोऽन्यः पुमान्

सेर्ष्यं मारबधूभिरित्यभिहितो बोधौजिनः पातु वः।।

དྷྱཱནབྱཱཛམུཔེཏྱ ཙིནྟཡསི ཀཱམུནྨཱིལྱ ཙཀྵུཿ ཀྵཎཾ

པཤྱཱནངྒཤརཱཏུརཾ ཛནམིམཾ ཏྲཱཏཱཉཔི ནོ རཀྵསི།

མིཐྱཱ ཀཱརུཎིཀོཉསི ནིར྄གྷྲྀཎཏརསྟྭཏྟཿ ཀུཏོཉནྱཿ པུམཱན྄

སེརྵྱཾ མཱརབདྷཱུབྷིརིཏྱབྷིཧིཏོ བུདྷཽཛིནཿ པཱཏུ བཿ།།

ཞེས་གསུངས་པ་ལྟར། དེ་ཤོང་འགྱུར་དུ། (༡།ཤ༥༦༠)

བསམ་གཏན་ཟོལ་དག་ཉེ་བར་བཟུང་ནས་སྐད་ཅིག་མིག་ཕྱེ་སུ་ལ་སེམས་པར་བྱེད། །

སྐྱོབ་པ་ཡིན་ཡང་ལུས་མེད་མདས་གཟིར་སྐྱེ་བོ་འདི་དག་སྲུང་བ་མིན་ལ་ལྟོས། །

སྙིང་རྗེར་ལྡན་པ་རྫུན་ཏེ་ཁྱོད་ལས་གཞན་པའི་བརྩེ་མེད་སྐྱེས་བུ་ག་ལ་ཡོད། །

བདུད་མོ་རྣམས་ཀྱིས་བྱང་ཆུབ་ལ་འདི་ཕྲག་དོག་གིས་བརྗོད་རྒྱལ་བས་ཁྱེད་ལ་སྲུངས།།

ཞེས་བསྒྱུར་ཡོད་ཅིང་། བོད་ཀྱི་སྒྲ་བ་རྣམས་ལའང་ཕན་པའི་ཕྱིར་སྐད་དོད་ཤན་སྦྱར་ཏེ་དེའི་དོན་རྒྱས་པར་བཀྲལ་ན་འདི་ལྟ་སྟེ།

མཚམས་སྦྱོར་ཕྲལ་བ།

བྱཱཛམུཔེཏྱ = བྱཱཛམ྄ + ཨུཔེཏྱ།  ཀཱམུནྨཱིལྱ = ཀཱམ྄ + ཨུནྨཱིལྱ།  པཤྱཱནངྒ = པཤྱ + ཨནངྒཿ།

ཛནམིམཾ = ཛནམ྄ + ཨིམམ྄།  ཏྲཱཏཱཉཔི = ཏྲཱཏཱ + ཨཔི།  ཀཱརུཎིཀོཉསི = ཀཱརུཎིཀཿ + ཨསི།

ཀུཏོཉནྱཿ = ཀུཏས྄ + ཨནྱ། སེརྵྱཾ = + ཨིརྵྱཾ། མཱརབདྷཱུབྷིརིཏྱབྷིཧིཏོ = མཱརབདྷཱུབྷིཿ + ཨིཏི + ཨབྷིཧིཏཿ།

འབྲུ་འགྲེལ། 

དྷྱཱ་ནམ྄་ནི་བསམ་གཏན། བྱཱ་ཛམ྄་ནི་ཟོལ་འམ་གཡོ། ཨུ་པེ་ཏྱ་ནི་ཉེ་བར་བཟུང་ནས།(ཨུ། ཨུཔ+ཨི། ཞ) ཀཱམ྄་ནི་སུ་ལ།(ན༢།༡མ) ཙིནྟཡསི་ནི་སེམས་པར་བྱེད།(ཙིན྄ཏ྄། ལཊ། ཞ) ཨུནྨིལྱ་ནི་ཕྱེ་ནས།(ཨུ། ཨུད྄+མཱིལ྄། ཞ) ཙཀྵུས྄་ནི་མིག  ཀྵཎཾ་ནི་སྐད་ཅིག  པཤྱ་ནི་ལྟོས་ཤིག་གམ་གཟིགས་པར་མཛོད་ཅིག(དྲྀཤ྄། ལོཊ། ཞ)  ཨནངྒཿནི་ལུས་མེད་དེ་འདོད་ལྷ། ཤརཿནི་མདའ། ཨཱཏུར་ནི་གཟིར་བ། ཨནངྒཤརཱཏུརམ྄་ནི་ལུས་མེད་ཀྱི་མདའ་ཡིས་གཟིར་བའི། ཛནམ྄་ནི་མིའམ་སྐྱེ་བོ། ཨིམམ྄་ནི་འདི།(ན༢།༡ ཕ། སྤྱིར་གོང་གི་སྐྱེ་བོ་དང་འདི་སྒྲ་གཉིས་༡ཚིག་ཡིན་ཡང་། འོག་གི་མཱརབདྷཱུབྷིཿབདུད་མོ་རྣམས་ཀྱིས་ཞེས་མང་ཚིག་ཡོད་པའི་ཤུགས་ཀྱིས་མང་ཚིག་ལ་འཇུག་པའོ) ཏྲཱཏྲྀ་ནི་སྐྱོབ་པ།(ཏྲཱཏཱ ན༡།༡ ཕ) ཨཔི་ནི་ཡང་ངམ་འོན་ཀྱང་། ནོ་ནི་དགག་ཚིག རཀྵསི་ནི་སྲུང་བ།(རཀྵ྄། ཞ) མིཐྱཱ་ནི་རྫུན་པ།() ཀཱརུཎིཀ་ནི་སྙིང་རྗེའམ་བརྩེ་བ། ཨསི་ནི་ཡིན་ནམ་རེད།(ཨས྄། ལཊ། ཞ) ནིར྄གྷྲྀཎ་ནི་སྙིང་རྗེ་མེད་པའམ་བརྩེ་བ་མེད་པ། ཏརཿནི་བསྡུར་བའམ་ལྷག་པའི་རྐྱེན་ཏརཔ྄་སྦྱར་བའོ།།(ལྷག་པ་ལ་ཏརཔ྄འོ) ཏྭཏྟས྄་ནི་ཁྱོད་ལས།() ཀུཏས྄་ནི་གང་དུ། ཨནྱ་ནི་གཞན། པུཾས྄་ནི་སྐྱེས་བུ།(པུམཱན྄་ན༡།༡ ཕ) ཨཱིར྄ཥྱཱ་ནི་ཕྲག་དོག སེརྵྱམ྄(ས+ཨཱིར྄ཥྱཱ། མ)ཡང་ན།[(ཨཱིརྵྱཡཱ སཧིཏཾ)ཕྲག་དོག་དང་བཅས་ཏེ] མཱརབདྷཱུཿནི་བདུད་ཀྱི་བུ་མོ་སྟེ་བདུད་མོ།(མཱརབདྷཱུབྷིཿན༣།༣ ཞ) ཨིཏི་ནི་ཞེས་ཏེའམ་དེ་སྐད།() ཨབྷིཧིཏ་ནི་བརྗོད་པའམ་མངོན་པར་བརྗོད་པ།(ཨུ། ཨབྷི་+དྷཱ། ཉ) བོདྷི་ནི་བྱང་ཆུབ།(བོདྷཽ་ནི་ན༧།༡མ) ཛིནཿནི་རྒྱལ་བ། པཱཏུ་ནི་སྲུང་བའམ་སྐྱོང་བར་མཛོད།(པཱ། ལོཊ། ཞ) བཿནི་ཁྱོད་ཅག(ན༢།༣)

ཞེས་པ་སྡེབ་སྦྱོར་སྟག་རྣམ་རྩེན་གྱིས་བཅིངས་པ་དེའི་དོན་ནི་འཆད་འགྱུར་ལྟར་ཏེ།

དོན་འགྲེལ། 

བསམ་གཏན་སྒོམ་པའི་ཟོལ་གྱིས་བུད་མེད་སུ་ཞིག་སེམས་པར་བྱེད། སྐད་ཅིག་ཙམ་ལ་མིག་དག་ཕྱེ་ནས་ལུས་མེད་ཀྱི་མདས་གཟིར་བའི་བདག་ཅག་ལ་གཟིགས་པར་མཛོད་ཅིག ཐམས་ཅད་སྐྱོབ་པ་ཡིན་བཞིན་དུ་ཡང་བདག་ཅག་སྐྱོབ་པར་མི་བྱེད་པ་ཅི། ཁྱོད་སྙིང་རྗེ་དང་ལྡན་པར་བཤད་པ་རྫུན་ཏེ། ཁྱོད་ལས་གཞན་པའི་བརྩེ་བ་མེད་པའི་སྐྱེས་བུ་སུ་ཞིག་ཡོད།ཅེས་ཏེ་བདུད་ཀྱི་བུད་མེད་རྣམས་ཀྱིས་ཕྲག་དོག་དང་བཅས་ཏེ་སྨྲས་པར་གྱུརད་ཅིང་། དེ་ཁོ་ན་ཉིད་ཀྱི་རྒྱུ་བསམ་གཏན་ལ་གཡོ་བ་མེད་པར་གཞོལ་བ་དེ་ལྟ་བུའི་ཁྱད་པར་དང་བཅས་པའི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁྱོད་ཅག་སྲུང་བར་གྱུརད་ཅིག་ཅེས་པའོ།། 

རྒྱས་འགྲེལ། 

ཚིགས་སུ་བཅད་པ་འདི་ནི་བདུད་དགའ་རབ་དབང་ཕྱུག་གིས་རང་གིས་མ་ཐུབ་པར་རང་གི་ན་ཆུང་བུ་མོ་རྣམས་སངས་རྒྱས་བཅོམ་ལྡན་འདས་མཉམ་པར་བཞག་པའི་ཚེ་བར་ཆད་རྩོམ་པའི་ཕྱིར་བརྫངས་པའི་གནས་སྐབས་ལས་བརྩམས་ཏེ། སྙན་ངག་པ་དགའ་བའི་ལྷས་(༥༩༠-༦༤༧)སངས་རྒྱས་ཀྱི་མི་འཁྲུགས་པའི་མཛད་པའམ་བཏང་སྙོམས་ཚད་མེད་ཀྱི་ཡོན་ཏན་ལ་བསྔགས་པ་མཛད་ཅིང་། དེ་ལྟ་བུའི་ཡོན་ཏན་དེ་དང་ལྡན་པའི་སངས་རྒྱས་དེས་ཁྱེད་ཅག་སྲུང་བར་གྱུར་ཅིག་ཅེས་ཤིས་པ་བརྗོད་པའོ།།

གོ་སླ་བའི་ཕྱིར་ཞིབ་ཏུ་བཀྲལ་ན། འདི་ནི་བདག་ཅག་གི་སྟོན་པ་ལོ་དྲུག་ལ་དཀའ་བ་སྤྱད་དེ་མཐར་རྡོ་རྗེ་གདན་གྱི་སྤོ་ལ་མཉམ་པར་བཞག་པའི་ཚེ། བདུད་ལས་རྒྱལ་བའི་ཚུལ་གྱི་གནས་སྐབས་དེ་ཉིད་དམིགས་སུ་བཀོད་དེ་སངས་རྒྱས་ཀྱི་ཆེ་བ་བརྗོད་པའི་ཚིགས་སུ་བཅད་པ་ཞིག་ལགས་ཤིང་། དེ་ཡང་བདུད་མོ་རྣམས་ཀྱི་འཁང་ར་ལྟ་བུ་དང་། བདེན་བདེན་འདྲ་བའི་གཅོམ་སྐྱུང་གི་ངག་གཙོ་བོར་བརྗོད་པ་ལས། དེ་དག་གི་འཁང་ར་བྱེད་ཡུལ་དུ་གྱུར་བའི་སངས་རྒྱས་ཉིད་ཀྱི་ཁྱད་ཆོས་སོགས་ཚིགས་སུ་བཅད་པ་དངོས་སུ་གང་ཡང་མ་བརྗོད་ན་ཡང་། བདུད་མོ་རྣམས་ཀྱིས་འཁང་ར་བརྗོད་པའི་ཤུགས་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆེ་བ་དང་མཛད་པ་སོགས་སྙན་ངག་མྱོང་མཁན་དག་གི་རྣམ་རྟོག་གི་སྒྱུ་འཕྲུལ་ལས་རྟོགས་ཤིང་མྱང་བར་འགྱུར་བའོ།། སྙན་ངག་མེ་ལོང་ལས། ཐོག་མར་འདྲེན་པ་ཡོན་ཏན་གྱིས།། ཉེ་བར་བཀོད་ནས་དེ་ཡིས་ནི།། དགྲ་ལ་གནོད་པ་བྱེད་ཅེས་པའི།། ལམ་འདི་རང་བཞིན་མཛེས་པ་ཡིན།།”(༥།ཤ༨༠) ཞེས་དང་ཡང་། རིགས་དང་བརྩོན་འགྲུས་ཐོས་སོགས་ཀྱིས།། དགྲ་བོ་ལ་ཡང་བསྔགས་བྱས་ནས།། དེ་ལས་རྒྱལ་བར་འདྲེན་པ་ནི།། ཁྱད་འཕགས་བརྗོད་པ་བདག་དགའ་སྐྱེས།།(༥།ཤ༨༡) ཞེས་གསུངས་པའི་སྐབས་ཀྱི་དགྲ་བོ་ལ་ཡང་བསྔགས་བྱས་ནས་ཞེས་པ་ལྟར། སྐབས་དོན་ཇི་བཞིན་མིན་ནའང་། སྙན་ངག་གི་གཞུང་མེ་ལོང་མའི་དབང་དུ་བྱས་ན། སྐབས་དོན་གྱི་བལྟ་བྱའི་སྙན་ངག་གཉི་གའི་མཆོད་བརྗོད་ཀྱི་ངག་ལམ་འདི་ཉིད་བསྟེན་ཡོད་དེ། བརྗོད་ཚུལ་འདི་ཉིད་ཡིན་པའི་ཕྱིར་རོ།། དེ་ཡང་ཞིབ་ཏུ་བཤད་ན། སངས་རྒྱས་བཅོམ་ལྡན་འདས་ཉིད་བདུད་ཀྱི་ཁ་གཏད་དམ་དགྲར་སོང་བས། དེའི་ཁྱད་ཆོས་དང་ཡོན་ཏན་སོགས་དངོས་སུ་ཅི་ཡང་མ་བརྗོད་ནའང་། བདུད་ཀྱིས་དོན་མེད་པའི་རྒོལ་བ་ལྷུར་བླངས་པའི་ཤུགས་ལས་སངས་རྒྱས་ཀྱི་གཞན་གྱིས་མི་ཐུབ་པའི་ཡོན་ཏན་སོགས་ཤུགས་ལས་གསལ་བར་འགྱུར་བའི་ཕྱིར། ཡང་། དབྱིན་ཇིའི་སྙན་ངག་པ་གྲགས་ཅན། རོ་བྷིརྛ་བྷྲཽནྣིང་[Robert Browning(1812-1889)]མཆོག་གིས་མཛད་པའི་སྙན་ངག་ངའི་བཙུན་མོ་ལས་ལེགས་མ།(My last Duchess / 我已故的公爵夫人)ཞེས་པའང་བརྗོད་ཐབས་འདི་ལྟ་བུར་མཐོང་བས། དོན་གཉེར་ཅན་དག་གིས་དེའང་སྤྱན་རས་གཡོ་བར་མཛོད་ཅིག

དེ་ཉིད་ལས། རང་བཞིན་བརྗོད་དང་འཁྱོག་བརྗོད་ཅེས།། ངག་གི་རང་བཞིན་ཐ་དད་གཉིས།། འཁྱོག་པར་བརྗོད་པ་ཐམས་ཅད་ལ།། ཕལ་ཆེར་སྦྱར་བས་དཔལ་རྒྱས་བྱེད།།”(༥།ཤ༤༨༢) ཞེས་གསུངས་པ་ལྟར་འདིར་ནི་འཁྱོག་བརྗོད་ཀྱི་ལམ་རང་སྤྱད་ཡོད་དེ། དབྱུག་པ་ཅན་གྱི་རྗེས་ཀྱི་སྙན་ངག་གི་གཞུང་སྟོན་མཁན་དག་གི་ཁྲོད་དུ་འཁྱོག་བརྗོད་ཉིད་སྙན་ངག་གི་སྲོག་ཏུ་བཤད་ཡོད་པའང་འདི་ལྟ་བུའི་ཡོན་ཏན་གྱིས་ཡིན་པ་སོགས་བརྗོད་དུ་བྱ་བ་མང་ཡང་སྐབས་གཞན་དུ་སྤྲོ་བར་འགྱུར་རོ།། སྙན་ངག་གི་ལམ་སྲོལ་འདི་ལྟ་བུ་དངོས་སུ་སྤྱད་པ་ནི་ཤིན་ཏུ་མཐོང་དཀོནད་ཅིང་། གང་མང་ཞིག་གི་བགོ་སྐལ་དུ་མ་གྱུར་བ་ཤིན་ཏུ་ཕངས་པའི་གནས་སོ།། 

དཀྱུས་སུ་འཇུག་པར་བྱ་སྟེ། དེ་ཡང་བདུད་ཀྱིས་བརྫངས་པའི་ལྷ་མོ་རྣམས་ཀྱིས་སངས་རྒྱས་ཀྱི་དྲུང་དུ་སྒེག་པའི་གར་ལ་རོལད་ཅིང་། སྒྲ་སྙན་དང་སིལ་སྙན། རྒྱན་ཆ་དང་རྣ་ཆ། གླུ་དབྱངས་ཡིད་དུ་འོང་བ་དུ་མས་བཀྲ་བ་དང་མཛེས་པར་བྱས་ཏེ། ཡིད་ཀྱི་དབང་བོ་འགུག་པར་བསམ་མོད་ཀྱང་། སངས་རྒྱས་ཀྱིས་སྤྱན་ཚུན་ཆད་མ་ཕྱེ་བར་བསམ་གཏན་ལ་རྩེ་གཅིག་ཏུ་གཞོལ་ཞིང་། དེ་ལ་བར་ཆད་དུ་འགྲོ་བ་ཅི་ཡང་དེ་དག་གིས་བརྩམས་ནུས་པར་མ་གྱུར་བ་ན། བདུད་མོ་དག་ཐབས་ཟད་དེ་ན་རེ། ཝེ། བསམ་གཏན་སྒོམ་པའི་ཟོལ་གྱིས་བུད་མེད་སུ་ཞིག་ཡིད་ལ་དྲན་གྱི་ཡོད། གྲགས་འཛིན་མ་དྲན་གྱི་ཡོད་དམ། གཞན་དུ་ན་མཛེས་པའི་བུད་མེད་སུ་ཞིག་ཡིད་ལ་བྱེད་ཅིང་མཆིས་ཞེས་སྒྲོ་འདོགས་པའི་ཟོལ་གྱིས་བར་ཆད་རྩོམ་པ་དང་། ཡང་། ལུས་མེད་ཀྱི་མདས་ཤིན་ཏུ་གཟིར་བའི་བདག་ཅག་ལ་སྐད་ཅིག་ཙམ་ལའང་སྤྱན་གྱིས་གཟིགས་པར་མཛོད་ཅིག ཐུགས་རྗེ་མཛོད་ཅིགཅེས་ཉམ་ང་ང་སྐད་དུ་བར་ཆད་རྩོམ་པ། དེ་བཞིན་དུ། ཁྱོད་འགྲོ་བའི་གཉེན་དང་སྐྱབས་མ་ཡིན་ནམ། ཅིའི་ཕྱིར་ཁྱོད་ཐམས་ཅད་སྐྱོབ་པ་ཡིན་བཞིན་དུ་ཡང་བདག་ཅག་སྲུང་བར་མི་བྱེད་དམ། བདག་ཅག་སྐྱོབ་པར་མི་བྱེད་པ་ཅི་ཞིགཅེས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ཞེ་འགལ་བ་སྐད་དུ་བར་ཆད་རྩོམ་པ་སོགས་ཅི་ཞིག་བྱས་ཀྱང་། སངས་རྒྱས་བསམ་གཏན་ལས་གཡོ་མ་ནུས་ཤིང་། ཏིང་ངེ་འཛིན་ལས་དཀྲོགས་མ་ནུས་པས་ཡི་ཆད་དེ་མཐའ་མར་ཁྱོད་སྙིང་རྗེ་དང་ལྡན་པར་བཤད་པ་ནི་རྫུན་ཏེ། ཁྱོད་ལྟ་བུའི་བརྩེ་བ་མེད་པ། སྙིང་རྗེ་ཏིལ་འབྲུ་ཙམ་ཡང་མེད་པའི་སྐྱེས་བུ་གཞན་ཞིག་ག་ལ་ཡོདཅེས་དམོད་པ་ལྟ་བུའི་བར་ཆད་བརྩམས་པར་ཐལ་ལོ།། དེ་ལྟར་ཐལ་ནས་སེམས་ཁོང་དུ་ཆུད་དེ་སྤྲུལ་འགྱུར་བསྡུས་པར་གྱུར་བའང་རྗེས་སུ་དཔག་པར་བྱ་བའོ།། དེ་ལྟ་བུའི་བདུད་མོ་རྣམས་ཀྱིས་རྣམ་པ་དུ་མ་དང་ཐབས་དུ་མས་བར་དུ་གཅོད་བསམས་ཀྱང་གཅོད་མ་ཐུབ་པས། མཐའ་མར་ཕྲག་དོག་གིས་གོང་དུ་བཤད་པའི་ཚིག་དེ་དག་ཐལ་བ་སྟེ་དེ་སྐད་བརྗོད་པར་གྱུར་བའི་ཡུལ་ཉིད་དུ་གྱུར་བ་སངས་རྒྱས་དེ་ཉིད་ཀྱིས་འགྲོ་བ་ཁྱེད་ཅག་སྲུང་བར་གྱུར་ཅིག་ཅེས་ཤིས་པ་བརྗོད་པའོ།། 

ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་འདི། ད་དུང་དེ་ལས་གོ་སླ་བར་བརྗོད་ན། སངས་རྒྱས་ཀྱིས་ཁྱེད་ཅག་སྲུང་བར་གྱུར་ཅིག ཇི་ལྟ་བུའི་སངས་རྒྱས་ཀྱིས་ཞེ་ན། བདུད་མོ་རྣམས་ཀྱིས་ཐོག་མར་ཅོ་འདྲི་བ། བར་དུ་ཉམ་ང་ང་སྐད་བྱེད་པ་དང་། མཐའ་མར་ཕྲག་དོག་དང་བཅས་ཏེ་དམོད་པ་བོར་བར་ཐལ་བའི་ཡུལ་དུ་གྱུར་བའི་སངས་རྒྱས་དེ་ཉིད་ཀྱིས་སྲུང་བར་གྱུར་ཅིག་ཅེས་པའོ།། དེའི་ཤུགས་ནས་བལྟ་བྱའི་སྙན་ངག་འདི་གཉི་གའི་བརྗོད་བྱ་སངས་རྒྱས་ཀྱི་ཚད་མེད་བཞི་ལས་བཏང་སྙོམས་ཚད་མེད་ཀྱི་སྒོ་ནས་སངས་རྒྱས་ལ་བསྔགས་ཤིང་དེ་ལྟ་བུའི་ཡོན་ཏན་གྱི་ཚོགས་ཁྱད་པར་དང་བཅས་པའི་སངས་རྒྱས་ཀྱིས་འགྲོ་བ་ཁྱེད་ཅག་སྲུང་བར་ཤོག་ཅིག་ཅེས་ཤིས་པ་བརྗོད་པ་རྟོགས་སླའོ།། 

འགྱུར་དཔྱད།

ཤོང་འགྱུར་ལྟར་ན། ཚིག་ཟིན་ཙམ་ལ་གཟིགས་ནས། བསམ་གཏན་ཟོལ་དག་ཉེ་བར་བཟུང་ནས། སྐད་ཅིག་ཙམ་ལ་མིག་ཕྱེ་ཙམ་ཕྱེ་ཙམ་བྱས་ནས་སུ་ལ་(བུད་མེད་སུ་ཞིག)སེམས་པར་བྱེད་ལྟ་བུར་འགྲེལ་ཉེན་ཡོད་ཅིང་། གཞན་ཡང་། (སངས་རྒྱས་ཁྱོད)སྐྱོབ་པ་ཡིན་ཡང་། ལུས་མེད་ཀྱི་མདས་གཟིར་བར་གྱུར་བའི་སྐྱེ་བོ་འདི་དག་སྲུང་བ་མིན་ལ་ལྟོས་ཞེས་པ་ལས། ལྟོས་ཞེས་པའི་བྱ་ཚིག་འདི་སངས་རྒྱས་བཅོམ་ལྡན་འདས་ལ་སྐུལ་ཚིག་སྦྱར་བར་འགྲེལ་མཛད་མཁས་པས་ཁྲོལ་སྲིད་ཀྱང་། མི་སྲུང་བའི་འདིའི་ཚུལ་ལ་ལྟོས་དང་ཞེས་ཀློག་མཁན་ནམ་ཕན་ཚུན་ལ་སྐུལ་བའི་དོན་དུ་མ་ཤེས་པ་དག་གིས་འགྲེལ་ཉེན་ཡོད་པས་གོང་དུ་གསལ་བོར་བཀྲལ་བ་ལྟར་རྟོགས་སླ་བའི་ཕྱིར་རྩལ་འགྱུར་དུ་བྱས་ན།

འདི་ལྟ་སྟེ། 

བསམ་གཏན་ཟོལ་དག་ཉེ་བར་བཟུང་ནས་བུད་མེད་སུ་ཞིག་སེམས་པར་བྱེད་དམ་སྐད་ཅིག་མིག་དག་ཕྱེ་བགྱིས་ནས།།
ལུས་མེད་མདའ་ཡིས་གཟིར་བར་གྱུར་བའི་སྐྱེ་བོ་འདི་དག་ལྟ་བར་མཛོད་ཅིག་སྐྱོབ་པ་ཡིན་ཡང་མི་སྲུང་ངམ།། 
སྙིང་རྗེར་ལྡན་པ་རྫུན་པར་གྱུར་རོ་ཁྱོད་ལས་ལྷག་པའི་བརྩེ་མེད་སྐྱེས་བུ་ག་ལ་ཡོད་ཅེས་བདུད་མོ་རྣམས།།
ཕྲག་དོག་དང་བཅས་མངོན་པར་བརྗོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པ་རྒྱལ་བས་ཁྱེད་རྣམས་སྲུང་བར་ཤོག། ཅེས་སོ།། 

དེ་ལ་དགའ་བྱེད་ཀྱི་ཤོ་ལོ་ཀ་གསུམ་པ་ནི། ཇི་སྐད་དུ། (༦།ཤ༢།-༧།ཤ༢)

कामेनाकृष्य चापं हतपटुपटहावल्गिभिर्मारवीरै-

र्भूभङ्गोत्कम्पजृम्भास्मितचलितदृशा दिव्यनारीजनेन।

सिद्धैः प्रह्वोत्तमाङ्गैः पुलकितवपुषा विस्मयाद् वासवेन

ध्यायन् बोधेरवाप्तावचलित इति वः पातु दृष्टो मुनीन्द्रः।।
ཀཱམེནཱཀྲྀཥྱ ཙཱཔཾ ཧཏཔཊུཔཊཧཱབལྒིབྷིརྨཱརབཱིརཻ

ར྄བྷཱུབྷངྒོཏྐམྤཛྲྀམ྄བྷཱསྨིཏཙལིཏདྲྀཤཱ དིབྱནཱརཱིཛནེན།

སིདྡྷཻཿ པྲཧྭོཏྟམཱངྒཻཿ པུལཀིཏབཔུཥཱ བིསྨཡཱད྄ བཱསབེན

དྷྱཱཡན྄ བོདྷེརབཱཔྟཱབཙལིཏ ཨིཏི བཿ པཱཏུ དྲྀཥྚོ མུནཱིནྡྲཿ།། 

གཞུ་བཀང་འདོད་པ་དང་ནི་རྔ་གསང་རྡུང་ཞིང་སྒྲ་སྒྲོགས་བདུད་ཀྱི་དཔའ་བོ་དང་། །

སྨིན་འཁྱོག་རབ་འདར་གླལ་འཛུམ་ལོགས་སུ་ལྟ་བ་མཐོ་རིས་བུ་མོའི་སྐྱེ་བོ་དང་། །

གྲུབ་པ་ཡན་ལག་མཆོག་བཏུད་རྣམས་དང་མཚར་བས་སྤུ་ལངས་ལུས་ཅན་ནོར་ལྷ་ཡིས། །

བྱང་ཆུབ་འཐོབ་ལ་བསམ་གཏན་གཡོ་མེད་ཅེས་བལྟས་ཐུབ་པའི་དབང་པོས་ཁྱེད་ལ་སྲུངས།།(༢།ཤ༦༤༢)

མཚམས་སྦྱོར་ཕྲལ་བ།

ཀཱམེནཱཀྲྀཥྱ = ཀཱམེན + ཨཱཀྲྀཥྱ།  བལྒིབྷིརྨཱརབཱིརཻར྄བྷཱུབྷངྒོཏྐམྤཛྲྀམ྄བྷཱ = བལྒིབྷིཿ + མཱརབིརཻཿ + བྷཱུབྷངྒཿ + ཨུཏྐམྤཿ + ཛྲྀམ྄བྷཱ།  པྲཧྭོཏྟམཱངྒཻཿ = པྲཧྭ + ཨུཏྟམཱངྒཻཿ།  བོདྷེརབཱཔྟཱབཙལིཏ = བོདྷེཿ + ཨབཱཔྟཽ + ཨཙལིཏ། མུནཱིནྡྲཿ = མུནི + ཨིནྡྲཿ། 

འབྲུ་འགྲེལ།

ཀཱམེན་ནི་བདུད་ཀྱིས།(ན༣།༡) ཨཱཀྲྀཥྱ་ནི་བཀང་བའམ་འཐེན་པ།(ཨཱ+ཀྲྀཥ྄ ཉ) ཙཱཔ་ནི་གཞུ། ཧཏ་ནི་རྡུང་བའམ་སྣུན་པ།(ཧན྄། ཞ) པཊུ་ནི་གསང་ངམ་གསལ་བ། པཊཧཿནི་རྔའམ་རྔ་ཆེན། ཨཱབལྒིན྄་ནི་གར་བྱེད་པ།(ཨཱབལྒིབྷིཿནི་ན༣།༣ཕ) ཧཏཔཊུཔཊཧཱབལྒིབྷིཿ=ཧཏཱཿ པཊཔཊཧཱཿ ཡཻཿ ཏེ ཨཱབལྒནྟི་ཞེས་པ་ནི་རྔ་ཆེན་ཤུགས་ཀྱིས་རྡུང་ཞིང་གར་བྱེད་པའོ།། མཱརབཱིརཿནི་བདུད་ཀྱི་དཔའ་བོ།(མཱརབཱིརཻཿནི་ན༣།༣) བྷྲཱུབྷངྒཿནི་སྨིན་མ་འཁྱོག་པ། ཨུཏྐམྤཿནི་རབ་ཏུ་འདར་བ། ཛྲྀམ྄བྷཱ་ནི་གླལ་བ། སྨིཏམ྄་ནི་འཛུམ་པ། ཙལིཏ་ནི་གཡོ་བ། དྲྀཤཱ་ནི་མིག་གམ་ལྟ་བ། དིབྱ་ནི་འོད་གསལ་ལྷའམ་མཐོ་རིས། ནརཱི་ནི་བུ་མོའམ་བུད་མེད། སིདྡྷ་ནི་གྲུབ་པའམ་གྲུབ་ཐོབ། པྲཧྭ་ནི་རབ་ཏུ་བཏུད་དེའམ་བཏུད་ནས། ཨུཏྟམཱངྒམ྄་ནི་ཡན་ལག་མཆོག་སྟེ་མགོ་བོ། པུལཀིཏ་ནི་སྤུ་ལངས་པའམ་སྤུ་ལོང་རྒྱས་པ། བཔུས྄་ནི་ལུས་ཅན། བིསྨཡཿནི་མཚར་བ།(བིསྨཡཱཏ྄་ནི་ན༥།༡) བཱསབ་ནི་ནོར་ལྷ།(ལྷའི་དབང་བོ) དྷྱཱཡཏ྄་(དྷྱཱཡན྄)ནི་བསམ་གཏན་སྒོམ་གྱིན་པ།(དྷྱཻ། ཞ)(དྷྱཱཡན྄་ནི་ན༡།༡) བོདྷིཿནི་བྱང་ཆུབ།(བོདྷེ་ནི་ན༦།༡མ) ཨབཱཔྟི་ནི་ཐོབ་པའམ་བརྙེས་པ།(ཨབཱཔྟཽ་ནི་ན༧།༡མ) དྲྀཥྚ་ནི་མཐོང་བ།(དྲྀཤ྄། ཞ) མུནཱིནྡྲཿནི་ཐུབ་པའི་དབང་བོ་སྟེ་ཐུབ་དབང་། ཡང་ན་སངས་རྒྱས། པཱཏུ་ནི་སྲུང་བའམ་སྐྱོབ་པར་མཛོད།(པཱ། ལོཊ། ཞ)

ཞེས་པ་སྡེབ་སྦྱོར་མེ་ཏོག་ཕྲེང་འཛིན་གྱིས་བཅིངས་པ་དེའི་དོན་ནི་འདི་ལྟ་སྟེ།

དོན་འགྲེལ།

གཞུ་རབ་ཏུ་བཀང་བའི་འདོད་པ་སྟེ་འདོད་ལྷ་དང་། དེའི་དཔུང་དུ་གྱུར་བ་རྔ་བོ་ཆེ་ཤུགས་ཆེན་པོས་རྡུང་ཞིང་སྒྲ་སྒྲོགས་པར་བྱེད་པ་བདུད་ཀྱི་དཔའ་བོའི་ཚོགས་དང་། མཐོ་རིས་བུ་མོའི་སྐྱེ་བོ་སྟེ། ལེགས་བྲིས་སྨིན་མ་འཁྱོག་པ། རབ་ཏུ་འདར་བ་དང་བཅས་པ་དང་། གླལ་བ་དང་། འཛུམ་པ་དང་། དེ་བཞིན་དུ་ལོགས་སུ་ལྟ་བ་ལ་སོགས་པའི་ལྷ་ཡི་བུ་མོ་རྣམ་འགྱུར་ཅི་རིགས་པ་ཅན་དེ་དག་དང་། གྲུབ་པའི་རིགས་སུ་གྱུར་བ་ཡན་ལག་གི་མཆོག་སྟེ་མགོ་བོ་དུད་པ་ཅན་རྣམས་དང་། ཡ་མཚན་པ་དང་བཅས་ཏེ་ལུས་ལ་སྤུ་ལོང་རྒྱས་པའི་ནོར་ལྷ་སྟེ་ལྷའི་དབང་བོ་ལ་སོགས་པ་ཐམས་ཅད་ཀྱིས། ཨ་ལ་ལ། སྐྱེས་བུ་འདི་བྱང་ཆུབ་འཐོབ་པའི་སླད་དུ་བསམ་གཏན་ལ་གཡོ་བ་མེད་པ་འདི་ལྟ་བུ་ཞིག་གོ་ཞེས་དེ་དག་ཐམས་ཅད་ཀྱིས་ཡ་མཚན་པ་དང་བཅས་ཏེ་བལྟས་པར་གྱུར་བའི་ཐུབ་པ་རྣམས་ཀྱི་དབང་བོ། ཐུབ་དབང་སངས་རྒྱས་བཅོམ་ལྡན་འདས་ཏེ། དེ་ལྟ་བུའི་ཁྱད་པར་དང་ལྡན་པའི་ཐུབ་པའི་དབང་བོ་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ཀྱིས་ཁྱེད་ཅག་སྲུང་བར་གྱུར་ཅིག་ཅེས་ཤིས་པ་བརྗོད་པའོ།། 

དེ་ཡང་རྐང་བ་གསུམ་པའི་མཐར་ལུས་ཅན་ནོར་ལྷ་ཡིས་ཞེས་པའི་བྱེད་སྒྲ་འདི་གོང་གི་དང་སྒྲའི་སྔོན་གྱི་བྱེད་པ་བོ་ཐམས་ཅད་ལ་སྦྱོར་དགོས་ཏེ། གཞུ་བཀང་འདོད་པ་ཡིས་ཞེས་དང་། རྔ་གསང་རྡུང་ཞིང་སྒྲ་སྒྲོགས་བདུད་ཀྱི་དཔའ་བོ་ཡིས་ཞེས་དང་། སྨིན་འཁྱོག་རབ་འདར་གླལ་འཛུམ་ལོགས་སུ་ལྟ་བ་མཐོ་རིས་བུ་མོའི་སྐྱེ་བོ་ཡིས་ཞེས་དང་། དེ་བཞིན་དུ། གྲུབ་པ་ཡན་ལག་མཆོག་བཏུད་རྣམས་ཀྱིས་ཞེས་པ་སྟེ། ཡག་ལག་མཆོག་སྟེ་མགོ་བོ་བཏུད་པའི་གྲུབ་པ་རྣམས་ཀྱིས་ཞེས་དང་།

ངོ་མཚར་བས་ལུས་ཀྱི་བ་སྤུ་མ་ལུས་ལངས་པ། དེ་ལྟ་བུའི་ལུས་ཅན་ནོར་ལྷ་ཡིས་ཞེས་པ་སྟེ་བྱེད་པ་བོ་དེ་ཐམས་ཅད་ཀྱིས། རྡོ་རྗེ་གདན་གྱི་སྤོ་ལ་འདི་བྱང་ཆུབ་ཀྱི་གོ་འཕང་དམ་པ་འཐོབ་པའི་སླད་དུ་བསམ་གཏན་ལ་རྩེ་གཅིག་ཏུ་གནས་པར་གཡོ་བ་གཏན་མ་མཆིས་སོ་ཞེས་པ་སྟེ་དེ་དག་གིས་དེ་ལྟ་བུའི་རྣམ་པར་མཐོང་བའི་ཐུབ་དབང་སངས་རྒྱས་བཅོམ་ལྡན་འདས་བསམ་གཏན་སྒོམ་ཞིང་བཞུགས་པ་དེས་ཁྱེད་ཅག་རྒུད་པ་ཐམས་ཅད་ལས་་སྲུང་བར་གྱུརད་ཅིག་ཅེས་ཤིས་པ་བརྗོད་པའོ།།

༢༠༢༠།༡།༦ལ་ཟླ་བ་གཞོན་ནུས་སྦྱར་བ་རྫོགས་སོ།། དགེ་ལེགས་འཕེལ།

མཆན་བུ། ཀུན་མཁྱེན་ཚང་གི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོའི་མཆོད་བརྗོད་ཀྱི་ཚིག་འགྲེལ་འདི་རྒན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་མཆོག་གིས་བསྐུར་གནང་བ་ཡིན་པས་བཀའ་དྲིན་ཞུ།

 

 

དཔེ་ཁུངས།

Bibliography

 

༡། འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ཙནྡྲ་གོ་མིས་མཛད་པའོ། གསེར་བྲིས་བསྟན་འགྱུར། སྐྱེས་རབས། ༼ཁེ༽

༢། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དཔལ་དགའ་བའི་ལྷས་མཛད་པ་བཞུགས་སོ།། གསེར་བྲིས་བསྟན་འགྱུར། སྐྱེས་རབས། ༼ཁེ༽

༣། མཁས་གྲུབ་དགེ་ལེགས་དཔལ་བཟང་། ཚད་མ་རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

 ༤། ཀུན་མཁྱེན་འཇིགས་མེད་དབང་བོ། རྣམ་བཤད་རིགས་པའི་རྒྱ་མཚོའི་མགོ་མཇུག་བར་གསུམ་གྱི་སྙན་ངག་གི་ཚིག་འགྲེལ། ཀུན་མཁྱེན་འཇིགས་མེད་དབང་བོའི་གསུམ་འབུམ། ༼ཇ༽

༥། བསྟན་འཛིན་ཆོས་ཀྱི་ཉི་མ། རྒྱན་གྱི་བསྟན་བཅོས་མེ་ལོང་རྒྱས་འགྲེལ་དབྱངས་ཅན་ངག་གི་རོལ་མཚོ། བཀྲ་ཤིས་ལྗོངས། ༡༩༩༠

༦། डॉ० जगदीशचन्द्र मिश्र, श्रीहर्षदेवप्रणीतं नागानन्द-नाटकम्, चौखम्भ सुरभारती

 प्रकाशन, वाराणसी, २०१४

༧། पण्डित श्रीबलदेवोपाध्यायः, श्रीहर्षदेवप्रणीतं नागानन्द-नाटकम्, चौखम्भ सुरभारती प्रकाशन, वाराणसी, १९८६

༨། The Recensions of the Nagananda by Harsadeba, Vol.1, ed. Madhava Candra Ghasa, Aditya Prakashan, New Delhi.1991 

  

བརྡ་ཐབས།

 

༡། = དཔེ་ཁུངས། དཔེར་ན། ༡། འདིས་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ཙནྡྲ་གོ་མིས་མཛད་པའོ། གསེར་བྲིས་བསྟན་འགྱུར། སྐྱེས་རབས། ༼ཁེ༽མཚོན། གཞན་རྣམས་ཀྱང་རིགས་བསྒྲེ་བར་བྱའོ།།

= ཤོག་གྲངས།

√ = བྱིངས།

= རྣམ་དབྱེ། རྣམ་དབྱེ་༡བོའི་༡ཚིག་ཡིན་ན། ན༡།༡ ཞེས་དང་། རྣམ་དབྱེ་༧པའི་མང་ཚིག་ཡིན་ན། ན༧།༣ གཞན་ཡང་མཚུངས།

= སྐྱེས་པའི་རྟགས།

= བུད་མེད་ཀྱི་རྟགས།

= མ་ནིང་གི་རྟགས།

= བདག་དོན་གྱི་ཚིག

= གཞན་དོན་གྱི་ཚིག

= ཉིས་དོན་ཅན་གྱི་ཚིག

ཨུ = ཉེ་སྒྱུར།

= མི་ཟད་པ།

ལཊ = ད་ལྟ་བ།

ལོཊ = སྨོན་སྐུལ།

 

ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་ཁྲིད་ལ་གསན་འདོད་ན། འབྲེལ་ཐག་འདི་ལ་གཟིགས་རོགས། 

རི་ཁྲོད་འགྲིམ་པའི་ཚན་རིག་པ།


——དགེ་བའི་བཤེས་གཉེན་བསམ་འགྲུབ་རྒྱ་མཚོ་རྗེས་སུ་དྲན་པ།


——ཤེས་རབ་བསྟན་དར།


ཁོང་ཞི་བར་གཤེགས་སོང་ན་ཡང་།སྐྱོ་སྣང་འབུམ་ཕྲག་གི་ཀློང་ནས་ཁོང་གི་བླ་ན་མེད་པའི་མཁྱེན་པ་དང་བསླབ་པས་མཛེས་པའི་སྐུ་ལུས།ད་དུང་གདམས་པས་ཕྱུག་པའི་གསུང་དབྱངས་རྣམས་ངའི་མིག་རྣ་ཡིད་གསུམ་གྱི་ལམ་དུ་ཤར་འདུག དེ་བས་ངས་རང་གི་ཡིད་ཀྱི་དོན་སྤྱི་དེ་དག་ཚགས་སྒྲིག་རེ་བྱས་ཤིང་།ཁོང་གི་ངོ་མཚར་བའི་བྱུང་བ་དག་ཕྱིར་དྲན་རེ་བྱས་པ་ཡིན།
ངས་དམ་པ་ཁོང་གི་མཚན་ཐོག་མར་ཐོས་པ་ནི1986ལོ་ཡིན་ངེས། སྐབས་དེར་ངའི་གྲོགས་པོ་སྐོར་ཅིག་མཚོ་སྔོན་སློབ་གསོ་སློབ་གླིང་གི་སྦྲག་ཁྲིད་འཛིན་གྲྭར་ཞུགས།ཁོ་ཚོ་ཕྱིར་སླེབས་དུས་ངོ་མཚར་བའི་གཏམ་རྒྱུད་མང་བོ་ཆུ་བཞུར་བ་བཞིན་བཤད་རྒྱུ་འདུག
ཨ་ཁུ་བསམ་འགྲུབ་ངོ་མ་ཡ་མཚན་རེད། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྩིས་རིག་སྡེ་ཁག་གི་སློབ་དཔོན་དག་གིས་ཀྱང་རྩིས་གཞི་ཞིག་བརྩིས་མ་ཐུབ་པ་ཞིག་ཁོང་གི་སྙན་ལམ་དུ་སོན་པས་ཁོང་གིས་ཞིབ་ཏུ་དྲིས་ཏེ།འོ། དེ་ངས་བརྩི་གསུངས། ཕྱི་ཉིན་ཐོབ་གྲངས་གསུངས་པས་སློབ་དཔོན་དེ་དག་ཀྱང་ཧ་ལས་པར་གྱུར།
ཡང་བོད་རྒྱ་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་གནང་དུས་རྩོམ་སྒྲིག་པ་འགའ་ཁོང་ལ་ཀུ་རེའི་ཚུལ་དུ་སྲན་མ་དཀར་ཡོལ་གང་འཁྱེར་ཡོང་ནས་ཁྱོད་ཀྱིས་འདི་རྩི་ཐབས་ཨེ་ཡོད་ཅེས་དྲིས་པར།ཁོང་གིས། ཁྱེད་ཚོས་སྲན་རྡོག་ཆུང་ངུ་དང་ཕྱེད་ཁ་དང་མགོ་ཆག་སོལ་དང་། ངས་བརྩི་གསུངས། དེ་བཞིན་སྲན་མས་བཀང་བའི་དཀར་ཡོལ་གྱི་ཁ་ཞབས་ཆེ་ཆུང་དང་མཐོ་དམན་འཇལ་ནས་བརྩིས་ཀྱིས་གྲངས་ཟིན་པའི་རྗེས་གཞན་ཚོས་རེ་རེ་བཞིན་བརྩིས་པས་སྲན་རྡོག་གསུམ་གྱིས་ཉུང་བས་ཀུན་ཧ་ལས་གྱུར།
ཐེངས་ཤིག་གནམ་རིག་སྐར་རྩིས་པ་ཞིག་གིས་བོད་ཀྱི་སྐར་རྩིས་རྨོངས་དད་རེད་ཅེས་བཤད་པས་ཁོང་གིས་དེས་ན་ཆོག་གིང་རྨོངས་དད་པ་རེད། ཁྱོད་ཚན་རིག་པ་རེད། དེ་རིང་འུ་གཉིས་འགྲན་སྡུར་ཞིག་བྱེད། ད་འདི་ནས་འུ་གཉིས་ཀྱིས་སང་ལོའི་ཉི་འཛིན་དང་ཟླ་འཛིན་གཏན་ལ་འབེབ་ཅེས་གསུངས་ཏེ་ཁོང་གིས་ཤར་མར་གཏན་ལ་ཕབ།ཚན་རིག་པ་དེར་འཕྲུལ་འཁོར་མེད་པའི་རྐྱེན་གྱིས་ཅི་ཡང་མ་ནུས་པས་ཁས་མི་ལེན་ག་མེད་དུ་གྱུར།
དེ་དང་དེ་དག་གིས་ང་རང་ཧ་ལས་པར་གྱུར། ངོ་མ་ཡིན་ནམ། ངས་སྔོན་ཆད་ཨ་ཕའི་ངག་ནས་ཕྱག་མཛོད་གསུང་རབ་ཀྱི་ངོ་མཚར་བའི་གཏམ་རྒྱུད་མང་བོ་ཐོས་མྱོང་བས་ཁོང་ཡང་ཕྱག་མཛོད་གསུང་རབ་ལྟ་བུ་ཞིག་ཡིན་ནམ་སྙམ།ནམ་ཞིག་ལ་ཁོང་དང་མཇལ་བའི་སྐལ་བ་ལྡན་ན་སྙམ།
དེ་ནས་བཟུང་། ངས་ཨ་ཁུ་བསམ་འགྲུབ་ཅེས་པའི་མིང་འདིར་དོ་སྣང་བྱས་པ་ཡིན། རྗེས་སུ་ངས་ཁོང་ངོ་སྤྲོད་བྱས་པའི་རྩོམ་ཡིག་རེ་གཉིས་མཐོང་།དེ་ལ་བརྟེན་ནས་ཁོང་གི་སྐུ་ཚེ་ལོ་རྒྱུས་ཅུང་ངེས་ཐུབ་པ་བྱུང་།
ཁོང་1923ལོར་མདོ་སྨད་ཐེ་བོའི་དཔལ་ཤེས་སྟེང་གའི་སར་ཉེ་བའི་དབྱི་བ་ཞེས་པར་ཡབ་རྟ་མགྲིན་སྐྱབས་དང་ཡུམ་འབྲུག་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས།ཆུང་དུས་ནས་བཞིན་བཟང་ཞིང་ཆོས་ལ་རང་བཞིན་གྱིས་དགའ་བ་བྱུང་། ཁྱིམ་གྱི་འབྱོར་བ་ཞན་པས་དགུང་ལོ་བདུན་སྟེང་ཕྱུགས་རྫི་མཛད་པས་དཀའ་ལས་མི་ཉུང་བ་མྱང་།
ཕ་མ་གཉིས་ཀྱིས་བསྐུལ་ནས་དགུང་ལོ་བཅུ་གཅིག་སྟེང་བླ་བྲང་བཀྲ་ཤིས་འཁྱིལ་དུ་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ལས་རབ་ཏུ་བྱུང་།ཀྱེ་རྡོར་གྲྭ་ཚང་དུ་ཞུགས་ནས་རྒྱུགས་བརྩི་བཞག་ཐམས་ཅད་ལ་བྱང་བར་གྱུར། ཨོཾ་འཁྱིལ་བ་འཇམ་དབྱངས་ལེགས་བཤད་སོགས་བསྟེན་ནས་རྩིས་དཀར་ནག་སོགས་ཐ་སྙད་རིག་གནས་དཔྱིས་ཕྱིན་པར་སྦྱངས།རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དང་པཎ་ཆེན་ཆོས་ཀྱི་ཉི་མ་སོགས་ལས་དབང་ལུང་མན་ངག་མང་དུ་གསན།
དགུང་ལོ་བཅུ་དགུའི་སྟེང་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ལ་སྐྱབས་འཇུག་ཞུ་ནས་དབུས་སུ་ཆས།ཟླ་གསུམ་ལས་དབུས་སུ་སླེབས་ཏེ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཞུགས་ཏེ་ལོ་ངོ་གསུམ་ལ་བསྡུས་གྲྭ་བློ་རྟགས་སོགས་ལ་སྦྱངས།ཁྲི་ཆེན་ལྷུན་འགྲུབ་བརྩོན་འགྲུས་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།
དགུང་ལོ་ཉེར་གཉིས་པར་དཔལ་ལྡན་འབྲས་སྤུངས་སུ་ཞུགས་ཏེ་ལྟོ་སྐྱ་གོས་ཧྲུལ་གྱིས་བརྩོན་པ་བློས་མི་དཔོག་པ་མཛད།ལོ་ཤས་རིང་ལ་ཤག་ཏུ་མེ་མ་བཏང་བར་དཀའ་སྤྱད་མཛད།ཀུན་གྱིས་བྲ་ཉེ་བསམ་འགྲུབ་ཅེས་རབ་བྱུང་བའི་དཔེར་བལྟ་སར་གྱུར། ལོ་ངོ་བདུན་གྱི་རིང་ལ་གཞུང་བཀའ་པོད་ལྔ་དང་ལམ་རིམ་བློ་སྦྱོང་།གསང་སྔགས་རྒྱུད་སྡེ་སོགས་ལ་སྦྱངས་ཏེ་མཁས་པར་གྱུར། དགུང་ལོ་ཉེར་དགུའི་སྟེང་འོལ་ཁ་ཆོས་ལུང་སོགས་དབེན་གནས་དུ་མར་འགྲིམས་ཏེ་དཀའ་སྤྱད་དཔག་མེད་མཛད་ནས་ཉམས་བཞེས་མཛད།ནམ་ཞིག་ཁོང་གི་བླ་མ་འཇམ་དབྱངས་རྒྱ་མཚོ་ཕེབས་ནས་བསྔགས་པ་བརྗོད་ཅིང་ཐུན་མོང་མ་ཡིན་པའི་ཞལ་གདམས་མང་དུ་གནང་།
དགུང་ལོ་སོ་གཅིག་པར་ཕྱིར་མདོ་སྨད་དུ་ཕེབས། བླ་བྲང་བཀྲ་ཤིས་འཁྱིལ་དུ་བསང་ཁོག་འཇིགས་མེད་དང་།དགེ་བཤེས་བསྟན་འཛིན་རྒྱ་མཚོ་སོགས་བསྟེན་ནས་རྒྱུད་སྡེ་བཞི་ལས་སྦྱངས་ཏེ་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ལས་དབང་ལུང་མན་ངག་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན།དགེ་བཤེས་ལྷ་མོ་ཚུལ་ཁྲིམས་ལས་སྒྲ་གསན།
1958ལོ་ནས་བླ་བྲང་ཉེ་འདབས་ཀྱི་ཟ་གཡུ་ནང་ཞེས་པའི་གྲོང་སྡེར་ཕེབས་ཏེ་ངལ་རྩོལ་གནང་།རེ་ཞིག་རྟ་རྫི་དང་ཞིང་སྲུང་སོགས་ཀྱི་ལས་ཀ་བྱ་དགོས་བྱུང་། ཞིང་གི་མུའུ་གྲངས་དང་འབྲུ་རིགས་སོགས་ཀྱི་རྩིས་གྲངས་རྒྱག་དུས་ཞིང་ཆེན་དངུལ་ཁང་ནས་ཡོང་བའི་རྩིས་པའི་ཞིབ་རྩིས་དང་ཐོ་མ་ཐུག་པས་རྩོད་གླེང་བྱུང་།ཡང་བསྐྱར་བརྩིས་པས་ཞེན་ཆེན་གྱི་རྩིས་པ་ནོར་བ་མཐོང་བས་འགོ་ཁྲིད་རྣམས་ཀྱང་ཧ་ལས།
དེ་ལྟར་རྩིས་གྲངས་ལ་ཤིན་ཏུ་མཁས་པར་མཐོང་བས་སྡེ་བའི་རྩིས་གཉེར་པར་བསྐོས། སྐབས་དེར་ཆོས་ལུགས་ལྟ་ཅི།ཐ་ན་བོད་ཀྱི་རིག་གནས་ལ་ཡང་ཞྭ་མོ་བསྐོས་པའི་དུས་ཡིན་པས་ཁོང་རྩིས་གཞོང་དང་ཁ་མི་འབྲལ་ག་མེད་གྱུར།འོན་ཀྱང་ཁོང་གིས་ཕྲེང་རྩིས་སྟེང་ནས་སྐར་རྩིས་གནས་མང་རྩི་སྟངས་གསར་གཏོད་བྱས་པས་སྐབས་དེའི་ལས་བྱེད་རྣམས་ཀྱིས་ཅི་ཡང་མ་ཤེས།ཁོང་གིས། ངས་ཕྲེང་རྩིས་དང་གློག་རྩིས་ཀྱི་རིག་པ་མ་དྲན་པའི་སྔོན་ལ་ས་གཞོང་གཅིག་པུར་ལ་བརྟེན་པས་དཀའ་ལས་མང་བོ་མྱོང་སོང་གསུངས།
དེ་ལྟར་ལོ་ཤས་རིང་རྩིས་ཀྱི་རྩ་བ་སྟོང་འཇུག་ཞག་གསུམ་བཅས་ལ་ཡང་ཡང་དཔྱད་པས་རྩིས་ཀྱི་རིག་པར་ཀློང་བརྡོལ་ཞིང་གོ་དོན་ཡོངས་རྫོགས་ཐུགས་སུ་ཆུད།སྔ་ན་མེད་པའི་རིག་པ་དུ་མ་ཤེས། ལོ་རེའི་འབྲུ་རིགས་དང་ཤ་མར་བགོ་བཤའ། ཞིང་ལས་ཐོན་ཚད་ཀྱི་འབྲུ་རིགས་སོགས་གང་ཞིག་ཕྲེང་རྩིས་བརྒྱབས་ཀྱང་མགྱོགས་ཤིང་མྱུར་ལ་ཕྲ་ཞིང་ཞིབ་པ།ནོར་འཁྲུལ་མེད་པ་བཅས་ཀྱིས་ཟ་གཡུ་ནང་གི་ཨ་ཁུ་བསམ་འགྲུབ་ཅེས་མང་ཚོགས་ཀྱི་ཁྲོད་དུ་ཡོངས་སུ་གྲགས་ཤིང་ངོ་མཚར་བའི་མཛད་སྤྱོད་དག་ལྷ་སྒྲུང་བཞིན་དུ་མང་ཚོགས་ཀྱི་ངག་ཏུ་ཆགས་འདུག་སྐད།སྲིད་ཇུས་གུ་ཡངས་ཕྱིན་པས་ཀན་ལྷོའི་སྲིད་གྲོས་སུ་ཕེབས་ནས་ཕྱག་ལས་མཛད།
1979ས་ལུག་ལོར་ཁྲིན་ཏུར་ཕེབས་ནས་ལོ་བཞིའི་རིང་ལ་བོད་རྒྱ་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་གི་ཕྱག་ལས་གནང་།མཁས་དབང་དམུ་དགེ་བསམ་གཏན་ལས་སྒྲ་སྙན་ངག་སུམ་རྟགས་སོགས་མང་དུ་གསན་ཏེ་ཀུན་བཤད་ཀྱི་མཚན་ལ་ཚངས་སྲས་དགྱེས་པའི་ལང་ཚོར་གསོལ།དེ་བས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་པའི་བདག་གཉེར་ཁང་གི་དབུ་འཛིན་གཞོན་པའི་འགན་བཞེས་ནས་དགོན་པའི་དཔེ་མཛོད་ཁང་བཞེང་རྒྱུའི་ཐད་ཀྲུང་དབྱང་ལ་རོགས་སྐྱོར་སྙན་ཞུ་ཕུལ་ནས་ལེགས་པར་བཞེངས།
དེ་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོས་གདན་ཞུ་བཞིན་དེར་ཕེབས་ནས་བོད་ཀྱི་ཞིབ་འཇུག་སློབ་མ་རྣམས་ལ་རྣམ་འགྲེལ་དང་།དབུ་ཕར་ལམ་རིམ། སྤྱོད་འཇུག སྒྲ་དང་རྩིས་སོགས་ཀྱིས་དཔེ་ཁྲིད་སྲོལ་བྱ་བཙུགས་ཤིང་དཔེ་ཁྲིད་གནང་ནས་སློབ་མ་བགྲང་ལས་འདས་པ་བསྐྱངས།སྔ་རྗེས་སུ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་། མཚོ་སྔོན་གསོ་རིག་སློབ་གླིང་།གཙོས་མི་རིགས་དགེ་འོས་སློབ་གྲྭ།བླ་བྲང་བཀྲ་ཤིས་འཁྱིལ་དང་། རྔ་བ། དཔའ་རིས་མཆོད་རྟེན་ཐང་། རྒན་ཀྱཱའི་བྲག་དཀར། གཙང་བཀྲ་ཤིས་ལྷུན་པོ།ཐེ་བོ། ཀླུ་ཆུ། རྩེ་ཁོག་སོགས་གདན་ཞུ་བཞིན་ཕེབས་ནས་མདོ་སྔགས་རིག་གནས་དང་བཅས་པར་མུན་པར་སྒྲོན་མེ་བཞིན་དུ་གསལ་བར་བྱས།
ཁོང་ནི་རིག་པའི་གནས་ལ་བྱང་བའི་མཁས་པ་ཆེན་པོ་ཞིག་ཏུ་མ་ཟད། གང་ཐོས་ཉམས་སུ་བཞེས་པའི་རྣལ་འབྱོར་བ་ཞིག་ཀྱང་ཡིན།སྔོན་བྱོན་མཁས་པས། སྐྱེས་པའི་ལུས་ངག་བྱ་བའི་འཇུག་པ་ལས། །ནང་གི་བསམ་པའི་ཁྱད་པར་གོ་བར་བྱེད།།ཅེས་གསུངས་པ་ལྟར་འདོད་ཆུང་ཆོག་ཤེས་དང་། གཉོམ་ཆུང་ཚུལ་མཐུན་གྱི་སྤྱོད་པ་དེས་ནམ་ཡང་ང་ཚོའི་ཡིད་ནས་བརྗེད་ཐབས་མི་འདུག
ཉིན་ཞིག་ཁོང་གི་སྒོར་མོ་སྟོང་ཕྲག་འགའ་རྐུན་མས་བརྐུས། ཁོང་གིས་མཁྱེན་དུས་དེ་མུར་སྨོན་ལམ་བཏབ་སྟེ།སྒོར་མོ་དེ་དག་གིས་རྐུན་མའི་མཐུན་རྐྱེན་དུ་གྱུར་སྟེ་ལོག་ལམ་དུ་མི་འགྲོ་བ་དང་དེས་རྐྱེན་ལས་ཁོ་བཙོན་ཁང་དུ་འགྲོ་བར་མ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་ཁོང་གིས་བུ་སློབ་དག་ཀྱང་ཧ་ལས་པར་གྱུར།
ཡང་ཁོང་ལ་དད་པ་ཆེ་བའི་སྦྱིན་བདག་ཅིག་གིས་དངུལ་དཀར་ལས་བཞེངས་པའི་སྐུ་ཞིག་ཁོང་ལ་ཕུལ་ཏེ།འདི་དངུལ་ལས་བཞེངས་པའི་སྐུ་རྩ་ཆེན་ཞིག་ཡིན་པས་ཁྱེད་ལ་ཕུལ་བ་ཡིན་ཞེས་ཞུ་བ་ལ་ཁོང་གིས།འདིའི་རྒྱུ་དངུལ་ཡིན་པས་སྲེད་པ་སྐྱེ་བའི་རྒྱུ་རུ་འགྱུར་སྲིད་པས་གཞན་ལ་ཕུལ་ཅེས་ཁོང་གིས་མ་བཞེས།
ཁོང་ནུབ་བྱང་མི་རིགས་སློབ་ཆེན་དུ་བཞུགས་དུས་ཁོང་ལ་སློབ་དཔོན་ཆེན་མོའི་ལས་ཐོབ་ཕུལ་དུས་ཁོང་གིས་ལས་ཐོབ་འདིའི་གྲངས་ཀ་ཉུང་བས་གཞན་གྱིས་ལག་ཏུ་ཡོང་བར་རྩོད་པ་བྱེད་ཀྱིན་ཡོད་པས་གཞན་ལ་བྱིན།ཞེས་དང་ལེན་མ་བྱས། ཡང་སློབ་གྲྭ་དེ་ཐོག་ཁང་གསར་བ་ལས་ནས་ཁོང་ལ་ཁང་མིག་ཕྱེད་དང་བཞི་ཡོད་པ་ཞིག་བགོ་ཁར་ཁོང་གིས།ང་མི་རྐྱང་ཞིག་ཡིན། དེ་འདྲའི་ཁང་བ་ཆེན་པོ་ཞིག་མི་དགོས། ཁང་མིག་འདིས་ཆོག་གསུངས་ནས་མ་བཞེས་ན་ཡང་སློབ་གྲྭས་ཨུ་ཚུགས་ཀྱིས་ཁང་བ་གསར་བར་སྤོར་དུ་བཅུག
1993ལོ་ནས་མཛོད་དགེ་རི་ཁྲོད་དང་། འབྲོང་རྩེ་རི། རོང་ངར་སྒོམ་ར་སོགས་གནས་ངེས་མེད་འགྲིམ་ནས་སྒྲུབ་པ་མཛད།
རེད་དེ། རྗེ་བླ་མས། མཛད་པ་ཀུན་ལས་ནི། །གསུང་གི་མཛད་པ་མཆོག་ཡིན། །ཞེས་གསུངས་པ་ལྟར་སྐྱེས་བུ་དམ་པ་ཡིན་མིན་ཁོང་གི་གདུལ་བྱ་ལ་བལྟ་དགོས་པ་ཡིན།གདུལ་བྱ་ཞེས་པའང་ཕྱུག་པོའི་འཁོར་ཚོགས་བསྡུས་ཏེ་ཆོས་བརྒྱད་ཀྱི་འཁོར་ལོ་བསྐོར་བ་དེ་མ་ཡིན་པར་བློ་གྲོས་ཀྱི་པད་མོ་འཛུམ་ཞིང་ཤེས་བརྩོན་གྱི་རྒྱན་དང་ལྡན་པ།མ་རིག་པའི་མུན་པ་སེལ་ནུས་པའི་འཁོར་ཚོགས་ཏེ་གསུང་གི་མཛད་པ་ལ་བརྟེན་ནས་བྱུང་བའི་འཁོར་ཚོགས་ཡིན་དགོས་པ་དེ་རེད།
དེ་ལྟར་ཁོང་གི་གསུང་གི་མཛད་པ་ལ་བལྟས་ན་ཡིད་ལ་དད་པ་ཞིག་མི་སྐྱེས་སམ། ཁོང་གི་མི་ཚེ་ཐོས་བསམ་སྒོམ་གསུམ་དང་ཉམས་ལེན་བློ་སྦྱོང་།གདུལ་བྱ་སྐྱོང་བ་སོགས་ཀྱི་ལས་ཀྱིས་བདས།
གོང་དུ་བཤད་པ་ལྟར་ཁོང་གི་སྐུ་ཚེ་ནི་སློབ་གྲྭ་ཆེན་མོ་དང་ཟབ་སྦྱོང་འཛིན་གྲྭ། དགོན་སྡེ་ཁག་ཏུ་དཔེ་ཁྲིད་ཀྱིས་ང་བརྒྱད་དང་རིག་གསར་གྱི་གཏོར་བརླགས་ཀྱིས་ཟུངས་ཟད་ཀྱི་ནད་པ་སྨན་པས་བོར་བ་ལྟ་བུའི་བོད་ཀྱི་རིག་གནས་ཀྱི་མེ་རོ་བསླངས།ལྷག་པར་བོད་ཀྱི་རིག་གནས་བཅུ་ལས་སྐར་རྩིས་རིག་པ་འདི་ཕལ་ཆེར་ཁོང་ཁོ་ནའི་སྐལ་བར་གྱུར།
རིག་གནས་གསར་བརྗེའི་རྗེས་བོད་རྒྱ་ཚིག་མཛོད་ཆེན་མོ་སྒྲིག་སྐབས། མཁས་དབང་ཐུབ་བསྟན་ཉི་མ་སོགས་ལ་ཟླ་གཉིས་ལྷག་ལ་རྩིས་དཀར་ནག་གི་ཁྲིད་གནང་བ་དང་།
1984ལོར་མཛོད་དགེ་བཞག་སྡོམ་ནས་སློབ་སྦྱོང་འཛིན་གྲྭ་སྒྲུབ་དུས་ཟླ་གཉིས་ལྷག་ལ་སྐར་རྩིས་ཀྱི་དཔེ་ཁྲིད་གནང་། དེའི་ཕྱི་ལོར་ནུབ་བྱང་མི་རིགས་སློབ་གླིང་གིས་གདན་ཞུས་བཞིན་དེ་གའི་ཞིབ་འཇུག་སློབ་མ་རྣམས་ལ་《རིགས་ལྡན་མཆོད་པའི་འོད་སྣང་》དང་། སྒྲ། ཚད་མ། ནང་དོན་རིག་པ་བཅས་སློབ་ཁྲིད་རྒྱུན་དུ་གནང་།
1986ལོར་མཚོ་སྔོན་སློབ་གསོ་སློབ་གླིང་དུ་ཕེབས་ཏེ་དེ་གའི་དགེ་སློབ་ཡོངས་ལ་རིགས་ལྡན་མཆོད་པའི་འོད་སྣང་དང་རིགས་ལྡན་སྙིང་ཐིག་མཱ་ཡང་རྒྱ་རྩིས་སོགས་ཀྱི་ཁྲིད་ལན་མང་དུ་གནང་།
1987ལོར་དམུ་དགེ་བསམ་གཏན་གྱིས་བཀའ་བཞིན་རྔ་བ་སྒོ་མང་དུ་ཕེབས་ནས་རྩིས་གཞུང་ཞིག་ལ་ཞུ་དག་གནང་།
1989ལོའི་དབྱར་ཁར་སླར་ཡང་མཚོ་སྔོན་སློབ་གསོ་སློབ་གླིང་དུ་ཕེབས་ཏེ་དགེ་རྒན་སྐོར་ཅིག་ལ《སྐར་རྩིས་ཀུན་འདུས་ནོར་བུ》དང་སློབ་མ་བརྒྱ་ལྷག་ལ་《བྱེད་མཐུན་རིགས་པའི་མེ་ཏོག》གི་ཁྲིད་ཞིབ་རྒྱས་སུ་གནང་།མཚོ་སྔོན་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་རེ་བ་བཞིན《སྐར་རྩིས་ཀུན་འདུས་ནོར་བུ》ཞིབ་རྒྱས་སུ་ཁྲིད་དེ་སྒྲར་ཕབ།
1990ལོར་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་ཕེབས་ཏེ་སྐར་རྩིས་འཛིན་གྲྭར་ལོ་གཅིག་གི་རིང་ལ《སྐར་རྩིས་ཀུན་འདུས་ནོར་བུའི》སྟེང་ནས་རྩིས་ཀྱི་ལག་ལེན་དང་གོ་དོན།མཇུག་གི་རེའུ་མིག་འཛིན་ཚུལ་དང་བཅས་པ་རྒྱས་པར་བསྩལ།
1995ལོར་གཙོས་མི་རིགས་དགེ་འོས་སློབ་གྲྭས་ཀན་ལྷོའི་གྲྭ་བ་སུམ་ཅུ་ལྷག་བསྡུས་ཏེ་སྐར་རྩིས་འཛིན་གྲྭ་ཚུགས་པར་《སྐར་རྩིས་ཀུན་འདུས་ནོར་བུ》གོ་དོན་དང་ལག་ལེན་རྒྱས་པར་ཁྲིད་དེ་སྒྲར་ཕབ།
1990ལོར་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་ཕེབས་ཏེ་སྐར་རྩིས་འཛིན་གྲྭར་ལོ་གཅིག་གི་རིང་ལ་《སྐར་རྩིས་ཀུན་འདུས་ནོར་བུའི》སྟེང་ནས་རྩིས་ཀྱི་ལག་ལེན་དང་གོ་དོན།མཇུག་གི་རེའུ་མིག་འཛིན་ཚུལ་དང་བཅས་པ་རྒྱས་པར་བསྩལ།
1995ལོར་གཙོས་མི་རིགས་དགེ་འོས་སློབ་གྲྭས་ཀན་ལྷོའི་གྲྭ་བ་སུམ་ཅུ་ལྷག་བསྡུས་ཏེ་སྐར་རྩིས་འཛིན་གྲྭ་ཚུགས་པར《སྐར་རྩིས་ཀུན་འདུས་ནོར་བུ》གོ་དོན་དང་ལག་ལེན་རྒྱས་པར་བསྩལ།
1996ལོར་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་གདན་ཞུས་བཞིན་དེ་གར་ཕེབས་ཏེ་ལོ་གཅིག་གི་རིང་ལ་ཕྱོགས་སོ་སོའི་གྲྭ་བ་མང་བོར་སྐར་རྩིས་ཀུན་འདུས་ནོར་བུ་གོ་དོན་.དང་བཅས་པ་ཞིབ་ཏུ་གནང་།
1999ལོའི་དབྱར་ཁར་ཀླུ་ཆུ་རྫོང་ཤིས་ཚང་སྒར་རྙིང་དགོན་པས་གདན་དྲངས་པ་ལྟར་གནམ་རིག་སྐར་རྩིས་པའི་ཟབ་སྦྱོང་འཛིན་གྲྭ་བསྒྲུབས།
2006ལོའི་ཟླ་དྲུག་པར་ཡང་ཡང་བསྐྱར་དགོན་འདིར་ཕེབས་ཏེ་དཔལ་གསང་བ་འདུས་པའི་མངོན་རྟོགས་དང་སྡོམ་གསུམ་བསླབ་བྱ་སོགས་ཀྱི་གཟབ་བཤད་གནང་།
ཁྱད་པར་པེ་ཅིན་དཔེ་མཛོད་ཁང་གི་སྐུ་ཞབས་ཧོང་མིན་ཞིན་གྱིས་ལོ་ཙཱ་བརྒྱུད་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གནམ་རིག་མཁས་པ་ཁྲིན་ཅུའུ་ཅིན་ལ《རིགས་ལྡན་སྙིང་ཐིག》དང《མཱ་ཡང་རྒྱ་རྩིས》གཉིས་ཀྱི་སྟེང་ནས་གོ་དོན་དང་བཅས་གཟབ་ཁྲིད་གནང་།སྐུ་ཞབས་གང་གནམ་རིག་ལ་ཤིན་ཏུ་མཁས་པས་བོད་ཀྱི་སྐར་རྩིས་ཀྱི་གོ་དོན་ཆ་ཚང་རྟོགས་ཤིང་།གཞུང་ལུགས་ཡང་དག་ཅིང་ཚན་རིག་དང་མཐུན་པ་ཞིག་ཡིན་པའི་ཡིད་ཆེས་རྙེད་དེ《རིགས་ལྡན་སྙིང་ཐིག》《མཱ་ཡང་རྒྱ་རྩིས》གཉིས་རྒྱ་ཡིག་ཏུ་བསྒྱུར་ཏེ་སྐར་རྩིས་ནི་སྔོན་ཐོན་གྱི་ཚན་རིག་ཅིག་ཡིན་པར་བསྒྲགས་པས་འཕྲིན་ལས་རྒྱས་པར་ནུས་པ་ཆེན་པོ་བཏོན།
ཐེངས་གཅིག་ཁྲིན་ཏུར《བོད་རྒྱ་ཚིག་མཛོད་ཆེན་མོ》རྩོམ་སྒྲིག་ཏུ་ཕེབས་དུས་མགྱོགས་རྩིས་སྐབས་ཉེ་བར་མཁོ་བའི་རྩིས་གཞུང་ཡང་གསལ་སྒྲོན་མེ》དང《མཁས་པའི་སྙིང་ནོར》གཉིས་དཔེ་རྒྱུན་དཀོན་པས་ཁོང་གིས་བརྙན་དཔར་དུ་དཔར་ནས་དེབ་བརྒྱད་ཅུ་སློབ་བུ་དག་ལ་བཀྲམ།
ཁོང་གིས་རྒྱུན་དུ་དཔེ་ཁྲིད་གནང་ཞིང་གང་དུ་བཞུགས་ཀྱང་གཟིམ་ཁང་དུའང་སློབ་བུ་དོན་གཉེར་བ་དག་ལ་སྒྲ་རྩིས་སོགས་ཀྱི་དཔེ་ཁྲིད་ཆད་པ་མེད་པས་སློབ་མ་བགྲང་ལས་འདས་པ་བསྐྱངས།དེ་དང་མཉམ་དུ་ཁོང་གིས་སྐར་རྩིས་ཀྱི་ནོར་འཁྲུལ་མང་བོ་ཐེར་འདོན་བྱས་ཏེ་དམ་པ་འདིས《བོད་རྒྱ་ཚིག་མཛོད་ཆེན་མོ》སྒྲིག་སྐབས། རྒྱལ་ནང་དུ་སྐར་རྩིས་རིག་གཞུང་ཚོགས་འདུ་ཞིག་གི་སྟེང་དུ་རྒྱ་ཡིག་གིས་བྲིས་པའི《ཀྲུང་གོའི་གནམ་རིག་སྐར་རྩིས་ལོ་རྒྱུས》ཞེས་པར་བོད་ཀྱི་ལོ་མགོ་རབ་བྱུང་ནས་འཛིན་པ་འདི་ཆོས་ལུགས་པས་དབང་ཤེད་ཀྱིས་བཞག་པ་ལས་དོན་མེད་པ་དང་།ཡང་བོད་ཀྱི་སྐར་རྩིས་ལས་ཚེས་ལ་ཆད་ལྷག་བྱུང་བ་ནི་ཆོས་ལུགས་དབང་སྒྱུར་བས་བཀྲ་ཤིས་པའི་ཉི་མ་བརྩེགས་པ་དང་།བཀྲ་མི་ཤིས་པའི་ཉི་མ་ཆད་པ་སོགས་གཞན་རྨོངས་པར་བྱེད་པའི་གཏམ་གང་བཤད་ལུང་རིགས་རྣོན་པོས་དགག་པ་བྱས་པས་རྒྱའི་མཁས་རྣམས་དམ་པ་འདིའི་སྐུ་ཡོན་ལ་ཧ་ལས་ཏེ་དབང་མེད་དུ་བསྔགས་པ་བརྗོད།
ཡང་རིག་གསར་སྐབས་བོད་ལྗོངས་སྨན་རྩིས་ཁང་གིས་རྩིས་ཀྱི་རྣམ་གཞག་བཅོས་ཏེ་གང་དང་ཡང་མི་མཐུན་པ་ཞིག་བརྩམས་པ་དེ་སྔར་བཞིན་སྤྱོད་པ་མཐོང་བས་བོད་ཀྱི་སྐར་རྩིས་རིག་གཞུང་ཚོགས་ཆེན་ཞིག་གི་སྟེང་དུ་ཉིན་དུ་མར་ས་རིས་དང་གོ་དོན་སྦྱར་ནས་དགག་པ་མང་དུ་བྱས་ཏེ་ཡང་དག་པར་གསལ་བར་བྱས།སྐབས་དེར་ཕ་རོལ་བོར་ཕ་རོལ་བོར་ཅི་ཡང་སྨྲ་རྒྱུ་མ་བྱུང་ཡང་རྗེས་སུ་བླ་བྲང་ལ་ཡོང་ནས་ཁོང་ལ་རྩོད་པ་བྱས་ཀྱང་དམ་པ་འདིས་ལུང་དང་རིགས་པས་ཚར་བཅད།
བོད་ལྗོངས་སྨན་རྩིས་ཁང་དུ་ཕེབས་ཏེ་ཁོང་ཚོས་བསྒྲིགས་པའི་ལོ་ཐོ་ལས་ནོར་བ་མང་བ་ས་རིས་དང་གོ་དོན་སྦྲགས་ནས་དག་ཐེརམང་དུ་མཛད།
ཡང་བོད་ཀྱི་རྩིས་རམས་པ་དག་ལྷ་སར་འཚོགས་ཏེ་རྩིས་མགོ་སྤར་དུས་་ཁོང་ལ་བརྡ་བཏང་བ་མ་འབྱོར་བས་ཕེབས་མ་ཐུབ།གྲོལ་རྗེས་རྩིས་རམས་པ་སྨད་སོག་བཛྲ་ཁོང་གི་སར་ཕེབས། ད་རེབ་རྩིས་མགོ་སྤར་མོད་ཅུང་འགྲིག་མེད་པ་འདྲ་ཞེས་དེའི་ཚུལ་གསུངས་པར་ཁོང་གིས་ཨོ་ཁྱེད་རྣམས་ནོར་འདུག་ཅེས་དག་ཐེར་བྱས།དེ་བས་རྩིས་རམས་པ་ཁོང་གིས་ཉིན་མང་བོར་ཐུགས་འདང་གནང་སྟེ་ཨོ་ངོ་མ་ཨ་ཁུ་བསམ་འགྲུབ་ཀྱིས་གསུངས་པ་དེ་རེད།ང་ཚོ་ངོ་མ་འཁྲུལ་འདུག་ཅེས་ལྷ་སར་ཡི་གེ་བསྐུར་ནས་བཅོས་པའི་ལོ་རྒྱུས་ཁུངས་དག་ཁོ་བོས་དངོས་སུ་ཐོས།
དེ་བས་ཁོང་ནི་སྐུ་ཞབས་ཧོང་མིན་ཞིན་ལགས་ཀྱིས་གསུངས་པ་ལྟར་རྩིས་ཀྱི་ཆོ་ག་སྣ་ཚོགས་ཀྱི་སྒོ་ནས་རྩིས་བྱང་ཆུབ་པར་རྒྱག་ཐུབ་མཁན་ནི་ཆེས་མང་མོད།རྩིས་ཀྱི་གོ་དོན་ཆ་ཚང་ལོན་ཞིང་མགོ་ནས་མཇུག་གི་བར་གྱི་གོ་དོན་ཡོངས་རྫོགས་འདྲེན་ཐུབ་པ་ནི་བོད་ཡོངས་ནས་སྐུ་ཞབས་བསམ་འགྲུབ་མ་གཏོགས་མཇལ་མ་བྱུང་ཞེས་བཤད་པ་ལྟར་དུ་གྲུབ།
ཁོང་གིས་མཛད་པའི་བསྟན་བཅོས་གང་དག་ཞིག་ཡོད་པ་ཁོ་བོར་རྒྱུས་མེད་མོད་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》ཏུ། 《སྐར་རྩིས་ལོ་རྒྱུས་མདོར་བསྔུས》ཞེས་པ་ཞིག་བཀོད་ཡོད། 1986ལོར་མཚོ་སྔོན་སློབ་གསོ་སློབ་གླིང་གི་དགེ་རྒན་དག་གིས་གསོལ་བ་བཏབ་པ་བཞིན་དམེ་ཤུལ་ཨ་ཁུ་ཆོས་འཕེལ་ཚང་གི་《རྩིས་གཞུང་ཤེས་རབ་རལ་གྲི》དང་། དྲུང་ཡིག་ཐུབ་བསྟན་རྒྱ་མཚོའི《རྒྱ་རྩིས་འཇམ་དབྱངས་མཆོད་པའི་མེ་ཏོག》གཉིས་གཞིར་བཟུང་ནས《རྒྱ་རྩིས་རྣམ་གཞག་གསལ་བར་བཤད་པ་འཇམ་དབྱངས་དགྱེས་པའི་མཆོད་སྤྲིན》བརྩམས།
1988ལོར་ནུབ་བྱང་མི་རིགས་སློབ་གླིང་ན་བཞུགས་སྐབས། དོན་གཉེརཅན་མང་བོས་ཡང་ཡང་གསོལ་བ་བཏབ་པ་ལ་བརྟེན་ནས་སྔོན་མེད་ཀྱི་ལེགས་བཤད་སྐར་རྩིས་རིག་པའི་བསྟན་བཅོས་ཆེན་མོ《་སྐར་རྩིས་ཀུན་འདུས་ནོར་བུ》བརྩམས།
གཞན་ཡང་《བོད་རྒྱ་ཚིག་མཛོད་ཆེན་མོ》སྒྲིག་སྐབས་ཀློང་བརྡོལ་བླ་མའི《སྐར་རྩིས་ལས་བྱུང་བའི་མིང་གི་རྣམ་གྲངས》དང་། དག་ཡིག་མཁས་པའི་འབྱུང་གནས་སོགས་གཞིར་བཟུང་ནས་བོད་ཀྱི་སྐར་རྩིས་དང་རྒྱ་གར་ནག་གི་རྩིས་གཞུང་མང་བའི་དགོངས་དོན་ལས《བོད་ཀྱི་སྐར་རྩིས་རིག་པའི་ཚིག་མཛོད》བྱ་བ་བརྩམས་ཏེ། 《རྒྱ་བོད་ཚིག་མཛད་ཆེན་མོའི》གྲས་སུ་བཞག
དེ་མིན་ཁོང་གི་ཕྱག་ཏུ་གློག་འཕྲུལ་གྱིས་བརྩི་བའི་རྩིས་གཞུང་བམ་པོ་ཆེན་པོ་ཞིག་ཡོད་པ་དངོས་སུ་མཐོང་མོད་མཚན་ལ་ཅི་ཟེར་མ་ངེས།
ཁོང་གི་སློབ་མ་ཐུགས་འདང་ཅན་ཡུམ་པས་བཤད་པ་ལྟར་ན་ཁོང་གིས་རྩིས་ལ་དཔྱད་སྒོམ་གནང་ཚུལ་ནི་གཞན་དང་ཐུན་མོང་མ་ཡིན་པ་ཞིག་ཡིན་ཏེ་སྐབས་འགར་མཚན་ནམ་གུང་གཟིམ་པའི་རྗེས་ཡང་བསམ་གཞིགས་གནང་གིན་རིག་པ་གསར་བ་ཞིག་རྙེད་ཚེ་དེ་མ་ཐག་མལ་ལས་བཞེངས་ནས་ས་གཞོང་དང་ཡང་ན་ཕྲེང་རྩིས།གློག་རྩིས་འཕྲུལ་ཆས་གང་རུང་གིས་རྩིས་བརྒྱབས་ནས་ཡིད་ཆེས་རྙེད་ཚེ་འབྲི་དེབ་ལ་བཀོད་དེ་ད་གཟོད་སླར་ཡང་གཟིམ་པར་བྱེད།དེ་ལྟར་སྐར་རྩིས་དང་རྒྱ་རྩིས་སྐོར་གྱི་མྱོང་བྱང་དང་རིག་པའི་རྣམ་གྲངས་སོགས་བསྡུས་པའི་ཟིན་བྲིས་བཅུ་ལ་ཉེ་བ་ཡོད་པ་ནི་གང་དུ་རྩིས་ཀྱི་སྐོར་ཁྲིད་དགོས་པའི་གདན་འདྲེན་ཞུས་ནའང་རྒྱུན་ཏུ་འབྲལ་མེད་བསྣམས་ནས་ཕེབས་པ་ཡིན་པ་ཟེར།
དེ་བས་ཁོང་གི་སར་བོད་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སོའི་ནས་དཀའ་གནད་མང་བོ་བཀའ་འདྲི་བྱེད་མཁན་ཆེད་མངགས་བྱས་པ་དང་།བོད་ལྗོངས་གནམ་རིག་སྐར་རྩིས་རིག་གཞུང་ཚོགས་པའི་མཚན་འཛིན་ཚོགས་གཙོའི་གོ་གནས་ཕུལ་ཞིང་བོད་ཀྱི་གནམ་རིག་སྐར་རྩིས་ཐད་ལ་བྱས་རྗེས་ཤིན་ཏུ་ཆེ་བས་གཟེངས་བསྟོད་གྱི་བྱ་དགའ་ཆེན་པོ་ཡང་གནང་།
ཁོང་གི་ཞལ་མ་མཇལ་བའི་སྔ་རོལ་དུ་ངའི་ཡིད་ལ་ཤར་བ་ནི་ཁོང་མཁས་པ་ཆེན་པོ་ཞིག་སྟེ་མི་རིགས་ཀྱི་རིག་གནས་ལ་ཐུགས་བརྩེ་ཆེ་བའི་སློབ་དཔོན་ཆེན་མོ་ཞིག་ཡིན་པས་སྒྲུབ་ལ་གཞོལ་བའི་རྣལ་འབྱོར་བ་ཆེན་པོ་ཞིག་ཡིན་པ་གཏན་ནས་ཡིད་ལ་ཤར་མ་མྱོང་།དེ་ལོས་ཡིན། སྔོན་ཆད་ཐོས་པ་དག་ལས་སུ་ཞིག་གིས་ཀྱང་ང་ལ་ཁོང་གི་ཉམས་ལེན་སྐོར་གླེང་མ་མྱོང་བས་བླ་བྲང་བཀྲ་ཤིས་འཁྱིལ་ལམ་ཡང་ན་སློབ་གྲྭ་ཆེན་མོ་ཞིག་ཏུ་བཞུགས་ནས་གདུལ་བྱ་སྐྱོང་ལ་བྲེལ་བ་ཡིན་སྙམ།
ངའི་མིག་ལམ་དུ་ཉམས་ལེན་དང་མཁས་པ་གཉིས་ཁ་ཁ་ཡིན་ལ་མི་གཅིག་གི་སྟེང་དུ་ཁྱད་ཆོས་འདི་གཉིས་གཅིག་ཏུ་འཛོམས་ཚེ་ད་གཟོད་སྐྱེས་བུ་ཆེན་པོ་ཡིན།དེ་ལྟ་བུ་ནི་ཉིན་མོའི་སྐར་མའི་དཔེ་ཡིན།
དེ་བས་ཁོང་གི་མཁས་པའི་ཡོན་ཏན་ཁོ་ནས་ཡིད་འཕྲོག་སྟེ་ནམ་ཞིག་མཇལ་ན་སྙམ། ནམ་ཞིག་ཁོང་གི་གསུང་གི་བདུད་རྩི་མྱོང་བའི་སྐལ་བ་ལྡན་ན་སྙམ།ཡིན་ནའང་། ཁོང་ནི་ནམ་ཡང་ཁོམ་པ་མེད་པ་ཞིག་ཏུ་བསམ་ནས་མི་རྒྱུས་མེད་རེ་གཉིས་ལ་དཔེ་ཁྲིད་གནང་བའི་སྐལ་བ་མེད་སྙམ་ནས་རེ་བ་དེ་མར་མནན་ནས་བཞག
1997ལོར་པེ་ཅིན་ནང་བསྟན་སློབ་གླིང་གི་དགེ་རྒན་ཞིག་གིས་ཨ་ལགས་བསེ་ཚང་ལ་མཚམས་སྦྱོར་བྱས་པ་ལ་བརྟེན་ནས་ང་དང་བཅས་པའི་གྲྭ་བཙུན་གསུམ་གྱི་ཡིད་ལ་སྤོབས་པ་རྒྱས་ཏེ་གནང་མཚམས་ཤིག་བེད་སྤྱད་ནས་གཙོས་ལ་ཡོང་།ཨ་ལགས་བསེ་ཚང་བཞུགས་མེད་པས་ང་ཚོ་ངེས་མེད་དུ་འཁྱམས་ཏེ་གཙོས་དགེ་ཐོན་སློབ་གྲྭའི་དགེ་རྒན་བདུད་འདུལ་གྱི་རོགས་རམ་ལ་བརྟེན་ནས་ཁོང་རོང་ངར་རི་ཁྲོད་ན་བཞུགས་ཡོད་པ་ཐོས།
ང་ཚོ་ལ་ཕལ་ཆེར་དཔེ་ཁྲིད་བྱེད་པའི་རེ་བ་མེད་སྙམ་ནའང་ཁོང་ཚང་ལ་ཐེངས་གཅིག་མ་མཇལ་ན་དོན་མེད་སྙམ་ནས་རི་ཁྲོད་དུ་སོང་།དབེན་པའི་རི་ཁྲོད་དེར་ཁོང་གཅིག་མ་གཏོགས་ཞབས་ཞུ་བ་ཞིག་ཀྱང་མི་འདུག་པས་ང་རང་ཧ་ལས་སོང་།
ངའི་ཡིད་ལ་ཤར་བའི་མཁས་པ་དེ་དང་མིག་ལ་ཤར་བའི་མཁས་པ་འདི་གཉིས་གཞི་གཅིག་ཏུ་འཛོམས་མི་ཐུབ་པ་ལྟ་བུ་སྣང་།ང་ཚོས་ཁ་བཏགས་སྲིད་དུ་རིང་བ་ཕུལ་ནས་ཕྱག་ཕུལ་བས་ཁོང་གིས་ཁ་བཏགས་འདི་འདྲ་རིང་བོ་ཞེས་ཅུང་མི་དགྱེས་པའི་ཉམས་ཀྱིས་ཁ་བཏགས་དཀྱུས་མ་ཞིག་གིས་ཆོག་འདི་འདྲ་འགྲོ་སྒོ་གཏོང་མི་དགོས་གསུངས།ཁོང་གིས་ང་རི་ཁྲོད་དུ་ཡོང་ནས་གཅིག་པུར་བསྡད་པ་ཡིན། གཅིག་པུར་བསྡད་ན་ཤིན་ཏུ་སྐྱིད།ཁྱེད་རྣམ་པ་ས་ཐག་རིང་ནས་ཡོང་བས་དཔེ་ཁྲིད་ལོས་བྱེད། དོན་གཉེར་ཅན་ལ་དཔེ་ཁྲིད་བྱེད་དགོས་པ་རེད་གསུངས་ནས་ང་རང་ཚོ་སྡོད་ས་བཀོད་སྒྲིག་བྱས།
དེ་ནས་ང་ཚོས་ཁོང་ལ་ཆོས་འབྲེལ་གྱི་ཐོག་མར་ཡོན་ཏན་གཞིར་གྱུར་མའི་ཁྲིད་ཞུས་པར་ཁོང་ཐུགས་དགྱེས་དགྱེས་གནང་སྟེ་ཁྱོད་ཚོས་རྩིས་དང་ལམ་རིམ་གཉིས་ཟུང་དུ་སྦྲེལ་ནས་སྦྱོང་འདོད་པ་ཡིན་ནམ།ཤིན་ཏུ་བཟང་གི་ཅི་ཞིག་སྦྱངས་ནའང་བསམ་པ་བཟང་དགོས་པ་ལས་མཁས་འདོད་ཀྱི་ཡན་ལག་ཏུ་སྦྱོང་མི་རུང་།ཁྱོད་ཚོའི་སེམས་ལ་དྲན་པ་ཤིན་ཏུ་བཟང་ཞེས་གསུངས་ཏེ་ཆེད་དུ་ལམ་གཙོ་རྣམ་གསུམ་གྱི་ཁྲིད་གནང་ནས་ད་རེས་ཁྱོད་ཚོ་ལ་དུས་ཚོད་རིང་བོ་མེད་པས་གློག་རྩིས་ཁྲིད་གསུངས།བླ་བྲང་གི་རྩིས་རམས་པ་ལ་ལས་རྩིས་འཁོར་ལ་ཐུགས་མི་དགྱེས། ངེས་པར་རྩིས་གཞོང་ལས་སྦྱོང་དགོས།རྩིས་གཞོང་གི་རྡུལ་རེ་རེ་འཇམ་པའི་དབྱངས་ཀྱི་ཐུགས་ཀྱི་ཟེགས་མ་རེ་ཡིན་ཞེས་གསུངས། དེས་ན་རྩིས་འཁོར་འདི་ཡང་འཇམ་པའི་དབྱངས་ཀྱི་འཕྲིན་ལས་ཤིག་ཅི་ལ་མིན།ཁོང་རྣམ་པས་མ་མཁྱེན་པ་རེད། རྩིས་འཁོར་ལས་སྦྱངས་ན་སྟབས་བདེ་རེད་གསུངས།
ང་ཚོ་ལ་དངོས་སུ《སྐར་རྩིས་ཀུན་འདུས་ནོར་བུ》ཁྲིད་དུས་ཁོང་གིས་ཁྱོད་ཚོའི་ས་ཆར་རྩིས་དར་མེད་པ་རེད།དེ་བས་ངས་ཁྱོད་ཚོ་ལ་གློག་རྩིས་ཁྲིད་རྒྱུ་མིན། རྩིས་གཞོང་ལས་ཕྱག་ལེན་ལྟར་ཁྲིད། ཁྱོད་ཚོའི་ས་ཆར་རྩིས་དར་ན་ངེས་པར་བླ་མ་གོང་མའི་ཕྱག་ལེན་མཁོ་བ་རེད།སྐར་རྩིས་ཀྱི་བསྟན་པ་འདི་ངེས་པར་སྤེལ་དགོས་གསུངས་ནས་དཔེ་ཁྲིད་གནང་། ཉིན་ཉི་ཤུའི་རིང་ལ་ཁོང་གི་མདུན་ནས་བསྡད།མཚམས་ཤིག་ཁོང་གི་སྐུ་སྙུང་བས། ང་ཚོའི་སེམས་སུ་ཁོང་ལ་འོ་བརྒྱལ་ཆེན་པོ་གཏད་སོང་སྙམ་ནས་མི་བདེ་བ་བྱུང་།ཡིན་ནའང་། ཁོང་གིས་དེ་ཅི་ལའང་མི་བརྩི་བར་དཔེ་ཁྲིད་བྱེད་མོད། ཅུང་ཚབས་ཆེན་པོར་གྱུར་པས་ཉིན་འགའ་ལ་སྨན་ཁང་དུ་ཕེབས།ཕྱིར་ཕེབས་ནས་མུ་མཐུད་དུ་དཔེ་ཁྲིད་གནང་།
ང་རང་སློབ་གྲྭ་ནས་གྲངས་བརྩི་བའི་ཚེ་ལྔ་བཅུ་ང་དགུ་ཞེས་པ་ལྟ་བུ་ལ་ལོབས་ཡོད་པས་ཁོང་གིས་ཁྱོད་ཚོས་འདི་ལྟར་བཤད་པ་རེད།འདི་གཏན་ནས་མི་ལེགས་ཚིག་ལྷག་རེད། ང་དགུ་ཞེས་བོས་ན་ཆོགརྒྱ་མི་དག་གིས་ཁྱོད་ཚོས་བརྗོད་པ་དེ་ཐོས་པས་ཨ་བོད་སྐད་རྙོག་འཛིང་རེད་རྒྱ་སྐད་ཀྱི་五十九ཞེས་པ་བོད་སྐད་འབྲུ་བཞིར་གྱུར་འདུག་ཟེར།དེ་མིན། བོད་སྐད་ལ་འབྲུ་གཉིས་ཀྱིས་ཆོགང་དགུ་ཞེས་བོས་ན་རྒྱ་སྐད་ལས་འབྲུ་གཅིག་ཉུང་བས་ཆེས་སྟབས་བདེ་ཡིན་གསུངས།
ཁོང་གི་ཕྱག་ལེན་གྱི་རྗོད་སྟངས་ལས་གཞན་འབྲུ་གཅིག་ཀྱང་ཁ་སྣོན་དུ་མི་འདུགདེ་བས་ངས་སེམས་ལ་ངོ་མ་བླ་མའི་ཕྱག་ལེན་ཇི་ལྟ་བུ་ང་ཚོ་ལ་གནང་བ་ཡིན་སོང་སྙམ་དགའ་བ་མི་ནོན་པ་ཞིག་སྐྱེས།
ཡང་ཁོང་གིས་ཁྱོད་ཚོའི་དགོན་པར་མཚན་ཉིད་ཡོད་ན་སྐར་རྩིས་སྦྱངས་ན་བླ་རྒན་ཚོ་དགའ་འམ་ཟེར།ངས་ང་ཚོ་གནང་བའི་སྐབས་སུ་ཡོང་བ་ཡིན་ཞུས་པར། ཁོང་གིས་དགོན་པ་ཞིག་ན་རྩིས་ཤེས་མཁན་ཞིག་ཀྱང་མེད་ན་མི་ལེགས།བླ་རྒན་ཚོས་རང་གིས་མི་ཤེས་པས་གཞན་ལ་སྦྱོང་དུ་མི་འཇུག་པ་རེད། དེ་ལེགས་པོ་མ་རེད། ཡིན་ནའང་གཞུང་ཆེན་མོ་གཙོ་བོར་སྦྱང་དགོས།རིག་གནས་ཞོར་ལ་སྦྱང་དགོས། ངས་ཀྱང་སྐར་རྩིས་ཞོར་ལ་སྦྱངས་ནས་ཤེས་པ་ཡིན། གཞུང་ཆེན་མོར་བལྟས་ནས་ངལ་གསོ་དུས་རྩིས་གཞོང་བླངས་ནས་རྩིས་བརྒྱབ་པ་ཡིན།རྩིས་རྒྱག་པ་ངས་རྩེད་མོ་རྩེས་པ་ལྟ་བུ་ཡིན། ལྔ་བསྡུས་སྦྱངས་རྗེས་དགེ་རྒན་མེད་ན་ཆོགངས་ལྔ་བསྡུས་སྦྱངས་རྗེས་ད་རྩིས་ཤེས་སོང་སྙམ་པའི་སེམས་ཚུལ་བྱུང་།རྗེས་སུ་ཊཱིཀ་ཆེན་རིགས་པའི་སྣང་བ་ལ་བལྟས། སྐར་རྩིས་འདི་མ་ཤེས་ན་དཔལ་དུས་ཀྱི་འཁོར་ལོ་ཉམས་སུ་ལེན་མི་ཤེས།སྐར་རྩིས་འདི་གཟའ་སྐར་གཏན་ལ་འབེབ་བྱེད་རེད་གསུངས།
ཡང་ཁོང་གིས་ཁྱོད་ཚོས་གཞུང་ལ་ལྟ་བ་བཟང་གི་ངས་ཀྱང་ཚེ་གང་བོར་གཞུང་ཆེན་མོར་བལྟས། ཡིན་ནའང་།དེང་སང་ཚང་མ་རིག་གནས་ལ་ཧེབ་ལངས་པས་ང་ལ་གཞུང་ཆེན་མོའི་དཔེ་ཁྲིད་ཞུ་མཁན་མི་འདུག་ཅེས་ཕངས་ཉམས་སྟོན་གྱིན་གཞུང་ཆེན་མོ་ལ་བལྟས་ན་ཉམས་ལེན་བྱ་དགོས་པས་རི་ཁྲོད་འགྲིམ་དགོས།དེ་མིན་ན་མི་བཟང་། ང་ཡང་གཞན་གྱིས་ཁོམ་དུ་མི་འཇུག་མོད་ཁོམ་པ་བྱུང་དུས་རི་ཁྲོད་དུ་བསྡད་པ་ཡིན།ང་ཚོ་རི་བོ་དགེ་ལྡན་པའི་གྲུབ་ཐོབ་ཀྱིས་རང་གི་སེམས་པ་འདུལ་བ་དེ་ཡིན། དེང་སང་གྲུབ་ཐོབ་ཅེས་ཁུ་ཚུར་གྱིས་ཁང་བ་རྫོགས་པ་བྱེད་མོད།དེ་སྨྱོ་རྟགས་ལས་གྲུབ་རྟགས་མ་རེད་གསུངས། དེནས་ཁོང་གིས་ཁྱོད་རི་ཁྲོད་འགྲིམ་ན་འདིར་ཤོག་དང་ངས་རི་ཁྲོད་འདི་ཁྱོད་ལ་སྟེར་གསུངས།ཡིན་ནའང་ངས་འདང་ཞིག་བརྒྱབ་དུས་ང་དགོན་པ་ཞིག་གི་འགྲིག་འོག་ན་ཡོད་ཅིང་རྗེ་འཇམ་དབྱངས་མཚན་ཅན་གྱིས་ཁོ་བོ་བུ་བཞིན་སྐྱོང་བཞིན་བས་བཀའ་མི་འཁྲོལ་དང་།རང་ལ་བསམ་ན་ཡང་ད་དུང་རི་ཁྲོད་དུ་འགྲིམ་པའི་ཆ་རྐྱེན་མེད་སྙམ་པ་སོགས་ཀྱིས་ཁོང་གི་ཐུགས་དགོངས་བཞིན་རི་ཁྲོད་འགྲིམ་པ་སྤོབས་པས་མ་ལོངས།
ཁོང་གིས་ཁོང་དང་ཨ་ལགས་ཚེ་ཏན་ཞབས་དྲུང་གཉིས་ལན་གྲུར་བཞུགས་དུས་ཀྱི་གཏམ་རྒྱུད་མང་བོ་གསུངས་ཤིང་སྐར་རྩིས་དང་གཞུང་ཆེན་མོར་བགྲོ་གླེང་བྱས་པའི་ཚུལ་ཡང་མང་པོ་གསུངས།ཁོང་གི་ཞལ་ནས་ཨ་ལགས་ཚང་ངོ་མ་བསམ་གྱིས་མི་ཁྱབ་པ་ཡིན། གཞན་པར་རྩོད་པ་རེ་བྱས་ན་ཁམས་མི་དྭངས།ཨ་ལགས་ཚང་ནི་ཇི་འདྲའི་རྩོད་པ་བྱས་ན་དེ་འདྲར་དགའ། ཁོང་གིས་རྒྱུན་དུ་ང་བོས་ནས་མཉམ་དུ་གུང་ཚིགས་བཞེས་ཤིང་ཞལ་བརྡ་མང་བོ་གནང་།རྩོད་པ་ཡང་མང་བོ་བྱས་པས་ངེད་གཉིས་གྲོགས་པོ་བཟང་བོར་གྱུར་གསུངས།
ཁོང་ཞལ་འདོན་དང་ཉམས་བཞེས་ལ་གཞོལ་ཅིང་དེ་ནས་ང་ཚོ་ལ་དཔེ་ཁྲིད་གནང་། ཁོམ་པ་རེ་བྱུང་དུས་ཞལ་བརྡ་དྲོན་མོ་རེ་གནང་།སྔོན་ཆད་ངས་ཐོས་པ་ལྟར་ན། ཁོང་ཐུགས་ཤིག་ཏུ་བཙན་པས་བླ་བྲང་གི་དགེ་བཤེས་ཚོ་ཡང་ཁོང་གི་མདུན་ནས་དཔེ་ཁྲིད་གསན་དུས་བཀའ་བཀྱོན་རྒྱུན་དུ་གནང་བའི་གཏམ་ཞིག་ཐོས་པས་ཤིན་ཏུ་སྐྲགཡིན་ནའང་། དངོས་སུ་ཁོང་གི་ཞལ་གསུང་མྱོང་བ་ལ་བསམ་ན་ནི་ཐབས་མཁས་པའི་རྨད་དུ་བྱུང་བའི་སྤྱོད་པ་ཞིག་ཡིན་པར་བསམ།ཁོང་གིས་ཁོང་གི་སློབ་མ་ཚོའི་གནས་ཚུལ་དང་སློབ་མ་གང་ཞིག་ལ་ཤེས་རབ་ཆེ་བ་སློབ་མ་གང་ཞིག་ལ་བརྩོན་པ་ཆེ་བ་སོགས་དང་སློབ་མ་ཡུམ་པ།ཁྱུང་བཀྲ་མཚོ། འཇིགས་བྱེད་སྐྱབས་སོགས་མང་བོ་ཞིག་གི་གནས་ཚུལ་གསུངས། དེ་བས་ངའི་སེམས་སུ་ཁོང་གི་ཐུགས་ནམ་ཡང་སློབ་མའི་སྟེང་ན་གནས་འདུག་སྙམ་པའི་སེམས་པ་བྱུང་།
དེ་ལྟར་ཉིན་ཉི་ཤུ་ནི་སྐད་ཅིག་མ་གཅིག་ལ་འདས་སོང་། ང་ཚོ་གནང་མཚམས་ལ་སླེབས་ཤིང་དཔེ་ཁྲིད་ཀྱང་ལྔ་བསྡུས་བར་དུ་རྫོགས་སོང་།ང་ཚོས་རྗེས་སུ་ཐུགས་བརྩེ་བས་རྗེས་སུ་བཟུང་ནས་གསུང་གི་བདུད་རྩིའི་དགའ་སྟོན་འབྱེད་པའི་སྐྱབས་འཇུག་ཞུ་བཞིན་ཐུགས་དགྱེས་པས་ཞལ་བཞེས་ཐོབ་པའི་དགའ་བ་དེ་དང་འབྲལ་མི་འདོདཔའི་འཁྲེང་སེམས་བཅས་ཀྱི་ཀློང་ནས་ཁ་བྲལ།
ང་ཚོས་ལུང་བའི་མདོའི་མཐོང་ས་ཞིག་ནས་ཕྱིར་ཕྱག་འབུལ་དུས་ཁོང་མཚམས་ཁང་གི་སྒོ་ཁར་བཞུགས་ཏེ་ང་ཚོ་ལ་རྒྱང་སྐྱེལ་བྱེད་ཀྱིན་འདུགཕངས་པ་ཞིག་ལ་དེ་ནི་ང་ཚོའི་ཐ་མའི་གྱེས་བྲལ་ཡིན་པ་གང་ནས་ཤེས།
དེ་ནས་ཡུན་རིང་བོ་ཞིག་འགོར་ནའང་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཁོང་གི་མདུན་དུ་འགྲོ་མ་ཐུབ། 2004ལོར་འབར་ཁམས་སུ《གུར་གུམ་ཆུན་པོའི》ཚོགས་འདུར་སོང་ནས་ཆེད་དུ་ཁོང་ལ་མཇལ་འདོད་ཀྱིས་བླ་བྲང་དུ་སོང་།གྲོགས་རྫ་ཤུལ་བློ་བཟང་གིས་ཁོང་ཧྲང་ཧེར་ཕེབས་སོང་ཟེར་བས་ཕངས་སེམས་དང་བཅས་ཉིན་གཅིག་ལ་བསྡད་དེ་ཕྱིར་མི་འགྲོ་ཀ་མེད་བྱུང་།
ཉེ་སྔོན་རྨ་ཆུའི་གྲོགས་པོ་རྒྱུ་ཚའི་ཤེས་རབ་ཀྱིས་ཁ་པར་བཏང་ནས་2006ལོའི་ཟླ་6ཚེས་18ཉིན་ཨ་ཁུ་བསམ་འགྲུབ་སྐུ་གཤེགས་སོང་ཟེར།ངོ་མ་ཡིན་ནམ། ངའི་ཡིད་བློང་བློང་བོར་གྱུར་ཅིང་དབང་མེད་དུ་ཁོང་གི་སྐུ་གསུང་ཐུགས་ཀྱི་མཛད་པ་དག་སེམས་སུ་དྲན་འོང་བས་ངོ་མ་ཨ་རིག་དགེ་བཤེས་ཆེན་མོས་གསུངས་ཇི་འདྲའི་བདེན་ཨང་།
བཀའ་དྲིན་འཁོར་མཐའ་མ་མཆིས་པ་དེ་ཉིད་ཀྱི་སྐུའི་རྣམ་འགྱུར་ལ་བསམ་ནའང་བྱམས་དང་སྙིང་རྗེའི་རང་བཞིན།གསུང་གི་གདངས་དབྱངས་ལ་བསམ་ནའང་བྱམས་དང་སྙིང་རྗེའི་རང་བཞིན། ཐུགས་ཀྱི་དགོངས་པ་ལ་བསམ་ནའང་བྱམས་དང་སྙིང་རྗེའི་རང་བཞིན་ཏེ།ངའི་སྣང་བ་ཞིག་ལ་ཁོང་གཏན་ནས་མྱ་ངན་ལས་འདས་མེད་དེ་བྱམས་དང་སྙིང་རྗེའི་ཀློང་ནས་ང་ཚོ་སློབ་མ་རྣམས་ལ་གཟིགས་འདུག་པ་འདྲ།
ཟུར་བལྟའི་དཔེ་ཆ།
བདག་གིས་ཁོང་གི་མདུན་ནས་རྩིས་སྦྱོང་སྐབས་ཀྱི་ཟིན་བྲིས།
སྐྱ་རེངས་དཔལ་ལོའི་བྲིས་པའི་ཁོང་གི་ངོ་སྤྲོད་མདོར་བསྡུས།
དགེ་བའི་བཤེས་གཉེན་རྩིས་རམས་པ་ཆེན་པོ་བསམ་འགྲུབ་རྒྱ་མཚོ་མཆོག་གི་མཛད་རྣམ་མདོར་བསྡུར་བློ་ལྡན་དགྱེས་པའི་ཚངས་དབྱངས། 2008ལོའི་ཟླ་8པའི་ཚེས་སུམ་ཅུ་ཉིན་གྱི་ཚགས་པར།
རྩིས་རམས་པ་བསམ་འགྲུབ་རྒྱ་མཚོའི་རྗེས་དྲན་ཆེད་བསྒྲིགས།《འཚོལ་བསྙེག》 2007ལོའི་དེབ་དང་བོ།
*(བདག་གིས་ཀྱང་ཆུང་དུས་སྒྲུང་འདི་གོ་མྱོང་། ངས་ནི་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་རེད་བསམ་བསྡད་ཡོད། ཡིན་པ་ནི་ཨ་ཁུ་བསམ་འགྲུབ་རྒྱ་མཚོ་རེད་འདུག)