-->

Nov 12, 2020

བརྡའ་ཤན་འབྱེད།

 

 

༄༅། །བརྡའ་ཤན་འབྱེད་ཐེ་ཚོམ་དྲྭ་བ་གཅོད་པའི་རལ་གྲི་ཞེས་བྱ་བ་མཆན་བཅས་བཞུགས་སོ། །


 


ན་མོ་མཉྫུ་ཤྲཱི་ཡེ། བརྡའ་ཤན་འབྱེད་འདི་ལ། མཚན། གཞུང་། མཛད་བྱང་གསུམ་ལས། དང་པོ། བརྡའ་ཤན་འབྱེད་ཐེ་ཚོམ་དྲྭ་བ་གཅོད་པའི་རལ་གྲི་ཞེས་བྱ་བ། གཉིས་པ། གཞུང་ལ་རྩོམ་པའི་ཡན་ལག བརྩམ་བྱའི་དོན། བརྩམ་པ་རྫོགས་པའི་བྱ་བ་གསུམ། དང་པོ་ལ་མཆོད་བརྗོད་དམ་བཅའ་གཉིས། དང་པོ། ངག་གི་དབང་ཕྱུག་བཅོམ་ལྡན་འདས། །སྨྲ་བའི་སེང་གེ་ཚུགས་པ་མེད། །འཇམ་དཔལ་རྣོན་པོའི་ཞབས་པད་ལ། ། གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །གཉིས་པ། ཇི་ལྟར་སྒོང་བཞིན་དུ་དོན་གཞན་གྱི་ཤན་གྱིས་དངོས་པོའི་ཚུལ་ལ། སྒྲ་འཇུག་པའི་རྣམ་གཞག་ལ་རྨོངས་ནས་དེ་ཡིན་དེ་མིན་གྱི་དབྱེ་བསལ་དཀའ། སྒྲ་ཙམ་པོ་ཡི་རྗེས་སུ་བསྙེགས་པར་བྱས་ན་རྟོག་བྱའི་དོན་སྟོར་བ་ནི་མུ་སྟེགས་བརྡའ་སྤྲོད་པ་ཚིག་དོན་གྱི་ཆ་ལ་བླུན་པོའི་ལུགས་འཛིན་པའོ། །དེས་ན་རྩྭ་བལ་བ་ཛ་བཞིན་འཛིང་བ་ཡི། ཐེ་ཚོམ་དྲྭ་བ་གཅོད་བྱེད་པ། དཔལ་ཆོས་ཀྱི་གྲགས་པའི་རིག་པ་རྟོག་གེའི་གསང་གཏམ་གྱི་གནད། ཤན་འབྱེད་པ་ཡང་དག་རིག་པའི་རལ་གྲི་བཤད། གཉིས་པ། བརྩམ་བྱའི་དོན་གཞུང་དངོས་ལ་བརྡའ་ཡི་རྣམ་བཞག་སྤྱིར་བསྟན། སྐབས་ཀྱི་དོན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་གཉིས། བརྡའ་ལས་དོན་ངེས་ཚུལ་སྤྱིར་བསྟན། རྒྱུ་མཚན་གང་གི་སྒོ་ནས་ངེས་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ། བརྡ་ལས་བརྗོད་བྱའི་དོན་རྣམས་རྟོག་མེད་ཀྱི། །བརྡའ་ཙམ་ལས་མིན་འདྲིས་འབྲེལ་ལས། །དོན་གང་ལ་མིང་གང་བཀོད་པ་དེ་ལ་དེ། གདོད་ནས་གྲུབ་པ་ལྟར་སྣང་མིང་དོན་བསྲེས་ནས་འཛིན། །དེ་ཡང་མཚོ་གོ་བ་ལས་དང་ར། འཕྲལ་དང་གོ་རིམ་བཟློག་སྟེ་བརྗོད་ལས་དོན་གོ་བ་མིན། གཉིས་པ་ལ། གཞན་སེལ་གྱི་སྒོ་ནས་བརྡའ་འཕྲོད་ཚུལ་བསྟན། དེ་ལ་རྩོད་པ་སྤང་། དེ་དག་གི་གནད་དོན་བསྡུ་བ་གསུམ། དང་པོ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། གཞན་དང་མ་འདྲིས་དོན་གྱི་ངོ་བོ་གང་། རང་ཉིད་ཐུན་མིན་དེ་ཡི་རྗོད་བྱེད་ཀྱི་སྒྲར་བློས་བཏགས་པས། རང་མིན་གཞན་བསལ་བས་ན་དོན་དེ་འཁྲུལ་མེད་དུ་གོ་བར་བྱེད། དེས་ན་སྒྲ་དང་རྟོག་པ་ལ་གཞན་སེལ་གྱིས་ཁྱབ་པ་ཉིད་ཡིན་ཏེ། རྒྱུ་མཚན་ཆོས་གང་མ་བསལ་བ་དེ་ལས་བརྗོད་བྱ་འདི་མི་འབྱེད་པ་དེ་ཕྱིར་དེ་མི་རྟོག །གཉིས་པ་ལ། སྒྲ་ཡི་གཞན་སེལ་ཇི་ལྟར་ཡིན་པ་བཤད། དེ་ལ་རྟོག་པས་འཇུག་ཚུལ་གང་ཡིན་བཤད་པ་གཉིས། དང་པོ་ལ་གཉིས། སྒྲ་དོན་ལྡོག་པ་མ་འདྲེས་སོ་སོར་བསྟན། དེ་ཡི་རང་བཞིན་དཔེ་བཅས་རྒྱས་པར་བཤད་པའོ། །དང་པོ། སྒྲ་དོན་ཀྱང་རང་གི་ལྡོག་ཆ་ནས་གཞལ་ན། ཀུན་ཀྱང་མ་འདྲེས་སོ་སོ་སྟེ། དེའི་རྒྱུ་མཚན་མིང་དེ་ལས་གོ་བྱ་མིང་གཞན་གྱིས་རྟོགས་པ་མིན་པའི་ཕྱིར་རོ། །གལ་ཏེ་གཞན་དུ་སྟེ་རྟོགས་ན་མིང་སྣ་ཚོགས་བརྗོད་པ་དོན་མེད་དོ། །དེ་ལ་ཤེས་བྱ་དངོས་པོ་ཤེས་པ་སེམས་བྱུང་ཤེས་རབ་བམ། ཤེས་བྱ་དངོས་པོ་ཤེས་པ་ཡིད་རྟོག་བཅས་སོ། །ཤེས་བྱ་ལ་དངོས་དང་དངོས་མེད་གཉིས་དངོས་པོ་བེམ་པོ་འབྱུང་འགྱུར་རྔ་སྒྲ་སོགས་རིགས་འགྲེ། ཤེས་བྱ་དངོས་མེད་ཞིག་ནས་མེད་པ། སྤང་བ་བརྟག་འགོག་སོགས་ཀྱང་དེས་འགྲེ། འབྱུང་བ་ཙམ་ནི་ཤེས་བྱར་ངེས་ཀྱི། དངོས་བེམ་དང་། དངོས་མེད་གང་ཡིན་མི་ངེས་པ་སོགས་ཐམས་ཅད་དཔྱད། གཉིས་པ། དེ་ལྟ་ན་ཡང་མིང་གཅིག་མིང་གཞན་གཅིག་གིས། བརྗོད་བྱར་སྤོང་དང་མི་སྤོང་བས། སྣ་ཚོགས་བརྗོད་པར་བྱ་བའི་དོན། རང་གིས་ཇི་ལྟར་འདོད་པ་བཞིན་དུ་སོ་སོར་ཕྱེ་ཞིང་སྟོན་པ་ཡིན་ཏེ། དཔེར་ན་ཤེས་བྱ་དང་དངོས་པོ་དང་། བེམ་པོ་དང་རོ་དང་མངར་བའི་སྒྲས་ཏེ་སྔ་མ་བཞི་ཡིན་པ་ནས་འབྱུང་རྡུལ་སྔ་མ་གསུམ་ཡིན་པ་སོགས་ གཅིག་ནས་བཞི་ཡི་བར་དག་ཏུ། སྔ་རིམ་ཕྱི་མས་ངེས་ནུས་པ་བཞིན། ཤིང་ཞེས་བརྗོད་པའི་སྒྲ་དག་གིས་ཤ་བ་ཤུག་པ་མི་སྤོང་བ་བཞིན། སྤྱི་སྒྲས་བྱེ་བྲག་མི་སྤོང་བས། སྤྱི་ཙམ་བྱེ་བྲག་སོ་སོ་བ་བརྗོད་པ་ལ་འཁྲུལ། གལ་ཏེ་ཤིང་འོན་ཅིག་ཞེས་ པས་མདུན་གྱི་ཤ་བ་སོགས་གོ་ཚེ་སྐབས་དེའི་དོན་གྱིས་ཤུག་པ་སོགས་གཞན་བསལ་བའོ། །ཤུག་པ་ལྟ་བུ་ཁྱད་པར་སྒྲས་སྤྱི་ཤིང་ཙམ་མི་འདོར་ཡང་། ཤ་བ་སོགས་བྱེ་བྲག་བསལ་ནས་ཐུན་མིན་ཤུག་པ་རང་ཉིད་བསྒྲུབ་སྟེ། དཔེར་ན་ཤ་བའི་སྒྲ་ཡིས་ཤིང་མི་འདོར་ལ་ཤུག་པ་འདོར་བ་བཞིན། ཤ་བ་དེ་ཡང་ཕྱོགས་དུས་བྱེ་བྲག་པའི་ཁྱད་པར་ཕྱེས་ནས་ཤ་བའི་རང་མཚན་ལ་གོ་བ་ནི་རང་གི་འདོད་པས་འབྱེད་པའོ། །དེས་ན་མཚན་ཉིད་སོགས་དངོས་པོ་དེའི་མཚོན་བྱེད་ཀྱི་དོན་ལྡོག་ ཡིན་པར་ནམ་ངེས་པ་ན་མཚན་མཚོན་གྲུབ་པ་ཡིན་ཅིང་། བརྡའ་དོན་ཀྱང་དེ་དང་འདྲ་སྟེ། མདུན་ན་ཤ་བ་ཡོད་པའི་ཚེ་ཤིང་འོན་ཅིག་ཞེས་པ་ཙམ་གྱིས་དོན་གྲུབ་སྟེ། ད་རུང་ཤིང་ཙམ་གྱིས་དེ་མི་རྟོགས་ན། ཤ་བས་ཀྱང་མི་རྟོགས་ཏེ། ཤ་བ་ཆེ་ཆུང་དང་། ཕྱོགས་དུས་སོ་སོ་བ་གོ་མི་ནུས་པ་བཞིན། དེ་ལྟར་བརྡའ་དོན་འབྱོར་བཞིན་དུའང་། ཡུལ་ཆེ་གེ་མོའི་ཕྱོགས་འདི་ན་གནས་པའི་སུ་ལ་འདིའི་ཤ་བ་འོན་ཅིག་ཞེས་བརྗོད་ན་དགོས་པ་མེད་དེ་ཤ་བའི་རང་ མཚན་དེ་ལ་གོ་ནུས་བཞིན་དུ་རྣམ་བཅད་མེད་པའི་ཚིག་བརྗོད་པ་བརྡའ་ལ་མི་མཁས་པའི་ཕྱིར་རོ། །དེས་ན་ལོག་པར་རྟོག་ན་དེ་སེལ་བའི་བརྡའ་སྦྱར་དགོས་ཀྱང་མི་རྟོག་ན་བརྡའ་དེས་ཆོག་སྟེ་བརྗོད་མི་དགོས་པ། མེ་ཡིན་ན་དངོས་པོ་ཡིན་པ་སོགས་ དོན་གྱིས་གྲུབ་པ་བཞིན། གལ་ཏེ་རྟག་པའི་མེ་ལྟ་བུ་འདོད་མཁན་ཡོད་ན་དངོས་པོའི་མེ་ཞེས་བརྗོད་པ་དོན་ཡོད་ཀྱི་གཞན་དུ་དེ་བརྗོད་པ་ལ་དོན་མེད་དོ། །འདི་འདྲའི་ཤན་འབྱེད་པ་ཁོ་བོ་ཁོ་ནའོ། །གཉིས་པ་རྟོག་པའི་འཇུག་ཚུལ་ལ་གཉིས། རང་ལུགས་བཞག་པ་དང་གཞན་ལུགས་དགག་པའོ། །དང་པོ། རང་མིན་གཞན་བསལ་བ་ཡི་སྤྱི་ལ་ནི། རང་མཚན་དུ་འཁྲུལ་ནས་རང་མཚན་གོ་བར་འགྱུར་ཏེ། སྤྱི་ལས་གཞན་དུ་རང་མཚན་ཉིད། དངོས་སུ་རྗེན་པར་བརྗོད་པའི་སྒྲ་དང་རྟོག་པ་མེད་ དེ་མི་ནུས་སོ། །ནུས་ན་དགག་སྒྲུབ་ཅིག་ཆར་ཐལ་བ་ལ་སོགས་པས་གནོད་དོ། །གཉིས་པ་ལ། བརྗོད་བྱ་སྤྱི་དངོས་འདོད་པ་དགག །སྒྲ་དོན་དངོས་འབྲེལ་འདོད་པ་དགག་པ་གཉིས་ལས། དང་པོ། སྒྲ་ཡིས་བརྗོད་བྱ་དེ་ལ་བརྟག་ན་བྱེ་བྲག་ ཀུན་ལ་ཁྱབ་པ་སྤྱིའི་དངོས་པོ་མེད་དེ། དེ་བྱེ་བྲག་དང་གཅིག་དང་དུ་མར་འགལ་བས་དངོས་པོ་ཡིན་པ་ཁེགས། གཅིག་ཐ་དད་ཀྱི་བརྟགས་པ་དེ་མི་འཇུག་པའི་སེལ་བ་དངོས་མེད་ནི། རང་གི་བློས་ཇི་ལྟར་འདོད་པ་བཞིན་དུ་རྣམ་པར་ཕྱེ་ཞིང་འཇུག་སྟེ་བཏགས་ཙམ་ཡིན་པས་སོ། །གཉིས་པ། དེ་ཕྱིར་སྔར་མེད་པའི་དངོས་པོ་མེད་ཅེས་འདོད་པ་མུ་སྟེགས་པ། གང་གི་ལྟར་ན་དངོས་པོ་གང་ཡིན་པ་ནི། མེད་པ་དང་ནམ་ཡང་མི་འབྲལ་བས། ཐམས་ཅད་རྟག་ཏུ་ཡོད་པའི་རྟག་པ་ཉིད་དུ་ཐལ། མེད་ཅེས་པ་དང་དངོས་པོ་ཞེས་པ་ཁྱད་པར་དང་ཁྱད་གཞིར། དངོས་སུ་འབྲེལ་བ་མེད་ཀྱང་བློས་སྦྱར་ནས་སུ། སྔར་མེད་དངོས་དང་དངོས་པོ་སྔར་མེད་ཅེས་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི། བརྗོད་ཚུལ་ཙམ་ཡིན་དོན་ལ་ཁྱད་པར་མེད། དངོས་ པོ་དང་མེད་པ་གཉིས་ཀ་ཡིན་པའི་གཞི་མཐུན་མི་སྲིད་ཀྱང་། དངོས་པོ་དེ་ལ་སྔར་ནས་ཡོད་པ་སེལ་བའི་ཕྱིར། ལྡོག་པའི་རྟེན་ཅན་ཏེ་སྒྲ་ཡིས་ནི། སྒྲ་དོན་སྔར་མེད་པའི་དངོས་པོ་ཞེས་བརྗོད་པར་འདོད་པོ་སུ་ཡིས་འགོག་ནུས་ཏེ་མི་ནུས་སོ། །གཉིས་པ་རྩོད་སྤང་། བདག་སོགས་མེད་པར་འདོད་པ་ལ་དྲིས་པ་བདག་ལས་གཞན་པའི་ཆོས་བསལ་རྒྱུ་ཡོད་ན། དེ་བཟློག་ཅིང་བསལ་བ་ཉིད་ཀྱིས་བདག་དེ་ཡོད་པར་གྲུབ་ལ། གཞན་བསལ་རྒྱུ་དེ་མེད་ན་བདག་འདི་བརྗོད་པའང་མི་སྲིད་ཕྱིར། རི་རྭའང་ ཡོད་དམ་ཡང་ན་བུམ་པའང་མེད་པར་འགྱུར་ཏེ་རི་རྭ་ཡོད་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར། མེད་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། གཞལ་བྱ་གཞི་གྲུབ་ཡོད་པ་དོན་གཅིག་ཅེས་འདོད་པའི་ཕྱིར། བུམ་པ་མེད་ར་ཐལ། རང་བཞིན་མིན་པའི་ཕྱིར། དེར་ཐལ། བུམ་པ་དེ་གསེར་བུམ་དང་། ཟངས་བུམ། དེ་མིན་གྱི་བུམ་པ་གང་ཡང་མིན་པའི་ཕྱིར། ཁྱབ་སྟེ། རང་བཞིན་ཡིན་ན་བྱེ་བྲག་ཡིན་པས་སོ། །ཞེ་ན། གང་ལས་ལྡོག་པ་ནི་ཐོག་མར་སྒྲ་ཡི་ཚུལ་ནས་བློ། སྐྱེ་བ་ཡིན་གྱི་དང་པོར་དོན་གྲུབ་ནས་གཟོད་སྒྲས་བརྗོད་དགོས་པ་མིན་ཕྱིར་བློ་ལ་སྣང་བ་དང་དོན་དུ་བརྟག་པ་འདྲེས་པའི་ཆས། དོན་ལ་འཇུག་ཕྱིར་རྟོག་ངོར་སྣང་བ་འདི་ལྟར་དོན་གྲུབ་པའམ། སྣང་ཙམ་དོན་གྲུབ་པ་ཞེས་ནི་ བརྟགས་པ་ཡིན་གྱི་དོན་ལ་མིན་ནོ། །རང་གིས་བློས་ཐ་སྙད་འདོད་པའི་དབང་ལས་བརྡའ་གང་ཡང་རུང་བ་ཞིག་སྦྱར་ཞིང་། བརྡའ་དེ་ཡང་ཕྱོགས་དུས་ཇི་ལྟར་འདོད་པ་བཞིན་དུ་ཁྲིད་ཅིང་སྨྲའོ། །འདོད་པས་མི་འཇུག་པར་སྒྲ་ཀུན་དངོས་པོ་དང་དངོས་སུ་ འབྲེལ་བ་ནི་རྣམ་པ་ཀུན་མིན་ནོ། །དེ་ཕྱིར་སྒྲ་འཇུག་པ་ནི་སྐྱེས་བུའི་འདོད་པ་ལ་གནས་ཤིང་རག་ལས་པའོ། །གསུམ་པ་དེ་ཡི་གནད་དོན་བསྡུ་བ། འདོད་པས་གང་གང་གོ་འདོད་པ། དེ་དག་དེའི་ངོ་བོ་སྒྲུབ་པའི་ཚུལ་གྱིས་བརྗོད་པ་མ་ཡིན་ཏེ། དེ་མིན་རྣམ་པར་བསལ་བ་ཡི། རྣམ་བཅད་ཉིད་ཀྱི་སྒོ་ནས་འཇུག་པ་ཁོ་ནའོ། །མིང་ངམ་དེ་ཡི་ཚིག་ཕྲད་ཀྱིས། ངེས་བཟུང་འདོད་པའི་དོན་གང་ཡིན། དངོས་སུ་ཚིག་གི་ནུས་པའམ། ཚིག་འདྲ་ཡང་སྐབས་སུ་བབ་པ་ཉིད་ཀྱི་དོན་ཡིན་པ་ལས་ཀྱང་རྟོགས་པར་འགྱུར། དང་པོ་ཚིག་ནུས་ཀྱི་དཔེ་ཤིང་སྒྲས་ཆུ་སོགས་གཅོད་པར་བྱེད་ཅིང་། སྐབས་ཀྱིས་མདུན་ན་གནས་པའི་ཤ་བའང་གོ་བར་བྱེད་ལ། དངོས་སུ་ཚིག་ཕྲད་ཀྱིས་གོ་བ་ཁྱད་པར་སོགས་ཏེ་ཁྱད་གཞི་དང་སྦྱར་བའི་ཁོ་ན་ ཞེས་པའི་ཚིག་ཕྲད་དང་། ཙམ་སྒྲ་སོགས་ཀྱི་ཚིག་ཕྲད་ལས་དང་སྐབས་ཀྱིས་ཀྱང་གོ་བ་ནག་པ་ཁོ་ན་འཕོང་རྐྱེན་པ་དང་སྲིད་སྒྲུབ་འཕོང་རྐྱེན་ཞེས་པ་སོགས་བཞིན་ནོ། །དེས་སྤྱིར་བསྟན་ནས། གཉིས་པ་སྐབས་དོན་བྱེ་བྲག་ཏུ་བཤད་པ་ལ་གསུམ། གཞན་འདོད་བརྗོད་པ། དེ་ལ་བརྟག་པ། གནད་ཀྱི་དོན་བསྟན་པའོ། །དང་པོ། བྱེ་བྲག་ཏུ་བོད་འདི་ན་ཁ་ཅིག་བརྡ་ཡི་རྗོད་སྒྲོས། བསྲེས་ཏེ་དགག་སྒྲུབ་དམ་བཅའ་ལ། ཡིན་མིན་སོགས་གང་ལྟར་སྨྲས་ཀྱང་སྐྱོན་ནོ་ཟེར། གཉིས་པ། འདི་ཡང་ཡིན་ནམ་མིན་རེ་ཞིག་སྟེ་དང་པོར་བརྟག་པར་བྱ་སྟེ་མ་བརྟག་པར་མི་འཇུག་གོ། དེ་ལ་བརྟགས་ན། སྒྲུབ་པའི་རྣམ་པ་ཇི་སྙེད་པ། །ཡིན་དང་ཡོད་པར་སྒྲུབ་ལ་འདུ། །དགག་པའི་རྣམ་པ་ཇི་སྙེད་པ། །མིན་དང་མེད་པའི་དགག་པར་འདུ། ། དེ་ཕྱིར་འགལ་བའི་ཕྱོགས་ནས་བསྒྲུབ་བྱའི་དངོས་པོ་ལ། དེ་གཉིས་ཀ་ཡིན་པ་དང་གཉིས་ཀ་མིན་པ་ཞིག་མི་སྲིད་དེ། སྲིད་པ་དེ་ལྟ་སྲིད་ན་ཡིན་མིན་སོགས། ཕན་ཚུན་སྤང་འགལ་གྱི་དངོས་འགལ་མིན་པར་འགྱུར་བའི་ཕྱིར་རོ། །སྒྲ་དོན་ཙམ་གྱི་གཞན་སེལ་ལ། མི་རྟག་པ་དང་རྟག་པ་དང་ཡོད་མེད་ཀྱི། སྤྱིར་གྱུར་པའི་ཤེས་བྱ་ལ་སོགས་པ་བཞིན་ཏུ། གཉིས་ཀ་ཡོད་ཀྱང་འགལ་བ་མེད་དེ། དེ་ཡང་སེལ་བ་རང་ལྡོག་ནས་གཉིས་ཀ་ཡིན་པའི་གཞི་མཐུན་དུ་གྱུར་པ་མིན་གྱི། ལྡོག་པ་སྤྱི་ཡི་སྒྲ་དོན་འདི་ལ་དངོས་པོ་མེད་པའི་ཕྱིར། སྤྱི་འདི་བྱེ་བྲག་གི་རྗེས་སུ་འགྲོ་བ་ལྟར་སྣང་བའི། བྱེ་བྲག་གི་སྒོ་ནས་གཉིས་ཡིན་པ་ལྟ་བུའི་ཤན་ཕོག་པའོ། །དེ་ཕྱིར་ཡིན་མིན་སོགས་ཕྱོགས་གཉིས་ནས་སྨྲ་བ་གང་ཡིན་ཀྱང་། ཚིག་ལ་སྐྱོན་དུ་འགྱུར་བའི་ཐལ་བ་ཕལ་ཆེ་བ་ནི། སྨྲས་ཚིག་ཙམ་ལས་རྒོལ་བ་རང་གི་ཞེ་འདོད་ཞུགས་པ་ཡི། བློ་གྲོས་གྱ་གྱུའི་སྒྱུ་ཐབས་ཡིན། འོན་ཀྱང་ཐལ་བ་དེ་དག་ཚིག་རྣམས་དངོས་དབང་གིས་འཇུག་པར་འདོད་པའི་མུ་སྟེགས་པ་ལ་མི་འདོད་པའི་ཐལ་བ་འཕེན་ན་རིགས། ཚིག་འདྲ་བ་དོར་དུ་བསྡེབས་པའི་བསླུ་ཐབས་ཀྱིས། བྱིས་པ་འབྲིད་ན་ཉམས་མཚར་ཙམ། ཚིག་དེ་བཞིན་དུ་ཡིན་ནོ་སྙམ་དུ་རང་ཡང་ཡིད་རྟོན་ན། གཏོལ་མེད་བླ་བཅོལ་བ་སྟེ་ དོན་བ་ལྟ་བུ་མཐོང་ཀྱང་རྗོད་བྱེད་རྗེས་ལྟ་བུ་ཁོ་ན་འཚོལ་མཁན་དུ་ཟད་དོ། །གསུམ་པ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ། དང་པོ་ལ། རྫས་སྤྱི་སོགས་འདི་འདྲའི་འཇུག་པ་ཐམས་ཅད་ནི། མིང་གི་སྒྲ་ཙམ་ཉིད་ལས་ བརྩམས་ཏེ་འབྱུང་། གཉིས་པ་ལ། སྒྲ་ཉམས་པའི་སྦྱོར་བ་སྤང་བ། མ་ཉམས་པའི་སྦྱོར་བ་རྣམ་པར་བཞག་པ་གཉིས། དང་པོ། དེ་ལ་མིང་ནི་སྒྲ་ཡི་ངོ་བོ་དང་དེའི་མཚམས་སྦྱོར་གྱི་ཕྲད་རྣམས་ཕྱིན་ཅི་ལོག་པ་འདོན་མི་རུང་། དེ་ལ་བརྟེན་ནས་རྒོལ་བ་ན། རྒོལ་བ་རང་ཉིད་བརྡའ་ལ་རྨོངས་པར་མཚོན། གཉིས་པ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ། དང་པོ། སྒྲ་དང་མཚམས་སྦྱོར་མ་ཉམས་ཀྱང་། རྗོད་བྱེད་གཅིག་གིས་བརྗོད་བྱ་ཕྱོགས་འདྲ་བ་ཐ་དད་ དུ་མ་སྟོན་པ་ལ། དངོས་སུ་དོན་གཉིས་ལ་ཐུན་མོང་དུ་འཇུག་པ་དང་། རྗོད་པ་པོའི་བློའི་འདོད་པས་ཕྱེ་ཞིང་སྦྱར་བའི་ངག་གཉིས། གོ་བ་ལེན་ཚུལ་ཙམ་མོ། །གཉིས་པ་ལ། དངོས་སུ་ཐུན་མོང་དུ་འཇུག་པའི་སྒྲ་བཤད། འདོད་པས་གར་ ཡང་འཁྲིད་པའི་སྒྲ་བཤད་པ་གཉིས། དང་པོ། དང་པོ་གོ་ལ་སོགས་པ་བཞིན། སྒྲ་གཅིག་དུ་མའི་དོན་དག་ལ། འཇུག་པ་ཤིང་པགས་ཤུན་བཤུས་ན་འཆི་སོགས་སྒྲ་གྲུབ་ཀྱང་བརྡའ་སྦྱར་བའི་དོན་ཐ་དད་དེ། འོ་མ་ཤི་བ་དང་སྲོག་ཆགས་ཤི་བ་གཉིས་སྒྲ་འདྲ་ཡང་། དང་པོ་རུལ་བ་གཉིས་པ་སྲོག་དབང་འགགས་པ་ལྟ་བུ་ལ་སོགས་པ་དེ་ཡང་འཇུག་ཚུལ་ལ་དངོས་སུ་དང་བཏགས་པས་འཇུག་པ་གཉིས་ཡོད་དེ། དཔེར་ན་རི་བོང་ཅན་དང་དངུལ་ལ་ཟླ་བའི་སྒྲ་འཇུག་པ་བཞིན། རྒྱུ་མཚན་ཅན་ གྱི་བཏགས་པ་ཐམས་ཅད་ནི་དེ་དང་ཚུལ་འདྲ་བའམ། ཕན་ཚུན་འབྲེལ་བའི་རྒྱུ་མཚན་གྱི་ཚུལ་ལས་བརྗོད་པ་ཡིན། དངོས་དང་བཏགས་པའི་ཁྱད་པར་ལ། འདོད་རྒྱལ་དང་ནི་རྗེས་གྲུབ་ཅེས་ཀྱང་བྱའོ། །དངོས་བཏགས་ཀྱི་འཇུག་པ་དེ་ ལའང་བཤད་དུ་མེད་པ་མི་ཕལ་བ་ལ་སངས་རྒྱས་བཏགས་པ་ལྟ་བུ་ལ་སོགས་པ་དང་། བཤད་དུ་ཡོད་པ་དག་ཀྱང་སྟེ། །བཤད་དུ་ཡོད་ཀྱང་འཇུག་མེད་པ། མ་གྲགས་ཕྱིར་ན་དེ་མིང་མིན། །མིང་དེ་ཆོས་གཞན་ལ་བཤད་དུ་ཡོད་ཀྱང་ནི། འཇིག་ རྟེན་ན་གྲགས་པས་དོན་གཞན་ལ་འཇུག་པ་ཉིད། བཀག་ཕྱིར་དོན་རེ་རེའི་རྗོད་བྱེད་དུ། ངེས་པ་དཔེར་ན་ལག་ལྡན་གླང་པོ་དང་འགྲོ་ལྡན་རྟའི་མིང་ཁོ་ནར་ངེས་པ་བཞིན། དེ་ལ་དངོས་མིང་ལ་འདོད་རྒྱལ་རྗེས་གྲུབ་གཉིས། ཕྱི་མ་སངས་རྒྱས་ ལ་སོགས་པ་ལྟ་བུ། བཏགས་པ་ལ་འདོད་རྒྱལ་རྗེས་གྲུབ་གཉིས། དང་པོ་མི་ཕལ་པར་སངས་རྒྱས་སུ་བཏགས་པ་ལྟ་བུ། ཕྱི་མ་སངས་རྒྱས་ལ་ཉི་མ་བརྒྱ་པ་ཞེས་པ་ལྟ་བུ། གང་ལྟར་ཡང་མིང་ཐམས་ཅད་ཀྱི་རྩ་བ་འདོད་རྒྱལ་ཡིན་ལ། གཞན་ལ་བཏགས་པའམ། རང་ལའང་གཉིས་སྦྲེལ་ནས་བཤད་རྒྱུ་ཡོད། དང་པོའི་མིང་གི་རྩ་བ་མཐར་ཐུག་པ་བཤད་དུ་མེད་པ་འདོད་རྒྱལ་དང་། དེ་ལ་བརྟེན་ནས་བཤད་ཡོད་དུ་གྲུབ་པ་དེ་རྗེས་སུ་གྲུབ་པ་ཡིན་ནམ་ཚད་ཐུབ་གཞུང་བལྟ། འདོད་རྒྱལ་ལྷ་སོགས་ལ་བཤད་དུ་ཡོད་དེ་སངས་རྒྱས་བཞིན། གཞན་ལ་བཏགས་པ་རྒྱུ་མཚན་ཅན་ནི་འདོད་རྒྱལ་བ་ཡིན་ཀྱང་དེ་ལ་བཤད་ཡོད། བྲམ་ཟེ་ཉི་མ་ལྟ་བུ། རྒྱུ་མཚན་མེད་པ་བཤད་དུ་མེད་དེ་འདོགས་ཡུལ་དེ་ལ་ལྟོས་པའི་དཔེར་ན། མི་སངས་རྒྱས་གསེར་མདོག་བཞིན། དེས་ན་མིང་འདི་དག་འདོད་པས་སྦྱར་ནས་དོན་སྟོན་པ་སྟེ་ངོ་བོ་གྲུབ་པ་མེད་པར་ཤེས་སོ། །བཏགས་པ་རྒྱུ་མཚན་ཅན་ནི། མེ་ཏོག་ གི་དུས་སུ་སྐྱེས་པ་ལ་མེ་ཏོག་སྐྱེས་སོགས་བཞིན་ནོ། །བུམ་པའི་མཆུ་ལྟ་བུ་རྗེས་གྲུབ་སྟེ་དཔྱད། སངས་རྒྱས་སོགས་ཀྱི་བརྡའ་ལ་མ་འདྲིས་པའི་ཡུལ་དུ་བརྡའ་དེ་དག་ཀྱང་འདོད་རྒྱལ་དུ་འགྱུར་སྲིད། རང་ལ་འདོད་རྒྱལ་ཀྱང་བརྡའ་གཞན་ལ་རྗེས་གྲུབ་ལྟ་བུར་སོང་བ་སྲིད། མིང་རང་གི་ངོས་ནས་རྗེས་གྲུབ་ཡིན་ཀྱང་། འདོགས་ཡུལ་ལ་ལྟོས་ནས་འདོད་རྒྱལ་དང་། དེ་བཟློག་ཉི་མའི་དངོས་མིང་འདོད་རྒྱལ་བྲམ་ཟེ་ལ་རྗེས་གྲུབ་ཀྱི་མིང་དུ་སོང་བའང་སྲིད་དེ། འདོད་རྗེས་ཀྱི་བརྡའ་ཇི་ལྟར་སྦྱར། ངེས་ཚིག་ཇི་ལྟར་འཇོག གཞུང་ཁུང་ཐུབ་བཞིན་གཟོད་དཔྱད་པར་བྱའོ། །དངོས་མིང་ལ་རྒྱུ་མཚན་བཤད་དུ་ཡོད་པ་རིགས་བྱ་བ་ཡོན་ཏན་རྫས་ལས་བཏགས་ན་རིམ་པར། བྲམ་ཟེའི་བུ། བྱང་སེམས། རྐྱེན་པོ། དབྱིག་གུ་ཅན་ལྟ་བུ། རང་གི་ངོ་བོ་ལ་བཏགས་པ་ལྷས་སྦྱིན་སོགས་ལྟ་བུ། རིགས་ནི་ཐ་སྙད་འཇུག་པའི་གཞི། ཡོན་ཏན་དེའི་ནུས་པ། བྱ་ཚིག་ནི་དེས་ཡུལ་ལ་འཇུག་པ། རྫས་ནི་དེ་ལ་བརྟེན་ནས། ངོ་བོ་གཞན་པའོ། །ཡོན་ཏན་ནི་དེ་ལ་བརྟེན་པ་ངོ་བོ་གཅིག་པ་ཅན་འདྲ། མིང་ཐམས་ཅད་དེའི་རིགས་སུ་འདུ། །ཚོགས་སྤྱི་དང་རིགས་སྤྱི་གཉིས་རིགས་ཀྱི་མིང་གི་བྱེ་བྲག་གོ། གཉིས་པ་ལ། མདོར་བསྟན། རྒྱས་བཤད། ལན་གདབ་ཚུལ་གསུམ། དང་པོ། རང་གི་འདོད་པས་སྒྲ་གཅིག་དོན་སོ་སོར་སྦྱར་བ་ལ། ཚིག་གི་གཅོད་འཚམས་བཟུང་ཚུལ་དང་གཅིག འདོད་པ་ཙམ་གྱིས་རྒྱུ་མཚན་ལས། གང་འདོད་པའི་དོན་ལ་མིང་དེ་ཁྲིད་པའོ་སྟེ་གཉིས་སོ། །གཉིས་པ་ལ། གཅོད་མཚམས་འཛིན་ཚུལ། བསམ་པས་བསྒྱུར་ཚུལ་གཉིས། དང་པོ། དང་པོ་དཔེར་ན་ཤེས་བྱ་ཡོད་པར་རྟོགས་པའི་ཚད་མ་ནི་དངོས་པོར་རྟོགས་པའི་ཤེས་པ་ཡིན་ནོ་ཞེས་པ་བཞིན། གཉིས་པ། སྐྱེ་བོ་ཀུན་ལ་སྐྱོན་མེད་པའམ། སྐྱོན་ཡོད་ཅེས་པ་ལ་སོགས་བཞིན། འདིར། ཤེས་བྱ་ཆོས་ཅན་དང་། ཤེས་བྱ་དངོས་པོར་རྟོག་པའི་ཚད་མ་ཆོས་ཅན་དུ་བྱས་པ་དེ་གཉིས། དང་པོ་ལ་ཤེས་བྱ་ཤེས་པ་ཡིན་པ་མ་གྲུབ། མིན་ཀྱང་ཤེས་བྱ་སྤྱིར་སོང་ན་ཤེས་བྱ་ཡོད་པར་རྟོགས་པའི་ཚད་མ་དངོས་པོར་རྟོག་པའི་ཤེས་པ་ཡིན་ཞེས་ཁས་བླང་ན། ཅི་ཞིག་དངོས་པོར་རྟོག་ཅེས་དྲི་བར་བྱ། རང་ལྡོག་ལ་མིན་སྤྱིར་ཤེས་བྱ་ལ་ཟེར་ན་དངོས་པོར་མིན་རྟག་པར་མིན། ཐམས་ཅད་སྦྲེལ་ན་ཆོས་ཅན་མེད་པར་འགྱུར། ཡང་ན། ཤེས་བྱ་ཡོད་མེད་གཉིས་ལས་ཀ་བ་སོགས་ཡོད་པར་རྟོགས་པའི་ཚད་མ་ནི་དངོས་དང་དངོས་མེད་ གཉིས་ལས་དངོས་པོར་རྟོག་པའི་ཤེས་པ་ཡིན་ཟེར་ན་གནོད་མེད་ཡིན་པ་བཞིན་ནོ། །ཐམས་ཅད་སྦྲེལ་ན་བསྡུས་གྲྭ་ལྟར་ན་རྐྱང་རྩིས་སོགས་ལྟར་གྱི། ཆོས་ཅན་མེད་པའི་ཕྱིར་སོགས་ནས་ཚད་མ་མིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཟེར་ཀྱང་མི་འཐད་དོ། །གསུམ་པ་ལ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། འདི་འདྲའི་སྨྲ་བ་ཐུན་མོང་བར། རྒོལ་བའི་ཞེ་འདོད་གང་ཡིན་ཕྱེས་ནས་སམ། བདག་ཉིད་ཀྱིས་འདི་ལ་འདོད་ཞེས་སུ། རྣམ་པར་ཕྱེ་བའི་ལན་གྱིས་གདབ། གཉིས་པ་ལ། དོན་ཐོབ་ཀྱིས་བཅད་པར་དོན་བཞིན་ལན་གདབ་པ་དང་། མ་བཅད་པར་ཇི་ལྟར་འདོད་པར་ལན་གདབ་པ་གཉིས། དང་པོ། སྒྲ་རྣམས་གང་ཡིན་ཀྱང་ཁྱད་པར་གྱི་ཆོས་སུ་མ་བྱས་པར། ཁྱད་གཞི་ཆོས་ཅན་ཙམ་དུ་བྱས་ན་སྤྱི་ལྡོག་སྟེ། ཆོས་ཅན་གང་དང་སྦྱར་ན་དེ་ཡི་ཕྱོགས་འཛིན་པ། ཀུན་མཁྱེན་དང་སྐབས་བརྒྱད་པོ་ཀུན་མཁྱེན་ཞེས་པ་བཞིན། མིང་གི་སྒྲ་ཡི་འཇུག་པ་སྤྱི་ལའང་། བཤད་པ་ལས་འཇུག་པ་གཙོ་བོ་སྟེ། རི་ལས་སྐྱེས་པའི་མེ་ཏོག་ལ་ཆུ་ལས་མ་སྐྱེས་ཀྱང་ཆུ་སྐྱེས་ཀྱི་སྒྲ་འཇུག་པ་དང་ཆུ་ནང་གི་ཉ་ལ་ཆུ་ལས་སྐྱེས་ཀྱང་དེའི་སྒྲ་མི་འཇུག་པ་བཞིན་ནོ། །དེས་ན་དེ་ཡང་བཤད་པའི་དབང་དུ་ན་འདི་ལྟ་བུའོ་ཞེས་བཏགས་པར་བྱའོ། །འོན་ཀྱང་གྲགས་པས་འཇུག་པ་སོ་སོ་ཡི། དོན་ནི་སྐབས་ཀྱི་རྟོག་བྱ་ཡིན་མིན་ལས་ངེས་པར་བྱ་སྟེ། དཔེ་ཇི་ལྟར་ན་དོན་དེ་ངེས་པའི་ཕྱིར་དུ་ཚིག་ཕྲད་སོ་སོ་སྦྱར་བ་བཞིན། སྐབས་ཀྱི་དོན་ཀྱང་དེ་བཞིན་ནོ་སྟེ་དོན་ངེས་པའི་ཆེད་དུ་བརྗོད་པའི་ཕྱིར་ནའོ། །དཔེར་ན་སེནྡྷ་པ་ ཡི་སྒྲ་དག་ནི། གཡུལ་དུ་རལ་གྲི་སོགས་ལ་གོ་བ་བཞིན། མིང་འདི་ཡི་བརྗོད་བྱ་གང་ཡིན་པ་འཁྲུལ་མེད་དུ། གོ་བ་རྒོལ་བའི་བསྟན་བཅོས་ཀྱི་དོན་གང་ཡིན་པའི་སྐབས་ཀྱིས་ངེས་པ་ཡིན་ནོ། ། དེ་ལྟ་མིན་པར་ཚིག་ཙམ་ཁོ་ནའི་རྗེས་བསྙགས་ན་ཡུལ་དུས་བྱེ་བྲག་པའི་རང་མཚན་རྗོད་བྱེད་ཀྱི་ངག་མི་སྲིད་བར་དུ་དོན་མི་རྟོག་ལ་དེ་མི་སྲིད་པས་ཐ་སྙད་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །གཉིས་པ། སྐབས་ཀྱིས་རྣམ་པར་མ་བཅད་པ་ཡིན་ན་ནི། རང་གི་ཁས་བླང་བའི་ཚིག་དང་དངོས་སྟོབས་ཀྱི་རིགས་པ་དང་། བསྟན་བཅོས་དང་འཇིག་རྟེན་ན་གྲགས་པས་གནོད་པ་གསུམ་པོ་གང་ཡང་མི་སྲིད་ན་ནི། རང་གི་ཇི་ལྟར་འདོད་པ་བཞིན་དུ་སྦྱར་བས་ཆོག་སྟེ། རྒྱུ་མཚན་འདོད་པས་གར་ཡང་དྲང་བཏུབ་པའི། ཚིག་ལས་ད་ལྟའི་གང་འདོད་པའི་རང་འདོད་རྣམ་པར་བཅད་པ་ཡི། དོན་དེ་ཉིད་ལ་གཞན་གྱིས་དོན་གཞན་དུ་བཟུང་བའི་ཚིག་གིས་གཅིག་ཤོས་སུན་མི་འབྱིན། ཅི་ཕྱིར་ཞེ་འདོད་ཕན་ཚུན་བཟློག་ན་ཡང་། རུང་ཕྱིར་ཕན་ཚུན་གཅིག་ཁོ་ན་དངོས་སྟོབས་དང་ལྡན་པའི་རིགས་པ་མེད་པས་ གཉེན་པོ་མིན་པའི་ཕྱིར་རོ། །དོན་གྱིས་རྣམ་པར་བཅད་པ་ཡི་སྒོ་ནས་མིང་གིས་དོན་བརྗོད་པ་ལ་ནི། གཅིག་ཤོས་ཀྱི་ཚིག་གིས་མི་ཟློག་སྟེ་དཔེར་ན་མེ་གྲང་ངོ་ཞེས་པ་བཞིན་ནོ། །དེ་ལ་ངག་ནི་དེ་མིན་བསལ་བའི་ཚུལ་གྱིས་བརྗོད་བྱ་ངོས་ཟིན་པའི་དོན་དུ་སྦྱར་བ་ཡིན་ ན། ངག་གང་གིས་དོན་དེ་རྟོགས་ཟིན་དུས་མཛུབ་མོས་ཟླ་བ་བསྟན་པ་མཐོང་བ་བཞིན་དུ་དེ་ཙམ་གྱིས་ངག་གི་བྱ་བ་རྫོགས་ཤིང་དོན་གྲུབ་པ་ཡིན་གྱི། ད་རུང་དོན་ལ་མི་རྟོན་པར་ཚིག་རྗེས་གཅོད་ན་རང་མཚན་རྗོད་བྱེད་ཀྱི་ངག་ཁྱོད་ཀྱིས་སྟོན་ དང་རང་འདོད་ཙམ་གྱིས་ཐ་སྙད་གྲུབ་པས་ངོ་མཚར་ཆེ་བ་མཐོང་ཀྱང་ནགས་སོགས་སུ་བ་གར་སོང་འཚོལ་བྱེད་ཀྱི་རྗེས་གཅོད་པ་ངོ་མཚར་ཞེས་སོ། །གསུམ་པ་དོན་བསྡུ། མདོར་བསྡུ་ན་ངག་སྦྱར་བ་ཐམས་ཅད་ནི་དོན་གང་ཡིན་དེ་རྣམ་པར་གཅོད་པའི་དོན་ཅན་ཏེ། རྣམ་གཅོད་དེ་ཡང་གང་བརྗོད་པར་འདོད་པའི་ཞེ་འདོད་ཀྱི་རྩ་བ་ཅན་ཡིན་ལ། ཞེ་འདོད་འདི་ཡིས་སྣ་ཚོགས་པའི་ཐ་སྙད་ལ་གཞན་དང་མི་འདྲ་བར་ངོས་ཟིན་ཅིང་ཐེ་ཚོམ་མེད་པར་བྱས་པ་ཡིན་ནོ། །གསུམ་པ་བརྩམ་པ་རྫོགས་པའི་བྱ་བ་ལ། རྩོམ་པའི་དགོས་པ། དགེ་བ་བསྔོ་བ་གཉིས། དང་པོ། བསིལ་ལྡན་འདི་ན་ཆོས་སེར་སོགས། །རིགས་པ་རྣོ་བའི་འཁྲུལ་གར་གྱིས། །སློབ་གསར་རྨོངས་སུ་འཇུག་པའི་ངག །དེ་ནི་གཞུང་སྨྲ་རྒན་པོས་ཀྱང་། །རྗེས་བརྗོད་སྨྲ་བའི་གཞུང་བཟངབསླབ། །སྨྲ་བ་འདི་འདྲས་མཁས་རློམ་པ། །མགུ་ཡང་བདག་ཅག་སྨྲ་བ་འདི་འདྲ་བའི་རྗེས་སུ། བྲག་ཆ་བཞིན་དུ་མ་ཞུགས་སོ། །འཇམ་དབྱངས་བླ་མའི་བཀའ་དྲིན་གྱིས། །མུ་སྟེགས་གྲངས་ཅན་པའི་སྟེས་དབང་ཐལ་འགྱུར་ལྟའི། །ཚིག་ལ་དམིགས་བུར་མི་རེ་བར། །ཡང་དག་དོན་གྱི་ཡུལ་ཅན་གྱི་མིག་བཟང་ བགྲད། །ཅུང་ཟད་བརྗོད་པ་འདི་ཡི་ཆ། །ལེགས་པར་རྟོགས་ན་སྨྲ་བའི་ལྗགས། །འདམ་ལས་གྲོལ་པའི་པདྨ་བཞིན། །མི་གསར་པ་སྔར་བརྗོད་པའི་ནག་ནོག་སྐྱོན་གྱི་ཆ་ལས་རིང་། གཉིས་པ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཚིག་དང་དོན་གྱི་གནས་ཀུན་ ལ། །དྲི་མེད་བློ་ཡི་མཐུ་ཐོབ་ནས། །འཇམ་དབྱངས་གཞོན་ནུ་བཞིན་དུ་ཆོས་ཚུལ་ཀུན་ཐོགས་མེད་དུ་སྨྲ་བར་ཤོག །གསུམ་པ་མཛད་བྱང་། ཞེས་པ་འདིའང་མི་ཕམ་པས་བྲིས་པ་མངྒ་ལཾ། རྗེ་བླ་མ་རིན་པོ་ཆེ་འཇམ་མགོན་མི་ཕམ་རྒྱ་མཚོ་ཉིད་ཀྱིས་ མཛད་པའི་ས་བཅད་དང་ཕྱག་མཆན་ཕྱག་བྲིས་དངོས་ལས་ཕྲི་བསྣན་མེད་པར་ལྕགས་སྤྲེལ་ལོར་ཞེ་ཆེན་དུ་ཞལ་བཤུས་ཏེ་དཀྱུས་སུ་བཀོད་པ་དགེ། སརྦ་མངྒ་ལཾ།། །།

 

འཇུ་མི་ཕམ་མཆོག་གི་གསུང་འབུམ། (ཁ) ལས་ཁོལ་དུ་ཕྱུང།

 


Nov 8, 2020

དགེ་ཆོས་མཆོག་གི་ལེགས་སྦྱར་བང་མཛོད་དང་ལེགས་ལྡན་ནག་པོའི་གླུ་ལ་འཇུག་པ།





དགེ་ཆོས་མཆོག་གི་ལེགས་སྦྱར་བང་མཛོད་དང་ལེགས་ལྡན་ནག་པོའི་གླུ་ལ་འཇུག་པ། 

 



ཟླ་བ་གཞོན་ནུ།

 

མདོ་སྨད་པ་དགེ་འདུན་ཆོས་འཕེལ་མཆོག་གི་ལེགས་སྦྱར་བང་མཛོད་ནི་རང་ཉིད་ལེགས་སྦྱར་ལ་ཐོག་མར་འཇུག་དུས་ནས་དོ་སྣང་བྱུང་ཞིང་། དེ་བཀླགས་པ་ལས་བློ་བསྐྱེད་ཀྱང་མང་དུ་བྱུང་། དེའི་མཇུག་ཏུ་བཀོད་པའི་ལེགས་ལྡན་ནག་པོའི་གླུའི་ཤོ་ལོ་བདུན་ཅུ་ལྷག་ཡོད་པ་དེ་དང་། ཁོང་གིས་"ཕྲན་རང་ནས་མ་བཅོལ་ཁུར་བླངས་ཀྱི་ལུགས་སུ་བྱས་ཏེ། གླུའི་ལེའུ་བཅོ་བརྒྱད་པོ་ཐམས་ཅད་འགྲན་ཟླ་མེད་པ་ཞིག་བསྒྱུར་ཟིན་ཏེ། འོན་ཀྱང་དཔེ་འདི་བོད་ཀྱི་མཁས་པ་ཚོའི་སྤྱན་ལམ་དུ་འགྲིམ་པའི་དུས་ཤིག་ཤིན་ཏུ་ཡང་འབྱུང་དཀའ་བར་མངོན།"ཞེས་གསུངས་པ་ལྟར། ལེགས་ལྡན་ནག་པོའི་གླུ་འདི་ཁོང་གིས་ཡོངས་སུ་རྫོགས་པ་བསྒྱུར་ཡོད་པ་ཧ་ཅང་གསལ་བས་ཆ་ཚང་བསྒྱུར་མེད་པར་དོགས་པའི་དོན་མེད་ཅེས་རིག་པ་སྨྲ་བ་འགར་ཡང་སྐབས་དང་སྐབས་སུ་ཞུས་མྱོང་ལ།  ད་རུང་ཡིད་མི་ཆེས་ཟེར་མཁན་ཁ་ཅིག་ལ་འབྲུ་འདེད་བྱས་ཏེ་གོང་གི་ཚིག་འདི་དངོས་སུ་བསྟན་ཡང་མྱོང་། དེ་བས་དགེ་ཆོས་མཆོག་གིས་ནག་པོའི་གླུ་ཡོངས་སུ་རྫོགས་པར་བསྒྱུར་ཡོད་མེད་ལ་དོགས་དགོས་དོན་མེད་པར་མ་ཟད། འོག་ཏུ་གསལ་བ་ལྟར། ལེགས་སྦྱར་བང་མཛོད་དུ་འབྱུང་བའི་ལེགས་ལྡན་ནག་པོའི་གླུའི་ཤོ་ལོ་ཀ་དོན་དགུ་བོའི་ལེགས་སྦྱར་སྐད་ཀྱི་ཚིགས་བཅད་ཐམས་ཅད། རྒྱ་དཔེ་ལས་བཙལ་ཏེ་ལེའུ་གྲངས་དང་ཤོ་ལོ་ཀའི་གྲངས་གང་ཡིན་ས་ས་མལ་དང་རྡོ་རྡོ་མལ་དུ་གསལ་བོར་བཀོད་པ་ལས། ཁོང་གིས་ཆ་ཚང་བསྒྱུར་ཟིན་པར་ངེས་ཏེ། ལེགས་སྦྱར་བང་མཛོད་དུ་དྲངས་པའི་ནག་པོའི་གླུའི་ཤོ་ལོ་ཀ་དེ་དག་ལེའུ་བཅོ་བརྒྱད་པོ་ཕལ་ཆེ་བ་ལས་ཚུར་བཏུས་པ་ཤིན་ཏུ་གསལ་བར་འདུག་པར་བརྟེན། ད་ནས་དགེ་ཆོས་མཆོག་གིས་ལེགས་ལྡན་ནག་པོའི་གླུ་ཡོངས་སུ་རྫོགས་པར་བསྒྱུར་ཡོད་མེད་ཀྱི་དོགས་པ་ཁག་མི་བྱེད་པར་ཁ་གཅིག་གྲགས་ཤིག་ཡོང་རེ་བདོག་གོ །

 

དེ་ཡང་ལེགས་སྦྱར་བང་མཛོད་འདི་ཁོང་གིས་གསུངས་པ་ལྟར། ཕྱི་ནང་གཉིས་ཀྱི་གཞུང་ལས་བཏུས་ཡོད་པ་དང་། མགོ་བྱང་འོག་ཏུ་གསལ་བཏབ་པ་ལྟར། "ཤོག་ལྡེབ་༢༣་པ་དེ་བཀའ་རྒྱ་མ་ཞིག་ཡིན་པས་ཁྱབ་གདལ་དུ་མ་སོང་བ་དགོས།"ཞེས་པ་ལྟར། བཀའ་རྒྱ་མ་འདི་ལེགས་ལྡན་ནག་པོའི་གླུར་སྙེག་གི་ཡོད་པར་མངོན་ལ། གཞུང་གི་དཀྱུས་སུ་"དཔེ་འདི་བོད་ཀྱི་མཁས་པ་ཚོའི་སྤྱན་ལམ་དུ་འགྲིམ་པའི་དུས་ཤིག་ཤིན་ཏུ་ཡང་འབྱུང་དཀའ་བར་མངོན།"ཞེས་ལུང་བསྟན་ལྟ་བུར་གསུངས་པ་བཞིན། ད་དུང་ཡང་མཁས་པ་མང་དག་ཅིག་གི་སྤྱན་ལམ་དུ་ལེགས་པར་འགྲིམས་མེད་པའི་ཚོད་དུ་འདུག་པས། ངལ་བ་བགྱིས་ཏེ་འདིར་བཀོད་པའོ། །

 

དེ་ཡང་། ལེགས་སྦྱར་བང་མཛོད་ཀྱི་ཚིགས་བཅད་དེ་དག་བཏུས་པའི་གཞུང་ཁག་གི་ཆ་ནས་ཕྱི་ནང་གཉིས་ཀྱི་གཞུང་ཡོད་ཅིང་། ནང་བའི་གཞུང་ཁག་ནི། རིམ་པ་བཞིན། སྤྱོད་འཇུག་དང་རྣམ་འགྲེལ། མངོན་རྟོགས་རྒྱན། དབུ་མ། འདུལ་བ། རྒྱ་ཆེར་རོལ་བ། དེ་ཁོ་ན་ཉིད་བསྡུས་པ། མདོ་ལ་སོགས་པའི་ཚིགས་བཅད་ཁག་ཅིག ཏིང་ངེ་འཛིན་རྒྱལ་བོ། འོད་སྲུངས་ལེའུ། སྐྱེས་རབས་སོ་བཞི་སོགས་དང་། དེ་ནས་སྙན་ངག་མེ་ལོང་ལས་འཕྲོས་ཏེ། དེའི་འགྱུར་ཆད་པ་འགའི་ཧོར་ཀོང་བསབས་པ་དང་། མེ་ལོང་མ་དང་འབྲེལ་ཏེ་སློབ་དཔོན་དབྱུག་པ་ཅན་གྱི་ལོ་རྒྱུས་རགས་ཙམ་བཀོད་པ་དེ་མཁས་པ་མང་དག་ཅིག་གིས་ལུང་དུའང་དྲངས་ཡོད། དེ་ནས་འཆི་མེད་མཛོད་ལས་འགྱུར་ཆད་ཁ་ཅིག་བསྐངས་པ་དང་། རྒྱུད། འདུས་པ། རྩ་རྒྱུད། ཀྱེ་རྡོར། གསང་འདུས། དུས་འཁོར་བསྡུས་རྒྱུད། དྲི་མེད་འོད། རྒྱུད་ཕྱི་མ། སོགས་ནང་བའི་གཞུང་ཁག་དང་། ཕྱི་རོལ་བའམ་མུ་སྟེགས་ཀྱི་གཞུང་ལས་དྲངས་པའི་གཞུང་ཁག་ནི། དགའ་བྱེད་པཎྜི་ཏས་མཛད་པའི་ཀུན་མཐོང་གི་བསྡུས་པ། ལེགས་ལྡན་གྱི་སྔོན་རབས། གྲངས་ཅན་གྱི་གཞུང་ཚིག་ལེའུར་བྱས་པར་འབྱུང་བའི་"རྩ་བའི་རང་བཞིན་རྣམ་པར་འགྱུར་མིན་ལ། །ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཞིང་། །"ཞེས་པ་གྲུབ་མཐའི་གཞུང་ཁག་ཏུ་ཡང་ཡང་འབྱུང་བའི་ཚིགས་བཅད་གཅིག་དང་། མུ་སྟེགས་པའི་རྒྱུད་ལས་དྲངས་པ་གཙོ་ཆེར་ལེགས་ལྡན་ནག་པོའི་གླུ་ཡིན་ལ། དེའི་ཤོ་ལོ་ཀ་དོན་དགུ་བཀོད་ཡོད་ལ། དེའི་ཐད་ཀྱི་རྒྱ་སྐད་རྣམས་འགྱུར་གྱི་མཇུག་ཏུ་འགྱུར་རིམ་པ་དང་མཐུན་པར་ཨང་རྟགས་དང་བཅས་ཏེ་ཤོ་ལོ་ཀ་༣༠་ཏག་ཏག་བཀོད་ཡོད་པ་དང་། དེའི་མཇུག་ཏུ་"འདི་མན་གྱི་རྒྱ་སྐད་རྣམས་བྲི་མི་དགོས་པའི་གནང་བ་རྗེས་སུ་འཛིན་པར་ཞུ།"ཞེས་གསུངས་ཏེ་ཡང་། ཤོ་ལོ་ཀ་༤༡པ་དང་། ༤༩བ། ༥༠བ། ༦༧པ། ༦༨པ། ༧༡པ་རྣམས་ཐང་ཡིག་ཏུ་བཀོད་ཡོད་པས། ཁོང་གིས་དངོས་སུ་ཐང་ཡིག་ཏུ་བཀོད་པ་ཤོ་ལོ་ཀ་༣༦ཡོད་པ་རྣམས། ཕྲན་གྱིས་རེ་རེ་བཞིན་ལེགས་ལྡན་ནག་པོའི་གླུའི་རྒྱ་དཔེར་གཏུགས་ཏེ་ལེའུ་དང་ཤོ་ལོ་ཀའི་ཨང་རིམ་རྣམས་གསལ་བོར་བཀོད་ཅིང་། ལྷག་མ་རྣམས་ཁོང་གི་འགྱུར་གཞིར་བཞག་སྟེ་རྒྱ་དཔེར་གཏུགས་ཏེ་རིམ་པ་བཞིན་ལེའུའི་གྲངས་དང་ཤོ་ལོ་ཀའི་གྲངས་བཀོད་ཡོད་དོ །། སཾསྐྲྀཏའི་ཚིགས་བཅད་ཀྱི་གཞུག་གི་ཨང་གྲངས་སྔ་མ་རྣམས་ནི་ཤོ་ལོ་ཀའི་ཨང་རིམ་དང་། ཕྱི་མ་དག་ནི་ལེའུའི་གྲངས་ཡིན་པའང་ཤེས་པར་བྱའོ། ། ཚིགས་བཅད་༥༡པ་དང་༥༥བ་དང་༥༦པ་སོགས་ཚིགས་བཅད་འགའི་རྐང་བ་ཕྱི་མ་དག་བསྒྱུར་རྒྱུ་ལྷག་འདུག་པས། ཕྲན་གྱིས་བསྒྱུར་ཏེ་ཧོར་ཀོང་བསབ་ཅིང་། དེ་ལ་རྟགས་[]འདི་བཏབ་ཡོད་དོ། །

 

ལར་ལེགས་ལྡན་ནག་པོའི་གླུ་ལ་ལེའུ་ཁྱོན་༡༨ཡོད་ཅིང་། ཚིགས་བཅད་༧༠༠ཡོད། གཞུང་ཡོངས་རྫོགས་དགེ་ཆོས་མཆོག་གིས་བསྒྱུར་ཟིན་པ་གོང་དུ་བཀོད་པ་ལྟར་དང་། ད་སྔ་རེག་ཏུ་ཡོད་པ་ཁག་ནི་ལེགས་སྦྱར་བང་མཛོད་དུ་བཀོད་པའི་ཤོ་ལོ་ཀ་༧༩བོ་འདི་དག་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༢༠༠༩ལོར། ཁོང་གི་གསུང་འབུམ་སྟོད་སྨད་གཉིས་སུ་བགོས་ཏེ་དཔར་བའི་སྨད་ཆར་བཀོད་པའི་ལེའུ་གཉིས་པ། གྲངས་ཅན་གྱི་རྣལ་འབྱོར་ཞེས་པ་དེ་དང་། ལེའུ་གསུམ་པ། ལས་ཀྱི་རྣལ་འབྱོར། ལེའུ་བཞི་བ། ཡེ་ཤེས་ཀྱི་རྣལ་འབྱོར། ལེའུ་བཅུ་གཉིས་པ། དད་པའི་རྣལ་འབྱོར་བཅས་ལེའུ་བཞི་ཡོད་པ་དེ་དག་གོ ། དེ་དག་ལས་ལེའུ་བཞི་བའི་ཚིགས་བཅད་གཅིག་མི་ཚང་བ་མ་གཏོགས་འགྱུར་གཞན་རྣམས་ཁ་ཚང་ལ། ལེའུ་འདི་དག་རྒྱ་སྐད་དང་སྦྱར་བ་འདིར་དཀྱུས་གཅིག་ཏུ་བཀོད་ན་ཤིན་ཏུ་རིངས་པར་འགྱུར་བས་ལན་རྗེས་མར་དགོད་པར་བྱའོ། །

 

ལེགས་སྦྱར་བང་མཛོད་ནི་ཐ་སྙད་ཤན་སྦྱར་ལ་ཙམ་ལ་གོ་ན་ཁྱེད་རང་ནོར་བ་ཡིན་ཏེ། དེར་འགྱུར་དཔྱད་དང་། འགྱུར་བཅོས། ཁ་སྐོང་། དག་ཐེར། སཾ་བོད་སྐད་གཉིས་ལས་འཕྲོས་ཏེ་མན་ངག་ཀྱང་གང་འཚམས་ཡོད་དེ། དཔེར་ན།"ཆག་གྲུམ་ཆ་ཤས་ཆེད་དུ་བསལ་བ་ལ། །ཕྱོགས་སྔའི་འབེན་དུ་བཀོད་དེ་མཚོན་བསྣུན་པའི། །རང་སྡེའི་མཁས་པའི་དགྲ་ལྷ་དཔང་བསྟོད་འདིས། །གཞན་སྡེའི་དཔའ་བོ་ད་དུང་བསད་པ་མིན། །"ལྟ་བུ་དང་། ཡང་། "འདིར་ཨསྱ་བྱ་བ་དྲུག་པའི་མཐའ་ཡིན་ཡང་བོད་སྐད་ལ་འདི་ནི་བྱ་བ་ལས་བསྒྱུར་མ་བཏུབ་ཅིང་། སྤྱིར་རྒྱ་སྐད་ཀྱི་དྲུག་པ་ཕལ་ཆེར་བོད་སྐད་ལ་གཉིས་པ་དང་དང་བོ་ཁོ་ན་ཡིན་ཅིང་། པ་ཚབ་སོགས་ཀྱིས་དེ་ལྟར་བསྒྱུར་འདུག་པས་སྔོན་གྱི་འགྱུར་རྣམས་གོ་བདེ་བའི་རྒྱུ་མཚན་གཅིག་དེ་ཡིན་ལ། ཡར་ཀླུངས་གྲགས་པ་རྒྱལ་མཚན་གྱི་འགྱུར་རྣམས་གོ་དཀའ་བ་ཡང་རྣམ་དབྱེ་ཇི་ལྟ་བ་བཞིན་བསྒྱུར་བས་ཡིན" ལྟ་བུ་དང་། ཡང་། "མདོ་སྡེ་རྒྱན་འདི་དོན་ཐོབ་གཙོ་བོའི་འགྱུར་ཤིན་ཏུ་གུ་ཡངས་པ་ཞིག་ཡོད་འདྲ་ཡང་བོད་གཞུང་མ་རྙེད་པས་ལེགས་པར་མ་ཤེས།" ཡང་། "རྙིང་མའི་མཁས་པ་འགའ་ཞིག་གི་གསུང་ལས། སྔོན་དུས་ཀྱི་སྤྲུལ་བའི་ལོ་ཆེན་དེ་ཀུན་རྩ་འགྲེལ་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ཆུད་ནས་གང་བདེར་བསྒྱུར་བས། ཚིག་འཇམ་ལ་དོན་གསལ། ཕྱིས་ཀྱི་ལོ་ཙཱ་བ་བལ་ཡུལ་དུ་དགུན་ཐོག་བསྡད་པ་དག་གིས་འབྲུ་རེ་རེ་ལ་ཞིབ་ཚགས་ཆེ་བ་སྐད་དུ་བསྒྱུར་ཏེ། ཚིག་གྱོང་ཞིང་དོན་གྱི་ངོ་བོ་གོ་དཀའ་བར་སོང་ཞེས་བཤད་པ་ཡང་། རྣམ་པ་གཅིག་ཏུ་ན་ཐུགས་མད་པ་ཡིན་སྙམ།" ལྟ་བུ་དང་། ཡང་། "རྒྱ་ཆེར་རོལ་བ་ཡང་ཡོངས་གྲགས་ཀྱི་ལེགས་སྦྱར་དང་མི་མཐུན་ནོ།།" ཡང་། "བོད་ཀྱི་མེ་ལོང་མའི་ཤན་སྦྱར་དེའི་ནང་ན། བོད་དཔེ་ལ་བལྟས་ནས་རྒྱ་སྐད་ལ་བཟོ་བཅོས་བྱས་སམ་སྙམ་པ་ཡང་མང་དུ་འདུག"ལྟ་བུ་དང་། "འདི་དག་ལྷོངས་ཆེར་ཆད་པ་དག་ཡིན་ཅིང་རྐང་བ་ཆད་པ་ཤིན་ཏུ་ནས་ཀྱང་མང་ལ་འགྱུར་ཤིན་ཏུ་ཉེས། ཁ་རོག་་་ཁ་རོག" ལྟ་བུ་དང་། ཡང་། "འཆི་མེད་མཛོད་ནི་བོད་ཀྱི་སྒྲ་བ་ཐམས་ཅད་ཀྱི་སུམ་རྐང་སྒྲིག་པའི་རྨང་གཞི་དེ་ལགས་པས་འགྱུར་ཆད་འདི་དག་ཀྱང་ཁོང་དག་ལ་སྐྱེས་སུ་འབུལ་བ་ལགས་སོ། །"ལྟ་བུ་ཧ་ཅང་མང་ལ། དེ་བཞིན་སྐད་རིགས་ཀྱི་ཆ་ནས་ཀྱང་ལེགས་སྦྱར་གཅིག་པུ་མིན་ཏེ། མ་ག་དྷའི་སྐད། པྲཱ་ཀྲྀ་ཏའི་སྐད། ཨཔབྷྲཾ་ཤའི་སྐད་སོགས་ཀྱང་གླེང་ཡོད་ལ། ཡིག་གཟུགས་ཀྱི་ཆ་ནས་ཀྱང་། ཐང་ཡིག་དང་། གུཔྟའི་ཡི་གེ ལཉྫ། དེ་བ་ནཱ་ག་རའི་ཡི་གེ་སོགས་ཀྱང་ཟུར་ཙམ་རེ་བཀོད་ཡོད་པས། དོན་གྱི་བང་མཛོད་ཤིག་ཏུ་གྱུར་ཡོད་དོ། །

དེ་ཡང་གཞུང་དེའི་མཇུག་ཏུ། "དེ་ལྟར་གྲགས་ཆེ་བའི་ཚིགས་བཅད་ཇི་སྙེད་ཅིག་འདིར་བྲིས་པ་ལགས། ད་དུང་མང་དུ་ཡོད་ཀྱང་བྲི་བའི་ཚེགས་ལ་འཇིགས་ནས་མ་ལྕོགས་པས་རྗེས་སོར་འབུལ་བའི་རེ་བ་བདོག །རྒྱ་དཔེའི་ཚིགས་བཅད་འདི་འདྲ་བསྡུ་དགོས་ན་བོད་ཡུལ་གང་བོ་ལ་མི་ལོ་ལྔ་བཅུ་བསྐོར་ཡང་ཤིན་ཏུ་ཐོབ་དཀའ་བས་དཔེ་ཆུང་འདི་ཆུད་ཟོས་སུ་མ་སོང་བ་ཞིག་དགོངས་བཞེས་འཚལ།"ཞེས་དང་ཡང་། "འདིར་ཁོ་བོས་རྒྱ་སྐད་གང་བྲིས་ཐམས་ཅད་རྒྱ་དཔེའི་ཕྱི་མོའི་སྟེང་ན་གང་ཡོད་ཞུས་པ་ཡིན་པས། སངས་རྒྱས་དང་། བྱམས་པ་དང་། ཆོས་གྲགས་སོགས་ཀྱིས་གང་བརྩམས་པའི་ཚིག་དེ་ག་རང་ཡིན་ལ། བོད་དཔེའི་འགྲེས་བཀབ་སྟེ་ཞུས་དག་བྱེད་པ་འདྲ་བྱུང་ན། ལེགས་ལྡན་ནག་པོ་དང་། བསེ་ཡི་ཁྲབ་ཅན་སོགས་ལེགས་སྦྱར་ལ་ཐུགས་རྒྱུས་ཞིབ་པའི་ཆོས་སྐྱོང་རྣམས་ཀྱིས་མགོ་མ་བཀས་ཀྱང་། འགྲམ་ལྕག་གཏོང་ངེས་པས་བག་ཡོད་པར་གྱིས་ཤིག །"ཞེས་གསུངས་ཏེ་མཇུག་བསྡུས་ཡོད་པ་སོགས་དོན་གཉེར་ཅན་དག་གིས་ཞིབ་ཏུ་མཁྱེན་དགོངས་ན་ལེགས་སྦྱར་བང་མཛོད་རང་ལ་ཞིབ་ཏུ་གཟིགས་འཚལ། །

འོག་ནས་ལེགས་སྦྱར་བང་མཛོད་དུ་འབྱུང་བའི་ལེགས་ལྡན་ནག་པོའི་གླུ་ལེའུའི་གྲངས་དང་ཚིགས་བཅད་ཀྱི་གྲངས་ཞིབ་ཏུ་བཀོད་ཡོད་པས་དགྱེས་གཟིགས་ཡོང་བར་ཞུ།


སངས་རྒྱས་ལ་ཕྱག་འཚལ་ལོ། །

 

མུ་སྟེགས་ཀྱི་གཞུང་། 

 

འདིར་མུ་སྟེགས་ཀྱི་གཞུང་ལས་བྱུང་བའི་ཚིགས་བཅད་འགའ་ཙམ་འགོད་པ་ལ། ཐོག་མར་གླེང་མོལ་ཅུང་ཟད་བྱ་སྟེ། དེ་ཡང་རྟོག་གེ་འབར་བ་དང་། སྤྱན་རས་གཟིགས་བརྟུལ་ཞུགས་སོགས་ན་ཕྱོགས་སྔར་བྱས་པའི་འདོད་པ་དེ་ཀུན་མ་འདྲེས་པར་སྐྱོར་མཁན་གྱི་མུ་སྟེགས་ནི་མེད། དེ་ཚོ་གནའ་དུས་ཀྱི་མུ་སྟེགས་པ་གཙང་མ་དེ་ཚོ་ཡིན་མཆི། རྒྱ་གར་དུ་སངས་རྒྱས་ཀྱི་བསྟན་པ་འཇིག་པ་ན། ཆ་གཅིག་ནི་བུད་ཤིང་ཟད་པའི་མེ་བཞིན་དུ་ཤི། ཆ་གཅིག་མར་ཁུ་ས་ལ་འཕོ་བ་བཞིན། ཉེ་འཁོར་ན་ཡོད་པའི་མུ་སྟེགས་མཁན་པོ་རྣམས་ཀྱི་ཁོང་དུ་ཐིམ་པར་འདུག དེས་ན་ངེད་ཀྱི་གྲོགས་པོ་མུ་སྟེགས་པ་རྣམས་ནི། ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་འཐད་ལྡན་དུ་ཡང་མི་བརྩི། ཕུང་བོའི་ཡ་གྱལ་དང་ཚོགས་པ་གང་ཡང་བདག་ཏུ་མི་འདོད། བདག་ཅེས་བྱ་བ་བརྟན་གཡོའི་རང་བཞིན་མཐར་ཐུག་པའི་ཆོས་ཉིད་སྤྲོས་པའི་ཆོས་བརྒྱད་དང་བྲལ་བ་ཞིག་ལ་བྱེད་ཀྱི་བདག་གསེར་གྱི་ཁ་དོག་ཅན་ཁོག་པའི་ནང་ན་ཡོད་དོ་སོགས་སྨྲ་མཁན་གཅིག་ཀྱང་མེད། དེའི་ཕྱིར་སྐྱེས་བུ་ཉི་མའི་མདོག་ཅན་སོགས་ཀྱི་ལུང་གི་དོན་འཆད་པ་ནའང་། བློ་རྨོངས་པ་ལ་འཆར་བདེ་བའི་ཕྱིར་དེ་ལྟར་བསྟན་བྱ་བའམ། ཡང་ན་མཐར་ཐུག་གི་ཆོས་ཉིད་བཞིན་ལེགས་ཀྱི་རྣམ་པར་ཤར་བ་སོགས། རང་རེས་ཤར་ཕྱིན་གསེར་མདོག་ཕྱག་བཞི་མའི་ངེས་དོན་བཤད་ཐབས་ཀྱི་སྤྱང་གྲུང་ཐམས་ཅད་ཁོང་ཚོ་ལ་ཡང་འཛོམས་ནས་འདུག  ཐ་ན་ཁྲུས་ཀྱི་སྡིག་པ་དག་པ་ཡང་ཆུ་ཙམ་ལ་སྡིག་པ་འཁྲུ་བའི་ནུས་པ་ཡོད་མི་སྨྲ་ཡི། ཆུའི་རྣམ་པར་ཤར་བའི་ལྷ་མོའི་མཐུ་དང་། སྔོན་གྱི་ཐུབ་པ་རྣམས་ཀྱི་སྨོན་ལམ་གྱི་དབང་གིས་སོགས། མ་ཎི་བུམ་ཆུའི་ཕན་ཡོན་གྱི་ཚིག་ཐམས་ཅད་ཁོང་ཅག་ལ་ཡང་རྒྱུགས་སྤྲོད་ངེས་པར་རེ་སྨྲ་རྒྱུ་འདུག

 

༈ཇོ་ནང་གི་ཆུའི་ནང་དུ་ལན་གསུམ་ལྕེབས་པའི་སངྒ་ཨཱཙཱརྱའམ་མིང་དངོས་ཤངྐརཱཙཱརྱ་བྱུང་ནས་གཉིས་མེད་དང་སྒྱུ་མའི་ལྟ་བ་སྤེལ་ནས་བཟུང་། མུ་སྟེགས་དང་ནང་བའི་ས་མཚམས་དར་སྐུད་ལས་ཀྱང་ཕྲ་བར་སོང་། བདེན་མེད། སྟོང་ཉིད། སྤྲོས་མེད། སྒྱུ་མ། སྟོང་གཟུགས་སོགས་ཁོང་དག་ལ་ཡོངས་གྲགས་ཀྱི་ཆོས་སྐད་ལགས། ལྷག་པར་རྒྱ་གར་ཤར་གྱི་ཛོ་གི་དག་དང་། ནཱ་ཐ་བ་དག་ནི་ནང་བ་དང་འདྲ་ཆེ། ཁོ་བོ་ནི། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་ཅིང་། དེ་ལས་གཞན་པའི་སྐྱབས་གནས་ཀྱང་ཡོད་པར་འདོད་པ། འདི་གང་གི་མཚན་ཉིད་ཡིན་པ་སྔར་དགེ་རྒན་ལ་འདྲི་རྒྱུ་བརྗེད་པས། གྲུབ་མཐའ་སྨྲ་བ་ཕུང་གསུམ་པ་འདི་དག་གར་གཏོགས་ཀྱང་མ་ཤེས། 

 

༈ལར་ཆོས་ཀྱི་རྗེ་རང་ཉིད་ཞལ་བཞུགས་པ་ན། དགེ་སློང་རྣམས་ལ་མུ་སྟེགས་ཀྱི་གཞུང་ཀློག་པའི་གནང་བ་དངོས་སུ་བསྩལ་བ་བཞིན། རང་རེ་བོད་ཀྱི་མཁས་པ་དག་ཀྱང་ཕྱི་རོལ་བའི་གཞུང་དངོས་སུ་ལྟ་བ་ཞིག་བྱུང་ན་ཅི་མ་རུང་སྙམ། དེ་མིན་ཕྲ་ས་ཉག་ས་བཙོག་ས་ཐམས་ཅད་ནན་གྱིས་བཙལ་ནས་ཕྱོགས་སྔར་དྲངས་པའི་གཞུང་དུམ་བུ་རྣམས་ལ་བལྟས་ནས། འདི་ལྟར་ཁས་ལེན་པའི་མུ་སྟེགས་དེ་ཅི་ལྟ་བུའི་གླེན་པ་ཞིག་ཡིན་ཨང་སྙམ་པ་ནི་ཤིན་ཏུ་ཡང་ཐལ་ཆེ། ཆག་ལ་ཁད་བྱས་ནས་བསྒྲིགས་ཏེ་བཞག་ཡོད་པའི་ཕྱོགས་སྔ་དེ་ཚོ་ལྷག་མེད་དུ་བཅག་པ་ལ། དཔའ་རྟགས་གང་ཡང་མི་འདུག མདོར་ན། ཆག་གྲུམ་ཆ་ཤས་ཆེད་དུ་བསལ་བ་ལ། །ཕྱོགས་སྔའི་འབེན་དུ་བཀོད་དེ་མཚོན་བསྣུན་པའི། །རང་སྡེའི་མཁས་པའི་དགྲ་ལྷ་དཔུང་བསྟོད་འདིས། །གཞན་སྡེའི་དཔའ་བོ་ད་དུང་བསད་པ་མིན། ། བཟོད་པར་མཛད་དུ་གསོལ། 

 

༈མུ་སྟེགས་ཀྱི་ལྟ་བའི་གཞུང་དག་གི་ཁྲོད་ན་ལེགས་ལྡན་ནག་པོའི་གླུ་དེ་རབ་དང་ཕུད་དུ་བྱེད་ཅིང་། ཛོ་ཀི་དང་དགེ་སྦྱོང་ཐམས་ཅད་ཀྱིས་དེའི་གླེགས་བམ་རེ་འབྲལ་སྤང་དུ་འཆང་། འདི་ནི་ཀུན་མཁྱེན་བླ་མས། གླུའི་ཆོས་ཞེས་གསུངས་པ་དེར་འདུག ལེགས་ལྡན་གྱི་གླུའི་ལེའུ་གཉིས་ཀུན་མཁྱེན་ཏཱ་ར་ནཱ་ཐས་པཎྜི་ཏ་ཀྲྀཥྞ་དང་ལྷན་དུ་བསྒྱུར་གསུངས་པ་འདུག་ཀྱང་། དཔེ་རྒྱུན་ཆད་པར་མངོན། ཕྲན་རང་ནས་མ་བཅོལ་ཁུར་བླངས་ཀྱི་ལུགས་སུ་བྱས་ཏེ། གླུའི་ལེའུ་བཅོ་བརྒྱད་པོ་ཐམས་ཅད་འགྲན་ཟླ་མེད་པ་ཞིག་བསྒྱུར་ཟིན་ཏེ་འོན་ཀྱང་དཔེ་འདི་བོད་ཀྱི་མཁས་པ་ཚོའི་སྤྱན་ལམ་དུ་འགྲིམ་པའི་དུས་ཤིག་ཤིན་ཏུ་འབྱུང་དཀར་བར་མངོན། བོད་སྐྱོང་བསྟན་མ་རྣམས་ཀྱིས་འདི་འདྲའི་ལས་ལ་འཁུ་ལྡོག་བྱེད་ཟེར་ནས་ཞེད་སྐྲག་སློང་བ་ཡང་འདུག་སྟེ། དྲུག་སྡེ་དག་གིས་གང་བསམ་པ་བཅུ་གཉིས་སྡེ་རྣམས་ཀྱིས་ལེགས་པར་གོ་བས་ཐུགས་ནང་ཤིན་ཏུ་གཤིན་པར་འོང་མཆི། མདོན་ན་ད་ལྟའི་རྒྱ་གར་མུ་སྟེགས་རྣམས་ལ། སངས་རྒྱས་དང་ནང་བ་ལ་དགྲར་བྱེད་སུ་ཡང་མེད་ཀྱི། གཞན་དུ་ན། དྲི་མེད་འོད་ལས་གསུངས་པ་ལྟར། རིག་བྱེད་ཀྱི་ཆོས་ནི་ཕུ་བོ་དང་། སངས་རྒྱས་ཀྱི་ཆོས་ནི་ནུ་བོར་བརྩི་ཞིང་ཕུ་ནུའི་ནང་འཁོན་ཕྲན་བུ་ཞིག་ཡོད་པ་ཡང་ཤད་ཀྱིས་སྦྱངས་ཏེ་ཁྱབ་འཇུག   སངས་རྒྱས། ཞི་བ། ནག་པོ་སོགས་གྲལ་དུ་བསྒྲིགས་པའི་མདུན་ན། དོགས་པ་སོགས་ཅི་ཡང་མེད་པར་རྔ་ཟླུམ་འདྲ་བརྡུང་སྟེ་ལེགས་སྦྱར་གྱི་བསྟོད་དབྱངས་སྣ་ཚོགས་གླུ་རུ་ལེན་ཞིང་དགའ་དགའ་ལྟར་ཡོད་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །

 


༈ འདིར་ལེགས་ལྡན་གྱི་གླུའི་དུམ་བུ་འགའ་དྲང་བར་བྱ་སྟེ། དེ་ཡང་ལེགས་ལྡན་ནག་པོ་དེ་ཇི་འདྲ་ཞིག་ཡོད་སྙམ་ན། ངེད་ཅག་གི་ལྷ་ཁང་ཤར་མ་འདིའི་ནང་ན་བཞུགས་པའི་རྡོ་སྐུ་འདི་ནི་སྤྲུལ་གཞིའི་གཟུགས་ཏེ། ཞལ་གཅིག ཕྱག་བཞི། སྐུ་མདོག་མཐིང་ནག་ཙནྡན་གྱི་བེང་དང་། འཁོར་ལོ་དང་། དུང་དང་། མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པའོ། །ལྷ་ཁང་ལྷོ་ངོས་མའི་ནང་གི་ཤིང་སྐུ་འདི་ནི་སྤྲུལ་བའི་གཟུགས་ཏེ། གཞོན་ནུ་མཐིང་ཀ་གླིང་བུ་འབུད་ཅིང་། བ་ལང་འཚོ་བ་སྐྲ་སྤྱི་བོར་བཅིངས་པའོ། ། 

དགེ་ཆོས་ཀྱི་ལེགས་སྦྱར་བང་མཛོད་ཀྱི་ཁ་ཤོག


༈རྒྱ་སྐད་རྣམས་འོག་ནས་དཀྱུས་གཅིག་ཏུ་བྲིས་ཡོད་པས་ཨང་ཡིག་གི་གོ་རིམ་བཞིན་སྦྱོར་བར་མཛོད་ཅིག  སྲིད་སྒྲུབ་ཀྱིས་གཡུལ་ལ་སྤྲོ་བ་ཞན་ཚུལ་སྨྲས་པ་ན། 

 

श्रीभगवानुवाच |

अशोच्यानन्वशोचस्त्वं प्रज्ञावादांश्च भाषसे।

गतासूनगतासूंश्च नानुशोचन्ति पण्डिता:॥11/2॥

ནག་པོས།

ཁྱོད་ནི་མཁས་པའི་གཏམ་སྨྲ་ཡང་། །མྱ་ངན་མེད་ལ་མྱ་ངན་བྱེད། །

ཤི་དང་གསོན་པ་གང་ལ་ཡང་། ། མཁས་རྣམས་མྱ་ངན་མཛད་མ་ཡིན། །༡

 

नासतो विद्यते भावो नाभावो विद्यते सत:।

उभयोरपि दृष्टोऽन्तस्त्वनयोस्तत्वदर्शिभि:॥16/2॥

མེད་པ་འབྱུང་བར་མི་འགྱུར་ཞིང་། ། བྱུང་བར་གྱུར་བ་མེད་མི་འགྱུར། །

མཐར་ཐུག་དེ་ཉིད་གཟིགས་པ་རྣམས། ། འདི་དག་གཉིས་ཀྱང་གཟིགས་པ་ཡིན། །༢

 

य एनं वेत्ति हन्तारं यश्चैनं मन्यते हतम्। 

उभौ तौ न विजानीतो नायं हन्ति न हन्यते ॥19/2॥

གང་གིས་འདི་ནི་གསོད་པར་རིག ། གང་གིས་འདི་ནི་བསད་པར་སེམས། །

དེ་གཉིས་ལེགས་པར་མ་ཤེས་ཏེ། ། འདི་ནི་མི་གསོད་བསད་པ་མིན། །༣

 

वेदाविनाशिनं नित्यं य एनमजमव्ययम्। 

कथं स पुरुष: पार्थ कं घातयति हन्ति कम्॥21/2॥

འོ་ན་མ་སྐྱེས་མི་མཛད་ཅིང་། ། འཇིག་པ་མེད་པའི་རྟག་པ་འདི། །

སུ་ཡིས་ཤེས་པའི་སྐྱེས་བུ་དེས། ། སུ་ལ་རྦད་ཅིང་སུ་ཞིག་གསོད། །༤

 

वासांसि जीर्णानि यथा विहाय 

नवानि गृह्णाति नरोऽपराणि। 

तथा शरीराणि विहाय जीर्णा 

न्यन्यानि संयाति नवानि देही ॥22/2॥

ཇི་ལྟར་མི་རྣམས་གོས་ནི་རྙིང་བ་དག ། 

བོར་ནས་གསར་བ་གཞན་དག་གྱོན་བྱེད་པ། །

དེ་བཞིན་རྒས་པའི་ལུས་དག་བོར་བྱས་ནས། ། 

ལུས་ཅན་རྣམས་ཀྱིས་གསར་བ་གཞན་དག་ལེན། །༥

 

नैनं छिन्दन्ति शस्त्राणि नैनं दहति पावक:। 

न चैनं क्लेदयन्त्यापो न शोषयति मारुत:॥23/2॥

འདི་ནི་མཚོན་གྱིས་མི་ཆོད་ཅིང་། །འདི་ནི་མེ་ཡིས་མི་ཚིག་སྟེ། ། 

འདི་ནི་ཆུ་ཡིས་མི་འདྲུལ་ཅིང་། ། རླུང་གིས་ཀྱང་ནི་སྐེམས་མ་ཡིན། །༦ 

(ཚིག་འདི་ལྷ་ལས་ཕུལ་བྱུང་གི་འགྲེལ་བར་དྲངས་ཡོད)

 

अथ चैनं नित्यजातं नित्यं वा मन्यसे मृतम्। 

तथापि त्वं महाबाहो नैवं शोचितुमर्हसि॥26/2॥

འོན་ཏེ་རྟག་ཏུ་སྐྱེས་པའམ། ། འདི་ནི་རྒྱུན་དུ་འཆི་སྙམ་པ། །

དེ་ལྟ་ནའང་དཔའ་བོ་ཁྱོད། ། འདི་ལ་མྱ་ངན་བྱ་མི་རིགས། །༧

 

जातस्य हि ध्रुवो मृत्युर्ध्रुवं जन्म मृतस्य च। 

तस्मादपरिहार्येऽर्थे न त्वं शोचितुमर्हसि॥27/2॥

སྐྱེས་པ་ངེས་པར་འཆི་འགྱུར་ཞིང་། ། ཤི་བ་ངེས་པར་སྐྱེ་བར་འགྱུར། །

དེ་གཉིས་སྤང་དུ་མེད་པ་ལ། ། ཅི་སླད་ཁྱོད་ནི་མྱ་ངན་བྱེད། །༨

 

अव्यक्तादीनि भूतानि व्यक्तमध्यानि भारत।

अव्यक्तनिधनान्येव तत्र का परिदेवना॥28/2॥

འབྱུང་བོའི་ཐོག་མ་མི་གསལ་ཅིང་། །མཐའ་མ་ཡང་ནི་མི་གསལ་ཏེ། །

དབུས་སུ་མངོན་པར་གསལ་བ་ཙམ། ། དེ་ལ་ཞུམ་པ་ཅི་ཞིག་བྱ། །༩

 

आश्चर्यवत्पश्यति कश्चिदेन 

माश्चर्यवद्वदति तथैव चान्य:। 

आश्चर्यवच्चैनमन्य: शृ्णोति 

श्रुत्वाप्येनं वेद न चैव कश्चित्॥29/2॥

ལ་ལ་ངོ་མཚར་ལྡན་པ་འདི་མཐོང་ཞིང་། །

དེ་བཞིན་གཞན་ནི་ངོ་མཚར་ཅན་འདི་སྨྲ། །

གཞན་ནི་ངོ་མཚར་ཅན་འདི་ཐོས་གྱུར་ཏེ། །

ལ་ལ་འདི་ནི་ཐོས་ཀྱང་ཤེས་མི་འགྱུར། །༡༠

(སོགས་སོ། ། ཡང་རིག་བྱེད་དོན་མེད་པར་བསྟན་པའི་སྐབས་སུ)

 

त्रैगुण्यविषया वेदा निस्त्रैगुण्यो भवार्जुन।

निर्द्वन्द्वो नित्यसत्वस्थो निर्योगक्षेम आत्मवान्॥45/2॥

རིག་བྱེད་ཡོན་ཏན་གསུམ་སྟོན་ཏེ། །སྲིད་སྒྲུབ་ཡོན་ཏན་གསུམ་བྲལ་མཛོད། །

གཉིས་གཉིས་མེད་ཅིང་གཉེར་སྐྱོང་མེད། །རྟག་ཏུ་གདེང་ཡོད་སོ་ཟིན་མཛོད། །༡༡

 

यावानर्थ उदपाने सर्वत: सम्प्लुतोदके।

तावान्सर्वेषु वेदेषु ब्राह्मणस्य विजानत:॥46/2॥

ཐམས་ཅད་ཀུན་ན་ཀླུང་འབབ་པར། ། ཇི་སྲིད་ཁྲོན་པ་དོན་ཡོད་ན། །

དེ་སྲིད་ཤེས་ལྡན་བྲམ་ཟེ་ལ། ། རིག་བྱེད་ཀུན་ཀྱང་དོན་ཡོད་འགྱུར། །༡༢

 

कर्मण्येवाधिकारस्ते मा फलेषु कदाचन।

मा कर्मफलहेतुर्भूर्मा ते सङ्गोऽस्त्वकर्मणि।।47/2।।

བྱ་བ་ཙམ་ལ་ཁྱོད་དབང་སྟེ། །འབྲས་བུ་ལ་ནི་ནམ་ཡང་མིན། །

ལས་ཀྱི་འབྲས་བུའི་རྒྱུ་མི་བྱེད། །ལས་མེད་ལ་ཡང་མ་ཆགས་ཤིག །༡༣

(ཚིག་འདིས་ཁོ་བའི་སེམས་ལ་ཤིན་ཏུ་ཕན་པར་བྱུང)

 

योगस्थ: कुरु कर्माणि सङ्गं त्यक्त्वा धनञ्जय। 

सिद्ध्यसिद्ध्यो: समो भूत्वा समत्वं योग उच्यते॥48/2॥

སྲིད་སྒྲུབ་རྣལ་འབྱོར་བརྟན་པོ་ཡིས། །ཞེན་པ་སྤོང་ལ་ལས་རྣམས་མཛོད། །

གྲུབ་དང་མ་གྲུབ་མཉམ་པ་ལ། །མཉམ་ཉིད་རྣལ་འབྱོར་བྱ་བར་བརྗོད། །༡༤

 

कर्मजं बुद्धियुक्ता हि फलं त्यक्त्वा मनीषिण:।

जन्मबन्धविनिर्मुक्ता: पदं गच्छन्त्यनामयम् ॥51/2॥

མཁས་རྣམས་བློ་ཡི་སྦྱོར་བ་ཡིས། །ལས་ལས་སྐྱེས་པའི་འབྲས་སྤངས་ཏེ། །

སྐྱེ་བའི་འཆིང་བ་རྣམ་གྲོལ་ནས། །ནད་དང་བྲལ་བའི་གནས་སུ་གཤེགས། །༡༥

 

यदा ते मोहकलिलं बुद्धिर्व्यतितरिष्यति।

तदा गन्तासि निर्वेदं श्रोतव्यस्य श्रुतस्य च॥52/2॥

ནམ་ཞིག་རྨོངས་པ་འཐིབ་པོ་ལས། །བློ་ནི་རིང་དུ་བརྒལ་བ་ན། །

ཐོས་པར་བྱ་དང་ཐོས་པ་ལ། །ཁྱོད་ནི་ཡི་ཆད་སྐྱེས་པར་འགྱུར། །༡༦

 

श्रुतिविप्रतिपन्ना ते यदा स्थास्यति निश्चला। 

समाधावचला बुद्धिस्तदा योगमवाप्स्यसि॥53/2॥

ནམ་ཞིག་ཐོས་པས་གཡེང་བའི་བློ། །རྒྱུ་བ་མེད་པར་བརྟན་གྱུར་ཏེ། །

མཉམ་པར་བཞག་པ་མི་གཡོ་བ། །དེ་དུས་ཁྱོད་ཀྱིས་རྣལ་འབྱོར་འཐོབ། །༡༧

 

यस्त्वात्मरतिरेव स्यादात्मतृप्तश्च मानव:। 

आत्मन्येव च सन्तुष्टस्तस्य कार्यं न विद्यते॥17/3॥

རང་ཉིད་རང་གིས་དགའ་བྱེད་ཅིང་། །རང་ཉིད་རང་གིས་ངོམས་གྱུར་ལ། །

རང་ཉིད་རང་གིས་ཚིམ་བྱེད་པའི། །མི་དེས་བྱ་དགོས་ཡོད་མ་ཡིན། །༡༨

 

नैव तस्य कृतेनार्थो नाकृतेनेह कश्चन।

न चास्य सर्वभूतेषु कश्चिदर्थव्यपाश्रय:॥18/3॥

དེ་ལ་བྱས་དང་མ་བྱས་པས། །འདི་ན་དོན་ནི་ཅི་ཡང་མེད། །

འདི་ཡིས་འབྱུང་བོ་ཐམས་ཅད་ལ། །དོན་ནི་འགའ་ཡང་རག་ལས་མེད། །༡༩

 

इन्द्रियाणि पराण्याहुरिन्द्रियेभ्य: परं मन:। 

मनसस्तु परा बुद्धिर्यो बुद्धे: परतस्तु स:॥42/3॥

དབང་བོ་རྣམས་ནི་མཆོག་ཏུ་བཤད། །ཡིད་ནི་དབང་བོ་རྣམས་ལས་མཆོག །

བློ་ནི་ཡིད་ལས་མཆོག་ཡིན་ཏེ། །བློ་ལས་ཀྱང་ནི་བདག་ཉིད་མཆོག །༢༠

(སོགས་སོ། ། ཡང)

 

न हि कश्चित्क्षणमपि जातु तिष्ठत्यकर्मकृत्।

कार्यते ह्यवश: कर्म सर्व: प्रकृतिजैर्गुणै:॥5/3॥

སུ་ཞིག་ནམ་ཡང་ལས་མེད་པར། །སྐད་ཅིག་ཙམ་ཡང་མི་སྡོད་དེ། །

རང་བཞིན་ལས་སྐྱེས་ཡོན་ཏན་གྱིས། །ཐམས་ཅད་དབང་མེད་ལས་ལ་བཀོལ། །༢༡

 

कर्मेन्द्रियाणि संयम्य य आस्ते मनसा स्मरन्।

इन्द्रियार्थान्विमूढात्मा मिथ्याचार: स उच्यते॥6/3॥

ལས་ཀྱི་དབང་བོ་རྣམ་བཀག་ནས། །སེམས་ཀྱིས་དབང་དོན་དྲན་ཅིང་གནས། །

རྣམ་པར་རྨོངས་པའི་བདག་ཉིད་ཅན། །གང་དེ་ཚུལ་འཆོས་ཅན་དུ་བརྗོད། ། ༢༢

(སོགས་ལས་ཀྱི་རྣལ་འབྱོར་དང)

 

ये यथा मां प्रपद्यन्ते तांस्तथैव भजाम्यहम्।

मम वर्त्मानुवर्तन्ते मनुष्या: पार्थ सर्वश:॥11/4॥

གང་གིས་ང་ལ་ཇི་ལྟར་མཆོད། །དེ་ལ་ང་ཡིས་དེ་ལྟར་སྟོན། །

སྲིད་སྒྲུབ་མི་རྣམས་ཅི་ནས་ཀྱང་། །ང་ཡི་ལམ་ལ་རྗེས་སུ་འགྲོ། །༢༣

 

यत्करोषि यदश्नासि यज्जुहोषि ददासि यत्ष 

यत्तपस्यसि कौन्तेय तत्कुरुष्व मदर्पणम्॥27/9॥ 

གང་ཞིག་བྱེད་དང་གང་ཞིག་ཟ། །གང་ཞིག་མཆོད་ཅིང་གང་ཞིག་སྦྱིན། །

དཀའ་ཐུབ་གང་ཞིག་སྤྱོད་བྱེད་པ། །དེ་རྣམས་ང་ཡི་མཆོད་པར་མཛོད། །༢༤

(སོགས་ཏེ་ཚིགས་སྔོན་མ་འདི་སྤྱན་རས་གཟིགས་བརྟུལ་ཞུགས་སུ་འགྱུར་ཤིན་ཏུ་འདྲ་བ་ཞིག་དྲངས་ཡོད)

 

यो यो यां यां तनुं भक्त: श्रद्धयार्चितुमिच्छति।

तस्य तस्याचलां श्रद्धां तामेव विदधाम्यहम्॥21/7॥

གང་གང་གཟུགས་སུ་མོས་པ་ཡིས། །དད་ལྡན་སུ་དང་སུས་མཆོད་པ། །

དེ་དང་དེ་ཡི་མི་གཡོ་བ། །དད་པ་དེ་ནི་ང་ཡིས་སྒྲུབ། །༢༥

 

नाहं प्रकाश: सर्वस्य योगमायासमावृत:। 

मूढोऽयं नाभिजानाति लोको मामजमव्ययम्॥25/7॥

རྣལ་འབྱོར་སྒྱུ་མས་སྒྲིབ་བྱས་པས། །ཐམས་ཅད་ཀུན་ལ་ང་མི་གསལ། །

ང་ནི་སྐྱེས་མེད་ཟད་མེད་དེ། །རྨོངས་པའི་འཇིག་རྟེན་འདིས་མི་ཤེས། །༢༦

 

वेदाहं समतीतानि वर्तमानानि चार्जुन। 

भविष्याणि च भूतानि मां तु वेद न कश्चन॥26/7॥

སྲིད་སྒྲུབ་ཡང་དག་འདས་པ་དང་། །ད་ལྟར་བྱུང་དང་མ་འོངས་པའི། །

འབྱུང་བོ་ཐམས་ཅད་ངས་རིག་ཀྱང་། །ང་ནི་སུས་ཀྱང་རིག་པ་མེད། །༢༧

 

अवजानन्ति मां मूढा मानुषीं तनुमाश्रितम्। 

परं भावमजानन्तो मम भूतमहेश्वरम्॥11/9॥

ང་ཡི་མཆོག་གི་དངོས་པོ་ནི། །འབྱུང་བོའི་དབང་ཕྱུག་ཆེན་པོ་སྟེ། །

མི་ཤེས་རྨོངས་པ་རྣམས་ཀྱིས་ང་། །མི་ཡི་ལུས་སུ་གནས་ལ་བརྙས། །༢༨

(ཡང)

 

सर्वभूतस्थितं यो मां भजत्येकत्वमास्थित:। 

सर्वथा वर्तमानोऽपि स योगी मयि वर्तते॥31/6॥

འབྱུང་བོ་ཀུན་ལ་གནས་པ་ང་། །རྩེ་གཅིག་བརྟན་པས་སུས་མཆོད་པ། །

གནས་སྐབས་ཀུན་ཏུ་ཞུགས་ཀྱང་རུང་། །རྣལ་འབྱོར་དེ་ནི་ང་ལ་འཇུག །༢༩

 

यो मां पश्यति सर्वत्र सर्वं च मयि पश्यति। 

तस्याहं न प्रणश्यामि स च मे न प्रणश्यति॥30/6॥ 

ཐམས་ཅད་ཀུན་ན་ང་མཐོང་ཞིང་། །ང་ཡི་ངང་དུ་ཀུན་མཐོང་ལ། །

དེ་ནི་ང་དང་མི་འབྲལ་ཞིང་། །ང་ཡང་དེ་དང་འབྲལ་བ་མེད། །༣༠

(སོགས་དང་ཡང)

 

ध्यायतो विषयान्पुंस: सङ्गस्तेषूपजायते।

सङ्गात्सञ्जायते काम: कामात्क्रोधोऽभिजायते॥62/2॥ 

སྐྱེས་བུས་ཡུལ་ལ་སེམས་པ་ན། །དེ་ལ་ཞེན་པ་སྐྱེ་བར་འགྱུར། །

ཞེན་ལས་འདོད་པ་ཡང་དག་སྐྱེས། །འདོད་ལས་ཁྲོ་བ་མངོན་པར་སྐྱེས། །༣༡

 

क्रोधाद्भवति सम्मोह: सम्मोहात्स्मृतिविभ्रम:।

स्मृतिभ्रंशाद् बुद्धिनाशो बुद्धिनाशात्प्रणश्यति॥63/2॥ 

ཁྲོ་བ་ལས་ནི་ཀུན་རྨོངས་འབྱུང་། །ཀུན་ཏུ་རྨོངས་ལས་དྲན་པ་འཁྲུལ། །

དྲན་པ་འཁྲུལ་བས་བློ་ཉམས་ཤིང་། །བློ་ཉམས་པ་ལས་འཆི་བར་འགྱུར། །༣༢

(ཞེས་པ་ནས)

 

या निशा सर्वभूतानां तस्यां जागर्ति संयमी। 

यस्यां जाग्रति भूतानि सा निशा पश्यतो मुने:॥69/2॥

འབྱུང་བོ་ཀུན་གྱི་མཚན་མོ་གང་། །ཡང་དག་རྩོལ་ལྡན་དེ་རུ་སད། །

གང་དུ་འབྱུང་བོ་ཀུན་སད་པ། །སྤྱན་ལྡན་ཐུབ་པས་མཚན་མོར་གཟིགས། །༣༣

(ནས་ཡང)

 

धूमेनाव्रियते वह्निर्यथादर्शो मलेन च। 

यथोल्बेनावृतो गर्भस्तथा तेनेदमावृतम्॥38/3॥

ཇི་ལྟར་དུ་བས་མེ་ལྕེ་དང་། །རྡུལ་གྱིས་མེ་ལོང་གཡོགས་གྱུར་ཅིང་། །

ཇི་ལྟར་ཁྲུ་མས་བུ་གཡོགས་པ། །དེ་ལྟར་དེ་ཡིས་འདི་ཉིད་གཡོགས། །༣༤

 

इन्द्रियाणि मनो बुद्धिरस्याधिष्ठानमुच्यते।

एतैर्विमोहयत्येष ज्ञानमावृत्य देहिनम्॥40/3॥

བློ་དང་ཡིད་དང་དབང་བོ་འདིའི། །བྱིན་གྱིས་བརླབས་པར་བརྗོད་གྱུར་བ།།

དེ་རྣམས་ཀྱིས་ནི་ལུས་ཅན་གྱི། །ཡེ་ཤེས་གཡོགས་ཤིང་རྨོངས་པར་བྱས། །༣༥

(ཞེས་སོགས་ནས)

 

नैव किञ्चित्करोमीति युक्तो मन्येत तत्ववित्। 

पश्यञ्शृण्वन्स्पृशञ्जिघ्रन्नश्नन्गच्छन्स्वपञ्श्वसन्॥8/5॥

མཐོང་ཐོས་སྣོམ་དང་རེག་པ་དང་། །ཟ་ཉལ་འགྲོ་དང་སྨྲ་བ་དང་། །

དབུགས་འབྱིན་གཏོང་དང་འཛིན་པ་དང་། །མིག་འབྱེད་པ་དང་འཛུམ་ན་ཡང་། །༣༦

 

प्रलपन्विसृजन्गृह्ण्न्नुन्मिषन्निमिषन्नपि। 

इन्द्रियाणीन्द्रियार्थेषु वर्तन्त इति धारयन्॥9/5॥ 

བདག་གི་འགའ་ཞིག་བྱེད་དོ་ཞེས། །དེ་ཉིད་རིག་རྣམས་མི་སེམས་ཀྱི། །

དབང་བོའི་དོན་ལ་དབང་བོ་རྣམས། །འཇུག་གོ་ཞེས་པ་ཙམ་དུ་འཛིན། །༣༧

(ཞེས་སོགས་ནས)

 

प्रकृते: क्रियमाणानि गुणै: कर्माणि सर्वश:।

अहङ्कारविमूढात्मा कर्ताहमिति मन्यते॥27/3॥

རང་བཞིན་ལས་སྐྱེས་ཡོན་ཏན་གྱིས། །ཐམས་ཅད་ཀུན་ཏུ་ལས་བྱེད་དེ། །

བདག་ཏུ་བྱེད་པས་རྨོངས་པ་རྣམས། །ང་ནི་བྱེད་པ་བོ་ཞེས་སེམས། ༣༨

(སོགས་ནས)

 

यस्य नाहंकृतो भावो बुद्धिर्यस्य न लिप्यते। 

हत्वाऽपि स इमाँल्लोकान्न हन्ति न निबध्यते॥17/18॥

གང་ལ་ངར་འཛིན་མེད་གྱུར་ཅིང་། །གང་གི་བློ་ནི་མ་སྒྲིབ་པ། །

དེ་ཡིས་འཇིག་རྟེན་འདི་བསད་ཀྱང་། །བསད་པ་མེད་ཅིང་འཆིང་བ་མེད། །༣༩

(སོགས་དང་ཡང་ནང་གི་སྦྱིན་སྲེག་སོགས་འཆད་པར)

 

श्रोत्रादीनीन्द्रियाण्यन्ये संयमाग्निषु जुह्वति। 

शब्दादीन्विषयानन्य इन्द्रियाग्निषु जुह्वति॥26/4॥

ལ་ལ་ཡང་དག་སྡོམ་པའི་མིང་། །རྣ་བ་ལ་སོགས་དབང་བོ་སྲེག །

གཞན་དག་སྒྲ་ལ་སོགས་པའི་ཡུལ། །དབང་བོའི་མེ་ལ་སྦྱིན་སྲེག་བྱེད། །༤༠

(ཞེས་པ་ནས)

 

अपाने जुह्वति प्राणं प्राणेऽपानं तथापरे 

प्राणापानगती रुद्ध्वा प्राणायामपरायणा: ॥29/4॥

ལ་ལ་སྲོག་རྩོལ་ལྷུར་ལེན་པས། །སྲོག་ཐུར་རྒྱུ་བ་དགག་བྱས་ཏེ། །

སྲོག་ནི་ཐུར་སེལ་ལ་སྲེག་ཅིང་། །དེ་བཞིན་ཐུར་སེལ་སྲོག་ལ་སྲེག། །༤༡

(སོགས་ནས)

 

विषया विनिवर्तन्ते निराहारस्य देहिनः।

रसवर्जं रसोऽप्यस्य परं दृष्ट्वा निवर्तते॥59/2॥

གཟན་པ་སྤངས་པའི་ལུས་ཅན་ལ། །ཡུལ་ནི་ལོག་ཀྱང་ཞེན་པ་ལུས། །

འདི་ཡིས་མཆོག་ནི་མཐོང་བ་ལས། །ཞེན་པའི་རོ་ཡང་བཟློག་པར་འགྱུར། །༤༢

(སོགས་ནས)

 

सर्वकर्माणि मनसा संन्यस्यास्ते सुखं वशी।  

नवद्वारे पुरे देही नैव कुर्वन्न कारयन्॥13/5॥

ལས་རྣམས་ཐམས་ཅད་བློས་བཏང་སྟེ། །བྱ་བ་མེད་ཅིང་བྱེད་པ་མེད། །

གྲོང་ཁྱེར་སྒོ་མོ་དགུ་བ་ན། །དབང་ཐོབ་ལུས་ཅན་བདེ་བར་བཞུགས། །༤༣

(ཞེས་པ་ནས)

 

कायेन मनसा बुद्ध्या केवलैरिन्द्रियैरपि। 

योगिन: कर्म कुर्वन्ति सङ्गं त्यक्त्वात्मशुद्धये॥11/5॥

ལུས་ཙམ་དང་ནི་ཡིད་ཙམ་དང་། །དབང་བོ་རྣམས་དང་བློ་ཙམ་གྱིས། །

ཆགས་ཐོགས་བྲལ་བའི་རྣལ་འབྱོར་བ། །བདག་ཉིད་དག་ཕྱིར་བྱ་བ་བྱེད། །༤༤

(སོགས་དང་ཡང)

 

न कर्तृत्वं न कर्माणि लोकस्य सृजति प्रभु:। 

न कर्मफलसंयोगं स्वभावस्तु प्रवर्तते॥14/5॥

འཇིག་རྟེན་བྱེད་པོ་བྱ་བ་དང་། །ལས་དང་འབྲས་བུའི་འབྲེལ་བ་ཡང་། །

གཙོ་བོས་བསྐྱེད་པ་མ་ཡིན་ཏེ། །རང་གི་གཤིས་ཀྱིས་རབ་ཏུ་འཇུག །༤༥

 

नादत्ते कस्यचित्पापं न चैव सुकृतं विभु:। 

अज्ञानेनावृतं ज्ञानं तेन मुह्यन्ति जन्तव:॥15/5॥

ཁྱབ་བདག་གིས་ནི་སུ་ལས་ཀྱང་། །དགེ་དང་སྡིག་པ་མི་ལེན་ཏེ། །

མི་ཤེས་པས་ནི་ཡེ་ཤེས་སྒྲིབ། །དེས་ན་སྐྱེ་བོ་རྨོངས་པར་གྱུར། །༤༦(ཞེས་པ་ནས)

 

विद्याविनयसम्पन्ने ब्राह्मणे गवि हस्तिनि। 

शुनि चैव श्वपाके च पण्डिता: समदर्शिन:॥18/5॥

བ་ལང་དང་ནི་གླང་ཆེན་དང་། ། ཁྱི་དང་ཁྱི་ཤ་ཟ་བ་དང་། །

རིག་དུལ་ཕུན་ཚོགས་བྲམ་ཟེ་ཡང་། །མཁས་པ་རྣམས་ཀྱི་མཉམ་པར་གཟིགས། །༤༧

(སོགས་ཀྱིས་ཡེ་ཤེས་ཀྱི་རྣལ་འབྱོར་དང་། ཡང་།)

 

उद्धरेदात्मनात्मानं नात्मानमवसादयेत्। 

आत्मैव ह्यात्मनो बन्धुरात्मैव रिपुरात्मन:॥5/6॥

བདག་ཉིད་བདག་གི་གཉེན་ཡིན་ཅིང་། །བདག་གི་དགྲ་བོ་བདག་ཉིད་ཡིན། །

བདག་གིས་བདག་ཉིད་འདེགས་བྱ་ཡི། །བདག་ཉིད་ཐུར་དུ་དྲང་མི་བྱ། །༤༨

(སོགས་མདོ་ཚིག་འདྲ་བ་ཡང་མང་། འདི་རྣམས་གོ་བདེ་བའི་ཆ་རྣམས་ཡིན་གྱི། རིགས་ཀྱི་བདག་པོའི་ཞལ་ཤེས་མེད་པར་མི་གོ་བའི་ཆ་ཡང་ཡོད་དེ། དཔེར་ན)

 

अग्निर्ज्योतिरह: शुक्ल: षण्मासा उत्तरायणम्। 

तत्र प्रयाता गच्छन्ति ब्रह्म ब्रह्मविदो जना:॥24/8॥

མེ་དང་གཟི་བརྗིད་ཉིན་མོ་དང་། །དཀར་ཕྱོགས་བྱང་བགྲོད་ཟླ་བ་དྲུག །

དེ་ལ་བགྲོད་པའི་སྐྱེ་བོ་ནི། །ཚངངས་པ་རིག་རྣམས་ཚངས་པར་འགྲོ། །༤༩

 

धूमो रात्रिस्तथा कृष्ण: षण्मासा दक्षिणायनम्। 

तत्र चान्द्रमसं ज्योतिर्योगी प्राप्य निवर्तते॥25/8॥

དུ་བ་དེ་བཞིན་མཚན་མོ་དང་། །ནག་ཕྱོགས་ལྷོ་བགྲོད་ཟླ་བ་དྲུག །

དེར་ནི་ཟླ་བའི་གཟི་ཐོབ་ནས། །རྣལ་འབྱོར་བ་ནི་ལྡོག་པར་འགྱུར། །༥༠

 

शुक्लकृष्णे गती ह्येते जगत: शाश्वते मते। 

एकया यात्यनावृत्तिमन्ययावर्तते पुन:॥26/8॥

དཀར་ཕྱོགས་དང་ནི་ནག་ཕྱོགས་ཏེ། །སྐྱེ་འགྲོའི་ལམ་འདི་རྟག་པར་ཤེས། །

གཅིག་གིས་ཕྱིར་མི་ལྡོག་པ་དང་། །གཞན་གྱིས་སླར་ཡང་ལྡོག་པར་བགྲོད། ། 

(ཞེས་ལྟ་བུ་དང་། ཡང་། )

 

सहस्रयुगपर्यन्तमहर्यद्ब्रह्मणो विदु:। 

रात्रिं युगसहस्रान्तां तेऽहोरात्रविदो जना:॥17/8॥

ཚངས་པའི་ཉིན་མོ་བསྐལ་བ་སྟོང་། །མཚན་མོ་བསྐལ་བ་སྟོན་ཡུན་ཏེ། །༥༡

[མཁས་པ་གང་དག་འདི་ཤེས་པ། ། དེ་དག་ཉིན་མཚན་ཤེས་པའོ། །]

(ཞེས་པ་ནས)

 

अव्यक्ताद्व्यक्तय: सर्वा: प्रभवन्त्यहरागमे। 

रात्र्यागमे प्रलीयन्ते तत्रैवाव्यक्तसञ्ज्ञके॥18/8॥

ཉིན་མོ་འོངས་ཚེ་གསལ་བ་ཀུན། །མི་གསལ་བ་ལས་རབ་ཏུ་འབྱུང་། །

མཚན་མོ་འོངས་ཚེ་མི་གསལ་བའི། །མིང་ཅན་དེ་ལ་སླར་ཡང་ཐིམ། །༥༢

 

भूतग्राम: स एवायं भूत्वा भूत्वा प्रलीयते। 

रात्र्यागमेऽवश: पार्थ प्रभवत्यहरागमे॥19/8॥

འབྱུང་བོའི་གྲོང་ཁྱེར་འདི་དེ་ཉིད། །བྱུང་ཞིང་བྱུང་ནས་དབང་མེད་དུ། །

མཚན་མོ་འོངས་ཚེ་ཡང་འགྱུར་ཞིང་། །ཉིན་མོ་འོངས་ཚེ་རབ་ཏུ་འབྱུང་། །༥༣

(ཞེས་པ་ནས)

 

न तद्भासयते सूर्यो न शशाङ्को न पावक:।

यद्गत्वा न निवर्तन्ते तद्धाम परमं मम॥6/15॥

གང་དུ་ཉི་མ་མི་འཆར་ཞིང་། །ཟླ་བ་མེད་ཅིང་མེ་མེད་པ། །

ང་ཡི་ཞིང་ཁམས་དམ་པ་དེར། །སོང་ན་སླར་ཡང་བཟློག་པ་མེད། །༥༤

(སོགས་སོ། །ཡང་ཁྱབ་འཇུག་གི་འཇུག་པ་འཆད་པ་ན)

 

आदित्यानामहं विष्णुर्ज्योतिषां रविरंशुमान्। 

मरीचिर्मरुतामस्मि नक्षत्राणामहं शशी॥21/10॥

ལྷ་ཆེན་ནང་ན་ཁྱབ་འཇུག་ང་། །གཟའ་ནང་འོད་ལྡན་ཉི་མ་ང་། །༥༥

[རླུང་ནང་འོད་ཟེར་ཅན་མ་ང་། །རྒྱུ་སྐར་ཁྲོད་ཀྱི་ཟླ་བ་ང་། །]

(ཞེས་པ་ནས)

 

अक्षराणामकारोऽस्मि द्वन्द्व: सामासिकस्य च। 

अहमेवाक्षय: कालो धाताहं विश्वतोमुख:॥33/10॥

ཡི་གེ་ནང་ན་ཨ་ཡིག་ང་། །ཚིད་སྡུད་ནང་ན་དང་དོན་ང་། །

[ཟད་མེད་དུས་ནི་ང་ཉིད་དོ། །བྱེད་པོ་ཀུན་ཏུ་ཕྱོགས་པ་ང་། །]

 

बृहत्साम तथा साम्नां गायत्री छन्दसामहम्। 

मासानां मार्गशीर्षोऽहमृतूनां कुसुमाकर:॥35/10॥

མཉམ་པའི་ནང་ན་ཤིན་ཏུ་མཉམ། །སྡེབ་སྦྱོར་ནང་ན་འགྲོ་ལྡན་ང་། །༥༦

[ཟླ་བའི་ནང་ནས་མགོ་ཟླ་ང་། ། དུས་ཚིགས་ནང་ནས་མེ་ཏོག་དུས། །]

(སོགས་ཤིན་ཏུ་རྒྱས་པར་བཤད་དེ་དུམ་བུ་ཞིག་འགྲེལ་བཤད་དུ་དྲངས་ཡོད་འདུག ༈དེ་ནས་ཁྱབ་བདག་གི་དེ་ཉིད་འཆད་པ་ན)

 

सर्वेन्द्रियगुणाभासं सर्वेन्द्रियविवर्जितम्।

असक्तं सर्वभृच्चैव निर्गुणं गुणभोक्तृ च॥14/13॥

དབང་རྣམས་ཡོན་ཏན་འོང་འབར་ཏེ། །དབང་བོ་ཐམས་ཅད་རྣམ་པར་སྤངས། །

ཐམས་ཅད་སྐྱོང་ཡང་ཆགས་པ་མེད། །ཡོན་ཏན་བྲལ་ཡང་ཡོན་ཏན་སྤྱོད། །༥༧

 

बहिरन्तश्च भूतानामचरं चरमेव च। 

सूक्ष्मत्वात्तदविज्ञेयं दूरस्थं चान्तिके च तत्॥15/13॥

འབྱུང་བོ་རྒྱུ་དང་མི་རྒྱུ་བའི། །ནད་དང་ཕྱི་རོལ་དག་དང་ནི། །

རྒྱང་དང་གམ་ན་དེ་ཡོད་ཀྱང་། །ཕྲ་ཉིད་ཕྱིར་ན་ཤེས་མ་ཡིན། །༥༨

 

सर्वत: पाणिपादं तत्सर्वतोऽक्षिशिरोमुखम्। 

सर्वत: श्रुतिमल्लोके सर्वमावृत्य तिष्ठति॥13/13॥

ཐམས་ཅད་དུ་ནི་ཕྱག་དང་ཞབས། །ཐམས་ཅད་དུ་ནི་དབུ་ཞལ་སྤྱན། །

ཐམས་ཅད་དུ་ནི་སྙན་བཅས་དེ། །འཇིག་རྟེན་ཐམས་ཅད་ཁྱབ་པར་བཞུགས། །༥༩

(ཚིག་འདི་རང་རེའི་རྒྱུད་ཅིག་ནའང་ཡོད། ཡང)

 

अनादित्वान्निर्गुणत्वात्परमात्मायमव्यय:। 

शरीरस्थोऽपि कौन्तेय न करोति न लिप्यते॥31/13॥

མི་འགྱུར་དམ་པའི་བདག་ཉིད་འདི། །སྲིད་སྒྲུབ་ལུས་ལ་གནས་མོད་ཀྱང་། །

ཐོག་མེད་ཡོན་ཏན་བྲལ་བའི་ཕྱིར། །བྱ་བ་མེད་ཅིང་གོས་པ་མེད། །༦༠

 

यथा सर्वगतं सौक्ष्म्यादाकाशं नोपलिप्यते। 

सर्वत्रावस्थितो देहे तथात्मा नोपलिप्यते॥32/13॥

དཔེར་ན་ཀུན་ཁྱབ་ནམ་མཁའ་ནི། །ཕྲ་ཕྱིར་ཉེ་བར་གོས་མ་ཡིན། །

དེ་བཞིན་ལུས་ལ་ཀུན་ཁྱབ་པའི། །བདག་ནི་ཉེ་བར་གོས་པ་མེད། །༦༡

 

श्रोत्रं चक्षु: स्पर्शनं च रसनं घ्राणमेव च। 

अधिष्ठाय मनश्चायं विषयानुपसेवते॥9/15॥

མིག་དང་རྣ་བ་རེག་པ་དང་། །མྱང་དང་སྣོམ་དང་ཡིད་རྣམས་ལ། །

འདི་ཡིས་བྱིན་གྱིས་རླབས་བྱས་ནས། །ཡུལ་རྣམས་ཉེ་བར་བསྟེན་པར་བྱེད། །༦༢

 

शरीरं यदवाप्नोति यच्चाप्युत्क्रामतीश्वर:। 

गृहीत्वैतानि संयाति वायुर्गन्धानिवाशयात्॥8/15॥ 

གང་ཚེ་ལུས་ནི་ལེན་པའམ། །གང་ཚེ་འཕོ་བར་བྱེད་པ་ན། །

འདི་རྣམས་རླུང་གིས་དྲི་བཞིན་དུ། །གནས་ནས་འཁྱེར་ཏེ་དབང་ཕྱུག་གཤེགས། །༦༣

 

उत्क्रामन्तं स्थितं वापि भुञ्जानं वा गुणान्वितम्। 

विमूढा नानुपश्यन्ति पश्यन्ति ज्ञानचक्षुष:॥10/15॥

གཤེགས་སམ་འོན་ཏེ་བཞུགས་པའམ། །ཡོན་ཏན་འདུས་སམ་ལོངས་སྤྱོད་ཀྱང་། །

རྣམ་པར་རྨོངས་རྣམས་མི་མཐོང་སྟེ། །ཡེ་ཤེས་སྤྱན་ལྡན་རྣམས་ཀྱིས་གཟིགས། །༦༤

 

यतन्तो योगिनश्चैनं पश्यन्त्यात्मन्यवस्थितम्। 

यतन्तोऽप्यकृतात्मानो नैनं पश्यन्त्यचेतस:॥11/15॥

རང་གི་ལུས་ལ་བཞུགས་པ་འདི། །རྣལ་འབྱོར་རྣམས་ཀྱིས་འབད་པས་མཐོང་། །

བསམ་མེད་བཅོས་མེད་བདག་ཉིད་ཅན། །འབད་དུ་ཟིན་ཀྱང་འདི་མི་མཐོང་། །༦༥

(ཞེས་སོགས་དང་། ཡང་ཞིང་དང་ཞིང་ཤེས་ཀྱི་དབྱེ་བ་འཆད་པར)

 

ऋषिभिर्बहुधा गीतं छन्दोभिर्विविधै: पृथक्। 

ब्रह्मसूत्रपदैश्चैव हेतुमद्भिर्विनिश्चितै:।।4/13||

ཡིད་ཆེས་གཏན་ཚིག་དང་ལྡན་པ། །ཚངས་པའི་མདོ་ཡི་ཚིགས་བཅད་ལས། །

རྣམ་མང་སྣ་ཚོགས་སྡེབ་སྦྱོར་བཅས། །དྲང་སྲོང་རྣམས་ཀྱིས་མགུར་དུ་བཞེས། །༦༦

 

महाभूतान्यङ्ककारो बुद्धिरव्यक्त मेव च। 

इन्द्रियाणि दशैकं च पञ्च चेन्द्रियगोचरा:॥5/13॥

འབྱུང་ཆེན་རྣམས་དང་ང་རྒྱལ་དང་། །བློ་དང་མི་གསལ་བ་ཉིད་དང་། །

དབང་བོ་དག་ནི་བཅུ་དང་གཅིག །དབང་བོའི་སྤྱོད་ཡུལ་རྣམ་ལྔ་དང་། །༦༧

 

इच्छा द्वेष: सुखं दु:खं सङ्घातश्चेतना धृति:। 

एतत्क्षेत्रं समासेन सविकारमुदाहृतम् ॥6/13॥

འདོད་དང་ཁྲོ་བ་བདེ་སྡུག་དང་། །འདུས་པ་སེམས་དང་བརྟན་པ་སྟེ། །

འདི་དག་ཞིང་དང་རྣམ་འགྱུར་རྣམས། །མདོར་བསྡུས་ལེགས་པར་བཤད་པ་ཡིན། །༦༨

(ཞེས་པ་ནས)

 

पुरुष: प्रकृतिस्थो हि भुङक्ते प्रकृतिजान्गुणान्। 

कारणं गुणसङ्गोऽस्य सदसद्योनिजन्मसु॥21/13॥

རང་བཞིན་ལ་གནས་སྐྱེས་བུ་ཡིས། །རང་བཞིན་ལས་སྐྱེས་ཡོན་ཏན་སྤྱོད། །

ཡོན་ཏན་ཆགས་པ་འདི་ཡི་ནི། །བཟང་ངན་སྐྱེ་བ་ལེན་པའི་རྒྱུ། །༦༩

 

उपद्रष्टानुमन्ता च भर्ता भोक्ता महेश्वर:। 

परमात्मेति चाप्युक्तो देहेऽस्मिन्पुरुष: पर:॥22/13॥

ལུས་འདི་ལ་གནས་སྐྱེས་བུ་མཆོག །ལྟ་བ་བོ་དང་མཇལ་བ་བོ། །

འཛིན་པོ་ཟ་བོ་དབང་ཕྱུག་ཆེ། །དམ་པའི་བདག་ཅེས་བྱ་བར་བརྗོད། །༧༠

(སོགས་དང་ཡོན་ཏན་གྱི་བྱེད་པ་འཆད་པ་ན།)

 

सत्वं रजस्तम इति गुणा: प्रकृतिसम्भवा:। 

निबध्नन्ति महाबाहो देहे देहिनमव्ययम्॥5/14॥

རང་བཞིན་ལས་འཁྲུངས་ཡོན་ཏན་ནི། །རྡུལ་མུན་སྙིང་སྟོབས་ཞེས་བྱ་བས། །

སྲིད་སྒྲུབ་མི་འཇིག་ལུས་ཅན་འདི། །ལུས་ཀྱི་ནང་དུ་ངེས་པར་འཆིང་། །༧༡

 

तत्र सत्वं निर्मलत्वात्प्रकाशकमनामयम्। 

सुखसङ्गेन बध्नाति ज्ञानसङ्गेन चानघ॥6/14॥

སྲིད་སྒྲུབ་དེ་ལ་སྐྱོན་མེད་པས། །དྲི་མེད་རབ་གསལ་སྙིང་སྟོབས་ནི། །

བདེ་ལ་ཆགས་དང་ཡེ་ཤེས་ལ། །ཞེན་པ་ཡིས་ནི་འཆིང་བར་བྱེད། །༧༢

 

रजो रागात्मकं विद्धि तृष्णासङ्गसमुद्भवम्। 

तन्निबध्नाति कौन्तेय कर्मसङ्गेन देहिनम्॥7/14॥

རྡུལ་ནི་ཆགས་པའི་རང་བཞིན་ཏེ། །སྲེད་དང་ཞེན་པས་བསྐྱེད་པར་ཤེས། །

དེ་ནི་ལས་ལ་ཞེན་པ་ཡིས། །ལུས་ཅན་ངེས་པར་འཆིང་བར་བྱེད། །༧༣

 

तमस्त्वज्ञानजं विद्धि मोहनं सर्वदेहिनाम्। 

प्रमादालस्यनिद्राभिस्तन्निबध्नाति भारत॥8/14॥

ལུས་ཅན་ཐམས་ཅད་རྨོངས་བྱེད་པ། །མི་ཤེས་ལས་སྐྱེས་མུན་པར་ཤེས། །

དེ་ཡིས་བག་མེད་ལེ་ལོ་དང་། །གཉིད་རྣམས་ཀྱིས་ནི་འཆིང་བར་བྱེད། །༧༤

(སོགས་དང)

 

रजसि प्रलयं गत्वा कर्मसङ्गिषु जायते। 

तथा प्रलीनस्तमसि मूढयोनिषु जायते॥15/14॥

རྡུལ་ལ་ཤི་བར་གྱུར་བ་ནི། །ལས་ལ་ཆགས་པ་རྣམས་སུ་སྐྱེ། །

དེ་བཞིན་མུན་པ་ལ་ཤི་བ། །གླེན་པའི་མངལ་དུ་སྐྱེ་བར་འགྱུར། །༧༥

(སོགས་འཆི་ཀ་མའི་ཡོན་ཏན་རྣམས་ཀྱི་འབྲས་བུ་དང་། ཡང)

 

आयु:               सत्वबलारोग्यसुखप्रीतिविवर्धना:।

रस्या: स्निग्धा: स्थिरा हृद्या आहारा: सात्विकप्रिया:॥8/17॥

ཚེ་དང་སྙིང་སྟོབས་ཟོ་བཟང་དང་། །བདེ་དགའ་སྟོབས་རྣམས་འཕེལ་བའི་ཟས། །

སྣུམ་བཅུད་རོ་ལྡན་ཡིད་འོངས་ལ། །སྙིང་སྟོབས་ཅན་རྣམས་དགའ་བ་ཡིན། །༧༦

(སོགས་ཟས་ལ་དགའ་བའི་དབྱེ་བ་དང)

 

यजन्ते सात्विका देवान्यक्षरक्षांसि राजसा:। 

प्रेतान्भूतगणांश्चान्ये यजन्ते तामसा जना:॥4/17॥

སྙིང་སྟོབས་ཅན་གྱིས་ལྷ་མཆོད་ཅིང་། །གནོད་སྦྱིན་སྲིན་པོ་རྡུལ་ཅན་གྱིས། །

གཞན་ནི་སྐྱེས་བུ་མུན་པ་ཅན། །ཡི་དྭགས་འབྱུང་བོའི་ཚོགས་ལ་མཆོད། །༧༧

(སོགས་ཀྱི་མཆོད་སྦྱིན་བྱེད་ལུགས་མི་འདྲ་བ་སོགས་ནས)

 

न तदस्ति पृथिव्यां वा दिवि देवेषु वा पुन:। 

सत्वं प्रकृतिजैर्मुक्तं यदेभि: स्यात्त्रिभिर्गुणै:॥40/18॥

རང་བཞིན་ལས་འཁྲུངས་ཡོན་ཏན་གསུམ། །འདི་ལས་གྲོལ་བའི་སེམས་ཅན་ནི། །

མཁའ་དང་སའམ་ཡང་ན་ནི། །མཐོ་རིས་སུ་ཡང་ཡོད་མ་ཡིན། །༧༨

(ནས)

 

ईश्वर: सर्वभूतानां हृद्देशेऽर्जुन तिष्ठति।

भ्रामयन्सर्वभूतानि यन्त्रारूढानि मायया॥61/18॥

དབང་ཕྱུག་འབྱུང་བོ་ཐམས་ཅད་ཀྱི། །སྙིང་གི་ཡུལ་ན་བཞུགས་གྱུར་ཏེ། །

འཕྲུལ་འཁོར་ཞོན་པའི་འབྱུང་བོ་ཀུན། །སྒྱུ་མའི་འཕྲུལ་གྱིས་བསྐོར་བར་བྱེད། །༧༩

སོགས་སོ། །

 

༈མུ་སྟེགས་ཀྱི་རྒྱུད་སྡེའི་ཁྲོད་ན་ཡང་བླ་མེད་དང་འདྲ་བ་དང་། རྒྱུད་སྡེ་འོག་མ་དང་འདྲ་བ་གཉིས་ཡོད་ཅིང་། རིམ་གཉིས། སྦྱོར་དྲུག སྤྱོད་པ་གསུམ་ཚིག་རེ་ལ་དྲང་ངེས་ཀྱི་བཤད་ཐབས་རང་རེའི་ཇི་ལྟ་བར་ཡོད་དེ་ཀུན་ཞིབ་ཏུ་བརྟག་ན། རེ་མུ་སྟེགས་ཅན་ལ་སྨད་ན་རྣམ་པར་སྣང་མཛད་རིང་བར་འགྱུར་བ་ཡང་གནད་ཀ་འདི་ཡིན་ནམ་སྙམ། རེ་མདོ་སྔགས་དང་རྒྱུད་སྡེ་གོང་འོག་ཐབས་ཀྱིས་འབྱེད་པ་ལ་མུ་སྟེགས་དང་ནང་བའི་རྒྱུད་སྡེ་གོང་མ་གཉིས་ཤེས་རབ་ཀྱི་ཆ་ཙམ་ནས་འབྱེད་དགོས་པ་ནི་ཅང་སྲིད་སྙམ་པ་འོངས། འདི་སྐོར་ལ་རང་གི་སྣང་ངོར་ལྕི་ལ་འགང་ཆེ་བའི་དཔྱད་གཞི་མང་བོ་ཞིག་གཞན་གྱི་མདུན་ལ་རྩ་མེད་དོན་མེད་སྒང་ལི་རབ་འབྱམས་པའི་ངག་ཏུ་འགྲོ་བར་འདུག་པས་བློ་ཕམ། བློ་གྲོས་རྩིང་བོ་བློ་རྟགས་ཡན་གྱི་རྩོད་པ་མ་ཐོན་པ་ཞིག་གིས་སྔགས་ཀྱི་སྐོར་ལ་མགོ་འཁྲུགས་པ་ཅི་མཚར་ཟེར་ན། ད་ནི་ཤེད་བུ་སེར་སྐྱ་རྒྱལ་བར་གྱུརད་ཏོ། ། ། །

༈དེ་ལྟར་གྲགས་ཆེ་བའི་ཚིགས་བཅད་ཇི་སྙེད་ཅིག་འདིར་བྲིས་པ་ལགས། ད་དུང་མང་དུ་ཡོད་ཀྱང་བྲི་བའི་ཚེགས་ལ་འཇིགས་ནས་མ་ལྕོགས་པས་རྗེས་སོར་འབུལ་བའི་རེ་བ་བདོག རྒྱ་དཔེའི་ཚིགས་བཅད་འདི་འདྲ་བསྡུ་དགོས་ན་བོད་ཡུལ་གང་བོ་མི་ལོ་ལྔ་བཅུ་བསྐོར་ཡང་ཤིན་ཏུ་ཐོབ་དཀའ་བས་དཔེ་ཆུང་འདི་ཆུད་ཟོས་སུ་མ་སོང་བ་ཞིག་དགོངས་བཞེས་འཚལ།  བོད་གཞུང་འདི་དག་གི་སྟེང་དུ་སྒྲ་བ་བཟང་བོ་དག་གིས་སུམ་རྐང་བསྒྲིགས་པ་ལ་ཚེགས་མི་འདུག་པས་ཁྱེད་ཀྱིས་དཔེ་འདི་ལ་དོན་གལ་ཅི་ཞིག་ཆེ་སྙམ་ན་ཤིན་ཏུ་ཡང་ཡུས་ཏེ། དྲང་བོར་ཞུས་ན། ཁ་རྒྱ་རྒན་རྒྱའི་བར་ནི་རིང་བ་དང་། །དབུས་དང་ཨ་མདོའི་ལམ་ནི་ཤིན་ཏུ་རིང་། །མ་ག་དྷཱ་དང་བོད་ནི་ཆེས་ཆེར་རིང་། །ལེགས་སྦྱར་དངོས་དང་སུམ་རྐང་དེ་ལས་རིང་། །ཞེས་བྱ་བའོ། །(དགེ་འདུན་ཆོས་འཕེལ་གྱིས་རྒྱ་གར་ཀུ་ལུ་ཏ་ན་ཡོད་སུ་ཕུལ)

༈འདིར་ཁོ་བོས་རྒྱ་སྐད་གང་བྲིས་ཐམས་ཅད་རྒྱ་དཔེའི་ཕྱི་མོའི་སྟེང་ན་གང་ཡོད་ཞུས་པ་ཡིན་པས། སངས་རྒྱས་དང་། བྱམས་པ་དང་། ཆོས་གྲགས་སོགས་ཀྱིང་གང་བརྩམས་པའི་ཚིག་དེ་ག་རང་ཡིན་ལ། བོད་དཔེའི་འགྲེས་བཀབ་སྟེ་ཞུས་དག་བྱེད་འདྲ་བྱུང་ན། ལེགས་ལྡན་ནག་པོ་དང་། བསེ་ཡི་ཁྲབ་ཅན་སོགས་ལེགས་སྦྱར་ལ་ཐུགས་རྒྱུས་ཞིབ་པའི་ཆོས་སྐྱོང་རྣམས་ཀྱིས་མགོ་མ་བཀས་ཀྱང་། འགྲམ་ལྕག་གཏོང་ངེས་པས་བག་ཡོད་པར་གྱིས་ཤིག །   ། །

དེ་ཡང་དུས་ཡུན་རིང་མོ་ཞིག་ནས་ལེགས་སྦྱར་བང་མཛོད་འདི་ལ་ཞུ་སྒྲིག་ལེགས་པོ་བྱེད་ན་བསམ་ཞིང་ཡོད་མོད། ནད་ཡམས་ལ་བརྟེན་ནས་ཐེམ་སྤང་གི་གླགས་བརྙེས་པས་སྤྲོ་བ་རབ་ཏུ་ཆེ། ད་ཆ་གཞུང་འདིའི་ལེགས་ལྡན་ནག་པོའི་གླུའི་སྐབས་བབ་ཡོངས་སུ་རྫོགས་པས། དོན་གཉེར་ཅན་དག་གི་སླད་དུ་ཟླ་བ་གཞོན་ནུའམ་སི་ནཱི་བཱ་ལཱིས་འདིར་དང་བ་ཆེན་པོས་སྤེལ་བ་དགེའོ། །

སྦྱོར་བ་འདི་ལ་བརྟེན་ནས་དགེ་ཆོས་ཀྱི་ལེགས་སྦྱར་བང་མཛོད་ཀྱི་འཕྲིན་ལས་སྔར་ལས་རྒྱས་པར་སྨོན།

༢༠༢༠།༨།༡༤ཉིན།