-->

Dec 28, 2012

སྙན་ངག་རྒྱན་གྱི་ཚིགས་བཅད་འགའི་བོད་འགྱུར་ཡོད་དོ།།




<<काव्यालङ्कार>>
<<སྙན་ངག་རྒྱན།>>
    
མཛད་པ་པོ།  རུ་དྲ་ཊ  (रुद्रट)
ཟླ་བ་གཞོན་ནུས་ལེགས་སྦྱར་ལས་བསྒྱུར།


སྙན་དངགས་ལེགས་པ་ངེས་སྦྱོར་བས།།  ཕུན་ཚོགས་སྡེ་བཞིར་མཁས་བྱེད་ཅིང་།།
སྒྱུ་རྩལ་ལ་ཡང་དགའ་བ་དང་།།   གྲགས་པའང་རབ་ཏུ་སྦྱིན་པར་བྱེད།།༢

འདུལ་བ་མེད་པའི་དཔལ་དང་ནི།།  ཟླ་བ་མེད་པའི་མཚན་མོ་བཞིན།།
དམ་པའི་སྙན་དངགས་མཁན་མེད་པའི།།  ངག་གི་བཀོད་པ་ཇི་ལྟར་འགྱུར།། ༤

བླ་མའི་མན་ངག་ལ་བརྟེན་ནས།།  བསྟན་བཅོས་བློ་དམན་རྣམས་ཀྱང་སློབ།།
སྙན་དངགས་གཏན་དུ་འགའ་ཞིག་སྟེ།། ལྷན་སྐྱེས་སྤོབས་པ་མངའ་ལ་འབྱོར།། ༥


རྒྱས་པ་མ་ཡིན་འཁྱོག་བརྗོད་མིན།།  རབ་དྭངས་སླ་བ་གཞོན་དང་ལྡན།།
ཐ་དད་འདི་ནི་རོལ་དབྱངས་ལྟར།།  ཉན་པ་ཁོ་ནར་སྙན་པ་ཡིན།། ༣༤

རྒྱན་དང་ལྡན་ཞིང་གྲོང་ཚིག་མིན།།  དོན་དང་ལྡན་ཞིང་རིག་པར་མཐུན།།
དཀའ་མིན་གོོ་ཌ་བ་ཡང་མཆོག།   གཞན་དུ་བེེ་ད་རྦྷ་ཡང་མིན།། ༣༥

ཤིན་ཏུ་ལ་སོགས་ཚད་ཀྱིས་ནི།།  ངག་གི་མཛེས་པ་བསྐྱེད་མ་ཡིན།།
སྒྲ་དང་དོན་གྱི་འཁྱོག་ཉིད་དུ།།  ངག་གི་རྒྱན་ནི་གནས་པར་འདོད།། ༣༦

དྲི་ཞིམ་མེ་ཏོག་འདི་ནི་གཟུང་བྱ་གྲོང་གི་འདི་ནི་སྤང་བར་བྱ།།
འདི་ཡི་འཚམས་པའི་གནས་ནི་འདི་ཞེས་དེ་ཡི་མཛེས་པ་འཛིན་བྱེད་པ།།
ཇི་ལྟར་མེ་ཏོག་ཕྲེང་རྒྱུད་ཀྱིས་ནི་ལེགས་པར་རྟོགས་ནས་ཕྲེང་བ་རྒྱུ།།
དེ་ལྟར་སྙན་ངག་སྦྱོར་བ་ཉིད་དུ་མངོན་བརྗོད་ལ་ནི་ནན་ཏན་བྱ།། ༥༩


སྐད་དོད།

रुद्रट: Rudrata
काव्यालङ्कार  : Kāvyālaṅkāra

མཆན་བུ།
སྤྱིར་ལེགས་སྦྱར་དུ་<<སྙན་ངག་རྒྱན>>་དུ་འབོད་པའི་སྙན་ངག་གི་གཞུང་གཉིས་ཡོད་པ་སྟེ། སྔ་མ་ནི་སློབ་དཔོན་དབྱུག་པ་ཅན་གྱི་སྔོན་ནམ་ཡང་ན་དུས་མཉམ་པའི་སློབ་དཔོན་གྲགས་ཅན་བྷཱ་མ་ཧས་མཛད་པའི་<<སྙན་ངག་རྒྱན>>་དང་། ཕྱི་མ་ནི་དུས་རབས་དགུ་བར་འཁྲུངས་པའི་ཁ་ཆེའི་སྙན་ངག་པ་གྲགས་ཅན་རུ་དྲ་ཊ་ཞེས་པས་མཛད་པ་དེ་ཡིན་ལ། འདིར་བསྒྱུར་ཡོད་པའང་ཕྱི་མའི་སྙན་ངག་གི་གཞུང་ལས་ཕྱུང་སྟེ་བསྒྱུར་བའོ།།


 ༡༢།༡༡།༡༥ལ།

Dec 19, 2012

སྙིང་གི་ཟུག་རྔུ།




ཟླ་བ་གཞོན་ནུ། 



ཀྱེ་མ། འཇིག་རྟེན་ལགས། ངས་ཁྱེད་ཀྱི་མེ་ཏོག་བཏོགས་པ་ཡིན།

ངས་དེ་བདག་གི་སྙིང་ཁར་སྦྱར་བ་དང་ཚེར་མ་ཟུག་བྱུང་།
ཉི་མ་ནུབ་ཅིང་སྲོད་རུབ་དུས། ངས་མེ་ཏོག་རྙེད་ཟིན་པ་ཤེས་བྱུང་ལ།
ན་ཟུག་ད་དུང་ལྷག་ཡོད་པའང་རྟོགས་བྱུང་།


ཀྱེ་མ། འཇིག་རྟེན་ལགས། མེ་ཏོག་དེ་ལས་མང་བ་ཞིག

ཁྱེད་ཕྱོགས་ལ་དྲི་བསུང་དང་ལྷན་དུ་སྤོབས་པ་དང་བཅས་ཏེ་ཐོན་འོང་ངེས་ནའང་།

ངའི་མེ་ཏོག་སྒྲུག་པའི་དུས་ཚོད་ནི་ཡོལ་ཟིན་འདུག

མུན་ནག་གི་མཚན་རིང་བརྒྱུད་ནས་བདག་གི་རྒྱ་སེ་མེ་ཏོག་མེད་པར་གྱུར་མོད་ཀྱང་།

དེའི་ན་ཟུག་གི་ཚོར་བ་ད་དུང་ལྷག་ནས་འདུག



བསྒྱུར།