-->

Oct 19, 2012

སྐྱབས་གསུམ། སརཎཏྟཡཾ། (සරණත්‌තයං)

1. සරණත්‌තයං

 



බුද්‌ධං සරණං ගච්‌ඡාමි;
ධම්‌මං සරණං ගච්‌ඡාමි;
සඞ්‌ඝං සරණං ගච්‌ඡාමි.

දුතියම්‌පි බුද්‌ධං සරණං ගච්‌ඡාමි;
දුතියම්‌පි ධම්‌මං සරණං ගච්‌ඡාමි;
දුතියම්‌පි සඞ්‌ඝං සරණං ගච්‌ඡාමි.

තතියම්‌පි බුද්‌ධං සරණං ගච්‌ඡාමි;
තතියම්‌පි ධම්‌මං සරණං ගච්‌ඡාමි;
තතියම්‌පි සඞ්‌ඝං සරණං ගච්‌ඡාමි.

සරණත්‌තයං [සරණගමනං නිට්‌ඨිතං (ස්‍යා.)]නිට්‌ඨිතං.
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།
པཱ་ལི་སྐད་དུ། སརཎཏྟཡཾ། (සරණත්‌තයං)
བོད་སྐད་དུ། སྐྱབས་གསུམ།

སངས་རྒྱས་ལ་སྐྱབས་སུ་མཆིའོ།།
ཆོས་ལ་སྐྱབས་སུ་མཆིའོ།།
དགེ་འདུན་ལ་སྐྱབས་སུ་མཆིའོ།།


ལན་གཉིས་པར་ཡང་སངས་རྒྱས་ལ་སྐྱབས་སུ་མཆིའོ།།
ལན་གཉིས་པར་ཡང་ཆོས་ལ་སྐྱབས་སུ་མཆིའོ།།
ལན་གཉིས་པར་ཡང་དགེ་འདུན་ལ་སྐྱབས་སུ་མཆིའོ།།


ལན་གསུམ་པར་ཡང་སངས་རྒྱས་ལ་སྐྱབས་སུ་མཆིའོ།།
ལན་གསུམ་པར་ཡང་ཆོས་ལ་སྐྱབས་སུ་མཆིའོ།།
ལན་གསུམ་པར་ཡང་དགེ་འདུན་ལ་སྐྱབས་སུ་མཆིའོ།།


སྐྱབས་གསུམ་༼སྐྱབས་སུ་འགྲོ་བ་རྫོགས་སོ།། (སྱཱ༠)༽རྫོགས་སོ།།
ཞེས་པ་འདི་ཡང་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ལ་ཉེ་བར་གནས་པ་དབུས་བོད་ཀྱི་གཙུག་ལག་རིག་པའི་སློབ་གཉེར་ཁང་གི་རིག་པ་དོན་གཉེར་བ་ཟླ་བ་གཞོན་ནུར་འབོད་པས་རང་ཤག་དགོས་འདོད་ཀུན་འབྱུང་དུ་གནས་བརྟན་སྡེ་བའི་ལུགས་ཀྱི་མདོའི་སྡེ་སྣོད་ཀྱི་ནང་ཚན་ཕྲན་ཚེགས་ཀྱི་སྡེའི་བྱེ་བྲག་ལུང་ཕྲན་ཚེགས་ལས་ཐོག་མར་གྱུར་བ་སྐྱབས་གསུམ་བགྱི་བ་བོད་སྐད་དུ་༢༠༡༠ལོའི་ཟླ་༩་བའི་ཚེས་༡༥་ཉིན་བསྒྱུར་བ་དགེའོ།།

Oct 15, 2012

ཟླ་བ་གཞོན་ནུས་"ཉེ་བར་མི་གནས་པ་"ཞེས་པར་འགྲེལ་དཔྱད་སྐྱོན་པ།



 
 
 
 
སྔོན་གྱི་རྒྱལ་བོ་གྲགས་པའི་གཟུགས།།
ངག་གི་རང་བཞིན་མེ་ལོང་ཐོབ།།
དེ་དག་ཉེ་བར་མི་གནས་ཀྱང་།།
རང་ཉིད་ཉམས་པ་མེད་ལ་ལྟོས།།
-----སློབ་དཔོན་དཎ་ཌཱིས།
 
རས་པས། དཎ་ཌཱིའི་ཚིག་དུམ་འདིའི་ཁྲོད་ཀྱི་ཉེ་བར་མི་གནས་པ་ཟེར་བ་ནི་ཅི་ཞིག་གི་དོན་རེད། མཁས་དབང་ཟམ་གདོང་པའི་ལྗགས་ཁྲིད་རེ་འགར་འདི་ཉིད་དྲངས་འདུག་ཀྱང་འདིའི་དོན་སེམས་ལ་འབབ་པ་ཞིག་ད་བར་མ་བྱུང་

ཟླ་བ་གཞོན་ནུ་ལགས། དཎ་ཌཱིའི་ཚིག་དུམ་ཉེ་བར་མི་གནས་པ་ཟེར་བ་ནི་ཚིགས་བཅད་འདིའི་ཁྲོད་ཀྱི་དཔེ་དོན་གཉིས་ཀྱི་དོན་བཤད་པའི་སྐབས་ཡིན་པ་རེད། དཔེ་ནི་མེ་ལོང་དུ་གཟུགས་བརྙན་ཤར་བ་དེ་ཡིན་པ་དང་ དོན་ནི་ངག་གི་རང་བཞིན་གྱི་མེ་ལོང་དུ་སྔོན་བྱུང་གི་རྒྱལ་བོའི་གཟུགས་བརྙན་ཤར་བ་བཤད་ཅིང་ དེ་བས་"དེ་དག་ཉེ་བར་མི་གནས་ཀྱང་"ཞེས་པས། མེ་ལོང་དུ་གཟུགས་བརྙན་འཆར་བ་ལ་འཆར་བྱ་གཟུགས་བརྙན་དེ་ངེས་པར་དུ་མེ་ལོང་དང་ཉེ་བར་གནས་ན་མ་གཏོགས་དེའི་བརྙན་པོ་མེ་ལོང་འཆར་ཐབས་མེད་ནའང་ ངག་གི་རང་བཞིན་གྱི་མེ་ལོང་དེ་ཙམ་མ་ཡིན་པར་དགེ་མཚན་ཁྱད་པར་དང་བཅས་ཏེ། དེ་དག་བྱ་བས་སྔོན་བྱུང་རྒྱལ་བོའི་བྱུང་བ་ནི་བྱུང་བར་གྱུར་ནས་ཡུན་ཤིན་ཏུ་རིང་བོ་ཕྱིན་ཟིན་པས་རྩོམ་རིག་གི་མེ་ལོང་ལས་ཧ་ཅང་ཐག་རིང་གིས་བསྐལ་ཅིང་ཉེ་བར་མི་གནས་པར་དུས་དང་བར་གྱིས་བསྐལ་ཡོད་བཞིན་དུའང་ སྔོན་བྱུང་གི་རྒྱལ་བོའི་གཟུགས་བརྙན་ནི་གྲ་མ་ཉམས་པ་གྲུ་མ་ཆག་པར་ཤར་འདུག་པ་ལ་ལྟོས་དང་ཞེས་བརྗོད་པའོ།།
མདོར་བསྡུས་ན་མེ་ལོང་དུ་གཟུགས་བརྙན་འཆར་བ་ལ་གཟུགས་བརྙན་དེ་ངེས་པར་ཉེ་བར་གནས་དགོས་པ་སྟེ། དཔེར་ན་ཁ་སང་གི་གཟུགས་བརྙན་དེ་རིང་མེ་ལོང་དུ་ཤར་ཐབས་མེད་པ་ལྟ་བུའོ།།
ཡིན་ནའང་ངག་གི་རང་བཞིན་ཏེ་རྩོམ་རིག་གི་རང་བཞིན་དུ་གྱུར་བའི་མེ་ལོང་འདི་ཉིད་དུ་འཆར་བྱ་སྔོན་གྱི་བྱུང་བ་དག་ནི་ཉེ་བར་མི་གནས་པ་ཉིད་དུའང་གསལ་གྱི་ལེར་འཆར་བའོ།། ཞེས་རྩོམ་རིག་གི་ནུས་པ་དང་དགེ་མཚན་དེ་མེ་ལོང་ལ་གཟུགས་བརྙན་འཆར་བ་ལྟར་གསལ་བར་དཔེ་བཞག་པ་དང་དུས་མཚུངས་སུ། དེ་ལས་ཀྱང་ཁྱད་པར་དུ་འཕགས་པར་དེ་དག་ཉེ་བར་མ་གནས་ཀྱང་ཞེས་ཀྱང་སྒྲས་ཉེ་བར་གནས་ན་ནི་སྨོས་ཅི་དགོས་པའི་དོན་ཤུགས་ལ་བསྟན་ནས། ཉེ་བར་མ་གནས་ནའང་ཉམས་པ་མེད་པར་འཆར་བའོ་ཞེས་དེང་སང་གི་སྐད་དུ་བྱས་ན་རྩོམ་རིག་གི་དགེ་མཚན་བླ་ན་མེད་པ་དེ་བརྗོད་ཀྱིན་པར་སེམས་སོ།།
 

རས་པའི་དུས་བའི་ཟིན་བྲིས་ལས་དྲངས།

Oct 10, 2012

རྩོམ་རིག་མཐའ་དཔྱོད།



གླེང་སློང་བ།

དེ་ཡང་རྒྱ་གར་འཕགས་པའི་ཡུལ་གྱི་སྙན་དངགས་མཁན་ཆེན་མོ་ནག་མོ་འཁོལ་ལགས་ཀྱིས་ཇི་སྐད་དུ།

སྒྲ་དོན་རབ་ཏུ་སྒྲུབ་པའི་ཕྱིར།།

སྒྲ་དོན་ཡོངས་སུ་སྦྱོར་བ་བཞིན།།

མཆོག་གི་དབང་ཕྱུག་དཀར་མོ་སྟེ།།

འཇིག་རྟེན་ཡབ་ཡུམ་བདག་གིས་མཆོད།།

ཅེས་པ་བཞིན་ངག་གི་རང་བཞིན་ཏེ་རྩོམ་རིག་གི་ཞིང་སྦྱོང་བ་ལ་སྒྲ་དང་དོན་ནི་ལྷ་ཆེན་དབང་ཕྱུག་དང་ལྷ་མོ་ཨུ་མ་ཕན་ཚུན་གཅིག་ལ་གཅིག་མེད་དུ་མི་རུང་བ་བཞིན་མེད་ཐབས་མེད་ཅིང་། ཆེས་ཆེར་མཁོ་བ་སྙན་ངག་གི་བསྟན་བཅོས་ཆེན་མོ་ར་གྷུའི་རིགས་ཀྱི་མཆོད་བརྗོད་དུ་གསལ་བར་བསྟན་ཅིང་། དེ་ཉིད་ལ་གསལ་འདེབས་པའི་ཚུལ་ལམ་ངག་གི་རང་བཞིན་ནམ་ངག་གི་ཉེ་བར་བཀོད་པ་འདི་ལ་བརྟེན་ཏེ་འཇིག་རྟེན་གྱི་སྐྱེ་བོའི་ཡིད་ཀྱི་མུན་པ་མཐུག་པོ་ནི་འདི་ཉིད་ཀྱིས་བཅོམ་པའི་ངང་ཚུལ་དག་སློབ་དཔོན་དབྱུག་པ་ཅན་དེ་ཉིད་ཀྱིས་ཀྱང་། སྙན་ངག་གི་གཞུང་ཆེན་མོ་མེ་ལོང་མར།

གལ་ཏེ་སྒྲར་བོད་སྣང་བ་ཡིས།།

འཁོར་བ་གསལ་བར་མ་བྱས་ན།།

འཇིག་རྟེན་གསུམ་པོ་མཐའ་དག་འདི།།

སྨག་རུམ་མུན་པ་ཉིད་དུ་འགྱུར།། ཞེས་པ་བཞིན་ཤིན་ཏུ་གསལ་བའོ།། དེ་ཡང་བོད་རང་ལའང་རྩོམ་རིག་གི་གཞུང་དང་བསྟན་བཅོས་ལྷུན་པོའི་གཏོས་དང་མཉམ་པ་མེད་པ་ནས་ཡོད་པར་གྱུར་ཅིང་དེ་དག་ཏུ་སྒྲ་དོན་གྱི་གལ་གནད་ཀྱི་སྐོར་ནས་གསུངས་པ་ཤིན་ཏུ་ནས་མང་མོད་ཀྱང་། ད་ལན་གནའ་དེང་གི་སྙན་ངག་མཁན་དག་གིས་མགྲིན་གཅིག་ཏུ།

སྙན་ངག་ལ་ནི་ཟློས་གར་མཛེས།།

དེ་ལ་བྱ་ཀུན་ཏ་ལཱ་མཛེས།།

དེ་ལ་ཡན་ལག་བཞི་བ་མཛེས།།

དེར་ཡང་ཚིགས་བཅད་བཞི་ནི་མཛེས།། ཞེས་འགྲམ་པ་རུས་པའི་འཕྲུལ་འཁོར་ཡང་བྲུལ་ལ་ཁད་དུ་སྐྱོར་ཞིང་ཟློས་པར་བྱེད་ཅིང་། དཔེ་འགོད་པ་ལ་དེ་ཉིད་མཁས་སོ་ཞེས་སྙན་པའི་གྲགས་པ་ནི་ནོར་འཛིན་བུ་མོ་ཁྱོན་ཀུན་ཏུ་ལྡིར་བར་བྱེད་པའི་སྙན་དངགས་མཁན་ནག་མོ་འཁོལ་ལགས་ཀྱི་ཟློས་གར་གྱི་བསྟན་བཅོས་གྲགས་ཅན་བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་བྱ་བའི་བརྗོད་སྙིང་རགས་ཙམ་བོད་གངས་ཅན་གྱི་ཀློག་མཁན་དག་གི་བགོ་སྐལ་དུ་འབུལ་བའི་སླད་དུ་དེ་དག་རེ་ཞིག་བསྐྱུངས་ཏེ་འདི་ཉིད་ཀྱི་ཕྱིར་བརྩོན་པ་བསྐྱེད་པར་བྱའོ།།

བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་ཞེས་པའི་ཟློས་གར་འདི་ཉིད་ཡན་ལག་བདུན་གྱིས་གྲུབ་ཅིང་རི་དྭགས་རྣམས་ཇི་དགར་རྒྱུ་ཞིང་དཀའ་ཐུབ་པ་དག་ནི་རྩེ་གཅིག་གི་བསམ་གཏན་ལ་མངོན་པར་བརྩོན་པའི་དབེན་པའི་ནགས་ཚལ་དུ་ལྷུང་ལྷུང་འབབ་པའི་ཆུ་མོ་ཕྲེང་ལྡན་གྱི་འགྲམ་རྒྱུད་དུ། འཛུམ་པའི་གྲོང་གི་ས་སྤྱོད་དུཤྱནྟ་དང་དྲང་སྲོང་ཆེན་མོ་འཇིག་རྟེན་བཤེས་གཉེན་དང་མེེ་ནཱ་ཀ་གཉིས་ལྷ་ཡི་དབང་བོའི་བསླུ་བྲིད་ཀྱིས་གཅིག་ཏུ་འདུས་པ་ལས་བྱུང་བའི་བུ་མོ་ཤ་ཀུན་ཏ་ལཱ་སྟེ་བྱ་ལེན་མ་གཉིས་ཀྱི་བར་དུ་བྱུང་བའི་བརྩེ་དུང་གི་གཏམ་རྒྱུད་སྲོག་ཤིང་དུ་བྱས་ཤིང་། དྲི་ཟའི་ཆོ་གས་གཉེན་གྱི་དགའ་སྟོན་ལ་ཡོངས་སུ་རོལ་རྟིང་ས་སྤྱོད་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་པས། ཉིན་ཞིག་ལ་བྱ་ལེན་མས་ཉིན་རྒྱུན་བཞིན་རང་གི་དགའ་བོ་གཅེས་པ་དྲན་པའི་རི་ཀླུང་རིང་དུ་མྱུལ་བས་རང་ཉིད་ཀྱི་ཕ་ཚབ་དྲང་སྲོང་ཀཎ་ཝའི་མགྲོན་གྱི་དང་མ་ཕེབས་པར་ཡང་སྣེ་ལེན་བྱེད་པ་གཡེལ་བར་གྱུར་བ་ཉིད་ཀྱིས། རབ་ཏུ་ཁྲོས་པའི་དྲང་སྲོང་ངན་གནས་ཀྱིས་སུ་དྲན་གྱིན་པ་དེས་ཁྱོད་རངགཏན་དུ་བརྗེད་པར་གྱུར་ཅིག་ཅེས་དམོད་པ་བོར་བས་རྟིང་སོར་བྱ་ལེན་མས་མངལ་གྱི་སྙིང་བོར་གྱུར་བའི་རྒྱལ་བུ་བཙའ་བར་ཡབ་ཀྱི་བཀའ་དང་གནང་བ་བཞིན་ཕོ་བྲང་དུ་ཕྱིན་ནའང་རྒྱལ་བོས་ཁོང་མོ་མངོན་པར་མ་ཤེས་པའི་གཏམ་རྒྱུད་ཀྱི་དཀྱོགས་མཚམས་འགངས་ཆེན་དེ་ལྟ་བུ་ཡང་སྙན་དངགས་མཁན་གྲགས་ཅན་འདིའི་ཀུན་རྟོག་ལས་དེ་ལྟར་བྱུང་ཞིང་། བྱ་ལེན་མའི་གྲོགས་མོ་གཉི་གས་དམོད་པ་འབོར་གྱིན་པ་ཐོས་པ་དང་སེམས་ཀྱིས་མ་བཟོད་པར་ལྷག་བསམ་ཐག་པས་གཟོད་པར་གསོལ་ཞེས་དྲང་སྲོང་ངན་གནས་ལ་གསོལ་བ་བཏབ་ཙ་ན་དྲན་པའི་རྟེན་ཞིག་རྒྱལ་བོར་བསྟན་པར་གྱུར་ན་དམོད་པའི་ནུས་པ་རང་བཞིན་གྱིས་ཞིག་འགྲོ་བའི་ཁས་ལེན་གྱིས། དམོད་པ་འཇུན་པར་བྱས་པའི་ཡིད་འགུལ་བླ་འཁྱེར་གྱི་སྒྱུ་རྩལ་བརྩམས་ཆོས་འདི་ཉིད་ནི་རོ་ཉམས་ཀྱིས་ཕྱུག་ཅིང་འགྱུར་བས་གཏམས་པས་གནའ་དེང་གི་མཁས་པས་མགྲིན་གཅིག་ཏུ་བསྟོད་པ་བགྱིས་པ་ལའང་དམའ་ཕབ་པའི་ཉམས་སྣང་ཤར་བ་ལྟ་བུའི་སྙིང་ཁམས་ཆེ་ཐལ་ཤོར་བའི་ཡིད་བྱེད་ཀྱང་འབྱུང་བར་འགྱུར་ལ། སློབ་དཔོན་དཎ་ཌཱིས།

སྔོན་གྱི་རྒྱལ་བོ་གྲགས་པའི་གཟུགས།།

ངག་གི་རང་བཞིན་མེ་ལོང་ཐོབ།།

དེ་དག་ཉེ་བར་མི་གནས་ཀྱང་།།

རང་ཉིད་ཉམས་པ་མེད་ལ་ལྟོས།། ཞེས་པ་དང་།

མཁས་པས་ཡང་དག་རབ་སྦྱར་བའི།།

ངག་ནི་འདོད་འཇོ་བ་རུ་བཤད།། ཅེས་པ་སོགས་པའི་ཚིག་འདི་དག་ནི་སྙན་ངག་མཁན་འདི་ཁོ་ན་ཉིད་ལ་དམིགས་པ་མིན་ནམ་སྙམ་པ་ཤར་བ་ནི་རབ་བསྟོད་དོ།།



མཐུད

Oct 8, 2012

འབྲུག་ཡུལ་ནས་ལྷ་ས་དྲན་པ།




                                              ཙོང་ཁ་ཚེ་བརྟན་རྒྱལ།     རྡ་ས།



                                   ༡
མ་གཞིར་ཁྱོད་ལ་བསྐུར་པའི་འཕྲིན་ཡིག་ཏུ་ལྷ་ས་ཐེངས་གཅིག་གླེང་ན་འོས། ཉམ་ཆུང་པའི་སྤྲེའུ་དེ་དང་གཏུམ་དྲག་པའི་སྲིན་མོ་དེ།  གར་སོང་ཆ་མེད་དུ་གྱུར།
ངའི་དྲན་གདུང་དང་ངའི་མིག་ཆུ།  ཡོད་ཚད་ཀྱི་ཡོད་ཚད་ལ་ནག་ཉེས་ཆེ་ན། ངའི་མིག་ཆུས་ཁྱོད་ཉིད་གཤེར་མི་ཐུབ་ལ།  ངའི་དྲན་གདུང་གིས་ཁྱོད་ཉིད་དབྲབ་མི་སྲིད་ཀྱང་།  ཡིད་སེམས་ཀྱི་གཏིང་སར་རུ་རེ་སྒུག་ཅིག་ཡོད་ཚུལ་ཡུན་རིང་དུ་ངོམ།
ཡུན་རིང་པོར་བཟོད་སྒོམ་གྱིས་སྐྱེལ་ན། ཁ་དོག་ཤོར་པའི་བཤད་རྒྱུན་རིང་མོ་ཞིག་ལས་བསལ་བསམ་རུང་། སྐྱོ་བའི་སྐྱོ་སྣང་གིས་དྲན་ཆོག་པའི་ལྷ་ས་མ་དྲན།

                                         ༢
མཆི་མས་གཡོགས་པའི་ངོ་གདོང་ལ།    སྙིང་རྗེ་ཡིས་ཕྱི་མིག་གཟིགས་དང་།
ལས་དབང་འདིེར་འཛུམ་དམུལ་དམུལ་གྱིིས་སྲུང་ཆོག་ཚེ།  མི་ཚེ་འདི་སྐྱོ་ལྷང་ལྷང་གིས་འགྲོ་པ་ཅི།
ངུ་སྟངས་ཤིག་ཡར་ལུང་གཙང་པོས་ཚོར་ཡོད་ན། གནའ་བོའི་ཚོ་ཁག་གི་སྣང་བརྙན་རབ་རིབ། བཤད་འཕྲོར་ལུས་པའི་སྙིང་གཏམ་དུ་འཇོག་འོས།
སའི་གོ་ལའི་སྒང་དུ། ཁྱོད་ནི་ཡུལ་ཤོར་པ །  ཞེ་ས་ཐེངས་གཅིག་མྱོང་པའི་སྐལ་བ་དབེན།
སའི་གོ་ལའི་སྒང་དུ། ཁྱོད་ནི་ཡུལ་འཁྱམས་པ ། སྙན་འཇེབས་དབྱངས་ཀྱི་འགྱུར་ཁུགས་སུ་བཞུར་ཁག།

                                          ༣
ཤ་དང་མཆིན་པ་བརླན་པའི་སྤྲེའུ་དང་སྲིན་མོའི་བརྩེ་དུང་གི་མཇུག་བྱང་དུ།  རེི་རེ་གནའ་སྔ་མོར་བཅོལ །
རེ་རེ་འུར་ཟང་ཟིང་།  རེ་རེ་ལ་ངོ་མཚར་དུས ། ཡུལ་མཐའ་འཁོབ་ཡར་ལུང་ལ་ལོག་ནས།  བོད་སྐད་ཀྱི་དམངས་་གླུ་ཞིག་སྐད་གསེངས་མཐོན་པོས་བཏེགས་འདོད།
དམངས་གླུ་རུ།   མཁའ་མཐའི་སྐར་མ །མཚན་མོའི་རྫི་བོ། དམངས་གླུ་རུ།ལ་ཁའི་དར་ལྕོག། རྩ་ཐང་གི་སོ་སྲུང་།
རེ་རེ་ལ་ཚོར་སྣང་སྤྲོས་ན། རྨས་སྐྱོན་དུ་ཕོག་པའི་ཁྱོད་ཉིད་ནི་དྲན་ཆོག་པའི་ལྷ་ས་རེད།

                                        ༤
གསོལ་འདེབས་ཤིག་སེམས་ཀྱིས་བཟློས། སྔར་འོང་སའི་ལམ་བུ་སྐྱ་ཐིང་ཐིང་།
རེ་ལྟོས་ཤིག་མིག་གིས་འབུལ།  བར་ཆད་ཀྱི་སྐྱོགས་མཚམས་ནག་ཡོར་ཡོར།
ལྷན་འཛོམས་ཤིག་ལག་པས་གཉོར། དྲན་བཞིན་པའི་ལྷ་ས་ཁུ་སིམ་སིམ།
ཀྱེ་ཀྱེ།  བྱེའུ་ཆུང་ཞིག་གི་ཚལ་གྱིས་གཤོག་ཟུང་བརྐྱངས་ཏེ།   ཉི་ཟླའི་ འོད་མདངས་བཀྲ་པའི་གནམ་སྔོན་པོ།  སྲིད་པ་འདི་རུ་མེད་སོང་།

                                          ༥
ཡོད་ཚད་སྟེས་དབང་དུ་གྱུར་ན། མིག་ཟུང་ཟིམ་ཟིམ་གྱིས་མ་བཙུམ ། རྨི་ལམ་ཚར་གཅིག་གི་འགོ་རུ། ཁྱོད་ནི་ཆར་ཆུ་འཇོམས་པའི་ཐང་ཀ་
ཞིག་གི་སྟེང་དུ་གསོན། སྤྲང་བོ་ནང་བཞིན་མཐེ་བོང་བསྒྲེངས་ཀྱང་།ཅི་ཞིག་རྙེད་ཐུབ།
རྨི་ལམ་ཚར་གཅིག་གི་མཇུག་ཏུ།  ཁྱོད་ནི་རླུང་འཚུབ་ཀྱིས་ཁུར་པའི་སྙན་ངག་ཅིག་ཏུ་ཤི། ཡུགས་ས་ནང་བཞིན་ངུས་ངུས་ཀྱང་། གང་ཞིག་ཐོབ་སྲིད།
ཡོད་ཚད་རང་ཉིད་ལ་བྲལ་ན། ཟུག་གཟེར་གྱི་མྱོང་པ་རང་སེམས་ལ་གསོག་དང་། གསེར་གྱི་ཕོ་བྲང་། མོན་གྱི་མགུར་གླུ་རུ་ཡོད་ཡོད་འདྲ།

                                   ༦
ཁྲག་གིས་སྦགས་པའི་ངོ་གདོང་། མིག་ཅེ་རེར་ངང་རྒྱང་རིང་ལ་མ་བོར།
རྟག་ཏུ་མགྲིན་པར་འཚང་པའི་དྲི་བ་འདིའང་ཆོས་སྐྱོང་སྲུང་མས་ མི་ཉན། སྨོན་ལམ་ལྟ་བུའི་གོ་རིམ་དུ། མགོན་སྐྱབས་ཤིག་གློ་བུར་དུ་འབྱོན་ཞིང་།
ཁྱོད་ལ་བྱིལ་བྱིལ་གནངས་པ་ནི །ཁྱོད་ཀྱིས་མི་རབས་ནས་མི་རབས་བར་དུ་བརྒྱུད་པའི་སྡུག་བསྔལ་བགྲང་རོགས།

                                           ༧
མགོ་བོ་བྲང་ལ་སྨད་ནས་མིག་ཆུ་མི་འཐུང་མ་གསུངས། དྲན་གདུང་གི་གནར་གཅོད་ལ་ཐར་ལམ་དགོས་ན།
སྐྲངས་འབུར་ཁེངས་པའི་གྲིབ་ནག་ལ་གཡས་སྐྱོར་གཡོན་སྲུང་གི་བསོད་ནམས་ཉམས་དུས། སྐྱབས་འཇུག་ཅིག་སུ་ལ་ཞུ་འོས།
སྐྱབས་སུ་མཆོད་པའི་ལྷ་དང་ལྷ་མོ་ལགས།
ཁོ་ལ་སྐྱིད་པའི་ རྨི་ལམ་གནོངས་དང་།  ཁོ་ཡི་མཚན་མོ་ནི་སྨག་རུམ་གྱིས་བསྐོར་ཞིང་། ཁོའི་མིག་ཟུང་དུ་འདས་དུས་ཀྱི་གཟུགས་བརྙན་ཞིག་འཆར།

                                          ༨
ལོ་གསར་གནམ་དགོང་གི་རྨི་ལམ་དུ་སིམ་པའི་ཁྱོད། བཙོན་ནས་ལྕེབས་པའི་ད་ཕྲུག་དེ་མིན་འདོད།
མར་མེ་ཁྲོམ་བསྐོར་རུ་ཞེད་སྣང་ཞིག་གམ་སྐྱོ་སྣང་ཞིག་ཁོ་བོར་འཕྲད།
མུན་པའི་ཚོགས་མར་མར་བཞུར་དུས།  ས་ཆེན་གྱི་པང་དུ་འཐིམས་པའི་རྣམ་ཤེས་དེ་ཁྱོད་མིན་བསམ།  དམྱལ་བ་འདྲ་པའི་བཙོན་ཁང་དུ་མཐའ་མའི་ཁ་
ཆེམས་ཤབ་ཤུབ་སུ་ལ་བསྐུར།
སྙིང་གསེབ་ལ་ཟུག་རྔུ་རྡེབ་ཐེངས་རེར།    འཁྲེང་ཞེན་གྱི་དབུགས་རིང་ ཁྲོད་དུ །   ཞེན་ཆགས་ཀྱི་རྒྱང་མིག་དྲུང་དུ།   ད་དུང་རེ་སྨོན་གྱི་རི་མོ་རུ།
ཁྱོད་རང་འགྱེལ།   ཁྱོད་རང་གཡོ།  ཁྱོད་རང་འཁྱུག།

                                            ༩
ཚེ་གཅིག་ལུས་གཅིག་གཞན་ཡུལ་ནས་རྒས་ན། གནོངས་འགྱོད་ཀྱིས་བྲན་གཡོག་གྱུར་སྲིད།
མི་མངོན་པའི་བར་ཐག་རིང་མོས །ང་ཡང་རང་དབང་མེད་པ་ལྟར། སོང་ཟིན་པའི་རྐང་ལམ་ཕྲ་མོར་ཡང་བསྐྱར་ཞུགས། ལམ་གྱི་སྐྱོགས་
མཚམས་རེ་ནས་ཁྱོད་གཅིག་པུ་དྲན་རྒྱུ་ནི། གོ་ནོར་ཐེབས་པའི་ལས་དབང་མིན་སྙམ།
སེམས་ཁོང་དུ་སྨིན་པའི་མཛེས་སྡུག་རེ་རེ་ཨ།  མིག་ཟུང་གིས་མཇལ་པའི་དུས་ཆད་ཚེ་འདི་མེད་པར།
ཕལ་ཆེར་  སྐྱེ་བ་རྗེས་མ་ཆེས་ཐོག་མའི་སྨོན་ལམ་དུ་བསྒྲིགས་ནས།   ཆེས་མཐའ་མའི་འཐམ་འཁྱུད་ལ་དུང་སེམས་གྱེར་དགོས་ན།
ཁྱོད་ཀྱིས་དུས་ཡུན་རིང་པོ་ཞེས་འཁང་ར་མ་བྱེད།

                                           ༡༠
ཡུགས་ས་རུ་ལུས་པའི་བགྲེས་པོ་ཞིག་གི་སྐད་ཆའི་བརྗོད་སྙིང་དུ། དམར་པོ་རི་སྐད་ཅིག་གི་ས་འགུལ་ཁྲོད་དུ་ཉིལ།
ཡང་ན་ས་རྡུལ་གྱི་ཕུང་པོ་རུ་གྱུར་པའི་དམར་པོ་རི།ཕྱི་མིག་གི་རྒྱབ་ལྗོངས་སུ་མྱོང་དུས། སྨྲ་མི་ཤེས་པའི་སྐྱོ་ངལ་ཞིག་སེམས་ཀྱི་ཟབ་ས་རུ་རྩེན་ལ།
ཟླ་བོས་བསྐྱུར་པའི་ཡུགས་ས་དེ་ཁ་སང་གི་ཁྲིམས་ཁང་ལ་རྫོངས་བསམ།
གང་ལྟར།  མྱ་ངན་གྱི་ཁ་གཏད་དུ་འགྲེང་དགོས་པས།བཟློག་ཏུ་མེད་པའི་ཚོར་སྣང་དག་དུམ་བུམ་གཏུབས་དགོས་ཀྱང་།  ཁྱོད་ཀྱིས་ཅི་ཡང་མི་སྨྲ།
ཁྱོད་སྲུང་པའི་ལྷ་དམག་རྒྱང་དུ་བྱེར།


                                           ༡༡                   


ཕམ་དམག་ནི་ཕམ་དམག་རེད།  སྔར་ལྟར་གསང་དགོས་པ་གང་་ཡིན།
རང་ཉིད་ལ་སྐྲག་པའི་ལོ་ཟླ་རུ། རང་ཉིད་ནི་རང་གི་མགོན་དུ་མི་སྒོམ། གཏིང་ཟབ་པའི་ཁ་ཏའི་ཨག་འགྱུར་དུ།གང་ཞིག་ལྷང་ལྷང་དུ་བརྟོལ་སོང་།
འབོད་པ་ཁ་ཤས་སུ་འཕྱོ་པའི་ཁྱོད་ཉིད། ཐག་རིང་ནས་ཐག་ཉེ་རུ་བོས་འདོད་ཀྱང་།  འཛུམ་དམུལ་ཞིག་མི་ངོམ་ལ། སྐྱོ་གླུ་ཞིག་མི་ལེན།
ཧ་ཅང་ཁུ་སིམ་མེར་འཚོ་བ་ནི། ཚེ་གང་གི་་ལན་ཆགས་སུ་ཐོར་དུས།  ཁྱོད་ལ་ཅི་ཞིག་བཀའ་འདྲི་ཞུ།

                                             ༡༢
ངུ་ཤེས་པའི་ཁྱོད། ལུས་དྲོད་ཉམས་པ་ལྟར་མི་ཡུལ་ལ་གྱེས་ན། ཕྱི་མིག་མ་ལྟ།
གྱེས་པ་ལས་སུ་སྨིན་རུང་། སྐྱེལ་མ་རེ་ག་ལེར་བཙལ་ཚེ། མཆི་མ་རེ་སེམས་ཁོང་ལ་འགྲིལ་བཞིན། བཟློག་ཐབས་མེད་པའི་དུས་ཚོད་
ལ་ཕྱིར་དྲན་རིང་མོ་ཞིག་བཅོལ་ལམ།
ངུ་ཤེས་པའི་ཁྱོད་ལྷ་ས་རུ་འབྱོར་ན ། ནང་མ་ཁང་གི་སྦུག་ཏུ་མ་འཛུལ། ལོ་གསར་གྱི་གཏམ་རྒྱུད་ཅིག་ཧོར་དམག་གིས་བརྩམས་པས།
ལྷ་ས་ནི་དྲན་ཆོག་པའི་ལྷ་ས་ལགས།

                                                    ༡༣
མིག་འབྲས་གསེབ་ཏུ་རེ་སྒུག་ཟླུམ་པོ་ཞིག་གབ་ནས། མཚན་མོ་རེ་རེར་ཉུལ། ཁྱི་ཚོགས་ཀྱི་ངུ་ཟུག་གིས་གཉིད་མ་ཁུགས།
རྨི་ལམ་རྨིས་འཕྲོར་ལུས་པའི་མཚན་མོ་ཞིག་ལ།  དམག་རྟ་ཁྲི་ཕྲག་གིས་ཁྲག་དམར་གྱོན་ནས་རང་ཡུལ་ལ་ལོག།
འཚེར་སྣང་གི་མཚན་མོ་དེར། གཞོབ་དྲི་དང་ཁྲག་དྲི་འཐུལ་པའི་ཁྱོད་ཀྱི་ཉེ་ས་རུ་སུ་ཞིག་འགྲེང་ཡོད།སེམས་གསོ་ཙམ་སྒུག་པའི་ཁྱོད་ནི་ཁྱོད་དེ།
ད་ལྟ་རླུང་གི་རྒྱུ་ཕྱོགས་སུ་ཡམ་ཡོམ་དུ་གཡོ།

                                                   ༡༤
དྲག་རླུང་གིས་བཅོམ་པའི་ཁྱོད་ལ།  ངས་ཀྱང་སྔ་མོ་ནས་གདུང་སེམས་བྱོ་པའམ་འཇིག་རྟེན་གྱི་དཀར་ངོགས་སུ་ཁྲིད་ནས། མར་མེའི་སྨོན་ལམ་སྒྲུག།
ཉམས་སུ་མྱོང་པ་ཐམས་ཅད་བརྗེད་འདོད་མེད་པར། ནམ་ཡང་གླུ་བ་ཞིག་གི་གླུ་སྐད་དུ་འབབ་ན། ངས་ཀྱང་ཁྱོད་ལ་དགོས་པའི་དྲོད་འཇམ་གང་ནས་བཙལ།
གོམ་པ་རེ་རེ་ཤུགས་ཀྱིས་སྤོས། ལན་མེད་པའི་དྲི་བ་རེ་རེ་སེམས་ལ་རུབ་པས།  ང་ངུ་ཆོག་གམ།  ང་ཡང་ཐེངས་མང་པོར་ངུ་རུ་བཅུག་དང་།  དྲ
ག་རླུང་གིས་བཅོམ་པའི་ཁྱོད་ནི་བྲིས་མི་ཚར་པའི་སྙན་ངག་གི་བསླུ་བྲིད་དུ་གཏོགས།

                                           ༡༥
ནམ་ཞིག་སེམས་པ་ལ་ཨ་ཐང་ཆད་ན། འཁྱར་འཁྱོར་ངང་ལྷོ་རུ་ཉུལ་ཞིང་ཤར་རུ་འཁྱམ།
མིག་ཟུང་ལ་སེར་ཀ་གས་ཏེ།  མཛེས་རིས་ལྟར་འཁྱུག་པའི་ཁྱོད་ཀྱང་རེ་ལྟོས་སུ་དཀྲིས་ནས། སོང་ཟིན་པའི་རྒྱལ་རབས་ཤིག་ཡང་བསྐྱར་འབྱོན་ཏེ།
ཕོ་བྲང་དེ་མཐོ་རུ་ནས་མཐོ་རུ་བཞེངས་ན་བརྗིད་ཉམས་ལྡན།
ནམ་ཞིག་ཁ་བ་དང་མཉམ་དུ་ནང་དོན་མི་གཅིག་པའི་ལོ་ཟླ་དེ་ཚོ་དྲན་བཞིན་ཁྱོད་དྲན་དུས།  ཁྱོད་ཀྱིས་ས་རྡུལ་མནབས་པའི་ངོ་གདོང་ང་ལ་སྟོན་སྲིད།

                                                 ༡༦
ཚོར་བའི་མཐའ་རུ་འཁྱུད་པའི་ཁྱོད་ལ་མ་ཡུམ་སུ་ཡིས་གཅེས་ཕྲུག་ཏུ་གཉོར།  ངུ་སྐད་དང་ལྷན་དུ་ནར་སོན་རུང་།  དབུལ་ཕོང་གི་མིག་ཆུ་
ནམ་ཡང་སྐམ་མ་མྱོང་ལ། མིག་ཆུ་རུ་ལུས་པའི་མཇལ་འཛོམས་ཤིག། ཉིན་མཚན་གྱི་བར་ནས་ཟད་ཚར་ན། ལས་དབང་གི་བཀའ་བཀོད་ལ་ཡང་
ནས་ཡང་དུ་ཡིད་རྟོན་བྱེད་སྲིད།
དྲན་ཆོག་པའི་ཁྱོད།  ནམ་ཞིག་འཛུམ་དམུལ་གྱོན་ནས་ཚོར་པའི་ཉེ་ས་རུ་ལྷགས།  དེ་དུས།  གཏམ་གྱི་འགོ་བརྗོད་ཁྱོད་ཡིན།

                                              ༡༧
དམར་མཆོད་དུ་ཕུལ་པའི་རྣམ་ཤེས་རེ་རེ།  དབྱངས་གསལ་སོ་བཞིས་སྐྱོབ་ཐུབ་ན།  སླར་ཡང་ཐག་རིང་ཐག་རིང་ལ་མ་འགྲོ།
མྱ་ངན་གྱི་ཉིན་ཞིག་དྲན་པར་ཁྲོད་སླེབས་སྐབས། འཚིག་དྲི་མ་ཡལ་པའི་རུས་རྐང་རེ་རེ། ཕྱོགས་བཞི་མཚམས་བརྒྱད་ཀྱི་མཆོད་རྟེན་དུ་བཞེངས་པ་ཅིའི་ཕྱིར་བརྗེད།
རྣམ་ཤེས་རེ་རེ་ཁྱོད་ལ་དུང་པ་ནས། ཁྱོད་ནི་མཛེས་ཤིང་སྡུག་པའི་ལྷ་ཡུལ་བཞིན་རྒྱང་ཐག་རིང་།

                                           ༡༨
ངུ་སྟངས་ཤིག་བོར་སོང་། ཁྱོད་ཀྱིས་གཏན་དུ་གུ་ཡངས་མ་གཏོང་། སྙན་ངག་ཏུ་བྲིས་མྱོང་པའི་ཁྱོད་ནི་སྐུ་དྲག་གི་སྒེའུ་ཁུང་ལས་འཕྲོས་ཤིང་།
སྤྲོ་སྣང་རབ་ཏུ་འཕེལ་པའི་གསོལ་སྟོན་དུ་བཤམས།
ཁྱོད་ཀྱིས་ལྕགས་སྒྲོག་སིལ་སིལ་གྱིས་དཀྲོལ་དང་། འདར་སིག་སིག་གི་སྣང་བརྙན་ཡང་མཇུག་མ་བསྒྲིལ་པའི་ཟློས་གར་རུ་ཟུག་ན།
རེ་ཞིག་དྲན་མེད་དུ་འགྱེལ་། ཡུན་རིང་པོར།  དབུགས་རིང་དུ་འཁྱིལ།

                                            ༡༩
མུན་ནག་གིས་ཁྱོད་ཉིད་མཚན་མོ་གཞན་ཞིག་ལ་ཁྲིད་རྗེས།  སྔར་ལས་ཐེངས་གཅིག་མཐོང་ན་འདོད། ཁྱོད་ཉིད་གང་དུ་ཡོད།
མིག་བཙུམ་ནས་སེམས་ལ་སློང་ཡང་། ཁྱོད་ཉིད་ནག་ཡོར་ཡོར་གྱི་མུན་ནག་ལ་བསྲེས།
ཟླ་བ། ཟླ་བ།  མུ་མེད་ཀྱི་ནམ་མཁའ་ལས་འཁྱར་སོང་ན། ངས་ཀྱང་མུན་ནག་གོན་ནས། ཁྱོད་ཀྱི་གྲིབ་མ་རྨི་ལམ་དུ་བཅོལ།
ཤུགས་རིང་ཞིག་གིས་ཁྱོད་ནི་ཁྲག་བཞིན་དམར།

                                               ༢༠
རྒྱང་རིང་ལ་འཕུར་ཟིན་པའི་ཁྲུང་ཁྲུང་། ཁྱོད་ཀྱི་ལྷ་བྱ་ཡིན་པ་དྲན་དང་དྲན་མོད།
ན་བུན་ཐོར་པའི་ལོ་ཟླར། མིག་ཟུང་བཀོལ་ནས་བཙལ་བསམ་ཡང་། མིག་ཟུང་དུ་འཛུལ་པ་སུ་ཡིན།  རྒྱང་རིང་རྒྱང་སྨོན་དུ་བསྒྲིགས་ཀྱང་།
ཁྲུང་ཁྲུང་དེ་རྒྱང་རིང་ན་མེད།
རྒྱང་རིང་ལ་འཕུར་ཟིན་པའི་ཁྲུང་ཁྲུང་། དྲན་གླུ་ཞིག་གི་ཁུགས་སུ་འཁོར་རུང་། གཤོག་སྒྲོ་འཇམ་པོ་བྱང་རླུང་གིས་ཁུར་པ་ཨེ་མཐོང་།
མནར་གཅོད་ཅིག་འདི་ལྟར་ཚོར་སྣང་དུ་སྤུར་ན།  མྱ་ངན་རྫོགས་མེད་ཅིག་འདི་ལྟར་སུ་ལ་བཞག་སྟེ་འགྲོ།

                                                     ༢༡
རེ་བ་རུ་རེ་བ་ལྷག་མ་ཞིག་བཟུང་ན། སྙིང་བཞིན་ལྡིང་པའི་བཙན་པོ་ཚོ་ཕྱིར་འོང་མེད།
མིག་ཆུ་རུ་མིག་ཆུ་སྐྱུར་མོ་ཞིག་བསྐྱིལ་ན། མིག་བཞིན་འཕགས་པའི་བློན་པོ་ཚོ་ཕྱིར་འོང་མེད།
ཕམ་ཁའི་རེ་བ་བསྲུབ་སྐལ་ལྡན་ན།  སྐྱོ་སྣང་གི་མིག་ཆུ་གཞིབ་ཐབས་རེག་ན །  དྲན་གདུང་གིས་མཉེས་པའི་རྒྱང་ལྟ་རུ་ཁྱོད་རང་བཏུམ་སྲིད།
ཁྱོད་ཀྱི་མངལ་ལ་བརྫིས་པའི་ཁྲག་རྗེས་རིང་མོ ། དྲན་རྟེན་དུ་གཡེང་དགོས་པའི་ཡ་ཐོག་གི་དམག་འཁྲུག་མིན་པ་ཚོར།
རྣམ་ཤེས་ཕྲ་མོ་ཁྱོད་ལ་ཕྱོགས་པ་ནས། བཀའ་བཀོད་མེད་པར་ཐོར་སོང་པ་དྲན་ནམ།  ཁྱོད་ཀྱིས་ལན་གཅིག་གི་རྒྱང་འབོད་དུ་བཏུས་དང་།
རྣམ་ཤེས་སུ་བརྒྱུས་པའི་ཁྱོད་ཨང་།

                                                    ༢༢
དྲན་གླུའི་མཆོད་པ་རུ་ཁྱོད་གཅིག་པུ་བཤམས་ཀྱང་།  ཡིད་རྟོན་འཕེལ་པའི་གྲུ་ཁ་ཞིག་ཏུ་ཁྱོད་རང་མྱུར་བར་མི་མངོན།
ངུས་ངུས་ངུས་པའི་མིག་འབུར། སུ་ཞིག་གི་བརྩེ་དུང་དུ་བསྟན།  མག་མོག་གི་རུས་ཐལ་ལ་རྣམ་ཤེས་བྲལ་ཡང་། སྔར་བཞིན་སེམས་པ་ཐེངས་ཤིག་གླན།
ཆགས་འཇིག་རེ་རེ་ཁྱོད་དང་བསྡོངས་ཏེ། ངུས་མི་ཚར་པའི་ཁྱོད་ལ་སྦར་འབྲད་བྱེད་བཞིན་གང་དུ་གཏོར།

འབྲུག་བྷེའི་ཟིན་བྲིས་ལས་དྲངས།