-->

Sep 17, 2010

དོན་གྲུབ་རྒྱལ་རིག་པའི་དཔའ་བོར་གྱུར་ཚུལ།


དོན་གྲུབ་རྒྱལ་རིག་པའི་དཔའ་བོར་གྱུར་ཚུལ། 
ཁེ་ཕུ་སི་ཐེན། 
དཔལ་དོན་གྲུབ་རྒྱལ།

 དཔལ་དོན་གྲུབ་རྒྱལ་བོད་ཀྱི་དེང་རབས་རིག་པའི་དཔའ་བོར་ཇི་ལྟར་གྱུར་ཚུལ། 
 【ཨ་མེ་རི་ཀ】ཁེ་ཕུ་སི་ཐེན་གྱིས་བརྩམས། དགུ་རོང་སྤུན་གྲོལ་གྱིས་དབྱིན་བསྒྱུར་བྱས། 

 (དཔྱད་རྩོམ་འདི་ནི1999ལོའི་《རླུང་རྟ》དུས་དེབ་སྟེང་འཁོད་པའི་ཨ་རིའི་ཞི་ཁ་རྒོ་(Chicago)སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཁེ་པུ་སི་ཐེན་གྱིས་བྲིས་པ་ཞིག་རེད) 
ཀ 

དོན་གྲུབ་རྒྱལ་ནི་(1953-1985)ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་འཇེམ་སི་ཏིན་①ལྟར་དགག་སྒྲུབ་དང་རྒོལ་ལེན་གྱི་སྙིང་སྟོབས་ལྡན་པའི་དེང་རབས་བོད་ཀྱི་རིག་གནས་མཁས་ཅན་ཞིག་སྟེ། ཁོང་གི་བླ་མེད་ཀྱི་བརྩམས་ཆོས་དང་དུས་མིན་གྱི་འཆི་བ་དེས་ལོ་རབས་བརྒྱད་ཅུ་བའི་བོད་རིགས་གཞོན་ནུ་རྣམས་ཀྱི་བསམ་བློའི་སྙིང་སྟོབས་དང་ན་ཟུག་མཚོན་ཡོད། སྐུ་ཉིད་འདས་ནས་ལོ་ངོ་བཅུ་ཚན་གཅིག་དང་ཕྱེད་ཀའི་ནང་དུ་མི་རིགས་རང་གི་སྤྱི་ཚོགས་འཚོ་བ་དངོས་མཚོན་པའི་ཁོང་གི་སྔ་ཕྱིའི་བརྩམས་ཆོས་ཁག་དཔེ་སྐྲུན་བྱས་པ་བརྒྱུད། དོན་གྲུབ་རྒྱལ་གྱི་མཚན་སྙན་དེ་ཡང་བོད་ཁམས་ཡུལ་དུ་རང་བཞིན་གྱིས་གྲགས་པར་གྱུར། དེ་བཞིན་དུ་1994ལོར་པདྨ་འབུམ་གྱིས་སྡུད་སྒྲིག་བྱས་པའི་《དོན་གྲུབ་རྒྱལ་གྱི་ལྗགས་རྩོམ་ཕྱོགས་བསྒྲིགས》དང༌། ཧྥ་རན་སུའི་ཤར་ཕྱོགས་སྐད་ཡིག་ཆེད་སྦྱོང་མཐོ་རིམ་སློབ་གྲྭའི་དགེ་རྒན་ཆེན་མོ་བ་བདེ་སྦྱིན་བཟང་མོས་(Heather Stoddard)དབྱིན་ཡིག་གིས་བྲིས་པའི་《རང་སྲོག་བཏང་བའི་དེང་དུས་ཀྱི་རྩོམ་པ་པོ་དང་མཁས་པ་དོན་གྲུབ་རྒྱལ》ཅེས་པ་དེ་གཉིས་ཀྱིས། ཁོང་ཉིད་རྒྱ་ཆེའི་ཕྱི་སྡོད་བོད་རིགས་ཀློག་པ་པོ་རྣམས་ཀྱི་རྟོག་འཇུག་གི་ཀློང་དུ་ཁྲིད་པར་མ་ཟད། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་རྣམས་ཀྱང་བོད་ཡིག་དེང་རྩོམ་ཞིབ་འཇུག་ལ་ཕྱོགས་པའི་སེམས་ འགུལ་གྱི་སྙིང་རྩ་འཕར་ཞིང་ལྡིང་བར་བྱེད་པའི་ཤུགས་རྐྱེན་ཟབ་མོ་ཐེབས། འདས་པའི་ལོ་སྔོན་མའི་ནང་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་རླབས་ཆེན་མཁས་པའི་མཚན་ཐོབ་ཏུ་གནང་བའི་《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ》ཞེས་པ་དེ། དཔྱོད་ལྡན་རྣམས་ཀྱི་མཐུན་སྣང་དུ་གྲུབ་པའི་ལས་སྐལ་མངོན་དུ་གྱུར་པས།ཀུན་ཀྱང་ཁོང་གི་སྐར་མདའ་ལྟ་བུའི་མི་ཚེ་ནང་གི་ཆེས་རིན་ཐང་ལྡན་པའི་བརྩམས་ཆོས་རིང་ཐུང་ཀུན་གྱི་སྒྱུ་རྩལ་ལ་རོལ་མྱོང་དང་དགག་སྒྲུབ་བྱེད་པའི་ལྟ་གོན་ལ་ཕྱོགས་དང་ཕྱོགས་མུས་སུ་གདའ།འོན་ཀྱང་དེའི་ཐད་ཀྱི་ཁོ་བོ་རང་ཉིད་ཀྱི་བློ་འབྱེད་ཚོར་སྣང་གི་བྱུང་འཕེལ་ནི། ཁོང་གི་གསར་གཏོད་རང་བཞིན་གྱི་སྙན་ངག་དང་བརྩམས་སྒྲུང་དག་ལ་གལ་ཆེའི་རོལ་མྱོང་གི་ཤན་སྟོབས་ཆེ་བའི་དཔྱད་བརྗོད་པ་གཞན་དག་ལས་ཅུང་ཐ་དད་དུ་སྣང་སྟེ། 1985ལོའི་སྟོན་ཁར་ཁོ་བོ་ཨ་མདོ་སྐུ་ འབུམ་དགོན་པར་ཡུལ་བསྐོར་དུ་ཕྱིན་སྐབས། དགོན་པ་དེའི་ཡིག་རྙིང་ཁག་ཅིག་ལ་རྟོག་ཞིབ་བགྱིད་བཞིན་པའི་རྒྱ་ནག་གི་མཁས་པ་ཁྲིན་ཆིན་དབྱིན་ཟེར་བ་ཞིག་ལ་སྐབས་འཕྲད་བྱུང་སྟེ། ང་ཚོས་གླེང་མོལ་བྱས་པ་བརྒྱུད་ཁྲིན་ཆིན་དབྱིན་ཟེར་བའི་ཡིག་འབྲུ་དེ་དག་བོད་ཡིག་གི་ལམ་ནས་འབྲི་ཀློག་བྱས་པར་མ་ཟད། ཁོང་ཉིད་བོད་ཀྱི་ལོ་རྒྱུས་རིག་པའི་དགེ་རྒན་ཆེན་མོ་བ་ཞིག་ཡིན་པའི་ངེས་ཤེས་ཀྱང་ཅུང་ཙམ་རྙེད། དེ་ནས་ཉིན་ཤས་ཀྱི་རྗེས་སུ་པེ་ཅིན་མི་རིགས་དཔེ་ཚོང་ཁང་དུ་བསྐྱོད་སྐབས།དྲན་འཛིན་གྱི་ཡུལ་ན་རབ་རིབ་ཏུ་སྣང་བའི་རྒྱུས་མངའ་མཆིས་པའི་མིང་ཞིག་གི་གམ་དུ་ཕྱིན་ཏེ་འདྲེན་བྱེད་ཟུང་གིས་ག་ལེར་བལྟས་པ་ན་དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བརྩམས་པའི་《བོད་ཀྱི་བཙན་པོ་ཁྲི་སྲུང་ལྡེ་བཙན་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པ》ཞེས་པ་དེ་མངོན་བྱུང་བས། ཡིད་དགའ་བས་རབ་ཏུ་མྱོས་ཤིང་འདྲེན་བྱེད་ཟུང་གི་དབང་བོའི་རྦ་རླབས་དེ་བརྗོད་པ་དོན་གྱི་རྒྱ་མཚོའི་སྟེང་འཁྱོམས་ཤིང་འཁྲིགས་པར་བྱས་པ་ཡིན། དེའི་ཕྱིར་ཁོ་བོའི་བོད་ཡིག་དེང་རྩོམ་ཞིབ་འཇུག་གི་ཐོག་མའི་འཚོལ་སྙེག་དེ་དོན་གྲུབ་རྒྱལ་གྱི་ཕྱོགས་སུ་བསྒྱུར་ཏེ། ཁོང་ཉིད་བོད་ཀྱི་བཙན་པོ་རྒྱལ་རབས་ཀྱི་ལོ་རྒྱུས་རིག་པ་བ་ཞིག་ཡིན་པའི་འདུ་ཤེས་ཟབ་མོ་རྙེད་པ་དང་ལྷན་དུ། མཁས་དབང་ཁོང་རྣམ་གཉིས་ཀྱིས་བསྒྱུར་པའི་《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས》ལ་རྟོག་ཞིབ་རོལ་མྱོང་གི་ལས་ལ་འཇུག་སྐབས། ཁོ་བོའི་དཔྱོད་ཤེས་ཀྱི་ཚོར་འདུ་དེ་སྔར་ལས་ཤུགས་ཇེ་དྲག་ཏུ་ཕྱིན་ཏེ་རླབས་ཕྲེང་མཁའ་ལ་རྩེན་པའི་ཉམས་སྣང་ཞིག་བྱུང༌། དེ་ལྟ་ནའང་ལོ་རྒྱུས་དང་ཐུན་མོང་མ་ཡིན་པའི་སྙན་ངག་གི་སྲོལ་ཉམས་ལྡན་པའི་《མགུར་གླུའི་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས》ཞེས་པའི་ཁོང་གི་རབ་འབྱམས་པའི་ཆེད་རྩོམ་(Master’s Dissertation)དེས་དོན་གྲུབ་རྒྱལ་ནི་བླ་མེད་ཀྱི་དྲན་དབང་ཞིག་ཡིན་པར་མཚོན་ཞིང༌། དེར་ལོ་ངོ་དུ་མའི་རིང་མངོན་སྣང་གི་ཡུལ་དུ་མ་གྱུར་པའི་མགུར་གླུའི་བྱུང་རིམ་དེ་དག་བསྲེགས་བཅད་བརྡར་པའི་གསེར་བཞིན་གསལ་འགྲེལ་གྱི་རང་བཞིན་ལྡན་པ་དང༌། རྣམ་ཐར་དང་རྟོགས་བརྗོད།གནའ་མགུར་སོགས་དཔྱད་གཞིར་བྱས་པའི་གདོད་མའི་བོད་ཀྱི་མགུར་གླུའི་དཔྱད་མྱོང་གི་གྲུབ་ཆ་གལ་ཆེན་འདུས་འདུག །གཞན་གྱི་ཡིད་འཕྲོག་པའི་ཁྱད་འཕགས་རང་བཞིན་གྱི་དོན་གྲུབ་རྒྱལ་གྱི་རྩོམ་གཤིས་ཀྱི་སྒྱུ་རྩལ་དེ་ལྟ་བུའི་བོད་ཀྱི་སྙན་ངག་པའི་བརྩམས་ཆོས་ཤིག་མིག་སྔར་ཚོར་ཤེས་ཀྱི་ཡུལ་དུ་མ་གྱུར་པས། ཁོང་ནི་འདས་པའི་ལོ་རྒྱུས་ནང་གི་སྒུལ་ཤུགས་ཤིག་དང་ད་ལྟའི་རྩོམ་རིག་གར་སྟེགས་ཁྲོད་ཀྱི་གསོན་ཉམས་ཤིག་ཡིན་པར་ཁོང་གི་བསམ་བློའི་འདུ་ཤེས་དང་འབྲེལ་བའི་བརྩམས་ཆོས་དག་ལས་གསལ་བོར་ངེས་ཐུབ། དོན་གྲུབ་རྒྱལ་གྱི་གསར་གཏོད་ཁྱད་ལྡན་གྱི་རྩོམ་རིག་ཁག་ཁོ་བོའི་དྲན་ཤེས་ཀྱི་ཡུལ་དུ་བསྐྱོད་སྐབས། རྩོམ་པ་པོ་ཁོང་ཉིད་གུ་དོག་པའི་ལོ་རབས་བརྒྱད་ཅུ་བའི་ཁོར་ཡུག་དེའི་འོག་ནས། རྟོགས་སད་ལས་འགུལ་དང་རྗེས་ལུས་ཕྱིར་ལྡོག་གི་འགུལ་བསྐྱོད་ལ་བརྩོན་པའི་སྲ་བརྟན་ཆོད་སེམས་ཀྱི་སྙིང་སྟོབས་དེས། ཁོ་བོར་ལན་གཅིག་ཙམ་མིན་པར་སྐབས་དུ་མར་ཁོང་ལ་ཡིད་སྨོན་འཆོར་བའི་ཚོར་ཤེས་ཤིག་སྦྱིན་འོང༌། ཡིན་ནའང་བོད་ཀྱི་སྤྱི་ཚོགས་ནང་ཆེས་རྒྱུན་འབྱམས་སུ་གནས་པའི་ཀླད་རྙིང་མཁྲེགས་འཛིན་གྱི་ལྟ་སྤྱོད་ལས་མངོན་པའི་སྲོལ་ངན་དག་ལ་དགག་སྒྲུབ་དང་ཐེར་འདོན་བགྱིས་པ་དེས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གནས་བབ་དང་འཕེལ་རྒྱས་ལ་བཀག་རྒྱ་བཟོས་ཚུལ་གྱི་གཏམ་བསྙད་མཁན་དེ་དག་གིས་སྲོལ་རྒྱུན་རིག་གནས་ཀྱི་ངོ་བོ་རང་བཞིན་དེ་ཇི་བཞིན་མ་རྟོགས་པའི་མཁས་རྫུན་གྱི་བརྡ་རྟགས་ཤིག་གསལ་བར་བསྟན་ཡོད། 

ཁ 

ཁོང་གི་སྒྲུང་ཐུང་《སེམས་གཅོང》(Disease of the mind)ཞེས་པ་ནི་ཁོ་བོར་དོན་གྲུབ་རྒྱལ་གྱི་མཁྱེན་དཔྱོད་ཤེས་སུ་འཇུག་བྱེད་ཀྱི་བརྩམས་སྒྲུང་ཡག་ཤོས་ཤིག་ཡིན་ཏེ། དེར་ལྷན་སྐྱེས་ཀྱི་ཕོ་མོའི་རང་དབང་གི་དུངས་སེམས་ཤིག་ལ་ཆག་གྲུམ་ཤོར་བའི་དཔྱད་མྱོང་གི་བརྗོད་པ་ཞིག་གིས། ཐུན་མོང་མ་ཡིན་པའི་རྩོམ་རིག་སྒྱུ་རྩལ་གྱི་མཛེས་དཔྱོད་དང་ལྷན་དུ་བློ་ཡུལ་ལས་འདས་པའི་བཀག་སྡོམ་དང་རང་སྲུང་མང་བོ་ཞིག །ལང་ཚོ་སྨིན་པའི་གཞོན་ནུ་མ་བདེ་མཚོའི་བསམ་སྤྱོད་ལས་ཐེར་འདོན་བྱས་པར་མངོན་ཞིང༌། བྱུང་རིམ་ཁྲོད་ཀྱི་མི་སྣ་སློང་སྐྲུན་གྱི་སྣང་བརྙན་དང་ཡིད་འགྱུར་མཚོན་པའི་བྱ་སྤྱོད་སོགས་ཀྱིས།བུ་མོ་གཞོན་ནུ་མ་ཞིག་གི་བདག་དང་འབྲེལ་བའི་བསམ་པའི་ཐོབ་ཤོར་ཞིག་རྩོམ་པ་པོའི་ཀུན་རྟོག་གི་མལ་ལས་གཉིད་སད་དེ་ཡིད་ཕངས་པའི་ཚོར་བ་ཞིག་ཡུན་གྱིས་སྟེར་བར་མ་ཟད། བརྩམས་སྒྲུང་དེའི་མགོ་མཇུག་བར་གསུམ་དུ་སིམ་པའི་ལང་ཚོ་སྨིན་མ་ཐག་པའི་བུ་མོ་དེའི་འཇིག་རྟེན་སྣང་བ་ལ་དུངས་པའི་དགའ་སྐྱོ་ཟུང་གི་ཚོར་འདུ་མཚོན་པའི་སྐད་ཆའི་སྣང་བརྙན་གྱིས་ཀྱང་ང་ཚོའི་སེམས་སུ་འཇགས་མི་ཐུབ་པའི་ཚོར་ཤུགས་ཞིག་བསླངས་ཤིང༌། སྒྲུང་གཏམ་དེའི་ལུས་ཧྲིལ་བོར་སྙན་འཇེབས་ཚིག་གི་སྦྱོར་བས་སྤྲོས་ཏེ་གོ་བདེ་བའི་ཨ་མདོའི་ཁ་སྐད་ཀྱིས་ཡོངས་སུ་བརྒྱན་འདུག །འདིར་བདེ་མཚོ་བརྩེ་དུངས་ཀྱི་གཏིང་མཐར་ཟགས་བཞིན་པའི་བརྗོད་པ་ཞིག་ལ་རོལ་མྱོང་བྱས་ན་འདི་ལྟ་སྟེ། སྐབས་དེར་ང་ཡང་ལུས་ཡོངས་ངོ་ཚས་མནན་ཏེ་མགོ་བོ་ཡར་འདེགས་པའི་ནུས་པ་དང་བྲལ་ཀྱང་བརྩེ་གདུང་སེམས་ཀྱི་བྱེད་པོས་བསྐུལ་ཏེ་འདྲེན་བྱེད་ཟུང་ཁོང་གི་རྗེས་སུ་སྐྱེལ་མར་མངགས་ཞེས་པའི་བརྗོད་པ་དུམ་བུ་དེ་ཅི་འདྲའི་ཞེན་དུངས་ཀྱི་ཤུགས་ཆེ་ནའང༌། བདེ་མཚོའི་ཨ་ཕས་རང་གི་བུ་མོའི་ཐུན་མིན་གྱི་ཁེ་དབང་དང་འདོད་མོས་ལ་ཚོད་འཛིན་བྱས་ཏེ་བུ་མོའི་གཉེན་དོན་དེ་ཁོའི་མོས་པ་བཞིན་སྔོན་ཚུད་ནས་ཁ་ཆད་བྱས་པས། དགའ་སྣང་གི་ཚོར་ཤུགས་རབ་ཏུ་བརྟས་པའི་གཞོན་ནུ་མའི་ལང་ཚོ་དེ་མནར་གཅོད་དང་སྡུག་བསྔལ་གྱི་ངོ་བོར་བསྒྱུར་བ་དང༌། ཟླ་བས་བདེ་མཚོའི་ཨ་ཕས་ཁ་ཞེ་གཉིས་མེད་ཀྱིས་རང་གི་བུ་མོའི་མ་འོངས་པའི་འཚོ་གནས་དང་བདེ་སྐྱིད་ཀྱི་ཆེད་དུ་སྤྱི་ཚོགས་སྟེང་གོ་གནས་ཡོད་པའི་མག་པ་ཞིག་འཚོལ་བའི་སྦྱོར་བ་ལྷུར་ལེན་པའི་ཆོད་སེམས་དང༌། སློབ་གྲྭའི་དགེ་རྒན་གྱི་སློང་ཆང་འཐུངས་ཟིན་པ་སོགས་ལ་རྐྱེན་བྱས་ཏེ་རང་གི་སེམས་གཏིང་གི་མཛའ་ན་མོ་བློས་བཏང་བ་དང་རེ་བས་ཁེངས་པའི་བདེ་མཚོའི་བྱ་བཞག་ལ་ཡིད་ཆད་དང་སྡུག་ཡུས་ཀྱི་ངང་ནས་མོས་མཐུན་བྱས། དེ་ལས་ལྡོག་སྟེ་ཟོལ་བཅས་ཀྱི་གཉེན་སྒྲིག་གོ་རིམ་ཁྲོད་དུ་མཛེས་ཤིང་སྡུག་པའི་གཞོན་ནུ་མ་དེ་ཁེར་རྐྱང་གི་ཨ་མ་ཞིག་གི་འཚོ་བར་གཞིས་ཆགས་པ་དང༌། ཕ་མས་བཀོད་འདོམས་འོག་གི་གཉེན་དོན་གྱི་བྱུང་བ་དེས་མོར་སྡུག་བསྔལ་གྱི་འཚོ་བ་ཞིག་བསྐྲུན་པས། དེ་འདྲའི་ཕྲུ་གུའི་འཚོ་གནས་ལ་འགན་འཁྲིའི་འདུ་ཤེས་མེད་པའི་ཁྱོ་ག་དང་ཁ་བྲལ་པའི་བུད་མེད་སྤྱིའི་རང་དབང་དང་ཐོབ་ཐང་ལ་འགན་འཁྲིའི་བསམ་བློ་གཏོང་དགོས་པ་དང༌།ལུགས་སྲོལ་རྙིང་བའི་གཉེན་དོན་འཛིན་ཚུལ་དེ་མཇུག་སྒྲིལ་དགོས་པའི་སྐུལ་བརྡ་ཞིག་མངོན་པར་གསལ་འདུག །དེ་བས་སྒྲུང་ཐུང་དེ་ནི་དེང་རབསཀྱི་ན་གཞོན་བུ་མོ་ རྣམས་གཉེན་སྒྲིག་མ་བྱས་སྔོན་གྱི་ཕོ་མོའི་བརྩེ་དུངས་ལ་སྙེག་པའི་སེམས་འདུན་དང་དེའི་བསླུ་བླིད་ལ་འཛེམ་དགོས་པའི་རྣམ་བཞག་འགྲེལ་བའི་སློབ་ཚན་ཞིག་གམ། ཡང་ན་སློང་སྐྲུན་གྱི་བྱེད་ནུས་ལྡན་པའི་སྒྲུང་གཏམ་ལེགས་ཤོས་ཤིག་ཀྱང་རེད། བརྩམས་སྒྲུང་དེའི་བྱུང་རིམ་ཁྲོད་ཀྱི་སྐད་ཆའི་སྒྱུ་རྩལ་ནི་སྤྱིར་བཏང་གི་རྣམ་པ་ལས་འགོངས་ཤིང༌། དཔེར་ན། ཕ་བོང་དཀར་བོ་འདི་ནི་ངའི་སེམས་ཀྱི་རྟ་རྒོད་འཛིན་པའི་འཆིང་ཞགས་དང་འདྲ་བར་ངའི་བརྩེ་གདུང་གི་འདུན་པ་དེ་གར་དབང་མེད་དུ་བཀྱིགས། ཕར་ཕྱོགས་ཀྱི་མི་དེ་ནི་རྔོན་པ་ཞིག་དང་འདྲ་བར་ངའི་སེམས་ཀྱི་རི་དྭགས་འཛིན་ཕྱིར་བྲེལ་འཚུབ་འཚུབ་ངང་ཚུར་ཡོང་བཞིན་འདུག །ཁོང་གི་གོམ་པའི་འདེགས་འཇོག་དང་བསྟུན་ནས་ངའི་སྙིང་ཁ་ཡང་བར་མེད་དུ་གཡུགས་བྱུང་བས་ན། སེམས་ཀྱི་བྲེལ་སྣང་དེ་ཟོལ་གྱིས་འགེབས་ཆེད་ངས་མགོ་ལ་དཀྲིས་པའི་སྐྲའི་ལན་བུ་གཉིས་མདུན་དུ་བླངས་ནས་སྐྲ་སྣེ་མདུད་ཁུལ་གྱིས་དེ་གར་མུ་མཐུད་ནས་བསྡད་ཅེས་པའི་བརྩེ་དུངས་ཀྱི་ཡིད་བརྙན་མཚོན་པའི་སྐད་ཆའི་སྒྱུ་རྩལ་དེ་ལྟ་བུས་ཀྱང༌། ཀློག་པ་པོའི་མིག་ལམ་དུ་ལོ་རབས་བརྒྱད་ཅུ་བའི་བོད་ཀྱི་འཚོ་བའི་ཁྲོད་དངོས་སུ་བྱུང་དང་འབྱུང་བཞིན་པའི་དོན་རྐྱེན་ཕྱིར་རྟོག་གི་རྟོག་བཟོའི་བརྗོད་པ་དེའི་ནང་སྲོག་ལྡན་གྱི་འགུལ་རིས་ཤིག་གིས་བྱ་བྱེད་སྤེལ་བཞིན་པའི་སྣང་བ་ཞིག་བཅོས་མིན་དུ་སྟེར། བུ་མོ་བདེ་མཚོ་ཕ་ཡུལ་རེབ་གོང་ནས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་རི་ལུང་གི་ལམ་ཕྲན་བརྒྱུད་ནས། གྲོང་ཁྱེར་ཆེན་པོ་ཟི་ལིང་དུ་ཡུན་རིང་ཁ་བྲལ་པའི་རང་གི་མ་འོངས་པའི་ཁྱོ་ག་འཚོལ་ཕྱིར། རྒྱུས་མེད་ཀྱི་ས་ཆ་འགྲིམས་ནས་མཚོ་སྔོན་མི་རིགས་སློབ་གླིང་དུ་ཕྱིན་པའི་བསླུ་བྲིད་ཀྱི་སྐྱོ་གར་ལ་སོགས་པའི་བརྗོད་དོན་ལས། དོན་གྲུབ་རྒྱལ་གྱིས་ཁོང་གི་མི་ཚེ་ ནང་དངོས་བྱུང་འཚོ་བའི་ཁྲོད་ཀྱི་བཙན་དབང་དང་སྒེར་གཅོད་ལ་བརྟག་ཞིབ་མཛད་ནས་དེ་དག་ཟློག་བྱེད་ཀྱི་འགན་འཁྲིའི་འདུ་ཤེས་དང་རིགས་ཤེས་ཤིག་ངེས་པར་ལྡན་དགོས་པའི་འདོད་བློ་བཟུང་སྟེ། མཛེས་སྡུག་ལྡན་པའི་གཞོན་ནུ་མའི་ལང་ཚོ་དེ་གཞན་དབང་གིས་མཚར་སྡུག་ཉམས་ཤིང་སྔོ་ཟད་སྐྱ་སྡུག་གི་འཚོ་བར་གྱུར་པའི་འཕེལ་རིམ་ཞིག །བྱུང་འདས་ཀྱི་ལོ་རྒྱུས་རིང་མོ་དང་སྙན་ངག་གི་འཆིང་རྒྱ་ལས་གྲོལ་ཏེ་ཁ་གསལ་ཞིང་གོ་བདེ་བའི་རྟོག་བཅོས་ཀྱི་བརྗོད་པའི་ངང་དེང་བོད་གཞོན་རབས་རྣམས་ལ་བློ་འབྱེད་ཀྱི་སྣང་བརྙན་གསོན་པོ་ཞིག་བསླངས་འདུག 

 ག  

རྩོམ་བྱུང་ལོ་རྒྱུས་སྟེང་གི་དོན་གྲུབ་རྒྱལ་གྱི་རིགས་ཤེས་ཟབ་འཇུག་གི་ཞེང་ཚད་ནི་ཁོང་གི་རྒྱུན་བརྩོན་དང་ཞེན་དུངས་ཀྱིས་བཞེངས་པའི་བོད་ཀྱི་སྐད་ཡིག་གི་རྩོམ་སྟངས་གསར་བ་རཱ་མ་ཎའི་རྟོགས་བརྗོད་ལས་ཤེས་སླ་བར་མ་ཟད། པདྨ་འབུམ་གྱིས་བྲིས་པའི་《དོན་གྲུབ་རྒྱལ་གྱི་མི་ཚེ》ལས་ཀྱང་མངོན་པར་སྣང་སླ་《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ》གྱི་པོད་དང་བོ་སྟེ། སྙན་ངག་ཕྱོགས་བསྒྲིགས་ནི་ཁོང་རང་ཉིད་ཆེས་སྤྲོ་སྣང་ཡོད་པའི་དཔའ་བོའི་མཛད་རྗེས་སྙན་ངག་ཏུ་བྲིས་པའི་ལོ་རྒྱུས་《རཱ་མ་ཎའི་རྟོགས་བརྗོད་གོ་བདེར་སྦྱར་བ་མགུར་དབྱངས་བློ་གསར་རྣ་བའི་དཔྱིད་གླུ་ཞེས་པའི་ལྷན་དུ་གྲུབ་པ་ཞིག་རེད། དེ་ནི་བོད་རིག་པའི་བང་མཛོད་དུ་བྱོན་པའི་དེང་རབས་ཀྱི་བསྒྱུར་རྩོམ་ཞིག་ཀྱང་རེད། དེའི་ཤོག་ངོས་1ནས་12བར་དུ་རཱ་མ་ཎའི་རྟོགས་བརྗོད་ཀྱི་ལོ་རྒྱུས་སྙིང་བསྡུས་ཤིག་གིས་སྔོན་དུ་གླེངས་ནས་དེ་ཚུལ་ཇི་ལྟར་འཛམ་གླིང་རྩོམ་རིག་ཐོག་དར་ཁྱབ་ཏུ་ཕྱིན་པའི་བྱུང་རིམ་གྱིས་ཟུར་བརྒྱན་འདུགདེ་ཡང་ཁོང་གིས་རྒྱུན་དུ་གང་ཞིག་རྟོག་འཇུག་བྱ་བར་སྤྲོ་བའི་བརྩམ་བྱ་ཞིག་ཏུ་གྱུར་ཡོད་པ་ཁོང་གི་བརྩམས་ཆོས་གཞན་དག་ལས་མངོན་ཏེ། གསུང་པོད་བཞི་བར་རྒྱ་ཡིག་གི་འགྱུར་ལས་བྱུང་བའི་རཱ་མ་ཎའི་བསྒྱུར་རྩོམ་གྱི་བརྗོད་དུམ་འགའ་ཚུད་ཡོད་པ་དང༌། གསུང་པོད་ལྔ་བར་ཞང་ཞུང་བ་ཆོས་དབང་གྲགས་པས་མཛད་པའི་《རཱ་མ་ཎའི་རྟོགས་བརྗོད་དྲི་ཟའི་རྒྱུད་མངས》ལ་དཔྱད་པའི་བྲིས་རྩོམ་ཞིག་མཁོ་སྤྲོད་གནང་ཡོད། ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་གནའ་རབས་བོད་ཀྱི་རཱ་མ་ཎའི་རྟོགས་བརྗོད་ཀྱི་འགྱུར་རྩོམ་ཞིག་ཀྱང་གསུང་པོད་དྲུག་པའི་ཤོག་ངོས་51ནས་88བར་གསལ། རཱ་མ་ཎའི་རྟོགས་བརྗོད་ལས་གཞན་པདྨ་འབུམ་གྱིས་དོན་གྲུབ་རྒྱལ་གྱིས་འཆད་ཁྲིད་གནང་བའི་རྒྱལ་དབང་ལྔ་བ་ཆེན་མོའི་《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ཐད་ལ་དཔྱད་བརྗོད་བྱས་ཡོད། ད་དུང་ཡང་ཅིག་གླེང་ན། ཉེ་ཆར་ཕྱོགས་བསྒྲིགས་བྱས་པའི་ཁོང་གི་གསུང་འབུམ་གྱིས་ཀློག་པ་པོ་རྣམས་ལ་གལ་འགངས་ཆེ་བའི་རྩོམ་པ་ཁག་ཅིག་ལས་མངོན་པའི་དོན་གྲུབ་རྒྱལ་གྱི་སྒམ་དཀྱེལ་གྱི་བསམ་བློ་རྟོགས་པར་མཐུན་རྐྱེན་བསྐྲུན་འདུག །དཔེར་ན་གསུང་པོད་ལྔ་བའི་ཤོག་ངོས་1ནས་214བར་གསལ་བའི་སུ་ཞིག་གི་ངག་ལས་འཁྲོལ་བར་མི་ནུས་པའི་རྨད་བྱུང་ཚིག་སྦྱོར་གྱིས་བརྒྱན་པའི་སྙན་ངག་དང་ལོ་རྒྱུས་དེབ་ཐེར་གྱི་ཟིན་ཐོ་དང༌། གསུང་པོད་དྲུག་པའི་ཤོག་ངོས་131ནས་442བར་གྱི་དཔྱད་གཞིའི་རྒྱུ་ཆར་མཁོ་བའི་《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས་འཕྲོས་པའི་ལོ་རྒྱུས་ཀྱི་རྣམ་བཤད་ཐོར་བུ》ལྟ་བུས་མཚོན་ཡོད། ང་ཚོས་ཀྱང་ཁོང་ཉིད་རྒྱུན་དུ་ཞིབ་འཇུག་བྱ་བར་སྤྲོ་སྣང་ཡོད་པའི་རྩོམ་རིག་དེའི་ཐད་ལ་རྟོག་ཞིབ་བྱ་འོས། དཔེར་ན། གསུང་པོད་གསུམ་པའི་ཤོག་ངོས་27ནས་53བར་གསལ་བའི་སྐྱེན་ཆེན་ཁོང་གི་ཡུན་རིང་གི་བརྩོན་འབྲས་ལས་སྨིན་པའི་《མི་ལ་རས་པའི་རྣམ་མགུར》གྱི་རྩོམ་པ་པོ་གཙང་སྨྱོན་ཧེ་རུ་ཀའི་ལོ་རྒྱུས་ཞེས་པ་དང༌། གསུང་པོད་ལྔ་བའི་ཤོག་ངོས་215ནས་305བར་གསལ་བའི་ མཐུད་འབྲེལ་རང་བཞིན་གྱི་《མི་ལ་རས་པའི་རྣམ་ཐར》གྱི་ཚིག་གསར་མཆན་འགྲེལ་དང་མཚན་དོན་དབྱེ་ཞིབ་ལྟ་བུ་ནི་དཔྱོད་རིན་ཤིན་ཏུ་ནས་ ཆེའོ།། 

 ང 

རིག་གཞུང་ཐད་ནས་དོན་གྲུབ་རྒྱལ་ལ་འབྲེལ་འདྲིས་ཟབ་པའི་བོད་ཀྱི་ཆེད་མཁས་པ་སྐོར་ཞིག་སྟེ། ཁོང་གི་གྲོགས་མཆོག་གཉའ་བློ་གྲོས་རྒྱལ་མཚན་དང༌། བོད་ཀྱི་ལོ་རྒྱུས་ཆེད་མཁས་པ་གྲགས་ཅན་སློབ་དཔོན་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས། དོར་ཞི་གདོང་དྲུག་སྙེམས་བློ། འཇིགས་མེད་ཐེག་མཆོག །ཉེན་ཤུལ་མཁྱེན་རབ་འོད་གསལ། དབྱངས་ཅན་སྒེག་པའི་བློ་གྲོས་རྣམས་ཀྱིས་དོན་གྲུབ་རྒྱལ་གྱི་མི་གཞི་དང་རྣམ་དཔྱོད་ལ་གདེང་འཇོག་མཛད་ནས་གསུང་འབུམ་གྱི་པོད་རེ་རེ་ངོ་སྤྲོད་བྱས་པ་དག་ལས། གཉའ་བློ་གྲོས་རྒྱལ་མཚན་དང་དོར་ཞི་གདོང་དྲུག་སྙེམས་བློ་གཉིས་ཀྱི་བྲིས་རྩོམ་ནི་དམིགས་བསལ་གྱི་དོན་སྙིང་ལྡན་པ་ཞིག་ཏུ་སྣང༌། དང་བོ་ནི་ཁོང་གི་གསུང་འབུམ་པོད་དང་བོའི་ནང་གང་ཞིག་ཚུད་པའི་བརྩམས་ཆོས་རྣམས་གདེང་འཇོག་རང་བཞིན་གྱི་གླེང་བརྗོད་ཅིག་ཏུ་འཁུམས་ཤིང༌། དེར་ཁོང་གིས་བྲིས་རྩོམ་བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་སྐོར་དང༌། མགུར་གླུའི་ལོ་རྒྱུས། རཱ་མ་ཎའི་རྟོགས་བརྗོད། ལྷག་དོན་ཟབ་གསལ་རང་བཞིན་གྱི་བརྗོད་དོན་འབུར་དུ་ཐོན་པའི་དེང་རབས་སྙན་ངག་རྣམས་དང༌། དཔེར་ན་བོད་ཀྱི་སྙན་ངག་པའི་སྡེ་ཡི་རིག་པའི་བང་མཛོད་བརྒྱན་པའི་ནོར་བུ་རུ་གྲུབ་པའི་《ལང་ཚོའི་རྦབ་ཆུ》(Torrents of youth)ལྟ་བུའི་བརྩམས་ཆོས་རྣམས་ལ་རྟོག་དཔྱོད་རོལ་མྱོང་གི་ཁྱད་རྟགས་མངོན་པར་གསལ་འདུག །གཉིས་པ་ནི་དོན་གྲུབ་རྒྱལ་སྐུ་གཤེགས་ནས་ལོ་གཅིག་གི་རྗེས་སུ་བྲིས་པའི་རྟོག་འཇུག་སློང་སྐྲུན་གྱི་ནུས་ཤུགས་ཆེ་བའི་མྱ་ངན་གྱི་ཞུ་མཆིད་ཅིག་སྟེ། ཤེས་རྟོགས་ཀྱི་ཟབ་རྒྱ་ཡངས་པའི་དོན་གྲུབ་རྒྱལ་གྱི་བསམ་བློ་དང༌།  ཡིད་འགུག་གི་བྱེད་ནུས་ལྡན་ཞིང་སྔར་སྲོལ་དང་མི་མཐུན་པའི་གཤིས་སྤྱོད་ལ་སྒམ་ནན་གྱིས་ཕྱིར་རྟོག་བགྱིས་པ་ཁོ་ནར་ངེས། དེ་ནི་ཁོང་གི་གྲོགས་པོས་རང་སྲོག་བཅད་ནས་སྐུ་གཤེགས་པའི་བློ་ཡུལ་ལས་འདས་པའི་གཏམ་ངན་ཐོས་པ་ལ་རྐྱེན་བྱས་ཏེ་རྒྱུས་མངའ་མཆིས་པའི་འབྲེལ་ཡོད་ཀྱི་བྱུང་འདས་ཤིག་གི་ངོ་བོར་དམིགས་ནས་བྲིས་པར་སྣང་ཞིང༌། དེར་གྱ་གཉིས་ལོའི་རྩོམ་རིག་ཚོགས་འདུ་ཞིག་གི་སྟེང་དོན་གྲུབ་རྒྱལ་ཐོག་མར་ངོ་ཤེས་ཆགས་པ་དང༌། བོད་ཀྱི་རིག་གནས་ཕལ་ཆེར་མེད་བརླག་ཏུ་བཏང་ཚར་བའི་རིག་གནས་གསར་བརྗེ་ཆེན་མོའི་རྗེས་ཀྱི་དུས་ཐུང་བགྲང་བྱའི་ནང༌། ཀུན་གྱིས་བསྔགས་ཡུལ་དུ་གྱུར་བའི་བོད་རིག་པའི་རྩོམ་རིག་མཁན་པོའི་ཁྲི་འཕང་བརྙེས་པའི་དོན་གྲུབ་རྒྱལ་ལྟ་བུ་ནི་ཡིད་སྨོན་བྱེད་པར་སྤྲོ་ཚུལ་གྱི་སྐབས་དེའི་ཚོགས་འདུའི་སྣང་བརྙན་ཞིག་ཀྱང་ཡུན་གྱིས་གསལ། ཁོང་གི་བྲིས་རྩོམ་ལས། སྤྱི་ཚོགས་སྟེང་ན་དོན་གྲུབ་རྒྱལ་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་མཁན་དང༌། སྐྱོན་བརྗོད་ཀྱི་མདའ་མོ་འཕངས་མཁན་ཡང་མང་དུ་ཡོད་མོད། མི་སོ་སོའི་སྐྱོན་ཡོན་འབྱེད་བྱེད་ཀྱི་ཚད་མ་མི་གཅིག་པས་ཅེས་པའི་རྒྱབ་ལྗོངས་སུ་ཁོ་རང་དོན་གྲུབ་རྒྱལ་གྱིས་ཆོས་ལུགས་བསླུ་བྲིད་པའི་བཙུན་གཟུགས་སུན་འབྱིན་བྱས་པའི་《སྤྲུལ་སྐུ》ཡིད་འཐད་བྱུང་བར་བསྟན་འདུག །བརྩམས་སྒྲུང་འདིའི་རང་སྟེང་ནས་རྩོམ་པ་པོས་བོད་ཀྱི་ཆོས་ལུགས་སྤྱིའི་དབང་འཛིན་པར་དགག་སྒྲུབ་བྱས་པའི་རྣམ་པ་ཞིག་མི་སྣང་མོད། འོན་ཀྱང་དོར་ཞི་རིན་པོ་ཆེའི་བྲིས་རྩོམ་ལ་རྟོག་གཞིག་བྱས་ན། ཀློག་པོ་པོས་《སྤྲུལ་སྐུ》ཡི་དམིགས་འབེན་གསལ་བོར་མ་རྟོགས་པས་དོན་གྲུབ་རྒྱལ་ལ་བསྟན་དགྲ་ཞེས་སྡིག་དམོད་བྱས་ཡོད་པ་དང༌། ཡིན་ནའང་ཞིབ་འདང་ཞིག་བརྒྱབ་ན་སྤྱི་ཚོགས་སྟེང་གི་ཆོས་འགལ་གྲྭ་བ་དང་སྤྲུལ་སྐུ་བརྫུས་མར་སྐྱོན་བརྗོད་བྱས་ན་ཧ་ཅང་ཚབས་ཆེན་ཞིག་མ་ཡིན་ཏེ། ཨ་མདོའི་རྩོམ་རིག་ལོ་རྒྱུས་དང་ཆོས་ལུགས་གོ་གནས་སྟེང་ཆེས་མངོན་དུ་འཕགས་པའི་མི་སྣ་གུང་ཐང་བསྟན་པའི་སྒྲོན་མེ(1762-1823)དང༌། ཐུའུ་བཀྭན་ཡོངས་འཛིན་བསྟན་པ་རྒྱ་མཚོ(དུས་རབས་བཅུ་དགུ་བ)། མཁས་དབང་དགེ་འདུན་ཆོས་འཕེལ་(1903- 1951)རྣམས་ཁོང་གི་ལྟ་བའི་རྒྱབ་རྟེན་དུ་དྲངས་ནས་བོད་ཀྱི་ཆོས་ལུགས་རིག་གནས་ཀྱི་བསམ་བློའི་གཙོ་འཛིན་མི་སྣར་ཁས་འཆེས་པའི་སྐྱེས་ཆེན་དམ་པའི་ཆོས་འགལ་ལ་སྐྱོན་བརྗོད་བྱེད་སྤྲོ་བ་ཤུགས་སུ་བསྟན་ཡོད། དེ་བཞིན་དུ་ཐེག་ཆེན་གྱི་ལྟ་གྲུབ་ལ་མྱོང་གོམས་ཟབ་པའི་གོང་སྨོས་ཀྱི་སྐྱེས་ཆེན་དམ་པའི་ལྟ་སྤྱོད་དག་དོན་གྲུབ་རྒྱལ་གྱི་གཤིས་སྤྱོད་ཀྱི་དཔེ་མཚོན་དུ་བཀོད་དེ། ཁོས་ཁྱད་མཚར་བའི་དཔེ་མཚོན་གྱི་བརྗོད་དུམ་འདིའི་ནང་སྔོན་ཐོན་གྱི་མིག་དཔེ་ཞིག་འཚོལ་བའི་ཚོར་བ་ཞིག་ཡུན་གྱིས་སྣང༌། ཁོ་བོས་བསམ་ན་དེ་ནི་འོས་འཚམས་ཀྱི་མཚོན་བྱེད་ཅིག་ཏུ་མི་འདོད་དེ། དོན་གྲུབ་རྒྱལ་ནི་སྲོལ་རྒྱུན་རྙིང་བ་གཏོར་བཤིག་བཏང་བའི་རྗེས་སུ་གསར་དུ་བྱུང་བའི་དེང་བོད་རྩོམ་རིག་ལོ་རྒྱུས་ཐོག་གི་གྲགས་ཆེ་བའི་སྐྱེས་ཆེན་ཞིག་ཡིན་ཙ་ན། ཁོང་གི་དགག་སྒྲུབ་ཀྱི་དམིགས་འབེན་དང་ཆོས་ལུགས་ པའི་དགག་སྒྲུབ་ཀྱི་ཁ་ཕྱོགས་གཉིས་ཐ་དད་དུ་སྣང་བས། དོར་ཞི་རིན་པོ་ཆེས་བྱུང་འདས་སྐབས་ཀྱི་དོན་གྲུབ་རྒྱལ་གྱི་བསམ་བློ་ཇི་བཞིན་གསལ་འགྲེལ་བྱེད་པར་ཁོ་བོ་སོམ་ཉི་ཤིན་ཏུ་ཆེ། མན་ངག་སྒྲུབ་སྦྱོང་རིང་ལུགས་པས་གསར་གཏོད་ཀྱི་འགུལ་ཤུགས་དེས་སྲོལ་རྒྱུན་གྱི་གཤིས་ལུགས་ལ་མཐའ་གཅིག་ཏུ་གནོད་པར་དོགས་ནས་གནའ་རབས་བོད་ཀྱི་རྒྱུན་སྲོལ་དེ་དུས་ཡུན་རིང་བོར་རང་སྲུང་དང་བཀག་སྡོམ་བྱས་པས་ཚོར་བ་སྐྱེན་པའི་རིག་པ་ཞིག་གཞི་གྲུབ་པ་དང། མཁས་དབང་དགེ་འདུན་ཆོས་འཕེལ་ཡང༌། ཁོང་འདས་རྗེས་སུ་མ་གཏོགས་རླབས་ཆེ་བའི་མི་སྣ་ཞིག་ཡིན་པར་རྟོགས་ཐུབ་མི་འདུག གང་ལྟར་ཨ་མདོའི་སྙན་ངག་པ་གཞན་ཞིག་ལ་ཕྱིར་རྟོག་བྱས་ན་འདི་ལྟ་སྟེ། ཁོང་ནི་དུས་རབས་སྔོན་མར་བྱོན་པའི་བདུད་འཇོམས་རྡོ་རྗེ་རིན་པོ་ཆེ་རེད། 1991ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཁོང་གི་རང་རྣམ་གྱི་ས་བཅད་ལྔ་བ་《སྤྲུལ་སྐུའི་གོ་སར་ལྷུང་ཚུལ》ཞེས་པའི་ནང༌། ཁོང་ཉིད་གཤིན་གསོན་གྱི་དཀོར་ལ་ཆགས་པ་རྐྱེན་བྱས་ནས་མགོ་སྐོར་གཏོང་བའི་བྱ་སྤྱོད་སྤེལ་ཚུལ་དང༌། ཁོང་གང་དུ་སློབ་ཞུགས་བྱས་པའི་དགེ་ལུགས་ཀྱི་བཤད་གྲྭ་དེར་སློབ་སྦྱོང་གི་འབད་འབྲས་ལེགས་པོ་མ་བྱུང་བས། ཟུར་བསྟེན་གྱི་དགེ་རྒན་བཙལ་ཏེ་རྒྱུན་བརྩོན་གྱི་འཆད་རྩོད་ལ་ འབད་ཚུལ་སོགས་བྲིས་འདུག །ཚིག་གཞན་ཞིག་གི་ཐད་ནས་བཤད་ན། སྔར་སྲོལ་དང་རང་ཉིད་ཀྱི་ནག་ཉེས་ཐེར་འདོན་བྱེད་པའི་ལམ་ལུགས་དེས་དོན་གྲུབ་རྒྱལ་གྱི་དགག་སྒྲུབ་སྙིང་སྟོབས་ལ་འཐད་སྒྲུབ་ཀྱི་ཡིད་ཆེས་དང་བག་ཆགས་ཟབ་མོ་བཞག་པར་མངོན། གང་ལྟར་བདུད་འཇོམས་རྡོ་རྗེ་རྙིང་མ་བའི་བླ་མའི་ཁྲི་འཕང་དུ་བཞེངས་པས་སྐུ་ཚེ་ཧྲིལ་བོར་འཚོ་གནས་ཐུབ་ཡོད། དོན་གྲུབ་རྒྱལ་ནི་བློ་འབྱེད་ཀྱི་ལམ་སྣེར་ཞུགས་པས་བློ་ཡུལ་ལས་འགོངས་པའི་དོན་རྐྱེན་དེ་འདྲ་ཞིག་བྱུང་བ་རེད། དེརབརྟེན། ཡིད་སྤྲོ་བས་བརྟས་པ་དང་སེམས་སྡུག་གིས་མནར་བའི་ཁོང་གི་བརྩམས་ཆོས་ཀྱི་དོན་སྙིང་དག་ང་ཚོས་ངེས་པར་དུ་ཧ་གོ་བར་བྱེད་དགོས། ཁོང་གི་གསུང་འབུམ་དེ་ནི་བོད་ཀྱི་མ་འོངས་པའི་ཆེད་དུ་ཞུམ་མེད་ཀྱི་སྤོབས་པ་རྒྱས་པའི་དཔུང་སྡེ་ཞིག་ཡིན་པར་མཚོན་པ་དང༌། བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་ཁོང་གིས་ཚད་མཐོའི་གོ་གནས་ཤིག་བཟུང་ཡོད་པར་ར་སྤྲོད་ཀྱི་དན་རྟགས་ཤིག་ཀྱང་རེད། མ་འོངས་པར་ལོ་རྒྱུས་དེ་ཇི་ལྟར་མངོན་འགྱུར་བྱེད་པར་ལམ་ཕྱོགས་འདིའི་སྟེང་ནས་ཉེར་མཁོའི་བསམ་བློའི་དྲིལ་སྒྲོག་གི་ཚད་གཞི་ཆེན་པོ་ཞིག་ལ་བརྟེན་དགོས་པས། བོད་ཀྱི་མི་རབས་གསར་བའི་ཀློག་པ་པོ་རྣམས་ད་ལྟ་རང་དོན་གྲུབ་རྒྱལ་གྱི་ལྷན་དུ་དཔུང་འཇུག་བྱེད་དགོས་སོ། ། 


 མཆན། 

① James Dean(1931-1955)འགྲོ་བ་མིའི་རང་དབང་དང་བདེན་པའི་ཆེད་ཕ་མ་དང་སྲིད་གཞུང་ལ་རྒོལ་ལེན་གྱི་སྙིང་སྟོབས་ལྡན་པའི་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཞིག་ཡིན། འཁྲབ་བྱ་ལ་《གདོད་མའི་ཞིང་ཁམས་ཀྱི་ཤར་ཕྱོགས》དང་《རྩ་དོན་མེད་པའི་ལོག་སྤྱོད་པ》ཞེས་པ་གཉིས་ཡོད། ཁོང་གི་མི་ཚེ་ཐུང་ངུའི་ནང་གི་གློག་བརྙན་དེ་གཉིས་ཀྱིས་ཨ་རི་ལས་གཞན་ཡོ་རོབ་གླིང་ཀུན་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།

Sep 3, 2010

བསླབ་བྱའི་སྙིང་བོ།

ཀི་རི་ཤི་ན་མཱུར་ཏིའི་བསླབ་བྱའི་སྙིང་བོ།
  ཛིཌུ། ཀི་རི་ཤི་ན་མཱུར་ཏི་མཆོག ཟླ་བ་གཞོན་ནུས་བསྒྱུར། 

༡༩༨༠ལོར། ཀྲྀཥྞམཱུརྟིས་༼ཀི་རི་ཤི་ན་མཱུར་ཏི༽་ཁོང་གི་རང་རྣམ་འབྲི་བ་བོ་མེ་རི་ལུ་ཊྱིན་སིའི་རེ་སྐུལ་ལ་བརྟེན་ནས་བྲིས་གནང་མཛད། ཀི་རི་ཤི་ན་མཱུར་ཏིའི་བསླབ་བྱའི་སྙིང་བོ་ནི། ཁོང་གིས་༡༩༢༩ལོར་གཏམ་བཤད་གནང་དུས་གསུངས་པའི་བདེན་པ་ནི་བཤུལ་ལམ་བྲལ་བའི་གནས་ཤིག་ཅེས་པའི་ནང་འདུས་ཡོད།
 
མི་ནི་སྒྲིག་འཛུགས་དང༌། ཆོས་དད། ལྟ་བ། བླ་ཆེན་དང་ཆོ་ག་བརྒྱུད་ནས་དེ་ལ་སླེབས་ཐབས་མེད་པར་མ་ཟད། མཚན་ཉིད་རིག་པའི་ཤེས་བྱ་དང་སེམས་ཁམས་རིག་པའི་མན་ངག་སོགས་གང་རུང་ཞིག་བརྒྱུད་ནས་ཀྱང་ལ་སླེབས་ཐབས་མེད།དེ་ནི་ངེས་པར་དུ་མིའི་རིགས་ཀྱི་དངོས་ཡོད་ཀྱི་འབྲེལ་ལམ་དང༌། སོ་སོའི་སེམས་ཀྱི་རང་བཞིན་ལ་གོ་རྟོགས་དང་བརྟག་དཔྱད་སོགས་བརྒྱུད་ནས་འཚོལ་དགོས་པ་ལས། རིག་པས་དབྱེ་ཞིབ་དང་ཕྱིར་རྟོག་གི་བཤག་དཔྱད་བརྒྱུད་ནས་མ་ཡིན། མིས་རང་གི་ནང་སེམས་སུ་ཉེན་སྲུང་དང༌། ཆོས་ལུགས། ཆབ་སྲིད་དང་སྒེར་དབང་སོགས་ཀྱི་ར་བའི་སྣང་བརྙན་རེ་བསྐྲུན་ཡོད་ལ། འདི་དག་ནི་མཚོན་རྟགས་དང༌། འཆར་སྒོ། དད་པ་སོགས་ཀྱི་རྣམ་པས་མངོན་པར་བྱེད་ཅིང༌། སྣང་བརྙན་འདི་དག་གི་ཁུར་པོས་མིའི་བསམ་བློ་དང༌། འབྲེལ་ལམ། ཉིན་རྒྱུན་གྱི་འཚོ་བར་དབང་སྒྱུར་བྱེད་ཀྱིན་ཡོད་ལ། སྣང་བརྙན་འདི་དག་ནི་མི་ཕན་ཚུན་བར་དབྱེ་འབྱེད་ཀྱི་རྙོག་དྲ་སློང་རྐྱེན་ཡིན། མི་ཞིག་གི་མི་ཚེའི་ལྟ་ཚུལ་ལ་ཁོང་གི་སེམས་ནང་དུ་བསྐྲུན་ཟིན་པའི་འཛིན་སྟངས་དེ་དག་གིས་བཟོ་ལྟ་བཏོད་ཀྱིན་ཡོད། ཁོའི་བློ་མོས་ནི་ཁོང་གི་འཚོ་གནས་ཡོད་ཚད་ཡིན་ལ། མི་འདྲ་ས་ཞིག་ཡོད་པ་ནི་ཁོས་སྲོལ་རྒྱུན་རིག་གནས་དང་རང་བྱུང་ཁམས་ལས་བླངས་པའི་མིང་དང་རྣམ་པ། ཕྱི་ཚུལ་གྱི་སྲོལ་རྒྱུན་དག་མི་གཅིག་པ་དེ་ཡིན། 
མིའི་ཁྱད་གཤིས་ནི་ཕྱི་ཚུལ་དུ་མེད་པར་འགྲོ་བ་མིའི་རིགས་ལ་སྤྱི་མཐུན་དུ་ཡོད་པའི་ཁོང་གི་བློ་མོས་ལས་བྱུང་བའི་ཆ་ཚང་བའི་རང་དབང་ལ་ཡོད། རང་དབང་ནི་ཡ་ལན་ཞིག་མིན་ལ། རང་དབང་ནི་གདམ་ག་ཞིག་དེ་བས་ཀྱང་མིན། རང་དབང་ནི་མིའི་ཁ་གཡོར་ས་སྟེ། ཁོང་ལ་ཁོ་རང་རང་དབང་ཡིན་པའི་གདམ་ག་ཡོད་པའི་ཕྱིར་རོ།། 
རང་དབང་ནི་ཁ་ཕྱོགས་མེད་པའི་བརྟག་དཔྱད་རྣལ་མ་དང༌། ཉེས་ཆད་དང་གསོལ་རས་ཀྱི་རེ་དོགས་དང་བྲལ་བ་དེ་རེད། རང་དབང་ནི་རྒྱུ་མཚན་དང་དམིགས་ཡུལ་མེད་པ་ཅན་ཞིག་དང༌། དེ་ནི་མིའི་འཕེལ་འགྱུར་གྱི་མཐའ་སྣེ་དེར་ཡོད་པ་མ་ཡིན་པར་ཁོང་གི་གཞི་གྲུབ་པའི་སྐད་ཅིག་དང་པོ་ནས་ཡོད་པ་ཞིག་ཡིན། 
བརྟག་ཅིང་དཔྱད་པ་ལས་མི་བུ་རང་ཉིད་ཀྱི་རང་དབང་ཉུང་དྲགས་པ་ཚོར་མགོ་རྩོམ་ཞིང༌། རང་དབང་ནི་ང་ཚོའི་ཉིན་རྒྱུན་གྱི་འཚོ་གནས་དང་འགུལ་སྐྱོད་ཀྱི་གདམ་ག་བྲལ་བའི་དོགས་ཟོན་ལས་རྙེད་པ་ཡིན། ལྟ་ཚུལ་ནི་དུས་ཡིན་ལ། ལྟ་ཚུལ་ནི་དུས་དང་འདས་ཟིན་ལ་དབྱེར་མེད་དུ་གནས་པའི་ཉམས་མྱོང་དང་ཤེས་ཡོན་ལས་འཁྲུངས་པ་ལགས། དུས་ནི་མིའི་སེམས་ཁམས་ཀྱི་དགྲ་བོ་ཡིན། ང་ཚོའི་རྣམ་པ་དང་འགྱུར་བ་ནི་ཤེས་ཡོན་ལ་བརྟེན་པའི་རྒྱུ་མཚན་གྱིས་དུས་ལ་བརྟེན་ཡོད་ལ། དེ་བས་མི་ནི་ནམ་ཡང་འདས་ཟིན་གྱི་བྲན་གཡོག་ཅིག་ཡིན། ལྟ་ཚུལ་ནི་དུས་ནམ་ཡང་ཚོད་བཀག་རང་བཞིན་ཅན་ཞིག་ཡིན་པས་ང་ཚོ་དུས་རྟག་ཏུ་རྩོད་རྙོག་དང་འཐབ་རྩོད་ཁྲོད་དུ་འཚོ་བ་རོལ་བཞིན་ཡོད། སེམས་ཁམས་ཀྱི་འཕེལ་འགྱུར་ཡོད་པ་མ་རེད། ནམ་མིས་རང་གི་བསམ་བློའི་འགུལ་སྐྱོད་ཤེས་རྟོགས་བྱུང་དུས། ཁོས་སེམས་མཁན་དང་བསམ་བྱ། དཔྱོད་མཁན་དང་དཔྱད་བྱ། ཉམས་སུ་མྱོང་མཁན་དང་མྱང་བྱ་སོགས་ཀྱི་དབྱེ་བ་རྟོགས་པར་འགྱུར་ཞིང༌། ཁོང་གིས་དབྱེ་བ་འདི་འཁྲུལ་སྣང་ཞིག་ཡིན་པར་རྟོགས་པར་འགྱུར་ལ། དེ་དུས་བརྟག་དཔྱད་རྣལ་མ་སྟེ་འདས་ཟིན་དང་དུས་ཀྱི་གྲིབ་མ་བྲལ་བའི་རྣམ་དཔྱོད་དེ་ཁོ་ན་གནས་པ་ཡིན།དུས་ཀྱི་བཀག་རྒྱས་དབེན་པའི་རྣམ་དཔྱོད་འདི་ཡིས་ནང་སེམས་ལ་གཏིང་ཟབ་ཅིང་རྨང་གཞིའི་འགྱུར་ལྡོག་བསྐྱེད་ཡོང༌བ་ཡིན། ཐ་དག་པའི་དགག་པ་ནི་སྒྲུབ་ཕྱོགས་ཀྱི་སྙིང་བོ་ཡིན། ནམ་བསམ་གཞིགས་ཀྱི་སེམས་ཁམས་ཀྱི་རྣམ་པས་བསྐྱེད་པའི་ཆོས་འདི་དག་གི་འགོག་པ་ཡོད་ན་དེ་དུས་ད་གཟོད་སྙིང་རྗེ་དང་ཤེས་རབ་ཀྱི་བརྩེ་བ་དེ་ཡོད། 

 ༠༩།༡༡།༣༡ལ་རྫོགས་པར་བསྒྱུར།

Sep 2, 2010

སྤྲིན་གྱི་ཕོ་ཉའི་འགྲེལ་བ་གསར་མ་ཟླ་གཞོན་འཁོར་ལོ་མ།

སྤྲིན་གྱི་ཕོ་ཉའི་འགྲེལ་བ་གསར་མ་ཟླ་གཞོན་འཁོར་ལོ་མ། སྙན་ངག་མཁན། ནག་མོའི་འཁོལ། 
लेखक कलिदास 著者 迦梨陀裟 
 རྒྱ་གར་སྐད་དུ། མེགྷདཱུཏནཱམ། (मेघदूतनाम) 
བོད་སྐད་དུ། སྤྲིན་གྱི་ཕོ་ཉ་ཞེས་བྱ་བ། 
རྒྱ་ནག་སྐད་དུ། ཡྭཨུན་ཧྲི། (云使) 
 1 कश्चित्कान्ताविरहगुरुणा स्वाधिकारात्प्रमत्तः शापेनास्तंगमितमहिमा वर्षभोग्येण भर्तुः। 
यक्षश्चक्रे जनकतनयास्नानपुण्योदकेषु स्निग्धच्छायातरुषु वसतिं रामगिर्याश्रमेषु।। 1 
༡ རྗེ་བོ་ཁྲོས་པའི་ཤིན་ཏུ་ལྕི་བའི་བཀའ་ལུང་དག་གིས་གཟི་བརྗིད་ཉམས་པར་བྱས་གྱུར་ཅིང་༎ 
གནོད་སྦྱིན་འགའ་ཞིག་ལ་ནི་རང་ཉིད་བག་མེད་དབང་གྱུར་མཛེས་མ་སྤང་ལ་ལོ་ཡི་བར༎ 
ཡིད་འོང་སྐྱེད་བྱེད་བུ་མོའི་ཁྲུས་བྱ་བསོད་ནམས་ཆུ་བོ་རྣམས་དང་ཤིན་ཏུ་རབ་མཛེས་པའི༎ 
རབ་བཟང་ལྗོན་ཤིང་གྲིབ་མ་དང་ལྡན་རཱ་མའི་རི་བོར་སོང་ལ་སྤྱོད་པས་གནས་པར་གྱིས༎ 
1 有个药叉怠忽职守, 受到主人的诅咒, 要忍受远离爱妻的痛苦,被贬谪一年; 他到阴影浓密的罗摩山树林中居住, 那儿的水曾经悉达沐浴而福德双全。 
 ༡ གནོད་སྦྱིན་ཞིག་ཡོད་པ་དེས་རང་ལ་བཅོལ་བའི་ལས* ་བག་ཡངས་སུ་ཤོར་བའི་རྐྱེན་གྱིས། དེ་ལ་དེའི་རྗེ་བོས་ལོ་ཡི་འཁོར་མོ་གཅིག་གི་རིང་ལ་རང་གི་ཆུང་མ་དང་ འབྲལ་བ་ལྗིད་ཅན་བཟོད་པར་བྱོས་ཞེས་དམོད་པ་བོར་བ་དེས་གང་དེའི་ཆེ་བ་ཉིད་ཉམས་པར་བྱས་སོ༎ གནོད་སྦྱིན་དེས་རཱ་མའི་རིའི་བསྟི་གནས་སུ་རང་གི་གནས་ཆགས་ས་བཟོས་པ་སྟེ། གནས་དེ་རུ་ལྗོན་ཤིང་གི་གྲིབ་བསིལ་སྟུག་ཅིང་། སྐྱེད་པ་པོའི་བུ་མོར་གྱུར་བ་སཱི་ཏཱའི་ཁྲུས་ཀྱིས་དག་པར་བྱས་པའི་ཆུ་ རྫིང་གིས་ཁེངས་ནས་ཡོད་པ་རེད། *མཆན། གནོད་སྦྱིར་དེར་རྒྱུ་མཚན་ཅི་ཞིག་ལ་ཀུ་བེ་ར་ཡིས་དམོད་པ་བོར་མིན་ལ་དགོངས་ཚུལ་མི་འདྲ་གཉིས་ཡོད་པ་སྟེ། 1 ༽ གནོད་སྦྱིན་གྱི་བདག་པོ་ཀུ་བེ་ར་ཡིས་ཞི་བར་མཆོད་པ་འབུལ་ཆེད་གནོད་སྦྱིན་ཧེ་མ་མཱ་ལི་ཟེར་བ་མ་ཕམ་གཡུ་མཚོར་མེ་ཏོག་ལེན་མཁན་དུ་བསྐོས་མོད་ཀྱང་། དེ་མིག་ཅན་མ་མིང་ཅན་གྱི་རང་གི་ཤིན་ཏུ་མཛེས་པའི་སྙིང་སྡུག་ལ་ལྷག་ཏུ་ཆགས་པས། ཉིན་ཞིག་དེས་གནོད་སྦྱིན་ལ་མེ་ཏོག་ལེན་དུ་མི་འགྲོ་བའི་ཉེས་པ་བསགས་སུ་བཅུག ཀུ་བེ་ར་སྒུག་གིན་སྒུག་གིན་དུ་ཐང་ཆད་ཅིང་། དེ་བཞིན་ལྷའི་བསྙེན་པ་བསྒྲུབ་མ་ཐུབ་པས། ཁོང་ནས་ཁྲོས་ཏེ་གནོད་སྦྱིན་དེ་ལ་ཁྱོད་མཛེ་ནད་ཀྱིས་ཟིན་པར་གྱུར་ནས་ རང་གི་གཟི་བརྗིད་དམ་ཆེ་བ་ཉིད་མེད་པར་བྱས་་ནས་གནས་དམན་པ་ཞིག་ཏུ་སྡོད་ལ། སྙིང་སྡུག་བྲལ་བའི་སྡུག་བསྔལ་གྱི་དཀའ་ཐུབ་བསྲན་པར་བྱོས་ཤིག་ཅེས་དམོད་པ་བོར་ཞིང་དེའི་རྐྱེན་ གྱིས་ཉེས་པ་འདི་བྱུང་བར་དགོངས་པ་རེད། 2 ༽ མཁས་པ་གཞན་དག་གིས་འདིའི་རྒྱུ་རྐྱེན་ནི་ཀུ་བེ་ར་ཡིས་མ་ཕམ་གཡུ་མཚོར་བཏབས་པའི་གསེར་གྱི་མེ་ཏོག་བསྲུང་བར་མངགས་ཆ་བྱས་པར། ཉིན་མོར་ཁོས་རྫིང་བུའི་བསྲུང་བྱ་ཡག་པོར་བྱས་ཀྱང་། མཚན་མོར་སྙིང་སྡུག་དང་བྲལ་ནས་འདུག་མ་བཟོད་པའི་རྐྱེན་གྱིས་དེའི་ནུབ་ལ་རང་གི་ཁྱིམ་དུ་ལོག་པ་ལ། ཕྱོགས་ཀྱི་གླང་བོ་དེར་ཤོར་ནས་རྫིང་བུ་སྐྱོན་ཅན་དུ་བྱས་པར་གནོད་སྦྱིན་བདག་པོ་ཀུ་བེ་ར་ཁོང་ནས་ཁྲོས་ཏེ་དམོད་པ་འདི་བོར་བར་དགོངས་པ་རེད།

Sep 1, 2010

ཉེ་སྒྱུར་ཉི་ཤུ་པ།



གར་ཞ་བ་དངོས་གྲུབ་ཀྱིས་མཛད།


རྒྱ་གར་སྐད་དུ། བིཾཤཏིཨུཔསརྒ ནཱམ།
བོད་སྐད་དུ། ཉེ་སྒྱུར་ཉི་ཤུ་པ་ཞེས་བྱ་བ།
ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།
གང་ཞིག་ཕན་བདེ་འབྱུང་བའི་གནས།།
དཀོན་མཆོག་རིན་ཆེན་ལ་ཕྱག་འཚལ།།
སྒྲ་དབྱངས་རྒྱ་མཚོ་སྨྲ་བའི་ལྷ།།
མགོན་པོ་འཇམ་པའི་དབྱངས་ལ་འདུད།།
དབྱངས་གསལ་རྗོད་བྱེད་མིང་གཞིའི་སྒྲ།།
སྔོན་གསུང་རྟག་ཏུ་ཞི་བ་མཆོད།།
བརྡ་དག་ལེགས་སྦྱོར་མཁས་རྣམས་དང༌།།
ལོ་ཙཱ་བླ་མར་ཕྱག་བཙལ་ནས།།
བྱིངས་རྣམས་ཀུན་གྱི་དོན་སྒྱུར་བའི།།
སྔོན་རྗེས་བར་གསུམ་འཇུག་པའི་སྒྲ།།
ཉེ་སྒྱུར་ཉི་ཤུའི་སྦྱོར་བ་རྣམས།།
རིམ་པ་བཞིན་དུ་བཤད་པར་བྱ།།
དེ་ཡང་པྲ་དང་པ་རཱ་སམ྄།།
ཨ་པི་ཨ་ནུ་ཨཔ་དང་ཨུཔ།།
ངེས་པའི་ནི་དང་ཨ་ཏི་ཨཱ།།
པ་རི་པྲ་ཏི་ལེགས་པའི་སུ།།
འབྲལ་བའི་བི་དང་ཨ་བྷི་དང༌།།
དུར྄་ནི་ངན་དང་ཨུཏ྄་ནི་མཆོག།
ནིར྄་མེད་ལྷག་པའི་ཨ་དྷི་དང༌།།
དམན་པའི་ཨབ་སོགས་ཉེ་སྒྱུར་རོ།།
པྲ་ནི་རབ་དང་རབ་ཏུ་དང༌།།
དེ་བཞིན་ཤིན་ཏུ་ཀུན་ཏུ་མཆོག།
སླར་ཡང་ཉེ་ཚེའི་ཉེ་སྒྱུར་སྒྲ།།
འཇུག་པ་བརྒྱད་དུ་ཤེས་པར་བྱ།།
པ་རཱ་ཞེས་པའི་མི་ཟད་སྒྲ།།
གཞན་དང་མཆོག་ཏུ་ཐ་སྙད་ཀྱང༌།།
དོན་ནི་ལྡོག་པའམ་ཁྱད་པར་ལ།།
འཇུག་ཅེས་མཁས་པ་ཀུན་གྱིས་བཞེད།།
སཾ་ནི་ཡང་དག་ཡང་དག་པ།།
ཀུན་དང་ཀུན་ཏུ་ཀུན་ནས་དང༌།།
རབ་རྫོགས་འདུ་འདུས་ཡོངས་སུ་དང༌།།
སླར་ཡང་ལེགས་པ་ཉེ་བའོ།།
ཨ་པི་འང་ཡང་དག་གི་སྒྲ།།༡
ཉེ་སྒྱུར་ཡིན་གྱི་རྒྱན་སྡུད་མིན།།
དོན་ནི་ངེས་པའི་བྱཡང་བྱསྒྲ་ལ།།
འཇུག་ཀྱང་ཁྱབ་ཆེ་མ་ཡིན་ནོ།།
ཨ་ནུ་རྗེས་དང་རྗེས་སུ་དག།།
གནས་དང་དུས་ཀྱི་སྒྲ་ལ་འཇུག།
དེ་བཞིན་མཐུན་དང་མཐུན་པ་ཡང༌།།
འདྲ་མཚུངས་དག་གི་དོན་དུ་སྦྱར།།
ཨཔ྄༢་ནི་ངན་པ་དམན་པ་དང༌།།
ཟུར་དང་ཉམས་པ་བྲལ་བ་དང༌།།
དེ་བཞིན་རབ་སོགས་ཉེ་སྒྱུར་གྱིས།།
དམན་པའི་ཐ་སྙད་ཁོ་ན་འདྲེན།།
ཨུཔ་ནི་ཉེ་དང་ཉེ་བར་དང༌།།
བསྙེན་པ་དང་ནི་ཆུང་བ་དང༌།།
གཞོན་པ་ལ་སོགས་ཉེ་བའི་དོན།།
ཡོངས་སུ་རྫོགས་པ་ཉིད་དུ་འགྱུར།།
ནི་ནི་ངེས་དང་ངེས་པ་དང༌།།
ཀུན་དང་བྲལ་བ་རྣམས་ལ་འཇུག།
སྐབས་འགར་ནིར་དང་སྒྲ་འདྲ་ཡང༌།།
དོན་ལ་ཁྱད་ཡོད་ཞིབ་ཏུ་འབད།།
ཨ་ཏི་རབ་དང་ཕུལ་བྱུང་དང༌།།
ཐལ་བ་དང་ནི་འདས་པ་དང༌།།
དེ་བཞིན་ཤིན་ཏུ་ལ་སོགས་སྒྲ།།
ཕལ་ཆེར་ཕུལ་བྱུང་རྗོད་པར་ཤེས།།
ཨཱ་ནི་ཀུན་ནས་ཀུན་ཏུ་ཀུན།།
ཡོངས་སུ་དང་ནི་ཅང་དང་གང༌།།
ལེགས་པ་ལ་སོགས་ཉེ་སྒྱུར་གྱི།།
འཇུག་ཚུལ་གཞི་ལས་གཞན་དུ་ཤེས།།
པ་རི་ཡང་དག་ཡང་དག་པ།།
ཀུན་དང་ཀུན་དུ་ཀུན་ནས་དང༌།།
དེ་བཞིན་ཡོངས་དང་ཡོངས་སུ་དང༌།།
སླར་དང་རབ་སོགས་འཇུག་པ་དགུ།།
པྲ་ཏི་སོ་སོ་སོ་སོར་དང༌།།
རེ་རེ་དང་ནི་ལེགས་པའི་རབ།།
དེ་བཞིན་སླར་དང་ཉིང་སོགས་དྲུག།
ཉེ་སྒྱུར་སྒྲ་རུ་ཡིན་པར་ཤེས།།
སུ༣་ནི་ལེགས་དང་ལེགས་པ་དང༌།།
རབ་དང་རབ་ཏུ་དང་ནི་མཆོག།
དེ་བཞིན་བཟང་སོགས་འཇུག་པ་དྲུག།
དོན་གཅིག་མིང་གི་རྣམ་གྲངས་ཡིན།།
བི་ནི་རྣམ་པ་བྲལ་བ་དང༌།།
ལོག་པ་དང་ནི་ངན་རབ་ཁྱབ།།
དེ་བཞིན་སླར་དང་ཁྱད་པར་བླ།།
ཀུན་ཏུ་མེད་དང་ཤིན་ཏུ་ལྷག།
ཨ་བྷི་མངོན་དང་མངོན་པར་དང༌།།
མངོན་པ་ལ་སོགས་ཉེ་སྒྱུར་གྱི།།
སྒྲ་འཇུག་འདྲ་ཡང་དོན་གྱི་ཁྱད།།
ཤིན་ཏུ་མེད་ཀྱང་ལེགས་པར་འབུངས།།
དུར྄་རམ་དུས྄་ནི་སྒྲ་སྦྱོར་གྱི།།
ཁྱད་ཡིན་སྒྲ་མེད་རྣམས་ལ་དུས྄།།
འགྱུར་ནི་ངན་དང་དཀའ་བ་གཉིས།།
རིག་གཞུང་དག་ན་ཁྱབ་པར་འཇུག།
ཨུཏ྄་ནི་རབ་དང་མཆོག་དང་ནི།།
མཐོ་བ་དང་ནི་མཐོན་པོ་དང༌།།
སྟེང་དང་ཀུན་སོགས་ཉེ་སྒྱུར་གྱི།།་
ཕལ་ཆེར་ཚིག་གི་ཁྱད་ཆོས་སྟོན།།
ནིར྄་དང་ནིས྄་ཀྱི་ཉེ་སྒྱུར་ནི།།
དོན་གཅིག་སྒྲ་སྦྱོར་དག་གི་ཁྱད།།
བརྗོད་བྱ་མེད་དང་ངེས་པ་ལ།།
འཇུག་ཅིང་སྒྲ་མེད་རྣམས་ལ་ནིས྄།།
ཨ་དྷི་གཙོ་བོའི་ལྷག་པ་དང༌།།
མང་བ་དང་ནི་མཐོ་བའི་ལྷག།
ཉེ་སྒྱུར་རྣམ་པ་འདི་གཉིས་ཀྱི།།
དོན་ལ་ཁྱད་ཆེ་ཡོད་མ་ཡིན།།
ཨབ་ནི་ངན་པ་དམན་པ་དང༌།།
ཀུན་དང་ངེས་པ་རྣམ་པར་དང༌།།
དེ་བཞིན་ཟུར་དང་ལེགས་པ་དང༌།།
རབ་ཏུ་ཡོངས་སུ་འཇུག་པ་དགུ།།
དེ་ལྟར་འཇུག་པར་བྱ་བ་ཡི།།
ཉེ་སྒྱུར་ཉི་ཤུའི་ཐ་སྙད་རྣམས།།
ལེགས་སྦྱར་སྦྱོར་བ་ཡིན་མོད་ཀྱང༌།།
བོད་གཞུང་དག་ལའང་ཤིན་ཏུ་རིགས།།
ཅི་སྟེ་བོད་ཀྱི་མིང་ཚིག་དང༌།།
རྣམ་དབྱེ་བྱ་བྱེད་ཁྱད་ཆོས་སོགས།།
ལེགས་སྦྱར་གཞུང་གི་བརྡ་སྤྲོད་དང༌།།
སྦྱོར་བ་ཤིན་ཏུ་མཚུངས་པ་ཡིན།།
དེ་ཕྱིར་བོད་གཞུང་ཤེས་འདོད་རྣམས།།
ཉེ་སྒྱུར་དོན་ལ་འཇུག་པ་གཅེས།།
མ་འཇུག་ཐུ་མིའི་བརྡ་སྤྲོད་ལ།།
དཔྱིས་ཕྱིན་ངེས་པ་ག་ལ་ཡོད།།
དེ་ཕྱིར་བློ་གསར་གཞོན་ནུའི་ཚོགས།།
སྒྲ་སྐད་གཙུག་ལག༤་བདག་གྱིས་ཤིག།
ལུང་དུ་སྟོན་པའི་གཞུང་ལས་སཾབྷོཊའི་བྱཀརཎའི་སྐབས་ཏེ་གཉིས་པའོ།།
ལུང་དུ་སྟོན་པ་ཉེ་སྒྱུར་ཉི་ཤུ་པ་ཞེས་བྱ་བ་རྫོགས་སོ།།
མཆན།
༡། ཨ་པི་ཞེས་པའི་ཉེ་བར་བསྒྱུར་བ་ནི་དོན་དགུ་པོ་དེ་རྣམས་ལ་འཇུག་གོ། འབྱུང་བ་ལ་སླར་འབྱུང་བ་དང༌། འགྲུབ་པ་ལ་སླར་འགྲུབ་པ་དང༌། སྙོམས་པ་ལ་སླར་སྙོམས་པ་དང༌། བསྡུས་པ་ལ་སླར་བསྡུས་པ་དང༌། སྨོད་པ་ལ་སླར་སྨོད་པ་དང༌། ཤིས་པ་ལ་སླར་ཤིས་པ་དང༌། གཤིག་པ་ལ་སླར་གཤིག་པ་དང༌། བརྒྱན་པ་ལ་སླར་བརྒྱན་པ་དང་འདྲི་བ་ལ་སླར་འདྲི་བའོ།། ཙནདྲ་གོ་མིའི་འགྲེལ་པ། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་པའོ།།
TIBETAN-TRIPITIKA, Bstan-Hgyur, Sgra-Rig-pa, vol 140, 123-129 PP.
༢། ཨཔ་ཞེས་བྱ་བའི་ཉེ་བའི་བསྒྱུར་བ་ནི་དོན་བདུན་པོ་དེ་རྣམས་ལ་འཇུག་གོ། ཤེས་པ་ལ་ཕུལ་དུ་ཤེས་པ་དང༌། དམིགས་པ་ལ་ཕུལ་དུ་དམིགས་པ་དང༌། བྱང་བ་ལ་ཕུལ་དུ་བྱང་བ་དང༌། རྙེད་པ་ལ་ཕུལ་དུ་རྙེད་པ་དང༌། ཁྱབ་པ་ལ་ཕུལ་དུ་ཁྱབ་པ་དང༌། དགའ་བ་ལ་ཕུལ་དུ་དགའ་བ་དང་གྲོལ་བ་ལ་ཕུལ་དུ་གྲོལ་བའོ།།
T.T. Sgra-Rigpa, vol. 140,123-129 PP.
༣། སུ་ཞེས་པའི་ཉེ་བར་བསྒྱུར་བ་ནི་དོན་ལྔ་པོ་དེ་རྣམས་ལ་འཇུག་གོ། མཆོད་པ་ལ་བདེ་བར་མེས་མཆོད་པ་དང༌། གདུང་བ་ལ་བདེ་བར་གདུང་བ་དང༌། རྗེས་སུ་འདོད་པ་ལ་བདེ་བར་རྗེས་སུ་འདོད་པ་དང༌། ཚོགས་པ་ལ་བདེ་བར་ཚོགས་པ་དང་དཀའ་བ་སྤྱོད་པ་ལ་བདེ་བར་དཀའ་སྤྱོད་པའོ།།
T.T. Sgra-Rigpa, vol. 140,123-129 PP.
༤། གཙུག་ལག་བཞི་ནི། (༡) སྒྲ་སྐད་ཀྱི་གཙུག་ལག (༢) ཡི་གེའི་གཙུག་ལག (༣) རྣམ་པར་རིག་བྱེད་ཀྱི་གཙུག་ལག (༤)འཇིག་རྟེན་པའི་གཙུག་ལག་དང་བཞིའོ།།

འདི་ཡང་ཁ་བ་རི་བའི་སྐད་ཡིག་དབྱར་མཚོ་ལྟར་འཕེལ་རེར་གང་མིང་ཟླ་བ་གཞོན་ནུར་འབོད་པས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་འདབས་ཀྱི་ཞི་འཚོ་དཔེ་མཛོད་ནས་གློག་ཀླད་དུ་གཏགས་ཏེ་རང་སྐད་ལ་དུང་བ་བླ་ལྷག་ཏུ་ཆེ་བ་གང་མང་གི་སེམས་ཀྱི་ཟས་བརྫངས་པའོ།།
༢༠༠༩།༢།༡༣ ལ།

ཀླུ་སྒྲུབ་དགོངས་རྒྱན་གྱི་རྒྱུ་མ་འདི་རེད་དམ།

ཟིན་བྲིས་པ། ཟླ་བ་གཞོན་ནུ།

བདུད་ཀྱི་མཚོན་ཆ་རྩུབ་མོ་དག་ལ་འཇམ་གཉེན་མེ་ཏོག་ལན་དུ་སྦྱིན།།
ལྷས་བྱིན་ཁྲོས་པའི་སྒྱོགས་རྡོ་འཕངས་ཚེ་མི་སྨྲའི་བརྟུལ་ཞུགས་དང་དུ་བླངས།།
རང་གི་དགྲ་ལ་སྡང་མིག་ཙམ་ཡང་ལྟ་བར་མི་ནུས་ཤཱཀྱའི་སྲས།།
འཇིགས་རུང་འཁོར་བའི་དགྲ་ཆེན་སྐྱོབ་པའི་གྲོགས་སུ་ཤེས་ལྡན་སུ་ཡིས་བཀུར།།

༡༽ཡོད་མེད་ཡིན་མིན་གྱི་རྣམ་གཞག་བརྒྱ་ཕྲག་དུ་མ་བྱས་ཏེ་འདི་རྣམས་ཐག་གཅོད་མཁན་ང་མིན་གྱི།སངས་རྒྱས་ཡིན།ཀླུ་སྒྲུབ་ཡིན།ཤིང་རྟ་ཆེན་པོ་ཡིན་སོགས་གཏམ་རྫིག་པོ་སྣ་ཚོགས་སྨྲ་མོད།མཐར་གཏུགས་ཚེ།སངས་རྒྱས།ཀླུ་སྒྲུབ།ཤིང་རྟ་ཆེན་པོ་སོགས་རང་གི་བློ་འདི་ཙམ་གྱིས་ཐག་བཅད་པར་འདུག་ཅིང༌།རང་བློ་འཁྲུལ་བ་མེད་པར་མཁས་པ་སུས་ཀྱང་ཁས་མི་ལེན་པས་ད་ནི་ཐམས་ཅད་ཀྱི་རྩ་བ་རུལ་བ་མ་ཡིན་ནམ།
༢༽དེས་ན་བོད་སྔ་མའི་མཁས་པ་རྣམས་ཀྱིས་གནས་ལུགས་བརྗོད་དུ་མེད་པ་བསམ་དུ་མེད་པ་སོགས་གསུངས་པ་ལ།འགའ་ཞིག་གིས་ནི་བླུན་པོ་དང་ཆད་ལྟ་བ་ཞེས་དགག་པ་བྱེད།འགའ་ཞིག་གིས་ནི་ཅུང་ཟད་གུས་པའི་ཚུལ་དུ་བྱས་ཏེ།བོད་སྔ་མའི་མཁས་གྲུབ་ཁོང་ཚོའི་ཐུགས་ཀྱི་དགོངས་ཚུལ་ལ་ནི་མ་འགྲིགས་པ་ཆེར་མེད་མོད་ཀྱི།ཁ་ནས་བཤད་པའི་ཚེ་རྗེ་བླ་མ་ལྟ་བུའི་ཞིབ་ཆ་མ་ཐོན་པ་ཙམ་ཡིན་ཟེར།དེ་བདེན་ན་བཅོམ་ལྡན་འདས་ཀྱིས་ཀྱང་ཐུགས་ཀྱི་དགོངས་ཚུལ་ལ་མ་འགྲིག་པ་མེད་མོད་ཀྱི།ཞལ་ནས་གསུངས་པའི་ཚེ་ན།
སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།།ཞེས་དང༌།
ཡིན་པ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ།།མིན་པ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ་སོགས་ཤ་སྟག་གསུངས་པས།རང་རེ་རི་བོ་དགེ་ལྡན་པའི་ལུགས་ཀྱི་བདེན་གྲུབ་ཡིན་པ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ།།ཡོད་པ་མིན་པ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ་སོགས་ཀྱི་ལྷན་པ་མཛེས་པོ་དེ་ཚོ་སྣང་མེད་དུ་བཞག་འདུག་པས་སངས་རྒྱས་ཁོང་ཡང་ཆོས་སྟོན་ཚུལ་ལ་ཞིབ་ཆ་མེད་པ་ཞིག་འདུགདེས་ན་བོད་སྔ་མ་དང་སངས་རྒྱས་གཉིས་ཀ་འགོག་ན་ཡང་མཉམ་དུ་ཁོག་ཅིགའཇོག་ན་ཡང་མཉམ་དུ་ཞོག་ཅིགམི་ཁ་སྡང་མི་སྡང་ལ་འཇིགས་ནས་ལྕེ་སྣ་ཚོགས་སུ་བསྒྱུར་ཏེ་མགོ་སྐོར་སྣ་ཚོགས་མི་གཏོང་བར་ཞུ།
༣༽རང་ཅག་སོ་སོ་སྐྱེ་བོ་དག་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལྟོས་ན།ཁྱི་དང་བྱི་ལའི་ཚོད་ཙམ་དུ་ཡང་མ་བསླེབས་པ་དག་གི་རྣམ་རྟོག་གི་བུ་ག་ཆུང་ངུ་འདིར།རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་པའི་མཐའ་དང་བྲལ་བའི་ཆོས་དབྱིངས་ནམ་མཁའ་ཆེན་པོ་དེ་མེད་དགག་མ་ཡིན་དགག་སོགས་ཀྱི་གཟུགས་སུ་འགོད་པར་ག་ལ་ནུས།ཁས་ལེན་མེད་པ་དེ་ཉིད་ཁས་ལེན་ཡིན་ནོ་བྱ་བ་དང༌།གོང་དུ་སྨྲས་པ་ལྟར་ཀ་ར་ལ་རྒྱུས་མེད་པའི་བྱང་འབྲོག་གི་ཡུལ་དུ་ཞོ་དང་འོ་མ་མིན་པའི་ཀ་ར་བྱ་བའི་མངར་བ་དེ་ཉིད་འོ་མ་ཡིན་ངེས་སོ་ཞེས་ཨུ་ཚུགས་བྱེད་པ་དང་འདྲ་སྟེ།མེ་ལོང་གི་ཆེ་ཆུང་ལ་དཔགས་པའི་གཟུགས་བརྙན་གྱི་རྒྱ་ཁྱོན་ཡང་དེ་ཙམ་ལས་མེད་པ་ལ་དེ་ཡི་ནང་དུ་མ་ཚུད་པ་ཐམས་ཅད་རིགས་པའི་དགག་བྱ་ཤ་སྟག་ཏུ་འདོད་པ་ནི་ཟབ་མོའི་ཆོས་ཐམས་ཅད་ལ་གོ་བ་རྣལ་མ་སྐྱེ་བའི་གེགས་སུ་ཤེས་པར་བྱའོ།།
༤༽གནད་ཀ་མཐར་ཐུག་ནི་རང་བཞིན་མེད་པར་རྟོགས་ཚེ་ས་རྡོ་བྲག་རི་རྣམས་རང་ལ་སྣང་ཚུལ་དང༌།གཞན་ལ་སྣང་ཚུལ་གཉིས་ཤིན་ཏུ་ཐ་དད་དུ་སོང་བས་གཞན་གྱིས་རྡོ་ཞིག་བརྗོད་པ་དེ་དོན་ལ་བདེན་གྲུབ་གྱི་རྡོ་བརྗོད་པ་ཡིན་ཞིང༌།རང་གིས་ཡིན་ཞེས་ཁས་བླངས་པ་དེ་རང་བཞིན་གྱིས་མ་གྲུབ་པའི་རྡོ་བརྗོད་པ་ཡིན་པས།རང་བཞིན་གྱིས་མ་གྲུབ་ན་རྡོ་མིན་དགོས་པ་དང་རྡོ་ཡིན་ན་རང་བཞིན་གྱིས་མ་གྲུབ་པ་དགོས་པའི་བསམ་མནོ་བཏང་ཚུལ་གཉིས་གཞི་གཅིག་གི་སྟེང་དུ་ནམ་ཡང་བརྡ་འཕྲོད་མེད་པས།ཐལ་འགྱུར་བ་དང་དངོས་སྨྲ་བ་གཉིས་ལ་ཆོས་ཅན་མཐུན་སྣང་བ་མེད་པ་ཡིན་ཞིང༌།བརྡ་འཕྲོད་ཚེ་ཡང་རྒྱལ་པོ་སྐུ་ཚེ་རིང་བར་ཤོག་ཅེས་ཕན་ཚུན་གྱི་ཡུལ་རྒྱུས་མེད་པའི་རྒྱ་དཀར་ནག་གཉིས་ཀའི་མི་གཉིས་ཀྱིས་ལྷན་ཅིག་ཏུ་བརྗོད་ཚེ་རྒྱ་ནག་པོའི་ཚིག་གི་བརྗོད་བྱ་ནི་སྐྲ་དང་སྨ་ར་རིང་ཞིང་གོས་ནག་གྱོན་པའི་རྒྱལ་པོ་དེ་ཡིན་ལ།རྒྱ་གར་བ་དེའི་ཚིག་གི་བརྗོད་བྱ་ནི་སྐྲ་དང་སྨ་ར་མེད་ཅིང་རས་དཀར་གྱོན་པའི་རྒྱལ་པོ་དེ་ཡིན་མོད་ཀྱི།རྒྱལ་པོ་བྱ་བའི་ཚིག་གཉིས་ཀྱང་གཅིག་ཏུ་སོང་ལ།གཅིག་གིས་གཅིག་ལ་རྩོད་ལན་བྱེད་པ་ཡང་མ་དགོས་པས་ཕན་ཚུན་བརྡ་འཕྲོད་པ་ཙམ་ཡིན་ནོ།།
༥༽དངོས་སྨྲ་བས་རང་བཞིན་མེད་ན་རྒྱུ་འབྲས་མི་འཐད་ཅེས་ཐལ་འགྱུར་བ་ལ་ཐལ་བ་འཕངས་པ་ལ།རང་བཞིན་མེད་པ་ཡིན་ཀྱང་མེད་པ་མ་ཡིན་པའི་སྐྱོན་མེད་དོ་ཞེས་ཐལ་འགྱུར་བས་ལན་འདེབས་སོ་བྱ་བ་འདི་ཕྱི་རབས་པའི་ལུགས་དང༌།རང་ལུགས་ལ་རང་བཞིན་ཡོད་མེད་དང་ཡིན་མིན་ལ་སོགས་པ་གང་དུ་ཡང་ཁས་མི་ལེན་པས་སྐྱོན་མེད་དོ་ཞེས་ལན་འདེབས་དགོས་པ་འདི་སྔ་རབས་པའི་ལུགས་ཡིན་ནོ།།
༦༽ནམ་མཁར་མཐའ་མེད་ཀྱང་དཀྱིལ་ཡོད།འཁོར་བར་ཐོག་མ་མེད་ཀྱང་མཐའ་མ་ཡོད་གསུངས་པ་སོགས་ཀྱང་སྲིད་གསུམ་འཁོར་བ་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོའི་སོ་སྐྱེ་ཁྱིམ་པ་རྣམས་ཀྱི་བསམ་པ་ལ་གང་འཚམས་པ་ཞིག་གསུངས་པར་སྣང༌།
༧༽ཇི་སྲིད་ཀུན་རྫོབ་ཀྱི་སྣང་བ་མ་འགག་པ་དེ་སྲིད་དང༌།ཇི་སྲིད་རྣམ་ཤེས་ཀྱི་རྟེན་མ་བརྗེ་བ་དེ་སྲིད་དུ་སྟོང་པ་ཉིད་མངོན་སུམ་དུ་རྟོགས་ཀྱང་སྔར་ཁས་བླངས་པ་དེ་དབང་མེད་དུ་ཁས་ལེན་དགོས་པ་འདི་ལ་རིགས་པས་སྒྲུབ་བྱེད་ཀྱིས་འབད་པ་བྱ་མ་དགོས།གལ་སྲིད་ཁས་མ་བླངས་ཀྱང༌།མཐོང་བ་དང་ཐོས་པ་དང་མྱོང་བ་ཁོ་རང་གི་མངོན་སུམ་དུ་གྱུར་བ་དེ་ལ་རིགས་པས་དགག་སྒྲུབ་ཀྱི་དོན་མ་དགོས།ཀུན་རྫོབ་ཁས་མ་བླངས་ཆད་ལྟར་ལྷུང་བའི་ཉེན་ཡོད་ན་མིག་དང་རྣ་བའི་སྣང་བ་དེ་དག་ཡོད་མེད་ཀྱི་དགག་སྒྲུབ་བྱ་བར་ཟད་མོད།བྱ་མི་དགོས་ལ།ཁ་ནས་ཐམས་ཅད་མེད་ཅེས་པའི་ཚིག་ཙམ་སྨྲས་ཀྱང་སེམས་ཀྱི་འཛིན་ཚུལ་ལ་ཅི་ཡང་མི་གནོད་པས་དེ་ཙམ་ལ་དགག་སྒྲུབ་དོ་གལ་ཆེན་པོ་དེ་ཙམ་དགོས་པའི་རྒྱུ་མཚན་མི་སྣང༌།
༨༽མདོར་ན་དྲང་དོན་ངེས་དོན་གྱི་རྣམ་གཞག་ཁས་མི་ལེན་ན།གཞན་ངོར་ཁས་ལེན་པ་དང་རང་ངོར་ཁས་ལེན་པའི་རྣམ་གཞག་ཀྱང་ཁྱད་ཕྱེ་མི་ནུས་ལ།དབུ་མའི་བསྟན་བཅོས་འདི་ཙམ་ཞིག་དབུ་མའི་རང་ལུགས་མིན་ན་སུའི་ལུགས་ཡིན་ཞེས་དགག་པ་མཛད་པ་ནི།དགོངས་འགྲེལ་ལང་གཤེགས་སོགས་མདོ་མང་པོ་འདི་ཙམ་ཞིག་ཏུ་ཕྱི་དོན་མེད་པའི་ཀུན་གཞི་དང༌།གཟུང་འཛིན་གཉིས་སྟོང་གི་དེ་ཉིད་མཐར་ཐུག་རིགས་པ་བརྒྱ་ཕྲག་གི་སྒོ་ནས་ཡང་ནས་ཡང་དུ་གསུངས་པ་འདི་ཉིད་གསུང་བ་པོ་བཅོམ་ལྡན་འདས་ཀྱི་རང་ལུགས་མིན་ན་གཞན་སུ་ཞིག་གི་ལུགས་ཡིན་ཞེས་སྨྲ་བ་དང་འདྲ།
༩༽དགག་བྱ་ལ་བདེན་གྲུབ་ཀྱི་ཁྱད་པར་མ་སྦྱར་བར་བཀག་ན་ཆད་ལྟར་འགྱུར་ཚེ་བདེན་གྲུབ་ལ་ཡང་རང་བཞིན་གྱི་ཁྱད་པར་མ་སྦྱར་བར་བཀག་ན་ཆད་ལྟར་འགྱུར་ངེས་ལ།ཐོག་མ་མེད་པ་ནས་ད་ལྟའི་བར་ད་དུང་ཡང་བདེན་གྲུབ་ཀྱི་ཁྱད་པར་སྦྱར་མ་ཐུབ་པར་བདེན་གྲུབ་ཀྱི་ཁྱད་པར་ཞིག་གསར་དུ་སྦྱར་ནས་དེ་འགོག་པ་འདི་འབེན་ངོས་ཟིན་ནས་མདའ་འཕངས་པ་མ་ཡིན་གྱི།འབེན་གཞན་ཞིག་གསར་དུ་བཙུགས་ནས་མདའ་འཕངས་པ་ཡིན་ནོ།།
༡༠༽མ་རྙེད་པ་དང་མེད་པར་རྙེད་པ་གཉིས་ཀྱི་ཁྱད་པར་ཤིན་ཏུ་ཕྱེ་བའི་སྐད་བྱེད་པ་ལ་ནི།མིག་ཤེས་ཀྱིས་སྒྲ་ནམ་ཡང་ཚོར་བ་མ་ཡིན་པས་དེས་སྒྲ་རྙེད་མ་རྙེད་ཀྱི་ཐ་སྙད་ཀྱང་ནམ་ཡང་བྱར་མེད་ལ།དེ་བཞིན་རྣ་ཤེས་སོགས་ལ་ཡང་མཚངས་ཤིང༌།མིག་ཤེས་ཀྱིས་སྒྲ་མ་ཐོས་ཙམ་གྱིས་སྒྲ་མ་རྙེད་པའི་དོན་ཡིན་ན།ས་དང་རྡོ་སོགས་ཀྱིས་ཀྱང་གཟུགས་སྒྲ་ལ་སོགས་དང་བདེན་གྲུབ་སོགས་ཅི་ཡང་མ་རྙེད་པས་དེ་དག་བྱང་ཆུབ་མཆོག་གི་མཐར་ཐུག་ལ་བསླེབས་ཟིན་པར་འགྱུར་རོ།།

༡༡༽ ཀུན་རྫོབ་པའི་རིགས་པ་དང་དོན་དམ་པའི་རིགས་པ་ནི་ཤིན་ཏུ་ཐ་དད་པས་གཅིག་གི་ཡུལ་ལ་གཅིག་གིས་མི་གནོད་པ་ཡིན་སྙམ་ན། བདེན་འཛིན་དང་དོན་དམ་དཔྱོད་པའི་རིགས་ཤེས་གཉིས་དེ་ལས་ཀྱང་ཤིན་ཏུ་ཐ་དད་པས། གཅིག་གི་ཡུལ་ལ་གཅིག་གིས་མི་གནོད་པར་སྣང༌། དོན་ལ་ཀུན་རྫོབ་ཏུ་ཡང་མ་རྙེད། དོན་དམ་དུ་ཡང་མ་རྙེད་པས་ཁྱབ་ཅིང༌། དེ་གཉིས་གང་རུང་ཞིག་ཏུ་རྙེད་ན་ཡོད་པའི་ཁོངས་སུ་འདུ་བར་འདོད་པ་ནི་ཚོགས་དྲུག་གི་རྣམ་ཤེས་གང་གིས་ཀྱང་མ་རྙེད་ན་མེད་པ་དང༌། དེ་དག་གིས་རྙེད་ཚད་ཀུན་ཡོད་པར་འདོད་པའི་བསམ་མནོ་དེ་ཡིན་ལ། བསམ་མནོ་འདི་དགག་པར་དགོངས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས། མིག་དང་རྣ་བ་སོགས་ཕར་ཞོག་ཡིད་ཀྱང་ཚད་མ་མིན་ཞེས་གསུངས་སོ།། དོན་ལ་ཀུན་རྫོབ་བདེན་པ་ལ་སྙིང་ཐག་པ་ནས་ཡིད་ཆེས་པ་དང་བདེན་གྲུབ་ལ་སྙིང་ཐག་པ་ནས་ཡིད་ཆེས་པ་གཉིས་ལ་ཁྱད་པར་ཡོད་མེད་སློབ་དཔོན་ཀླུ་སྒྲུབ་ད་དུང་བཞུགས་ཡོད་ན་དྲིས་ནས་ཤེས་པར་ནུས།
༡༢༽ ཡོད་དང་མེད་པའི་ཕྱོགས་འཇིག་པ་ཞེས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པའི་ཀླུ་སྒྲུབ་ཀྱི་ལྟ་བ་དེ་ཡོད་པ་བདེན་པར་ཡོད་པ་དང༌། མེད་པ་དོན་དམ་པར་མེད་པ་བྱས་ནས་དོན་ལ་འཇིག་རྟེན་གྱི་ཡོད་པ་དང་མེད་པ་གཉིས་ཀྱི་ཁོངས་སུ་སླར་ཡང་འདུ་བར་བྱེད་པ་འདིས། ཀླུ་སྒྲུབ་ཀྱིས་བསྟན་པའི་སྙིང་པོ་བཤིག་པ་ཡིན་ནམ་བཟུང་བ་ཡིན་པ་ཁོ་བོས་ཆ་མ་འཚལ་ཏོ།།
༡༣༽ དོན་དམ་དོན་དམ་གྱི་ས་ན་ལྡན། ཀུན་རྫོབ་ཀུན་རྫོབ་ཀྱི་ས་ན་ལྡན་བྱ་བ་འདིའི་གོ་བ་མཐར་ཐུག་ནི་ཆུ་ཆུའི་ས་ན་རླན་ཞིང་གཤེར་བ་ཡིན། རྡོ་རྡོའི་ས་ན་སྲ་ཞིང་མཁྲེགས་པ་ཡིན་བྱ་བ་དང་ཁྱད་ཅི་ཡང་མེད་ཅིང༌། སྲ་མཁྲེགས་དང་རླན་གཤེར་འགལ་མེད་ཟུང་འཇུག་ཏུ་འདོད་པ་འདིའི་ལུགས་ལྟར་ན། རྡོ་ཆུའི་ནང་དུ་སྐམ་པོ་དང༌། ཆུ་རྡོའི་སྟེང་དུ་རྟག་ཏུ་རླན་པ་ཡོད་བྱ་བ་འགལ་མེད་ཀྱི་རྣམ་གཞག་དེ་ག་རང་དུ་འདུག་ལ། དེ་ལྟར་བྱས་ཚེ་འཇིག་རྟེན་ཐམས་ཅད་ལ་ཁྱབ་པའི་མ་རིག་པ་དེ་ཐམས་ཅད་ལ་ཁྱབ་པའི་སངས་རྒྱས་ཀྱི་ཡེ་ཤེས་དང་མཉམ་དུ་འགྲོགས་པས་དེ་གཉིས་ཀྱང་འགལ་བ་མེད། ཐལ་འགྱུར་བའི་རིགས་པའི་རྩ་བ་གཅིག་ནི། མིག་དང་རྣ་བས་སྣང་ཚུལ་མ་མཐུན་པ་དང༌། སྣ་དང་ལྕེ་ཡིས་སྣང་ཚུལ་མ་མཐུན་པ་དང༌། མཐར་ཐུག་ཡིད་ཀྱིས་བསམ་ཚུལ་ཡང་ཕན་ཚུན་གོ་མ་འཕྲོད་པ་ཞིག་གི་སྟེང་ནས་རྣམ་ཤེས་ཐམས་ཅད་ལས་འདས་པའི་ལམ་གཞན་ཞིག་ཏུ་འཁྲིད་པར་སྣང་ལ། བསམ་ཚུལ་དྲན་ཚུལ་འདི་ཀུན་གཅིག་གིས་གཅིག་ལ་མི་གནོད་པས་ཐ་སྙད་པའི་ཤེས་པ་ཚད་མར་བྱས་ཚེ། ཤིག་དང་བྱི་བ། བྱི་ལ། ཁྱི་དང་མི་སོགས་ཀྱི་བསམ་ཚུལ་ཐམས་ཅད་ལ་ཁྱད་པར་ཕྱེ་བའི་དོན་ཅུང་ཟད་ཀྱང་མེད་པས་དེ་ཐམས་ཅད་ཀྱང་ཀུན་རྫོབ་ཀྱི་བདེན་ཤ་སྟག་ཡིན་ལ། དེ་དག་གིས་སྣང་ཚུལ་ཀུན་རྫོབ་ཀྱི་བདེན་པ་ཡིན་ཡང་གཅིག་གི་སྣང་བ་ལ་གཅིག་གིས་གནོད་པ་ཤ་སྟག་ཡིན་པས་ཀུན་རྫོབ་བདེན་པ་བྱ་བ་ཞིག་མི་སྲིད་པར་འགྱུར་རོ།།
༡༤༽ ཀུན་རྫོབ་ཀྱི་རྣམ་གཞག་ཐམས་ཅད་འཐད་པར་འཇོག་པའི་ལུགས་འདིས་ཁ་གྲགས་མི་ཤེས་པའི་བྱི་ལ་དང༌། བྱི་བ་སོགས་སྣང་ཆུང་དུ་བསྐྱུར། དེ་དག་ལས་ཅུང་ཟད་ཁྱད་དུ་འཕགས་པའི་བྱིས་པ་དང་བླུན་པོ་སོགས་ཀྱང་སྣང་ཆུང་དུ་བོར་ནས། བར་ན་སྡོད་པའི་མཁས་པ་ཧ་ཅང་ཐལ་འགྱུར་བ་བཞིན་གྲུང་པོ་ཡང་མ་ཡིན་པ་ཕལ་པ་བཞིན་བླུན་པོ་ཡང་མ་ཡིན་པ་དེ་དག་གི་བསམ་ཚུལ་རྣམས་ལ་འཇོག་པར་སྣང་ངོ༌།།
༡༥༽ རྗེ་ཡི་བཞད་པ་མཐར་ཐུག་ནི། རང་ལུགས་སུ་ཁས་ལེན་བྱ་བའི་ཐ་སྙད་ལ་སྣང་ཆུང་དུ་མཛད་ནས་རང་རྒྱུད་དུ་ཁས་ལེན་བྱ་བ་དང༌། རང་དབང་དུ་ཁས་ལེན་བྱ་བ་གཉིས་དོན་གཅིག་པར་མཛད་ཅིང༌། དེའི་དོན་མཐར་ཐུག་རང་དང་གཞན་བྱ་བ་དེ་གང་ཟག་ལ་མི་བྱེད་པར་དེའི་བཞེད་པ་ནི་དངོས་པོ་རང་གི་གནས་ཚུལ་ཞིག་ལ་བྱེད་པར་འདུག་པས། དངོས་པོ་རང་གི་སྡོད་ལུགས་ཀྱིས་གྲུབ་པར་ཁས་ལེན་པ་དེ་རང་རྒྱུད་དང༌། སྡོད་ལུགས་ཀྱིས་མ་གྲུབ་པར་ཁས་ལེན་པ་དེ་ཐལ་འགྱུར་དུ་བྱེད་པར་འདུག
༡༦༽ རང་ལུགས་དང་གཞན་ལུགས་བྱ་བ་དེ་འཇིག་རྟེན་ཕལ་བའི་རྒྱབ་འདྲེ་དང་འདྲ་བར་བྱས་ནས་རྒྱབ་འདྲེ་བྱེད་མཁན་གྱི་མི་གཉིས་ཁ་མཐུན་པ་ཙམ་ཞིག་ལ་རྣམ་གཞག་ཀུན་གྱི་རྩ་བ་བརྟེན་པར་སྣང་མོད། ལར་འཇིག་རྟེན་ལས་འདས་པའི་ས་ལ་བགྲོད་པར་བྱ་བ་དེ་འཇིག་རྟེན་པའི་བསམ་པ་དང་བརྗོད་པ་ལས་འདས་པ་ཞིག་ཡིན་ངེས་ལ། དེ་ལྟར་ན་འཇིག་རྟེན་ཐམས་ཅད་དང་ཁ་མི་མཐུན་པ་བསམ་པ་མི་མཐུན་པའི་ཕྱོགས་གཅིག་ནས་འཕགས་པའི་ས་ལ་བགྲོད་དགོས་པ་ཡིན་པས། འཕགས་པའི་དགོགས་པ་མཐོ། སེམས་ཅན་གྱི་བསམ་དམན་བྱ་བའི་རྣམ་གཞག་འདི་ཀུན་ཁས་མ་བླངས་ན་མི་གཏོགས་རང་ལུགས་སུ་ཁས་བླངས་པ་དང་གཞན་ལུགས་སུ་ཁས་ལེན་པ་འདི་ཡང་མི་འོང་བར་སྣང༌།
༡༧༽ སྤྱིར་རྨོངས་པ་རྣམས་ལ་རྨོངས་པའི་བསམ་པ་དང་མཐུན་པའི་གཏམ་ཞིག་མ་བརྗོད་པར་ཕན་ཚུན་བརྡ་འཕྲོད་པའི་སྐབས་མེད་ལ། དེ་ལྟར་བརྡ་འཕྲོད་པའི་རྐྱེན་དེ་ཉིད་ཤེས་བྱ་ཐམས་ཅད་ཀྱི་རྩ་བར་བཟུང་བ་ནི་ཤིན་ཏུ་ངོ་མཚར་རོ།།
༡༨༽ བུམ་པ་བུམ་པ་ཡིན་ལུགས་དཔྱོད་པའི་རིགས་པས་མ་རྙེད་ན་བུམ་པ་བུམ་པ་ཡིན་པར་རྙེད་པའི་བློ་ཞིག་འཇིག་རྟེན་འདིར་ག་ལ་རྙེད། ཡིན་ལུགས་མེད་པའི་ཡིན་ཚུལ་ཞིག་རིགས་པ་སྨྲ་བ་སུས་ཀྱང་འདོད་པའི་གོ་སྐབས་མེད་ལ། མདོར་ན་ཡིན་ལུགས་བཙལ་བྱ་བ་དེ་ཁོ་རང་ཁོ་རང་ཡིན་ཚུལ་ཞིག་བཙལ་བ་ཡིན་ལ། ཡིན་ཚུལ་གཏན་ནས་མ་རྙེད་པར་ད་དུང་ཡིན་ཡིན་ཞེས་ཨུ་ཚུགས་བྱེད་པ་འདི་འདྲ་ལ་དབུ་མའི་ལྟ་བས་དགོས་པ་ཅི་ཞིག་ཡོད། ཡིན་ན་ཡིན་ཚུལ་ཞིག་དགོས། མིན་ན་མིན་ཚུལ་ཞིག་དགོས་པ་ལ་ཡིན་ཚུལ་མིན་ཚུལ་རྙེད་རྒྱུ་མེད་པར་ཐག་བཅད་ནས་ཡིན་མིན་གྱི་རྣམ་གཞག་ཐམས་ཅད་འཐད་ལྡན་དུ་ཁས་ལེན་པ་དེ་དབུ་མའི་རིགས་པ་ཐམས་ཅད་ཀྱི་ནུས་པ་འཇོམས་པར་བྱེད་པ་སྟེ།
རེ་ཞིག་སོང་བ་འགྲོ་བ་མིན།།
མ་སོང་བ་ལའང་འགྲོ་བ་མིན།།
སོང་དང་མ་སོང་མ་གཏོགས་པར།།
གོམ་པ་ཤེས་པར་མི་འགྱུར་རོ།། ཞེས་གསུངས་པར། མཐའ་བཞི་པོ་དེ་གང་གི་ཡང་ཁོངས་སུ་མ་འདུས་པའི་ཡིན་ཚུལ་མེད་པའི་གོམ་པ་འདོད་ཅིང༌། དེ་ནི་དོན་ལ་འགྲོ་ཚུལ་མེད་པའི་འགྲོ་བ་ཁས་ལེན་པ་དེ་ཀླུ་སྒྲུབ་ཡབ་སྲས་ཀྱི་རིགས་པ་ཐམས་ཅད་ཆུད་ཟོས་སུ་བཏང་བའི་ལུགས་ཡིན་ནོ།།
༡༩༽ ཡིན་ཚུལ་མིན་ཚུལ་འགོག་པའི་དོན་ཡིན་པ་ཡང་བློ་དམན་དག་གིས་ཀྱང་ཤེས་པར་ནུས། བཅོམ་ལྡན་འདས་ལ་སྣང་བའི་འབུམ་ཆ་གཅིག་ཙམ་ཡང་རང་ཅག་ལ་མི་སྣང༌། བཅོམ་ལྡན་འདས་ཀྱིས་གཟིགས་པའི་འབུམ་ཆ་གཅིག་རང་ཅག་གིས་མི་ཤེས། ཤིན་ཏུ་བླུན་པོ་ལམ་ཆུང་བ་དང་བཅོམ་ལྡན་འདས་གཉིས་དམ་པའི་ཆོས་ཀྱི་བཀའ་མཆིད་མཛད་པ་ན་བཅོམ་ལྡན་འདས་ཀྱིས་ཐལ་འགྱུར་བའི་ལུགས་མཛད་པ་ལས་རང་རྒྱུད་དུ་ཞལ་གྱིས་བཞེས་པའི་གོ་སྐབས་མེད་པ་ཡིན་ནོ།།

༢༠༽ དོན་དམ་དུ་མེད་པས་མེད་པའི་གོ་མི་ཆོད་ཅིང༌། ཀུན་རྫོབ་ཏུ་ཡོད་པས་ཡོད་པའི་གོ་ཆོད་བྱ་བའི་ལུགས་འདི་ལྟར་ན། འཕགས་པའི་རིགས་ཤེས་ངོར་ཡོད་པས་ཡོད་པའི་གོ་མི་ཆོད་ཀྱང༌། འཇིག་རྟེན་འཁྲུལ་སྣང་གི་ངོར་མེད་པས་མེད་པའི་གོ་ཆོད་ཅེས་གོ་ལྡོག་ནས་བཤད་ན་ཡང་འགལ་བ་མེད་པར་སེམས། དེ་ལྟར་སྒྱུ་མའི་རྟ་གླང་རྟ་གླང་ཡིན་པ་ཡང་མཁས་པས་མ་རྙེད་པས་མེད་པའི་གོ་མ་ཆོད་ཀྱང་བླུན་པོ་དག་གིས་རྙེད་པས་ཡོད་པའི་གོ་ཆོད་པ་ཡིན་ནོ།།
༢༡༽ སྟག་གི་ཆུང་མའི་མཛེས་སྡུག་དེ་རང་ཅག་གིས་མི་ཤེས་པས་རང་ཅག་སྟག་གི་ཆུང་མ་ལ་ཆགས་པ་མི་སྐྱེ། མིའི་བུ་མོའི་མཛེས་སྡུག་དེ་སྟག་གིས་མི་ཤེས་པས་སྟག་མི་མོ་ལ་འདོད་པ་མི་སྐྱེ་བ་འདིའི་རྩ་བ་མཐར་གཏུགས་ན་སྟག་ལ་གྲུབ་པའི་ཚུལ་གསུམ་དེ་རང་རེ་ལ་མ་གྲུབ། རང་ཅག་ལ་གྲུབ་པའི་ཚུལ་གསུམ་དེ་སྟག་ལ་མ་གྲུབ་པ་འདི་ཁོ་ནར་འདུག་པས་ཚུལ་གསུམ་གྱི་རིགས་པ་བྱ་བ་འདི་དུད་འགྲོ་དང་མིའི་བར་ན་ཡང་མེད་པར་སྣང་ན། འོག་མིན་མན་ཆད་དང་མནར་མེད་ཡན་ཆད་དུ་ཡོད་པ་ཡ་ཆ།
༢༢༽ བུམ་པ་མེད་ཀ་བ་མེད་སོགས་འཇིག་རྟེན་ཡོངས་གྲགས་ཀྱི་སྣང་བ་དང་འགལ་བ་ཡིན་པས་ཆད་ལྟ་ཡིན་ནོ་ཞེས་བཤད་ན། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་མཐུན་སྣང་དུ་གྱུར་བའི་བདེན་གྲུབ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཆད་ལྟ་ཀུན་གྱི་མཐར་ཐུག་ཏུ་མི་འགྱུར་རམ།
༢༣༽ སྟོང་གཞི་ཆོས་ཅན་མེད་པར་དེའི་སྟེང་གི་སྟོང་ཉིད་འཇོག་མི་ཤེས་ཟེར་བ་ནི་བུམ་པ་མེད་པར་བུམ་པའི་ནང་གི་ཆུ་འཇོག་མི་ཤེས་པའི་གོ་བ་ཙམ་ཡིན། གལ་སྲིད་ཁྱེད་ཅག་གི་ལུགས་ལ་བདེན་མེད་རིགས་པས་བསྒྲུབ་པ་ལ་སྟོང་གཞི་ཆོས་ཅན་ངེས་པར་དགོས་ན། བདེན་པ་སྟོང་གཞི་དང་མེད་པ་དེ་སྟོང་ཉིད་དུ་བྱས་ན་ཅི་ལ་མི་འགྲིགས། དེ་བཞིན་རང་བཞིན་མེད་པ་བྱ་བའི་རང་བཞིན་དེ་སྟོང་གཞི་དང་མེད་པ་བྱ་བ་དེ་སྟོང་ཉིད་དུ་བྱས་ན་ཡང་རུང༌། བདེན་པ་དང་རང་བཞིན་ཉིད་སྟོང་པ་བྱ་བའང་རིགས་པའི་དགག་བྱ་ཡིན་གྱི་དགག་པའི་གཞི་མི་ཡིན་ནོ་སྙམ་པ་ནི། བུམ་པའི་སྟེང་དུ་བདེན་གྲུབ་ཀྱི་དྲི་མ་ཞིག་ཡོད་པ་དེ་རིགས་ཚོགས་ཀྱི་ལྟ་བའི་ཆུ་ཡིས་བཀྲུས་ནས་གཙང་དུ་བཏང་བ་བུད་མེད་མཛེས་མས་ཁྲུས་བྱེད་པ་དང་འདྲ་བར་བདེན་གྲུབ་ཀྱི་བཞིན་རས་གསལ་དུ་བཏང་བ་ཙམ་ལས་གཞན་ཅི་ཡང་མིན་ནོ།།
༢༤༽ རི་བོང་རྭ་བདེན་མེད་ལ་སྟོང་གཞི་མེད་པས་སྟོང་ཉིད་ཀྱི་ཁོངས་སུ་མ་ཚུད། བུམ་པ་བདེན་མེད་ལ་སྟོང་གཞི་ཡོད་པས་སྟོང་ཉིད་ཀྱི་ཁོངས་སུ་འདུས་ཟེར་བ་འདིའི་རིགས་ལ་རི་བོང་རྭ་ལ་རྩེ་མོ་མེད་བྱ་བ་འདི་སྟོང་གཞི་རྩ་བ་མེད་པས་མེད་དགག་གི་ཁོངས་སུ་མི་འདུ། གཡག་གི་རྭ་ལ་རྩེ་མོ་མེད་བྱ་བ་འདི་སྟོང་གཞི་རྩ་བ་དང་དགག་བྱ་རྩེ་མོ་དང་དེས་སྟོང་པའི་ཆ་མེད་དགག་ཡིན་ཞེས་དཔྱད་པ་དང་ཁྱད་ཅི་ཡང་མི་འདུག་པས། དོན་ལ་མེད་པ་ཐམས་ཅད་རྟེན་པའི་གཞི་ལ་ཡོད་པ་ཞིག་འཇོག་དགོས་པ་དང༌། ཡོད་པ་ཞིག་མེད་པར་གྱུར་བ་ལ་མེད་པ་ཞེས་འདོགས་པའི་གྲུབ་མཐའི་ལུགས་སུ་སྣང་ཞིང༌།
འཕགས་པ་ལྷས། སྔོན་བྱུང་ད་ལྟ་མེད་ཅེས་པ།།
དེས་ན་ཆད་པ་ལྟ་བར་འགྱུར།། གསུངས་པ་དེ་ཀའོ།།
༢༥༽ ཐེག་ཆེན་ལམ་ཞུགས་དང་ཐེན་ཆེན་གྲུབ་མཐའ་སྨྲ་བའི་ཁྱད་པར་དང༌། དེ་བཞིན་བྱེ་བྲག་སྨྲ་བ་དང་བྱང་ཆུབ་སེམས་བསྐྱེད་གཞི་མཐུན་འདོད་པ་སོགས་ཤིན་ཏུ་ངོ་མཚར་ཆེ་སྟེ། ཁོང་ཚོའི་སེམས་ལ་སེམས་བསྐྱེད་མཚན་ཉིད་པ་ཞིག་སྐྱེས་ཕྱིན་ཐེག་ཆེན་ལམ་ཞུགས་སུ་འགྱུར་ཡང༌། གྲུབ་མཐའ་ནི་བཞི་པོ་གང་ཡིན་ཀྱང་ཁྱད་པར་མིན་འདུག་སྙམ་པ་བྱུང་འདུག་ལ། ས་བཅུ་ཡེ་ཤེས་ལྔ་སྐུ་གསུམ་སོགས་ཀྱི་རྣམ་གཞག་ད་དུང་ཁས་མི་ལེན་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཐར་ཐུག་གི་གོ་འཕང་འཐོབ་པར་བྱ་སྙམ་པ་ཙམ་ཞིག་གིས་བྱང་ཆུབ་སེམས་དཔར་ག་ལ་འགྱུར།

ཀླུ་སྒྲུབ་དགོངས་རྒྱན་གྱི་རྒྱུ་མ་འདི་རེད་དམ།
ཚེ་རབས་ཀུན་ཏུ་བླ་མས་རྗེས་འཛིན་ཅིང༌།།
ཆོས་ཉིད་ཟབ་མོ་སྤྲོས་པ་བྲལ་བའི་དབྱིངས།།
མ་ནོར་རང་གིས་ཚུལ་བཞིན་རྟོགས་ནས་ནི།།
རྣམ་དག་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག།
རྣམ་དཀར་སྦྱོར་བ་སྟོང་གི་རླུང་ཤུགས་ཀྱིས།།
མེད་སྣང་འཁྲུལ་བའི་རྒྱལ་ཁབ་སྟོན་ཀའི་སྤྲིན།།
ཆོས་དབྱིངས་ནམ་མཁའི་གནས་སུ་རོ་མཉམ་སྟེ།།
སྐུ་གསུམ་རྒྱལ་བའི་ཉི་མ་འཆར་བར་ཤོག།


ཡོད་མེད་བློ་ཡིས་བཞག་པའི་ཤེས་བྱ་དང༌།།
བདེན་རྫུན་ཡུལ་ལ་ལྟོས་པའི་ཚད་མ་གཉིས།།
གཅིག་གི་རྫུན་ཁུངས་གཅིག་ལ་གཏད་མཐོང་ནས།།
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།
མ་བརྟག་མ་དཔྱད་འཇིག་རྟེན་རྣམ་གཞག་དང༌།།
བརྟགས་ཤིང་དཔྱད་པའི་གྲུབ་མཐའི་གཞུང་ལུགས་གཉིས།།
གཅིག་གི་རྩ་བ་གཅིག་ལ་ཐུག་མཐོང་ནས།།
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།
བློ་ལ་སྣང་བ་ཙམ་གྱི་སྒྱུ་མ་དང༌།།
དོན་ལ་ཡིན་པར་ངེས་པའི་གཤིས་ལུགས་གཉིས།།
གཅིག་ཤོས་བདེན་ན་གཅིག་ཤོས་རྫུན་མཐོང་ནས།།
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།
རང་སྐྱོན་རི་བོ་འགེབ་པའི་སྔ་རྒོལ་དང༌།།
གཞན་སྐྱོན་ཁབ་ཀྱིས་འཚོལ་བའི་ཕྱི་རྒོལ་གཉིས།།
གཅིག་ལས་གཅིག་རྒྱལ་རེས་སུ་བྱེད་མཐོང་ནས།།
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།
ཡོད་མཐའ་འགོག་པའི་སྣང་རུང་མ་དམིགས་དང༌།།
མེད་མཐའ་སྤོང་བའི་མི་སྣང་མ་དམིགས་གཉིས།།
གཅིག་གི་རྣམ་གཞག་གཅིག་གིས་གཤིག་མཐོང་ནས།།
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།
གྲོགས་པོ་མཚན་མར་ཞེན་པའི་བདེན་འཛིན་དང༌།།
གྲོགས་ཀྱིས་ཕན་པར་རྟོགས་པའི་ཚད་མ་གཉིས།།
སྲེད་པ་སྐྱེད་ལ་ཁྱད་པར་མི་འདུག་པས།།
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།
དགྲ་བོ་བདེན་པར་ཞེན་པའི་དངོས་འཛིན་དང༌།།
དགྲ་ཡིས་གནོད་པར་ངེས་པའི་ཚད་མ་གཉིས།།
ཞེ་སྡང་སྐྱེད་ལ་ཁྱད་པར་མ་མཐོང་ནས།།
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།
རྗེས་དཔག་ཚད་མ་མངོན་སུམ་བློ་ལས་སྐྱེས།།
མངོན་སུམ་བདེན་རྫུན་རྗེས་སུ་དཔག་པས་དཔྱད།།
ཕ་ཡི་དཔང་པོ་བུ་ཡིས་བྱེད་པ་འདིས།།
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།
རིགས་པས་དཔྱད་པ་ཤིང་རྟའི་སྲོལ་ལ་བརྟེན།།
ཤིང་རྟ་ཆེན་པོ་རིགས་པའི་སྟོབས་ཀྱིས་སྒྲུབ།།
རང་ཐག་ཆོད་ན་སུ་ཡི་རྗེས་སུ་འབྲང༌།།
རང་ཐག་མ་ཆོད་སུ་ལ་ཡིད་རྟོན་བྱེད།།
ཡང་དག་རིགས་པ་ངེས་དོན་ལུང་ལས་རྙེད།།
དྲང་ངེས་ཁྱད་པར་དྲི་མེད་རིགས་པས་འབྱེད།།
རིགས་པས་ཤེས་ན་ངེས་དོན་ཅི་ལ་འཚོལ།།
རིགས་པས་མ་ཤེས་ངེས་དོན་ག་ལ་རྙེད།།
བྱམས་མགོན་ཁྱི་མོར་མཐོང་བའི་ངང་ཚུལ་འདིས།།
མ་བརྟགས་ལྷན་སྐྱེས་བློ་ལ་ཡིད་མ་ཆེས།།
དབུ་སེམས་མཁན་པོའི་ལྟ་གྲུབ་འགལ་ལུགས་འདིས།།
དཔྱོད་ལྡན་མཁས་པའི་བློ་ལ་ཡིད་མ་ཆེས།།
ཕལ་པ་དྲང་པོའི་རྗེས་སུ་འབྲང་འབྲང་ནས།།
རྒུད་པའི་རྩ་བ་ལྷན་སྐྱེས་བདེན་འཛིན་རྙེད།།
མཁས་པ་དྲང་པོའི་རྗེས་སུ་འབྲང་འབྲང་ནས།།
དེ་ལས་སྡུག་པའི་ཀུན་བརྟགས་བདེན་འཛིན་རྙེད།།
ཡོད་མེད་ཡིན་མིན་བདེན་རྫུན་ལ་སོགས་པའི།།
རྩོད་པའི་འུར་སྒྲ་སྒྲོག་པའི་འཇིག་རྟེན་འདིར།།
རྟག་ཏུ་གང་མཐོང་ཤེས་བྱ་ཡིན་པར་སྣང༌།།
རྒྱུན་དུ་གང་གོམས་ཚད་མ་ཡིན་པར་སྣང༌།།
མི་མང་གང་ལ་དགའ་དེ་བདེན་པ་དང༌།།
ཁ་མང་གང་ལ་མཐུན་དེ་གྲུབ་མཐར་སྣང༌།།
མི་རེའི་ཁོང་ན་མི་མཐུན་ཚད་མ་རེ།།
དེ་ཡི་རྒྱབ་སྐྱོར་རྡོ་རྗེའི་བཀའ་ལུང་རེ།།
ལ་རེའི་རྒྱབ་ན་མི་མཐུན་ཆོས་ལུགས་རེ།།
དེ་ཡི་རྗེས་འབྲང་མཁས་བླུན་སྟོང་ཕྲག་རེ།།
འདི་ཉིད་བདེན་ལ་འདི་ཡིས་མི་བསླུ་ཞེས།།
རང་གི་བདེན་ཁ་རང་ལ་སྦྱིན་པ་འདི།།
རིགས་མཐུན་སྐྱེས་བོའི་ཚོགས་རྣམས་ཉམས་རེ་དགའ།།
མི་མཐུན་ཚོགས་ལ་སྨྲས་ན་ཞེ་རེ་ཁྲལ།།
མི་མཐུན་རིགས་དྲུག་འགྲོ་བའི་རྒྱལ་ཁམས་འདིར།།
བཅུ་ཡིས་འདོད་པ་བརྒྱ་ཡིས་མི་འདོད་ཅིང༌།།
མི་ཡིས་མཐོང་བ་ལྷ་ཡིས་མི་མཐོང་བས།།
བདེན་རྫུན་ཚད་མའི་ཁྲིམས་ཐག་སུ་ཡིས་ཆོད།།
ཤེས་རབ་སྦྱངས་པས་མི་ཚེ་ཟད་བྱས་པའི།།
གྲུབ་མཐའ་མཁན་པོའི་བློ་ཡང་འཁྲུལ་གྱུར་ན།།
འཇིག་རྟེན་བླུན་པོའི་རྫུན་གྱི་སྣང་བ་ལ།།
ཐ་སྙད་ཚད་མར་ཡིད་རྟོན་བྱེད་པ་འཁྲུལ།།
མཁོ་ཚད་བཟང་ཚད་སེམས་ཀྱི་འཆར་སྒོ་ཀུན།།
གུད་དུ་ཕྱེ་ནས་ཚད་མར་འདོད་པ་དེས།།
སྒྱུ་མའི་གྲོང་ཁྱེར་ཞིག་པའི་ཐང་སྟོང་དུ།།
མིག་འཕྲུལ་ནོར་བུའི་ཕུང་པོ་སླར་ཡང་རྙེད།།
བཞིན་རས་ཅུང་ཟད་འགྱུར་བས་འགྱུར་བྱེད་ཅིང༌།།
མེ་ལོང་ཅུང་ཟད་འགྱུར་ཡང་འགྱུར་བྱེད་པའི།།
མི་བརྟན་འགྱུར་བའི་ཤེས་བྱའི་གཟུགས་བརྙན་འདི།།
ནམ་ཞིག་མཐའ་ལ་གཏན་དུ་ཡལ་བར་ངེས།།
དཔྱད་པ་འདི་ལ་ཐུག་པས་མེད་དམ་སྙམ།།
ལག་པ་ཁབ་ལ་འཕྲད་པས་ཡོད་དམ་སྙམ།།
མྱོང་བ་མངོན་སུམ་ལག་པས་ཡིན་ནམ་སྙམ།།
སྣང་བ་འཁྲུལ་པ་སྲིད་པས་མིན་ནམ་སྙམ།།
ཡོད་པའི་རྩ་བ་བཙལ་བས་མེད་དམ་སྙམ།།
མེད་པའི་རྩེ་མོ་མཐོང་བས་ཡོད་དམ་སྙམ།།
བདེན་པའི་ས་བོན་བཏབ་ན་རྫུན་པར་ཤེས།།
རྫུན་པའི་འབྲས་བུ་མྱོང་ཚེ་བདེན་པར་སྣང༌།།
ཞེས་ཀྱང་གསུངས་སོ།།
༢༠༡༠།༠༣།༠༦ལ་རྫོགས་པར་གཏགས་སོ།།
གོང་གི་གསུང་ཚིག་འདི་དག་ནི་གུང་གསེང་གི་སྐབས་དང་བསྟུན་ནས་དེབ་འདི་བཀླགས་པར་མཚམས་ལ་རེར་ཅི་མ་བདེན་སྙམ་དུ་བཅུག་པ་དང་མཚམས་མཚམས་སུ་འདི་འདྲ་ཞིག་ཨེ་ཡིན་ནམ་སྙམ་སྤྱད་ཀྱི་གསུང་ཚིག་གང་མང་ཞིག་བྱུང་བ་བགྲོ་གླེང་གི་ཚུལ་དུ་འདིར་བཀོད་པ་ཡིན་པས་རྣམ་དཔྱོད་ཅན་རྣམས་ཅིས་ཀྱང་ལྗགས་ལན་ཡོད་པར་ཞུ།

ལོ་ཙཱ་བའི་ཚད་གཞི།


རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ལོ་ཙཱའི་ཚད་གཞིའི་ལྟ་བ་མང་དུ་སྣང་ལ་དེ་ལས་ཀྱང་རྒྱ་ནག་ཏུ་ཆེས་གྲགས་ཆེ་ཞིང་ཚད་མར་འཛིན་པ་ཞིག་ཡོད་པ་ནི་(信达雅)༼བསྟུན་མཚོན་སྙན༽་སྟེ། མ་ཡིག་ལ་བསྟུན་པ་དང་བསྒྱུར་མར་འབྲེལ་ཆགས་པ། ཚིག་སྦྱོར་སྙན་ཞིང་འཇེབས་པ་བཅས་ཡིན་ལ། དེར་བསྟན་པའི་མ་ཡིག་ལ་བསྟུན་དགོས་ཞེས་པ་དེས་གཙོ་བོ་མ་ཡིག་གི་བརྗོད་དོན་དང་བསྒྱུར་ཡིག་གཉིས་འགལ་མི་རུང་བ་མཚོན་ཞིང༌། དེ་ནི་རྒྱ་ནག་ལོ་ཙཱ་བ་རྣམས་ཀྱིས་ཚད་འཛིན་སའི་གཞི་དང་ཁུངས་གཏུགས་སའི་ཚད་གཞི་ཞིག་ཡིན་པར་མ་ཟད་ལོ་ཙཱའི་བྱ་བར་མཛུབ་སྟོན་བྱེད་སའི་བཀའ་ཁྲིམས་གསེར་གྱི་གཉའ་ཤིང་ལྟ་བུར་བརྩིས་ཡོད་པས། ཀོ་མའོ་རོ་ཡིས་''མ་བསྟུན(信)ན་འཆད་བསྒྱུར་དང་འཁྲུལ་བསྒྱུར་ཡིན་ལ། མཚོན་(达)མ་ནུས་ན་རྫོབ་བསྒྱུར་དང་བཙན་བསྒྱུར་ཡིན། དེ་མིན་སྙན་(雅)པའམ་བརྗོད་མ་བདེ་ན་ཉོག་གཏམ་དུ་འགྲོ་སྲིད།''ཅེས་གསུངས་ཡོད་པ་བཞིན་ནོ།། ད་དུང་ཁྲིན་ཀྲེན་ཆིས་ཀྱང་''ཡིག་སྒྱུར་སྐབས་གོ་བ་ལེན་པ་དང་ཕྱིར་མཚོན་བར་གྱི་འགལ་བ་ཐག་གཅོད་བྱེད་དགོས་ན་ངེས་པར་དུ་རྩོམ་གྱི་ཉམས་འགྱུར་དང་ནང་དོན་སོགས་བསྒྱུར་ཡིག་ཁྲོད་མ་ཡིག་ལ་བསྟུན་དགོས་སོ།།
དེ་ནི་ལོ་ཙཱའི་རེ་འདུན་ཡིན་པར་མ་ཟད་ལོ་ཙཱའི་ཚད་གཞི་འང་ཡིན''ཞེས་གསུངས་ཡོད།
ལྷག་པར་དུ་ཕྱི་རྒྱལ་ན་ཡིག་བསྒྱུར་གྱི་ཚད་གཞིའི་སྐོར་ཤིན་ཏུ་མང་ལ་རེ་རེས་ཀྱང་དངོས་ཡོད་ཀྱི་འཚོ་བའི་ཁྲོད་ནུས་པ་བསམ་གྱི་མི་ཁྱབ་པ་འདོན་བཞིན་ཡོད་ནའང་དེང་སང་ཆེས་གྲགས་ཆ་ཨ་མེ་རི་ཀའི་ལོ་ཙཱ་བ་ཆེན་མོ་ནེ་ཏཱ་མཆོག་གིས་''ལོ་ཙཱ་ཞེས་པ་ནི་བསྒྱུར་བྱ་མ་ཡིག་གི་སྐད་ལས་བྱུང་བའི་འཕྲིན་བརྡ་རེ་རེ་ལ་ཆེས་ཉེར་མཚུངས་དང་ཆེས་བབ་ཆགས་ཡིན་པའི་སྐད་དོད་དོ་མཉམ་ཞིག་བཙལ་ནས་བསྒྱུར་ཡིག་ཁྲོད་ཇི་ལྟ་བ་བཞིན་བསྐྱར་འདོན་བྱེད་པ་ཞིག་ཡིན་''ཞེས་བསྟན་ཡོད་ལ། འདིར་''ཆེས་བབ་ཆགས་''ཞེས་པ་ཡིས་བསྒྱུར་ཡིག་གི་རྗེས་ཤུལ་མེད་པ་མཚོན་ཞིང༌། ''ཆེས་ཉེར་མཚུངས་''ཞེས་པ་ཡིས་ནང་དོན་མ་ཡིག་ལ་བསྟུན་པ་ནི་ལོ་ཙཱའི་སྲོག་ཤིང་ཡིན་པ་བསྟན་ཡོད། ''ཆེས་ཉེར་མཚུངས་''ཡིན་ནའང་འདྲ། ''ཆེས་བབ་ཆགས་''ཡིན་ནའང་འདྲ། གང་ལྟར་གཉིས་ཀས་''དོ་མཉམ་གྱི་སྐད་ཆ་ལ་''ཡོངས་སུ་རམ་འདེགས་བྱེད་པ་ཞིག་ཡིན། སྤྱིར་ཡིག་སྒྱུར་གྱི་ལག་ལེན་ཁྲོད་མཐར་ཐུག་གི་དོ་མཉམ་གྱི་སྐད་ཆ་ཞིག་མེད་ནའང༌། སྒྱུར་བ་བོས་ངེས་པར་དུ་ཆེས་བབ་ཆགས་དང་ཆེས་ཉེར་མཚུངས་ཀྱི་དོ་མཉམ་སྐད་ཆར་ནུས་ཤུགས་གོང་ཡོད་འདོན་དགོས་པ་ཞིག་ཡིན་ནོ།།

ལོ་ཙཱ་བའི་བླང་བྱ་འགའ།
༡༽ ཡིག་སྒྱུར་གྱི་ལག་ལེན་ཁྲོད་ཡང་དག་སྒོད་མ་ཡིག་ལ་གོ་བ་ལེན་རྒྱུ་ནི་མཚོན་སྟངས་ཡང་དག་ཅིག་གི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། གོ་བ་ཡང་དག་བླངས་བའི་རྨང་གཞིའི་སྟེང་མཚོན་སྟངས་ཡང་དག་ཅིག་ལ་བརྩོན་ལེན་བྱེད་རྒྱུ་ནི་བསྒྱུར་ཡིག་བཟང་ཤོས་ཤིག་གི་གཞི་རྩའི་རྩ་དོན་ཡིན།
༢༽ དེ་ཡང་མ་རྩོམ་གྱི་སྐད་ཆ་བརྒྱུད་དེ་མ་རྩོམ་གྱི་དགོངས་གཞིའི་ནང་དོན་ལ་གོ་བ་ལེན་པ་དང་བསྒྱུར་ཡིག་གི་སྐད་ཆའི་རྣམ་པ་བརྒྱུད་དེ་མ་རྩོམ་གྱི་དགོངས་གཞིའི་ནང་དོན་ཕྱིར་མཚོན་བྱེད་རྒྱུ་ནི་ཡིག་སྒྱུར་ལག་ལེན་གྱི་གོ་རིམ་ཤིག་ཡིན།
༣༽ ལོ་ཙཱའི་བྱ་བ་གང་དང་གང་ཡིན་རུང་དེའི་དམིགས་ཡུལ་གཏད་ས་བསྒྱུར་བྱའི་དོན་སོར་འཇོག་དང༌། བསྟན་དོན་གང་ཡིན་པ་དེ་ཇི་ལྟ་བ་བཞིན་བསྒྱུར་ཡིག་གི་སྐད་ལ་བསྒྱུར་རྒྱུ་ནི་ལོ་ཙཱའི་བྱ་བ་ཡོད་དོ་ཅོག་གི་གཞི་རྩ་ཡིན།
༤༽ རྔོག་ལོ་ཆེན་པོས་''སྒྲ་དོན་གཉིས་ཀ་ཉམས་སུ་བདེར་ལོན་ཏེ།། མུན་སྤྲུལ་གྱིས་ནི་མ་བསླད་ལེགས་བསྒྱུར་བ།།''ཞེས་མ་ཡིག་གི་ཚིག་དོན་གཉིས་དོན་མཐིལ་ཕྱིན་པར་རྟོགས་དགོས་པ་བསྟན་ཡོད།

ཡིག་སྒྱུར་བ་དག་ལ་ངེས་པར་ཕན་པའི་ལེགས་བཤད་རྨ་མེད་པ་རུ་འཁུམས་པས་
བདག་གི་རེག་ཟིག་ལས་བཏུས་པའོ།།

དགེ་ཆོས་སྐོར་གྱི་གནས་ཚུལ་གསར་བ།

ལྭ་བ་དཀར་པོ། 

དྲ་གྲོགས་རྣམས་པ། དགེ་ཆོས་ཀྱི་སྐོར་ལ། ང་ལ་གཤམ་གྱི་གནས་ཚུལ་ཐུང་ཐུང་ཞིག་འབུལ་རྒྱུ་ཡོད། སྐུ་མཁྱེན། ཆགས་སྡང་གི་རྒྱུག་པ་ཁྱེར་ནས། ལམ་གསེང་མགོ་ལ་མ་རྒྱག་རོགས། སྐར་མ་བཅུ་འདི་ཀློག་ནས་བསམ་བློ་ཞིག་གཏོང་རོགས། དཔྱད་གཞིའི་ཚུལ་དུ་ཡིན། ༡༩༩༦ ལོར་གོང་ས་མཆོག་དབྱིན་ཇིའི་རྒྱལ་ས་ལོན་ཊོན་ལ་ཕེབས་དུས། ཁོང་ནས་༡༩༥༠གོང་ལ་བོད་ལ་ཕེབས་མྱོང་མཁན་གྱི་ཕྱི་རྒྱལ་བ་རྣམས་ལ་གསོལ་ཚིགས་ ཤིག་འབུལ་གྱི་ཡིན། དེས་ན་ཕྱི་རྒྱལ་ལ་ཡོད་པའི་ད་ལྟ་འཚོ་བཞུགས་ཀྱི་བོད་ཀྱི་གྲོགས་པོ་རྣམས་གདན་ འདྲེན་ཞུ་དགོས་ཅེས་དབྱིན་ཇིའི་དོན་གཅོད་ཁང་ལ་བཀའ་གནང་འདུག སྐབས་དེ་དུས། ང་རང་དབྱིན་ཇིའི་རྒྱལ་ས་ལོན་ཊོན་ལ་གྲོགས་པོ་ཞིག་གི་ནད་གཡོག་ལ་ཡོད། བོད་ཀྱི་དོན་གཅོད་ནས་སྐུ་ཞབས་ཧུ་རི་ཅར་སི /(Hugh Richardson) ཞུ་བ་དེ་ཡང་གསོལ་སྟོན་དེ་ལ་གདན་འདྲེན་ཞུས་འདུག་སྟབས། ཁོང་ནས་གསོལ་སྟོན་རྗེས་ངའི་གྲོགས་པོར་གཟིགས་པར་ཕེབས་པ་དང་སྐབས་དེ་དུས་ངེད་ གཉིས་ལོན་ཌོན་ལ་མཇལ་བྱུང༌། སྐུ་ཞབས་ཁོང་སུ་ཀ་ལན་ཌི་ལ་བཞུགས་ཤིང༌། སྔོན་མ་བོད་ནང་ལ་དབྱིན་ཇིའི་གཞུང་ཚབ་ཀྱི་ལས་བྱེད་མཐོ་ཤོས་དང་མཐའ་མ་དེ་རེད། སྐབས་དེ་དུས་ཁོང་ནས་བོད་ལ་བཞུགས་ཡུན་རིང་གི་གནས་ཚུལ་རྣམས་སྐྱར་དྲན་གནང་ནས་ང་ལ་ངོ་སྤྲོད་གནང་བྱུང༌།དེའི་སྐབས་ལ་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་ཞར་ལ་འཕྲོས་བྱུང༌། ཁོང་ནས་དགེ་ཆོས་སྐོར་ལ་འདི་ལྟར་གསུངས་བྱུང༌། “དགེ་ འདུན་ཆོས་འཕེལ་ནི་རིག་པ་རྣོ་ལ། ཤེས་བྱའི་རྣམ་གྲངས་ལ་སྐོམ་པ་ཆུ་འདོད་ཀྱི་འདུན་པ་ཡོད་མཁན། སྐྱེ་བོ་ཤེས་འདོད་དྲག་པོ་ཅན་སྟེ། དབྱིན་ཇིའི་སྐད་ཀྱི་ནང་ལ་Curious ཞིག་རེད། ཁོང་གི་རྒྱབ་ལྗོངས་དེ་ཆོས་ལུགས་ཀྱི་ཤེས་བྱ་དང་འབྲེལ་བ་དམ་པོ་ཡོད་སྟབས། དང་པོ་ཆོས་ཕྱོགས་ལ་དོ་སྣང་ཆེན་པོ་ཡོད་པ་དང༌། དེ་ཡང་ཆོས་ཁུངས་དེ་རྒྱ་གར་ལ་ཡོད་པ། དེ་ཡང་ལེགས་སྦྱར་གྱི་སྐད་ཡིག་ཐོག་ཡོད་སྟབས། ཁོང་རྒྱ་གར་ལ་ལེགས་སྦྱར་གྱི་སྐད་སློབ་པར་ཕེབས་འདོད་ཆེན་པོ་ཡོད། སྐབས་དེ་དུས་སྟབས་མ་ལེགས་པ་ཞིག་ལ། ཨུ་རུ་སུས་བོད་ནང་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང༌། ལྷག་པར་དུ། ཨུ་རུ་སུས་རྒྱ་གར་ནང་ལ་དམར་པོའི་ཚོགས་པ་བཙུགས་ཡོད་པ་དང་དེ་ལ་བཀོད་འདོམས་ བྱེད་པོ་རོ་རིག་དང་ཞར་ལ་རྒྱ་གར་སྤྱི་ཚོགས་རིང་ལུགས་ཀྱི་ཚོགས་པའི་མི་ར་ཧུ་ལ་ ཟེར་བ་ཁ་ཤས་ཡོད། ཁོང་ཚོས་དགེ་འདུན་ཆོས་འཕེལ་ལག་སྦྲེལ་པ་ཡག་པོ་ཞིག་ལ་མཐོང་ནས་ཕྱི་ལྟར་ན་ཁོང་ ལ་རོགས་པ་ལྟ་བུ། ནང་ལྟར་ན་ཁོང་བརྒྱུད་ནས་བོད་ཀྱི་གནས་ཚུལ་ཡག་པོ་ལེན་པ་དང་མ་འོངས་པ་ན་ཨུ་རུ་ སུའི་རྡོ་ཀྱག་ཤིག་ཡོང་བའི་རེ་བ་བྱས་ནས་ཁོང་ལ་སྔ་ཕྱི་བར་གསུམ་དུ་གཅིག་ནས་ བསམ་བློའི་སློབ་གསོ་སྤྲད་པ་དང་གཉིས་ནས་གསར་རྗེའི་ལྟ་བ་སོགས་ངོ་སྤྲོད་བྱས་ ཡོད། རྗེས་མ་ཨུ་རུ་སུའི་རྒྱ་གར་ནང་གི་ལས་འགུལ་གང་སྤེལ་སྐོར་ལ་གསང་བའི་ཡིག་ཆ་དེ་ ཚོ་ཐོན་གྱི་རེད། དེ་དུས། ཨུ་རུ་སུའི་KGBཟེར་བའི་གསང་བའི་ལས་ཁུངས་ཀྱི་ཡིག་ཆ་དེ་ཚོའི་ནང་དགེ་འདུན་ཆོས་ འཕེལ་གྱི་སྐོར་མང་པོ་ཐོན་གྱི་རེད། དོ་སྣང་བྱེད་དང་ཟེར། “ང་ ཚོ་དགེ་འདུན་ཆོས་འཕེལ་ལ་དོ་སྣང་ཡོང་ས་འདི་བོད་གཞུང་གིས་ང་ཚོར་རེ་བ་བཏོན་ནས་ ང་ཚོས་དགེ་ཆོས་ལ་རྙི་བརྒྱབ་པ་མ་རེད། དབྱིན་ཇིའི་གསང་བའི་ལས་ཁུངས་ལ་དགེ་ཆོས་ཀྱི་སྐོར་མང་པོ་ཞིག་རོ་རིག་དང་ཁོང་ ཚོའི་གསང་བའི་ལས་འགུལ་གྱི་སྐོར་ལ་མྱུལ་ཞིབ་བྱེད་སྐབས་ཐོན་པ་རེད། ”འོ། དེང་སང་ཨུ་རུ་སུའི་གསང་བའི་ལས་ཀ་བྱེད་མཁན་དེ་ཚོའི་འབྲེལ་བ་བྱེད་ཡུལ་བོད་ པའི་མི་ཞིག་འདུག དབྱིན་ཇི་ཡང་ཤེས་ཀྱི་འདུག སྤྲུལ་སྐུ་ཞིག་མིན་འགྲོ། སྐུ་དྲག་གི་ཕྲུ་གུ་མ་རེད། ཁོ་པ་ཨུ་རུ་སུའི་སོ་བའི་དོ་སྣང་དང་བློ་འདྲིས་བྱེད་ས་འགལ་ཆེ་ཤོས་ཤིག་རེད། ཅེས་ཡང་ཡང་དབྱིན་ཇིའི་གསང་བའི་མྱུལ་ཞིབ་ཀྱི་སྙན་ཞུའི་ནང་དགེ་ཆོས་ཀྱི་སྐོར་ ཐོན་གྱི་ཡོད། དེར་བརྟེན་དབྱིན་ཇིས་བོད་གཞུང་ལ་འབྲེལ་བ་བྱས་ནས། དགེ་ཆོས་འདི་སུ་རེད། ཁུངས་གང་འདྲ་རས་ཅེས་བརྩད་གཅོད་གཏོང་སྐབས། གཞི་ནས་བོད་གཞུང་ལ་དོ་སྣང་བྱུང་ནས་དགེ་ཆོས་ལ་དོ་སྣང་སླེབས་པ་རེད།”“དགེ་ ཆོས་ལ་སྤྱི་ཚོགས་རིང་ལུགས་དང་གསར་རྗེའི་བསམ་བློ་གཙོ་བོ་འདི་ཚོ་ཨུ་རུ་སུ་དང་ རྒྱ་གར་གསར་རྗེའི་ལས་འགུལ་བ་ཚོས་ཞར་དང་ཞོར་ལ་སློབ་གསོ་སྤྲད་ནས་བྱུང་བ་དང༌། གསང་བའི་སྙན་ཞུ་འདི་ཚོའ་ནང༌། ཨུ་རུ་སོའི་མྱུལ་མས་དབྱིན་ཇི་སློབ་ཁུལ་གྱིས་དོན་དམ་དགེ་ཆོས་ལ་གསར་རྗེའི་ལོ་ རྒྱུས་དང་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་གཞག་སོགས་ཁྲིད་པ་དབྱིན་ཇིའི་གསང་བའི་ ལས་ཁུངས་ལ་ཉིན་རེ་བཞིན་སྙན་ཞུ་འབྱོར་གྱི་ཡོད། ཨུ་རུ་སུས་སྔོན་མ་མའོ་ཙེ་ཏུང་ཡང་འདི་ལྟར་བྱས་ནས་བདག་པོ་རྒྱབ། གསོ་སྐྱོང་བྱས་པ་རེད་”ཟེར། ཁོང་ གི་ད་དུང་གསུངས་པར། ”དབྱིན་ཇིའི་གསང་བའི་མི་སྣས། དགེ་འདུན་ཆོས་འཕེལ་དབྱིན་ཇིར་འགྲོ་འདོད་ཆེན་པོ་འདུག ང་ཚོས་གོ་སྐབས་འདི་དང་བསྟུན་ནས་ཁོང་དབྱིན་ཇི་ལ་གདན་འདྲེན་ཞུས་ནས། ཨུ་རུ་སུའི་རྒྱ་གར་གྱི་ལས་འགུལ་རྣམས་ཞིབ་དཔྱོད་བྱེད་དགོས་ཅེས་དབྱིན་ཇིའི་ གསང་བའི་ལས་ཁུངས་ཀྱིས་བགྲོ་གླེང་བྱས། དབྱིན་ཇིའི་ས་གནས་ཀྱི་སོ་བས། ཀ་བློན་སྦུག་ལ་ཡོད་པའི་དབྱིན་ཇིའི་སོ་བའི་ལག་སྦྲེལ་བོད་པ་ཁ་ཤས་ལ་ལས་འགན་ སྤྲད་ནས། དགེ་འདུན་ཆོས་འཕེལ་དང་འབྲེལ་བ་བྱེད་སྐབས། ང་ཚོས་ཤེས་འཚོར་བྱུང་བར། དགེ་ཆོས་ཨུ་རུ་སུའི་མྱུལ་མ་ལྟ་ཅི། དགེ་འདུན་ཆོས་འཕེལ་གྱིས་རོ་རིག་དང་ར་ཧུལ་སོགས་ཨུ་རུ་སུའི་སོ་བ་ཡིན་བ་རྩ་བ་ ནས་ཤེས་ཀྱི་མེད་པ་རྟོགས་པ་རེད། ད་དུང་དགེ་ཆོས་ཀྱིས་ཨུ་རུ་སུའི་ལས་འགུལ་སྐོར་ལ་གང་ཡང་ཤེས་ཀྱི་མེད་པ་འདི་ གསལ་པོ་ཆགས་སྟབས། རེ་ཞིག་དགེ་ཆོས་ལ་དོ་སྣང་ཡལ་བ་རེད། ”“རྗེས་ སུ་བོད་པའི་ཚོང་པ་ཁ་ཤས་ཀྱིས་བོད་ཀྱི་གསར་རྗེའི་ཚོགས་པ་ཞིག་ཀ་བློན་སྦུ་ལ་ བཙུགས་ནས། དགེ་ཆོས་ལ་འདིའི་ནང་བཞུགས་དགོས་པའི་རེ་བ་བཏོན་སྟབས། དགེ་ཆོས་ཀྱིས་ཀྱང་དེའི་ནང་ལ་བཞུགས་ནས། ཁོང་ཚོར་རི་མོ་འབྲི་བ་དང་རྩོམ་སྒྲིག་གི་ལས་ཀ་བྱས་པ་རེད། ད་གསར་རྗེའི་ཚོགས་པ་འདི་རྒྱ་གར་ས་ཐོག་ལ་བཙུགས་ཡོད་པ་དང༌། རྒྱ་གར་སྐབས་དེ་དུས་དབྱིན་ཇིའི་འོག་ལ་ཡོད་སྟབས། དབྱིན་ཇིས་ཚོགས་པ་འདི་ལ་དེ་བས་དོ་སྣང་ཆེན་པོ་བྱས་ནས། ལྷ་ས་བདེ་སྐྱིད་གླིང་གར་ཉིན་ལྟར་གློག་འཕྲིན་བསྐུར་ནས། གསར་རྗེ་ཚོགས་པའི་མི་དེ་དག་གི་ལོ་རྒྱུས་བསྡུ་རུབ་བྱེད་ཀྱི་ཡོད་སྟབས། དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་སྔར་བས་ལྷགས་པའི་དོ་སྣང་བྱས་ནས་བོད་གཞུང་གི་ ཕྱི་རྒྱལ་ལས་ཁུངས་ལ་དགེ་ཆོས་ཀྱིས་བོད་ནང་ལ་སུ་དང་འབྲེལ་བ་ཡོད་མིན་སོགས་ བརྩད་གཅོད་བྱེད་རོགས་ཅེས་མངགས་པ་རེད། ཡིན་ནའི་བོད་གཞུང་གིས་གསང་བ་འདི་ཁྲི་བྱང་བླ་མར་ཤོར། ཁོང་དགེ་ཆོས་ལ་རྙོག་འདྲ་ཞིག་ཡོང་རྒྱུ་ཡིན་པ་འཚོར། དགེ་ཆོས་ངོ་ཤེས་ལ་ཉེ་པོ་ཡོད་སྟབས། ཁོང་ལ་སེམས་ཁྲལ་བྱུང་ནས། ལམ་གསེང་ཡི་གེ་བཏང་ནས་དགེ་ཆོས་བོད་ལ་གདན་འདྲེན་ཞུས་ནས་རྙོག་འདྲ་འདི་ནས་ བཏོན་ཐུབ་ཐབས་བྱས་པ་རེད།” “དབྱིན་ ཇིའི་གསང་བའི་ལས་ཁུངས་ཀྱིས་ལྐོག་ཉན་བྱས་པའི་ཡིག་ཆ་ཁ་ཤས་ནང་ཨུ་རུ་སུའི་གསང་ བའི་ལས་ཁུངས་ཀྱིས་རྒྱ་གར་ས་གནས་ཀྱི་སོ་བ་ལ་དགེ་ཆོས་སྐོར་བ་ཡིག་འགྲུལ་ཁ་ཤས་ བྱས་པ་རྟོགས་ནས་སེམས་ཚབ་ཆེན་པོ་བྱུང་ཡོད། དེ་ཚོ་ཨུ་རུ་སུའི་ཡིག་ཚགས་ལས་ཁུངས་ནང་ཉར་ཡོད་ཀྱི་རེད།”གསུངས༌། ད་དུང་ཁོན་གིས་གསུངས་པར། ”ང་རང་འགྱོད་པ་ཆེ་ཤོས་ཤིག་ལ། དགེ་འདུན་ཆོས་འཕེལ་བོད་ཀྱི་རིག་གནས་ལ་མཁྱེན་རྒྱ་ཆེ་ཞིང༌། དེང་རབས་ཀྱི་ཤེས་བྱ་དང༌། ཚན་རིག་གི་གཞུང་ལ་དོ་སྣང་ཆེན་པོ་ཡོད་པས། གལ་ཏེ་དབྱིན་ཇིས་སྐབས་དེ་དུས་དགེ་ཆོས་དབྱིན་ཡུལ་ལ་ལེན་ཐུབ་ཚེ། ཁོང་ནས་དབྱིན་ལན་ལ་བོད་ཀྱི་རིག་གཞུང་སྐོར་ལ་སློབ་གཉེར་གྱི་མ་རྩ་ཆེན་པོ་ཞིག་ འཇོག་ཐུབ་ཀྱི་རེད།”“ཁོང་ ཨུ་རུ་སུའི་གསང་བའི་ལས་ཁུངས་ལ་ཕྱག་ལས་གནང་བ་སོགས་དཔང་རྟགས་གཅིག་ཀྱང་མེད་ལ། ལྷག་པར་དུ་བོད་གཞུང་ལ་ཁ་གཏད་ལངས་པའི་སྐུལ་སློང་ཡེ་ནས་མིན་འདུག ཡིན་ནའི་སྐབས་དེ་དུས་ཀྱི་སྤྱི་ཚོགས་དང་དུས་བབ་དེ་གཏན་ལྷིང་དང་ཞི་བདེ་ཞིག་ མིན་སྟབས། མི་ཚང་མ་འཇིགས་སྣང་དང་མཁྱོག་བཤད་ཀྱིས་བློ་སྣ་ཁྲིད་སྟབས། ཁོང་ལ་དངུལ་ལོར་བརྫུན་མ་བཟོས་པའི་མིང་བཀལ་ནས་བཙོན་འཇུག་བྱས་པ་རེད། ཤིན་དུ་བློ་ཕམ་པོ་རེད།”གསུངས། 

འོད་དཀར་དྲ་ཚིགས་ནས་དྲངས་པ་ཡིན། ཨར་བོད་ཀྱིས་འོས་སྦྱོར་བྱས།

བོད་ཀྱི་ལོ་ཙཱ་བ་རིམ་བྱོན་གྱིས་ལེགས་སྦྱར་གྱི་སྐད་བོད་ཀྱི་སྐད་དུ་ཇི་ལྟར་བསྒྱུར་ཚུལ་སྐོར།

མཁས་དབང་ཚེ་ཏན་ཞབས་དྲུང༌། 

བོད་གངས་ཅན་གྱི་ལྗོངས་སུ་གཙུག་ལག་རིག་པའི་མེ་ཏོག་ཚོམ་བུ་རྒྱ་དང་རིས་སུ་མ་ཆད་པར་འཛུམ་པའི་དགའ་སྟོན་ཤར་བའི་སླད་དུ། འཇམ་མགོན་ཐོན་མི་སཾ་བྷོ་ཊ་ནས་བཟུང་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་འཇིག་རྟེན་མིག་ཏུ་གྱུར་པ་རིམ་བྱོན་གྱིས་ལེགས་སྦྱར་གྱི་སྐད་དེ་ཉིད་བོད་སྐད་དང་མཐུན་པར་ཇི་ལྟར་བསྒྱུར་བའི་ཚུལ་ལས་བརྩམས་ཏེ་སྨྲ་བའི་སྒོ་དབྱེ་བ་ནི་འདི་ལྟར། 

དང་བོ། བོད་ཡིག་གི་དབྱངས་གསལ་ལེགས་སྦྱར་གྱི་དབྱངས་གསལ་ལ་བརྟེན་ནས་འདོར་ལེན་བྱས་པའི་སྒོ་ནས་གྲུབ་ཚུལ། 

གནའ་དུས་རྒྱ་གར་གྱི་སྐད་རིགས་ལ་ལེགས་སྦྱར་གྱི་སྐད། ཡུལ་མི་རང་བཞིན་པའི་སྐད། ཤ་ཟའི་སྐད། ཟུར་ཆག་གི་སྐད་དེ་སྐད་རིགས་ཆེན་པོ་བཞི་ཡོད་པའི་ནང་གི་མཆོག་ཏུ་གྱུར་པ་སཾ་སྐྲྀ་ཏ་ཞེས་པ་བོད་སྐད་དུ་བསྒྱུར་ན་ལེགས་སྦྱར་ཞེས་པའོ།། དེ་ལྟར་རྒྱ་གར་དུ་སྐད་རིགས་ཆེན་པོ་བཞི་ཡོད་པ་ནི། སངས་རྒྱས་བཅོམ་ལྡན་འས་མྱ་ངན་ལས་འདས་པའི་རྗེས་སུ་འཕགས་པ་འོད་སྲུང་ལ་སོགས་པའི་དགྲ་བཅོམ་པ་ལྔ་བརྒྱས་བཀའ་བསྡུ་བ་དང་པོ་མཛད་པའི་མཐར་སོ་སོར་ཐར་པའི་མདོ་འདོན་པ་ན་རྒྱལ་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་སྒྲ་གཅན་འཛིན་གྱིས་ལེགས་སྦྱར་སྐད་དུ་འདོན་པ་དང༌། བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་འོད་སྲུང་གིས་ཟུར་ཆག་གི་སྐད་དང༌། དམངས་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་ཉེ་བར་འཁོར་གྱིས་ཤ་ཟའི་སྐད་དང༌། རྗེ་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་ཀ་ཏྱ་ཡ་ནས་ཐ་མལ་བའི་སྐད་དམ་ཡུལ་མི་རང་བཞིན་པའི་སྐད་ཀྱིས་འདོན་པར་འདུལ་བའི་གཞུང་ན་གསལ་བར་གསུངས་ཡོད་དོ།། 

དེ་ཡང་ལེགས་སྦྱར་སྐད་ཀྱི་ཡི་གེ་ལ་དབྱངས་དང་གསལ་བྱེད་གཉིས་སུ་གྲངས་ངེས་ལ། དབྱངས་གསལ་དེའི་གྲངས་ཀ་ལ་བརྡ་སྤྲོད་པའི་གཞུང་དུ་མི་འདྲ་བ་མང་པོ་སྣང་སྟེ། སྒྲ་ཀ་ལཱ་པའི་གཞུང་ལྟར་ན་དབྱངས་ཡིག་བཅུ་གཅིག་དང་གསལ་བྱེད་སོ་བདུན། སྒྲ་ཙཱནྡྲ་པའི་གཞུང་ལྟར་ན་དབྱངས་ཡིག་བརྒྱ་དང་སོ་གཉིས། གསལ་བྱེད་བཞི་སྟོང་སུམ་བརྒྱ་དང་དྲུག སྒྲ་དབྱངས་ཅན་མ་ལྟར་ན་དབྱངས་བཅུ་དགུ་དང་གསལ་བྱེད་སོ་གསུམ། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་གཞུང་ལྟར་ན་དབྱངས་ཡིག་ཉེར་གཉིས་དང༌། གསལ་བྱེད་སོ་བདུན་ཡོད་ཀྱང༌། རྒྱུགས་ཆེ་བ་ནི་དབྱངས་ལ་བཅུ་དྲུག་དང༌། གསལ་བྱེད་སོ་བཞི་ཡོད་དོ།། དབྱངས་ཡིག་བཅུ་དྲུག་ནི། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལི་ལཱི་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ གསལ་བྱེད་སོ་བཞི་ནི། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་སྟེ་དབྱངས་གསལ་གཉིས་ཀ་བསྡོམས་ན་ལྔ་བཅུ་ཐམ་པ་ཡོད་དོ།། འོ་ན་དེ་དག་ལས་བོད་ཡིག་གསར་བཟོ་མཛད་སྐབས་འདོར་ལེན་ཇི་ལྟར་བྱས་པ་ཡིན་ཞེ་ན། བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བློན་པོ་ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་དུ་བཟོ་སྐབས་ལེགས་སྦྱར་གྱི་དབྱངས་བཅུ་དྲུག་ལས་ཨ་ཨི་ཨུ་ཨེ་ཨོ་ལྔ་ཙམ་བླངས་ཏེ་ཨ་ཡིག་ལ་དབྱངས་ཀྱི་མིང་མ་བཏགས་པར་གསལ་བྱེད་ཀྱི་གྲས་སུ་བཞག གཞན་ཨི་ཨུ་ཨེ་ཨོ་བཞི་ལ་རིམ་པར་གི་གུ་ཞབས་ཀྱུ་འགྲེང་བུ་རྣ་རུ་ཞེས་པའི་མིང་བཏགས་ནས་དེ་བཞིའི་མཚོན་བྱེད་ལ་༼ི ུ ེ ོ༽འདི་འདྲའི་ཡིག་གཟུགས་བཟོས་ཏེ་འདི་ལ་བོད་ཀྱི་དབྱངས་བཞི་ཞེས་འབོད་དོ།། ལེགས་སྦྱར་གྱི་གསལ་བྱེད་སོ་བཞི་ལས། མཐུག་པོ་ལྔ་ཟེར་བ་གྷ་ཛྷ་ཌྷ་བྷ་ལྔ་དང༌། ལོག་པ་ལྔ་ཟེར་བ་ཊ་ཋ་ཌ་ཎ་ཥ་ལྔ་དང༌། མཇུག་མཐའི་ཀྵ་ཡིག་སྟེ་བཅུ་གཅིག་བོད་ཡིག་དངོས་ལ་མི་མཁོ་བས་དོར་བར་མཛད། ལེགས་སྦྱར་སྐད་ལ་མི་མཁོ་ཡང་བོད་ཀྱི་སྐད་ལ་ངེས་པར་མཁོ་བ་གསལ་བྱེད་ཀྱི་སྟོད་དུ་ཅ་ཆ་ཇ་གསུམ་དང༌། གསལ་བྱེད་ཀྱི་སྨད་དུ་ཞ་ཟ་འ་གསུམ་གྱི་ཡི་གེ་བོད་སྐད་ཀྱི་གདངས་དང་མཐུན་པའི་ཡིག་གཟུགས་གསར་དུ་བཟོས་པ་བསྣན། གསལ་བྱེད་ལ་ཡིག་འབྲུ་བཞི་རེར་སྡེ་པ་གཅིག་གི་མིང་བཏགས་ནས་སྡེ་པ་རིལ་པོ་བདུན་དང་སྡེ་པ་ཕྱེད་པ་གཅིག་སྟེ། ཀ་ཁ་ག་ང༌། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ། ཞེས་པ་གསལ་བྱེད་སུམ་ཅུ་དང༌། བོད་ཡིག་ལ་དབྱངས་གསལ་སོ་བཞི་འདི་ལས་མང་མི་དགོས་ཉུང་ན་མི་འདུ་བའི་གྲངས་བཅད་གཏན་ལ་ཕབ་བོ།། ལེགས་སྦྱར་སྐད་ཀྱི་བཀའ་དང་བསྟན་བཅོས་མི་རིགས་གཞན་པའི་སྐད་ཡིག་ཏུ་བསྒྱུར་པ་གང་མང་ཡོད་ནའང༌། བོད་སྐད་དུ་བསྒྱུར་བའི་བཀའ་དང་བསྟན་བཅོས་རྣམས་ཀྱི་མིང་དང་ཚིག་དང་མིང་ཚིག་དོན་དང་སྦྱར་ཚུལ་གང་གི་ཐད་ནས་ཀྱང་གཞན་ལས་མཆོག་ཏུ་གྱུར་པའི་མིང་གྲགས་དང་ལྡན་པའི་རྒྱུ་མཚན་ནི། བོད་ཡིག་གི་དབྱངས་གསལ་ལེགས་སྦྱར་གྱི་དབྱངས་གསལ་ལ་བརྟེན་ནས་གསར་དུ་བཟོས་པ་དང༌། བརྡ་སྤྲོད་པའི་བསྟན་བཅོས་སུམ་རྟགས་ཀྱི་རྣམ་གཞག་སྒྲ་གཞུང་ལ་བརྟེན་ནས་བརྩམས་ཏེ་བོད་རང་གི་སྐད་དང་མཐུན་པར་དར་སྤེལ་བྱས་པའི་གནད་དམ་པ་འདི་ལ་ཐུག་གོ ཁྱད་པར་དུ་སྔགས་ཡིག་ཀློག་པའི་གདངས་ཀྱི་དབང་དུ་བྱས་ནའང༌། ཆ་ཐམས་ཅད་ནས་ལེགས་སྦྱར་གྱི་གདངས་ཇི་མ་ཇི་བཞིན་པ་ཞིག་ཐོན་དཀའ་ཡང༌། མི་རིགས་གཞན་པའི་ཀློག་གི་གདངས་དང་གཤིབས་ནས་བལྟས་ན་བོད་མིའི་སྐད་གདངས་ལེགས་སྦྱར་གྱི་གདངས་དང་ཧ་ཅང་ཉེ་བའི་རྒྱུ་མཚན་ཡང་གོང་སྨོས་ཀྱི་རྒྱུ་མཚན་དེ་དག་ལ་བརྟེན་པའི་དབང་གིས་ཡིན་ནོ།། 

གཉིས་པ། བོད་ཡིག་གསལ་བཟོས་ལ་བརྟེན་ནས་བོད་སྐད་དང་མཐུན་པར་མིང་དང་ཚིག་ཇི་ལྟར་སྦྱོར་ཚུལ། 

དེ་ལྟ་བུའི་ཡི་གེ་ལ་མིང་གཞི་སྔོན་འཇུག་རྗེས་འཇུག་ཡང་འཇུག་མགོ་འདོགས་ཀྱི་རྣམ་གཞག་ཆ་ཚང་བ་ཞིག་བཟོས་པ་ལ་བརྟེན་ནས་བོད་རང་གི་སྐད་བརྡ་དང་མཐུན་པར་མིང་དང་ཚིག་ཇི་ལྟར་གྲུབ་ཅེ་ན། མིང་ལ་འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་གཉིས་ལས། དང་པོ་འདོད་རྒྱལ་གྱི་མིང་ལ་དཔེར་ན། ས་ཆུ་མེ་རླུང་ལྟ་བུའི་འབྱུང་བ་བཞི་དང༌། གཅིག་བཅུ་བརྒྱ་སྟོང་སོགས་གྲངས་ཀྱི་གནས་དང༌། མིག་རྣ་སྣ་ལྕེ་ལུས་ཏེ་དབང་པོ་ལྔ་དང༌། སྔོ་སེར་དཀར་དམར་ཏེ་རྩ་བའི་ཁ་དོག་བཞི་རྣམས་ཀྱི་མིང་རྣམས་ནི་གནའ་དུས་ཐོག་མ་ཉིད་ནས་རང་རང་གིས་མོས་འདོད་ལྟར་དུ་བཏགས་པའི་མིང་ལས་དེ་རེ་རེ་ལ་སྒྲ་བཤད་དུ་མེད་པས་ན་འདོད་པ་ལ་རྒྱལ་ཁ་བྱིན་པའི་མིང་ངོ༌།། རྗེས་གྲུབ་ཀྱི་མིང་ནི། དཀར་ཡོལ་ཞེས་པ་རྡོ་དཀར་གོང་ལས་བཟོས་པའི་ཡོལ་གོ་ཡིན་པས་ན་ཇ་འཐུང་སྣོད་དཀར་ཡོལ་གྱི་མིང་དེའི་ཡི་གེ་རེ་རེ་ནས་སྒྲ་བཤད་དུ་ཡོད་པ་དང༌། དེ་བཞིན་དུ་དབུས་ཀྱི་འབྲས་སྤུངས་དགོན་པ་ཞེས་པ་རྒྱབ་རི་ལ་རྡོ་དང་ཕ་བོང་དཀར་པོ་མང་པོ་ཡོད་པ་དེ་འབྲས་དཀར་གྱི་ཕུང་པོ་སྤུངས་པ་དང་འདྲ་བའི་ཆ་ནས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ཞེས་བཏགས་པ་དང༌། རྒྱ་མཚོའི་ནང་ན་གནས་པའི་སྲོག་ཆགས་ཆུ་སྲིན་ཞེས་པ་གཏུམ་པོ་དང་དམུ་རྒོད་ཅན་ཡིན་པས་ཆུའི་ནང་གི་སྲིན་པོ་ཞེས་བཏགས་པ་དང༌། བྱིས་པ་ཁ་ཆེ་ཞིང་སྣ་ཉག་པ་ཅན་ལ་སེང་གེ་ཞེས་བཏགས་པ་ནི་ཁ་ཆེ་བ་དང་གདོང་པ་རྐོ་རྐོ་ཅན་ཡིན་པའི་ཆ་ནས་སེང་གེ་དང་འདྲ་བར་བཏགས་པ་སོགས་དེ་འདྲ་མང་པོ་ཡོད་པ་སྟེ། དེས་རིགས་བསྒྲེ་ནས་གཞན་རྣམས་ཀྱང་ཤེས་པར་བྱའོ།། དེ་ཡང་འཕུལ་རྟེན་དང་མགོ་འདོགས་དབྱངས་རྣམས་མེད་པའི་ཡི་གེ་རྐྱང་པ་ཅན་གྱི་མིང་དཔེར་ན། སྨྲ་བྱེད་ཀྱི་ཁ། ཆུ་ནང་གི་ཉ། གཅན་གཟན་ཝ་ཞེས་པ་ལྟ་བུ་དང༌། ཡི་གེ་རྐྱང་པ་གཉིས་འདུས་ཅན་གྱི་མིང་ལ། གདུང་མ་འདེགས་བྱེད་ཀྱི་ཀ་བ་ཞེས་པ་དང༌། བུར་ཤིང་ལས་གྲུབ་པའི་རོ་མཆོག་ཅན་ཀ་ར་ཞེས་པ་དང༌། བཟའ་བ་སྤྱིའི་མིང་ལ་ཟ་མ་ཞེས་བརྗོད་པ་པ་ལྟ་བུའོ།། ཡང་མིང་གཞི་དང་རྗེས་འཇུག་འདྲ་མཚུངས་ཀྱི་མིང་རྐྱང་ཅན་ལ་ཡང་འཇུག་ས་མཐའ་སྦྱར་བ་དང་མ་སྦྱར་བའི་སྒོ་ནས་ཁྱད་པར་འབྱེད་དགོས་པའི་སྐོར་ལ། ཁ་དོག་ནག་པ་དང་ནགས་ཚལ། སྣུམ་ཞག་དང་ཐག་ཞགས། ཡི་གེའི་ཚེག་དང་བྱ་དཀའ་བའི་ཚེགས། སྟེང་མའི་ཐོག་དང་ཐུག་པའི་ཐོགས་ལྟ་བུ་སྟེ་དེ་འདྲ་རེ་རེ་ནས་བརྗོད་པས་མི་ལངས་པ་ཡོད་དོ།། ཡང་རང་སྐད་དང་མཐུན་པའི་དུས་གསུམ་བདག་གཞན་བྱ་བྱེད་ལས་གསུམ་སྟོན་པའི་ལས་ཚིག་ཅེས་པ་ནི་རྟགས་འཇུག་གི་བརྗོད་བྱ་རྨད་དུ་བྱུང་བ་རྟོགས་དཀའ་ཞིང་རྟོགས་ན་དོན་ཆེ་བ་དཔེར་ན། བསྒྲིག་བྱ་སྒྲིག་བྱེད་བསྒྲིགས་ཟིན་སྒྲིགས་ཤིག གཅད་བྱ་གཅོད་བྱེད་བཅད་ཟིན་ཆོད་ཅིག གཞོམ་བྱ་འཇོམས་བྱེད་བཅོམ་ཟིན་ཆོམས་ཤིག་སོགས་མི་རིགས་གཞན་པའི་སྐད་ལ་མེད་པའི་ལས་ཚིག་ཁྱད་ཆོས་འབུམ་ལྡན་འདི་ནི་གླེང་བསླངས་པ་ཙམ་ལས་ཞིབ་ཏུ་སྨོས་ན་མང་བར་འགྱུར་དོགས་ནས་དེ་ཙམ་གྱིས་ཆོག་པར་བྱའོ།། དེ་འདྲའི་མིང་དུ་མ་ལྷན་ཅིག་ཏུ་འདུས་པ་ལས་ཚིག་ཏུ་གྲུབ་པའི་ཚུལ་ནི། ཐོག་མར་དངོས་པོ་གང་དང་གང་གི་མིང་དེ་མིང་རྐྱང་ཡིན་པ་ལ། དེར་བོད་ཀྱི་སྒྲ་རིག་པ་སུམ་ཅུ་པ་དང་རྟགས་འཇུག་གི་གཞུང་ནས་འབྱུང་བ་ལྟར་རྣམ་དབྱེ་བརྒྱད་དང་ཚིག་ཕྲད་རྣམས་གང་ལ་གང་འོས་སུ་སྦྱར་བས་དཔེར་ན། དགྲ་མ་ཡོང་གོང་གི་དོགས། ཆུ་མ་ཡོང་གོང་གི་རགས་ཞེས་པ་དང༌། མཁས་པས་བཤད་ན་ཅི་ཡང་བདེན། སྙན་ངག་མཁན་ལ་ཅི་ཡང་རྒྱན། ཞེས་པ་དང༌། ཡོན་ཏན་མེད་པའི་ཁ་དེ་ནི། ཆུ་ཡི་བུ་ག་དག་དང་མཚུངས། ཞེས་པ་དང༌། གཞོན་པའི་དུས་ན་ཕ་མའི་དབང་གྱུར་ལ། དར་ལ་བབ་ནས་ཁྱིམ་ཐབ་དབང་དུ་གྱུར། རྒས་པའི་དུས་ན་བུ་ཚའི་དབང་འགྱུར་བས།། བླུན་པོ་རང་དབང་རྟག་ཏུ་ཡོད་མ་ཡིན།། ཞེས་པ་ལྟ་བུའི་ཁ་དཔེ་དང༌། ལེགས་བཤད་ཀྱི་ཚིག་རྣམས་གང་འདོད་དུ་འབྱུང་བ་དང༌། ལྷག་བསམ་རྣམ་དག་བྱ་ལམ་ཡངས་པའི་གཞིར།། སྡེབ་ལེགས་ཚིག་གི་རྒྱུ་སྐར་ཕྲེང་བཀོད་ནས།། འོད་དཀར་ཅན་ཁྱོད་བདག་གིས་མཛེས་པར་བྱ།། བདག་བློའི་ཀུ་མུད་ཁྱོད་ཀྱིས་རྒྱས་པར་མཛོད།། ཅེས་གཟུགས་ཅན་གྱི་རྒྱན་སྟོན་པའི་སྙན་འགྱུར་གྱི་ཚིག་ཕུན་སུམ་ཚོགས་པ་སྙན་ངག་གི་རྩོམ་འདི་འདྲ་བ་ཡང་ཚིག་གི་སྡེབ་སྦྱོར་ལེགས་པར་སྤེལ་པའི་རྣམ་དཔྱོད་དང་ལྡན་པ་དག་གི་ཁ་ལ་འབད་རྩོལ་ཆེན་པོ་བྱེད་མི་དགོས་པར་བདེ་བླག་ཏུ་འབྱུང་བ་ཡིན་ནོ།། དེ་ལྟར་མིང་ལ་བརྟེན་ནས་ཚིག་ཏུ་གྲུབ་པའི་ཚུལ་ལེགས་པར་ཤེས་པ་ན་རང་གིས་བརྗོད་བྱ་གང་ཞིག་བཤད་རྒྱུ་དེ་གཞིར་བཟུང་ནས་སྒྲ་དང་ཚད་མ་བཟོ་དང་གསོ་བ་ནང་དོན་གྱི་རིག་པ་སྟེ་རིག་གནས་ཆེན་པོ་ལྔ་དང༌། སྙན་ངག མངོན་བརྗོད། སྡེབ་སྦྱོར། སྐར་རྩིས། ཟློས་གར་ཏེ་རིག་གནས་ཆུང་བ་ལྔ་གང་ཞིག་ལ་ཟིན་བྲིས་འདེབས་པ་དང༌། མཆན་བུ་འགོད་པ་དང༌། འགྲེལ་བཤད་བྱེད་པ་དང༌། དཀའ་བའི་གནད་འགྲོལ་བ་དང༌། གཞན་ལུགས་དགག་པ་དང༌། དཔེར་བརྗོད་དང་རེའུ་མིག་འགོད་པ་སོགས་རྩོམ་ཡིག་རྒྱས་འབྲིང་བསྡུས་པ་ཅི་འདོད་དུ་འབྱུང་ཐུབ་པ་ཡིན་ནོ།། 

གསུམ་པ། བསྒྱུར་ཚུལ་ལ་དོན་བསྒྱུར། ཐད་བསྒྱུར། རང་སོར་བཞག་པ་གསུམ་གྱི་ཁྱད་པར་བྱུང་ཚུལ། 

ད་ནི་ལེགས་སྦྱར་སྐད་ལས་བོད་སྐད་དུ་རྒྱལ་བའི་བཀའ་དང་བསྟན་བཅོས་ཀྱི་གླེགས་བམ་བསྒྱུར་བའི་དུས་སུ་ལོ་ཙཱ་བ་མཁས་པ་རྣམས་ཀྱིས་ཇི་ལྟར་བསྒྱུར་བའི་ཚུལ་ལ། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་དབོན་སྲས་ཀྱི་སྐུ་རིང་ལ་བསྒྱུར་ཚུལ་སྐོར་ཐག་གཅོད་པའི་ཡི་གེ་སྒྲ་སྦྱོར་བམ་གཉིས་ཞེས་བྱ་བ་དང༌། བྱེ་བྲག་རྟོགས་བྱེད་ཅེས་བྱ་བའི་དགོངས་དོན་ལྟར་དབྱེ་སྒོ་གསུམ་ལས།

༡༽དོན་བསྒྱུར་ཇི་ལྟར་བྱས་ཚུལ། 
ལེགས་སྦྱར་སྐད་ཀྱི་དོན་དང་མཐུན་པར་བོད་སྐད་དུའང་དོན་དེ་གསལ་བར་རྟོགས་ཐུབ་པའི་མིང་དུ་བསྒྱུར་བ་སྟེ། པཱ་ར་མི་ཏ་ལ་ཕ་རོལ་ཏུ་ཕྱིན་པ་ཞེས་བསྒྱུར་བ་ལྟ་བུ་སྟེ། ཕ་རོལ་ཏུ་ཕྱིན་པའི་དོན་ནི་དཔེར་ན་ཆུ་ཀླུང་ཆེན་པོའི་ཚུར་རོལ་ནས་ཕ་རོལ་ཏུ་བརྒལ་བའི་དོན་དང༌། ཡོ་ག་ལ་རྣལ་འབྱོར་དུ་བསྒྱུར་བ་ནི་རྣལ་མ་སྟེ་ཡང་དག་པའི་དམིགས་ཡུལ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པའང་འབྱོར་བའི་དོན་དང་མཐུན་པར་བསྒྱུར་བ་དང༌། ས་ཏྭ་ལ་སེམས་དཔར་བསྒྱུར་བ་ནི་གཞན་གྱི་དོན་གྲུབ་པ་གཙོ་བོར་ཡིད་ལ་སེམས་པའི་ཆ་ནས་སེམས་པ་ཞེས་ཡིན་ན་ཡང་གཞན་དོན་སྒྲུབ་པ་ལ་མི་ཞུམ་པའི། སེམས་དཔའ་བ་དང་ལྡན་པའི་དོན་ཐོན་པ་བྱས་པ་ནི་ལོ་ཙཱ་བ་རྣམས་ཀྱིས་དོན་ཇེ་གསལ་དུ་བཏང་བ་ལྟ་བུ་སྟེ། འདི་དག་ནི་དོན་བསྒྱུར་ཇི་ལྟར་བྱས་པའི་ཚུལ་མདོར་བསྡུས་པ་ཙམ་མོ།།

༢༽ཐད་བསྒྱུར་ཇི་ལྟར་བྱས་ཚུལ། 
ལེགས་སྦྱར་གྱི་ཡིག་གཟུགས་རེ་རེས་དོན་ཅི་སྟོན་བོད་ལའང་དེ་དང་མཐུན་པར་ཐད་ཀ་ཐད་སོར་བསྒྱར་བ་སྟེ། པྲ་ཛྙ་ཞེས་པ་ཤེས་རབ་ཡིན་ལ། པྲ་རབ་དང་མཆོག་གི་དོན་དང་ཛྙ་ཤེས་པ་དང་མཁྱེན་པའི་དོན་ཏེ་བོད་སྐད་དུ་རབ་ཤེས་ཞེས་པ་བརྗོད་མི་བདེ་བས་ཤེས་རབ་ཏུ་བསྒྱུར་པ་དང༌། སུངྷཱིཿཞེས་པ་བློ་བཟང་སྟེ་སུ་བཟང་པོ་དང་ངྷཱིཿནི་བློ་སྟེ་བརྗོད་བདེ་བའི་དབང་གིས་བློ་བཟང་ཞེས་བསྒྱུར་པ་དང༌། རིན་པོ་ཆེ་ཨིནྡྲནཱིལ་ཞེས་པ་དབང་སྔོན་ཏེ་ཨིནྡྲ་ནི་དབང་པོ་དང་ནཱི་ལ་ནི་སྔོན་པོ་ཡིན་པས་དབང་སྔོན་དུ་བསྒྱུར་པ་སྟེ་འདི་ལྟ་བུའི་སྒོ་ནས་ཐད་བསྒྱུར་བྱས་པའི་ཚུལ་གོ་བར་བྱའོ།།

༣༽ལེགས་སྦྱར་སྐད་རང་སོར་བཞག་པའི་སྐོར། 
ལེགས་སྦྱར་གྱི་སྐད་བོད་སྐད་དུ་བསྒྱུར་ན་གོ་སླ་བར་མི་འགྱུར་བའི་རིགས་སྔགས་སྐད་རང་སོར་བཞག་པའི་ཚུལ་ལ་གཉིས་ལས། དང་པོ་ཡིག་གཟུགས་ཅུང་ཟད་ཀྱང་མ་འགྱུར་བར་རང་སོར་བཞག་པའི་སྐོར་ལ། དཔེར་ན་ཆུ་ལས་སྐྱེས་པའི་མེ་ཏོག་པདྨ། འདབ་མའི་དཀྱུས་ཕྲ་ཞིང་རིང་བའི་མེ་ཏོག་ཨུཏྤལ། དྲི་ཞིམ་གྱི་ངད་ལྡང་བའི་སྡོང་པོ་ཙནྡན། རྭ་ཅོ་དང་འདྲ་བའི་སྦུབས་སུ་སྐྱེས་པའི་མེ་ཏོག་ཙམ་པ་ཀ གླང་ཆེན་ཁ་འབབ་ཀྱི་ཆུ་ཀླུང་ཆེན་པོ་གངྒཱ་ཞེས་པ་ལྟ་བུ་རྣམས་ནི་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་ཡིག་དོན་ལྟར་བསྒྱུར་ན་འགངས་མི་ཆེ་བར་བསམས་ནས་ཡིག་གཟུགས་ཀྱང་མ་འགྱུར་བར་བཀོད་པ་ཤུགས་ཆེ་བ་དང༌། གལ་ཏེ་བསྒྱུར་ན་གངྒཱ་ཞེས་པར་འགྲོ་ལྡན་མར་བསྒྱུར་ཆོག་ཀྱང་དེ་ལྟར་མ་བསྒྱུར་བར་རང་སོར་བཞག་པའི་དགོས་པ་ནི་གངྒཱ་ཞེས་བརྗོད་ན་ཀུན་གྱིས་རྟོགས་སླ་བ་དང༌། འགྲོ་ལྡན་མ་ཞེས་བསྒྱུར་ན་མངོན་བརྗོད་ཀྱི་ཚུལ་དུ་གྱུར་བས་ཀུན་གྱིས་རྟོགས་དཀའ་བའི་དབང་གིས་ཡིན་ནོ།། 
གཞན་ཡང་མཚོ་ལས་སྐྱེས་པའི་པདྨ་དང་དྲོ་སར་སྐྱེས་པའི་ཙམ་པ་ཀ་སོགས་བོད་བསིལ་བའི་ཡུལ་དུ་མི་སྐྱེ་བའི་དབང་གིས་ཀྱང་བོད་རང་ལ་དེའི་མིང་བརྡ་མ་བྱུང་བའི་རྒྱུ་མཚན་གྱིས་བོད་སྐད་དུ་བསྒྱུར་བ་ལས་ལེགས་སྦྱར་སྐད་རང་སོར་བཞག་ན་གོ་སླ་བའི་དགོས་པ་ཡོད་དོ།། དེ་ནི་དཔེར་ན་སྔོན་གྱི་དུས་སུ་སོན་འདེབས་མི་བྱེད་པའི་བཙོང་དང། ཀེའུ། ལ་ཕུག སྐེ་ཚེ་སོགས་རྒྱ་ནག་གི་སྐད་སོར་བཞག་བྱས་པ་རིམ་གྱིས་ཟུར་ཅུང་ཟད་ཆག་པ་དེ་ད་ལྟ་བོད་རང་གི་སྐད་མཚན་ཉིད་པར་གྱུར་ཟིན་པར་མ་ཟད་དག་ཡིག་རྣམས་སུའང་དེ་ལྟར་བཀོད་པས་མཚོན་ནོ།། དཔེ་དེ་དང་འདྲ་བ་ནི་རྒྱ་ནག་ལ་མེད་པའི་རྩམ་པ། གངས་ཏི་སེ། ཡང་ཀླུང་གཙང་བོ་རྣམས་ཀྱི་མིང་ཡང་ཟུར་ཅུང་ཟད་རེ་ཉམས་ནས་འབོད་པའི་ཐ་སྙད་རྒྱ་ནག་ལ་དར་སོ་ཆེ་བ་བཞིན་ནོ།། 
བོད་ཀྱི་གདངས་ལ་ཡང་སྔགས་སྐད་ཟུར་ཕྱིན་པ་ཐོན་མི་ཐོན་ཅི་རིགས་ཡོད་ཀྱང་ཡི་གེ་ལ་སྔགས་ཡིག་ཇི་མ་ཇི་བཞིན་པ་འབྲི་ཐུབ་པའི་གནད་ནི་གོང་སྨོས་ལྟར་བོད་ཡིག་གི་འབྱུང་ཁུངས་ལེགས་སྦྱར་གྱི་དབྱངས་གསལ་ལ་ཐུག་པ་དེ་ཡིན་ལ། རྒྱ་ནག་སྐད་ཀྱི་གདངས་ལ་སྔགས་ཡིག་གི་གདངས་ཇི་བཞིན་ཐོན་ཐབས་མེད་པ་ནི་རྒྱ་ནག་སྐད་དང་ཡི་གེ་ལ་སྔགས་ཀྱི་གདངས་འགའ་རེར་ཇི་ལྟར་བྱས་ཀྱང་ཐོན་ཐབས་མེད་དེ། དཔེར་ན་ཨ་མི་ཏ་བྷ་འོད་དཔག་མེད་ལ་ཨ་མིས་ཐོ་ཧྥོ་དང༌། རྗེ་བཙུན་བྱམས་པ་མཻཏྲི་ལ་མུས་ལེ་དང༌། ག་ཡ་ཞེས་པ་འོད་སྲུང་ལ་ཀྱ་ཡ་དང༌། མཆོག་ཟུང་ཤ་རིའི་བུ་ལ་ཧྲེ་ལིས་ཙི་དང༌། ཨནྟན་ཀུན་དགའ་བོ་ལ་ཨ་ནན་ཐོ་སོགས་རྒྱ་ནག་གི་ལོ་ཙཱ་བ་ཆེན་མོ་རྣམས་ཀྱིས་བཀའ་བསྟན་ནང་དུ་བསྒྱུར་ཡོད་པ་ལྟར་རོ། ། 

གཉིས་པ་བོད་ཀྱི་ཁ་ལ་བདེ་ཆེད་ཡིག་གཟུགས་ཅུང་ཟད་རེ་འགྱུར་བ་ལྟར་དུ་གླེགས་བམ་གྱི་གཞུང་རྣམས་སུ་བཀོད་པའི་སྐོར། 

ཛམྦུ་དཱི་པ་ཞེས་པ་འཛམ་བུའི་གླིང་དུ་འབོད་པ་ནི་དཱི་པ་གླིང་དུ་བསྒྱུར་བ་དོན་བསྒྱུར་དང༌། ཛམྦུ་ཁ་ལ་བདེ་ཆེད་སྔོན་འཇུག་འ་སྦྱར། བརྩེགས་མ་ཕྲལ། རྣམ་དབྱེ་འབྲེལ་སྒྲ་སྦྱར་ནས་བོད་ཡིག་གི་འགྲོ་སྟངས་དང་བསྟུན་ཏེ་འཛམ་བུའི་གླིང་ཞེས་གྲུབ། དེ་བཞིན་དུ་ཀལྤ་ཞེས་པ་དུས་རིང་མོའི་མིང་ལ་བསྐལ་པ་ཞེས་སྔོན་འཇུག་བ་དང་ས་མགོ་སྦྱར་བ་དང༌། ཀཏྤུར་ཞེས་པ་ཡི་གེ་ཕྲལ་བ་ཙམ་དུ་མ་ཟད་ཡིག་གཟུགས་འགྱུར་བའི་སྨན་ག་བུར་དང༌། ཀུངྐུམ་ཞེས་པ་གུར་ཀུམ་དུ་འགྱུར་བ་དང༌། སིངྷ་ཞེས་པ་སེང་གིའམ་སེངྒེ་རུ་འགྱུར་བ་དང༌། པུ་སྟི་ཀ་ཞེས་པ་གླེགས་བམ་སྟེ་པོ་ཏི་རུ་འགྱུར་བ་སོགས་འདི་འདྲ་བགྲང་གིས་མི་ལང་བ་ཡོད་པས་འདིར་འགའ་རེ་དཔེར་བརྗོད་པ་ཙམ་གྱིས་གཞན་རྣམས་ཀྱང་མཚོན་པར་བྱའོ།། 

བཞི་བ། སྔོན་བྱོན་ལོ་ཙཱ་བ་གྲགས་ཅན་འགའ་རེའི་མཚན་ཙམ་སྨོས་པའི་སྒོ་ནས་མཚམས་སྦྱོར་བ། 

དུས་རབས་བརྒྱད་པའི་སྐབས་སུ་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་བཻ་རོ་ཙཱ་ན་རྣམས་ཀྱིས་འདུལ་བ་ལུང་སྡེ་བཞི་དང༌། ཡུམ་འབུམ་པ། ཕལ་བོ་ཆེ། དཀོན་མཆོག་བརྩེགས་པ་སོགས་བསྒྱུར། བསྟན་པ་ཕྱི་དར་གྱི་སྐབས་སུ་མངའ་རིས་པ་ལོ་ཆེན་རིན་ཆེན་བཟང་བོ་༼༩༥༨-༡༠༥༥༽ཁ་ཆེར་ལན་གསུམ་དུ་ཕེབས། རྣལ་འབྱོར་རྒྱུད་དང་གསང་བ་འདུས་པའི་རྒྱུད་དང༌། དེ་དག་གི་འགྲེལ་པ་མང་བོ་བསྒྱུར། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས༼༩༩༣-༡༠༧༤༽བལ་བོ་དང་རྒྱ་གར་དུ་ཕེབས་ནས་ལོ་བཅུ་ཙམ་བཞུགས། པཎྜིཏ་ཆེན་པོ་ཤཱནྟི་དེ་བ་བསྟེན། བརྟག་གཉིས་སོགས་མ་རྒྱུད་སྐོར་མང་བོ་བསྒྱུར། སློབ་མའི་གཙོ་བོ་ས་སྐྱ་བའི་བླ་མ་རྣམས་ཡིན། མར་བ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས༼༡༠༡༢-༡༠༩༧༽རྒྱ་གར་དུ་ལན་གསུམ་ཕེབས། པཎ་ཆེན་ན་རོ་བ་དང༌། མཻཏྲི་བ་སོགས་བསྟེན། གསང་སྔགས་ཀྱི་རྒྱུད་སྡེ་མང་བོ་བསྒྱུར། མི་ལ་རས་པ་སོགས་སློབ་མ་གྲུབ་པ་བརྙེས་པས་བོད་ཀྱི་རི་སུལ་གང༌། སྔགས་ཀྱི་བསྟན་པའི་བདག་པོར་གྱུར། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་༼༡༠༥༩-༡༡༠༩༽ལོ་བཅུ་བདུན་སྟེང་ཁ་ཆེར་ཕེབས་ནས་ལོ་བཅུ་བདུན་ལ་སྦྱངས། བོད་དུ་ཕྱིར་ཕེབས་ནས་ལོ་བཅུ་བདུན་གྱི་རིང་ལ་སློབ་མ་ཉིས་ཁྲི་སུམ་སྟོང་བསྐྱངས། བཀའ་དང་བསྟན་བཅོས་ཤོ་ལོ་ཀ་འབུམ་ཕྲག་གཅིག་དང་ཁྲི་ཕྲག་གསུམ་སྟོང་ཕྲག་བདུན་ལྷག་བསྒྱུར། དེའི་ཕྱིར་རྔོག་ལོ་ཆེན་པོས་འདི་སྐད་གསུངས་ཏེ། བཻ་རོ་ཙཱ་ན་ནམ་མཁའི་མཐའ་དང་མཉམ།། སྐ་ཅོག་གཉིས་ནི་ཉི་ཟླ་ཟུང་འབྲེལ་ཡིན།། རིན་ཆེན་བཟང་བོ་ཐོ་རངས་སྐར་ཆེན་འདྲ།། ཁོ་བོ་ཡང་ནི་སྲིན་བུ་མེ་ཁྱེར་ཙམ།། ཞེས་གསུངས་ཡོད། ཕྱིས་ཀྱི་དུས་སུ་ས་སྐྱ་པཎྜིཏ། བུ་སྟོན་རིན་ཆེན་གྲུབ་པ། ཤོང་སྟོན་རྡོ་རྗེ་རྒྱལ་མཚན། དཔང་བློ་གྲོས་བསྟན་པ། ལོ་ཆེན་བྱང་ཆུབ་རྩེ་མོ། སྒྲ་བ་ནམ་མཁའ་བཟང་བོ། ཞྭ་ལུ་ཆོས་སྐྱོང་བཟང་བོ། ལོ་ཆེན་སྐྱབས་མཆོག་དཔལ་བཟང༌། སྟག་ཚང་ཤེས་རབ་རིན་ཆེན། ཇོ་ནང་སྒྲོལ་བའི་མགོན་པོ། སི་ཏུ་བསྟན་པའི་ཉིན་བྱེད་སོགས་སྔ་ཕྱི་བགྲང་དུ་ཡས་བྱོན་པ་རྣམས་ཀྱིས་བཀའ་དང་བསྟན་བཅོས་ཀྱི་པོ་ཏི་སུམ་བརྒྱ་དང་ལྔ་བཅུ་ལྷག་བསྒྱུར་བ་ལ་བཀའ་འགྱུར་དང་བསྟན་འགྱུར་ཞེས་གྲགས་པ་འདི་རྣམས་ཡིན་ནོ།། 

ལྔ་བ། སྔ་ཕྱིར་བྱོན་པའི་ལོ་ཙཱ་བ་ཆེན་པོ་དེ་དག་གིས་བསྒྱུར་བའི་བཀའ་དང་བསྟན་བཅོས་ཀྱི་གླེགས་བམ་ག་ཚོད་ཡོད་པའི་གྲངས། 

༡༽ བཀའ་འགྱུར། འདུལ་བ་པོ་ཏི༼༡༣༽། ཤེར་ཕྱིན་པོ་ཏི༼༢༣༽། ཕལ་པོ་ཆེ་པོ་ཏི༼༤༽། དཀོན་བརྩེགས་པོ་ཏི༼༦༽། མདོ་སྡེ་པོ་ཏི༼༣༢༽། རྒྱུད་འབུམ་པོ་ཏི༼༢༠༽། དུས་འཁོར་འགྲེལ་ཆེན་པོ་ཏི༼༢༽༢༽ བསྟན་འགྱུར། བསྟོད་ཚོགས་པོ་ཏི༼༡༽། རྒྱུད་སྡེ་པོ་ཏི༼༧༨༽། ཤེར་ཕྱིན་པོ་ཏི༼༡༦༽། དབུ་མ་པོ་ཏི༼༡༧༽། མདོ་སྡེ་པོ་ཏི༼༡༠༽། སེམས་ཙམ་པོ་ཏི༼༡༦༽། མངོན་པ་པོ་ཏི༼༡༡༽། འདུལ་བ་པོ་ཏི༼༡༨༽། སྐྱེས་རབས་པོ་ཏི༼༢༽། དཔག་བསམ་འཁྲི་ཤིང་པོ་ཏི༼༢༽། སྤྲིངས་ཡིག་པོ་ཏི༼༢༽།ཚད་མ་པོ་ཏི༼༢༡༽། སྒྲ་རིག་པོ་ཏི༼༤༽། གསོ་རིག་པོ་ཏི༼༥༽། བཟོ་རིག་པོ་ཏི༼༡༽། སྣ་ཚོགས་པོ་ཏི༼༩༽།དེ་ལྟར་ན་བཀའ་འགྱུར་ལ་ཁྱོན་བསྡོམས་པོ་ཏི་བརྒྱ་ཐམ་པ་དང༌། ཆོས་ཚན་བརྒྱད་བརྒྱ་དྲུག་ཅུ་རེ་བརྒྱད་ཡོད་པ་དང༌། བསྟན་འགྱུར་ལ་ཁྱོན་བསྡོམས་པོ་ཏི་ཉིས་བརྒྱ་བཅུ་གསུམ་དང༌། ཆོས་ཚན་ལ་བུ་སྟོན་ཆོས་འབྱུང་ལྟར་ན་ཉིས་སྟོང་སུམ་བརྒྱ་སོ་བདུན་ཡོད་དོ།། 

མདོར་ན་ད་ལྟ་བོད་ན་ཡོད་པའི་བཀའ་དང་བསྟན་བཅོས་ཀྱི་གླེགས་བམ་རྣམས་ལེགས་སྦྱར་ཀྱི་སྐད་ལས་བོད་སྐད་དུ་བསྒྱུར་བའི་སྐབས་སུ་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་ཐུགས་གཞིགས་ཟབ་ཅིང་ཞིབ་པ་མཛད་ནས་དོན་བསྒྱུར་བྱས་ན་གོ་སླ་བའི་རིགས་དོན་བསྒྱུར་དང༌། ཐད་བསྒྱུར་བྱས་ན་གོ་སླ་བའི་རིགས་ཐད་བསྒྱུར་དུ་བྱས་པ་དེའི་སྟེང་ནས་བོད་གངས་ཅན་གྱི་ལྗོངས་སུ་བཀའ་བསྟན་གྱི་སྙིང་པོ་མངོན་པའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད། འདུལ་བའི་སྡེ་སྣོད་དེ་སྡེ་སྣོད་གསུམ་དང༌། སྒྲ་དང་ཚད་མ་རིག་པ། སྙན་ངག་དང་གསོ་བ་རིག་པ། སྐར་རྩིས་དང་བཟོ་རིག་པ་སོགས་ཐུན་མོང་གི་རིག་གནས་མཐའ་དག་ལ་འཆད་ཉན་གྱི་སྲོལ་ལེགས་པར་བཏོད་ནས་ད་ལྟའི་བར་དུ་དེའི་རྒྱུན་མ་ཉམས་པར་སྦྱངས་བརྩོན་བྱས་པའི་དབང་གིས་རྨོངས་བློའི་མུན་པ་བསལ་ནས་བླང་དོར་ཚུལ་བཞིན་དུ་འབྱེད་ཤེས་པའི་ཤེས་རབ་ཀྱི་ཉི་འོད་ས་སྟེང་ལ་འཕྲོས་པ་འདི་ནི། སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པས་བདག་ཅག་རྗེས་སུ་འཇུག་པ་རྣམས་ཀྱིས་བཀའ་དྲིན་དེ་ནམ་ཡང་བརྗེད་པ་མེད་པའི་ངང་ནས་དེའི་རྗེས་སུ་བསླབ་པ་ལ་བརྩོན་པ་རྒྱ་ཆེར་བྱེད་པར་རིགས་སོ།། 

  ༼དཔྱད་རྩོམ་འདི་༡༩༨༤ལོའི་《མཚོ་སྔོན་སློབ་གསོ》དུས་དེབ་དང་པོ་ལས་བཏུས་ཏེ་གཏགས་པའོ།།༽

གནམ་ས་གོ་འབྱེད་ཅེས་པའི་དོན་ཅི་ཞིག་ཡིན་ནམ།

ཟླ་བ་གཞོན་ནུ།
ཉེ་འཆར་དགྱ་ནག་གིས་ཉེས་མེད་ཉེས་འགེལ་གྱིས་བཙོན་དུ་བཅུག་པའི་རྩོམ་པ་པོ་བཀྲ་རྒྱལ་ལམ་ཞོགས་དུང་མཆོག་གི་《གནམ་ས་གོ་འབྱེད》་ཅེས་པའི་དེབ་འདི་བོད་ཕྱི་ལོགས་སུ་བཏོན་ནས་ཟླ་གཅིག་ལྷག་འགོར་བའི་དེ་རིང་གི་ཉིན་མོ་འདི་ལའང་གནམ་ས་གོ་འབྱེད་ཅེས་པའི་དེབ་མིང་འདིའི་གོ་བརྡའང་ཏག་ཏག་ཅིག་འཕྲོད་མེད་པ་ནི་དངོས་གནས་སེམས་པ་སྐྱོ་དགོས་པའི་དོན་དག་ཅིག་ཏུ་གྱུར། གནམ་ས་གོ་འབྱེད་ཅེས་པའི་དོན་ལ་འགྲེལ་ཚུལ་མི་འདྲ་གང་མང་ཞིག་ཐོན་པ་ལས་ཧོར་གཙང་འཇིགས་མེད་ལགས་ནས་བོད་གནམ་ལ་དགའ་བ་དང་དགྱ་ས་ལ་དགའ་བའི་གཏམ་རྒྱུད་དེ་《གནམ་ས་གོ་འབྱེད》་དུ་འགྲེལ་བ་ལ་བོད་ནས་ཟི་ལིང་གི་ཆེ་གེ་མོ་ཞིག་གིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་དང་བཅས་ཏེ། དེ་ནི་ཆབ་སྲིད་ཀྱི་གོ་རྟོགས་དམན་པའི་རྟགས་ཡིན་ཚུལ་གྱི་སྐྱོན་བརྗོད་ཕྲན་བུ་དང་བཅས་ཏེ་ཡིག་ལམ་ནས་གསལ་བཤད་བྱས་ཡོད་པ་དང་སྦྲགས་ནས་༼དགྱ་ནག་གི་གཡོ་ཇུས་ཀྱིས་སོག་པོ་དང་མན་ཇིའི་གཉིས་ཕམ་པར་བྱས་པའི་རྗེས་སུ་བོད་ཡུལ་དེ་རང་བཞིན་གྱིས་ཁོ་ཚོའི་ལག་ཏུ་སླེབས་འོང་བས་དུས་ད་ལྟ་བར་དུ་བོད་མིས་འཚོ་བ་རོལ་པའི་བདག་དབང་ལས་གཞན་ཅི་ཡང་མེད་སོང་བས་བོད་མི་ནམ་ཡང་ས་ལྟ་བུའི་གནས་རིམ་དམའ་ཤོས་སུ་གནས་དགོས་བྱུང་བ་དང་། དགྱ་ནག་གིས་བོད་མི་རྐང་འོག་ཏུ་མནན་ཏེ་རང་ཉིད་ནམ་མཁའི་དབྱིངས་ན་ཤུགས་ཀྱིས་འགྱིངས་པར་གནས་ཡོད་པ་དང་། བོད་དགྱ་གཉིས་ནི་གནམ་ས་ལྟ་བུའི་ཁྱད་པར་བྱུང་ཡོད་སྟབས། ས་བྱི་ཞི་རྒོལ་ཆེན་མོ་དེས་བོད་མིའི་མགོ་ཐོག་གི་རྐང་བ་དེའི་ཐོག་ཏུ་སྟ་རེས་ཀྱིས་གཞུས་པའི་དཔའ་བོའི་སྙིང་སྟོབས་དེས་བོད་རྒྱ་གཉིས་ཐ་དད་དུ་ཕྱེས་ཏེ་གནམ་ས་གཉིས་ཀྱི་ཁྱད་པར་དང་གོ་རིམ་གཏོར་སོང་བ་རེད།༽ཅེས་དགྱ་ནག་གིས་བོད་མི་རྡོག་འོག་ཏུ་མནན་ནས་རང་ཉིད་ནམ་མཁའི་དབྱིངས་སུ་ཤུགས་ཀྱིས་འགྱིངས་པར་གནས་ཤིང་། བོད་མི་ནམ་ཡང་ས་ལྟ་བུའི་གནས་རིམ་དམའ་ཤོས་སུ་གནས་དགོས་བྱུང་བ་ལ་ས་བྱི་ལོའི་ཞི་རྒོལ་ཆེན་མོ་འདིས་བོད་མིའི་མགོ་ཐོག་གི་རྐང་བ་དེའི་སྒང་ལ་སྟ་རེས་གཞུས་པའི་དཔའ་བོའི་སྙིང་སྟོབས་དེས་བོད་རྒྱ་གཉིས་ཐ་དད་དུ་ཕྱེ་སྟེ་གནམ་ས་གཉིས་ཀྱི་ཁྱད་པར་དང་གོ་རིམ་གཏོར་སོང་བ་ཞིག་ཏུ་བཤད་ཅིང་། ཞི་རྒོལ་ཆེན་མོ་དེས་གྲོང་ཁྱེར་ཁག་ཏུ་བསྡད་དེ་ཡུན་རིང་དགྱ་འདྲེས་སུ་སོང་བའི་བོད་པ་ཚོ་དགྱ་རིགས་དག་གིས་གློ་བུར་དུ་ཁོ་ཚོའི་གྲལ་ནས་རྒྱང་ཕུད་བྱེད་དུ་བཅུག་ཡོད་པ་དང་། དེ་ནས་བཟུང་སྟེ་བོད་སྐད་མི་ཤེས་པའི་བོད་མི་ཚོས་ཀྱང་བོད་ཟེར་བ་ངོ་ཤེས་ཏེ་དེ་ལ་དོ་སྣང་གསར་བ་བྱུང་ཞིང་དེ་ནི་མདོར་དེད་ན་ས་བྱི་ཞི་རྒོལ་ཆེན་མོའི་སྙིང་སྟོབས་ཡིན་ཚུལ། ད་དུང་དེས་བོད་དགྱ་གཉིས་ལ་གནམ་དང་ས་ཡི་གོ་རིམ་མེད་པར་དགྱ་ནི་དགྱ་ཡིན་ལ་བོད་ནི་བོད་ཡིན་ཞེས་པ་གསལ་བརྗོད་དང་འབྲེལ་ཏེ་གནམ་ས་གཉིས་ཀྱི་བར་ཁྱད་དེ་ཕྱེ་བྱུང་བར་བརྗོད་ཡོད་པ་རེད། དེ་ཙམ་དུ་མ་ཟད་ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག་ལགས་ནས་《གནམ་ས་གོ་འབྱེད》ཅེས་པའི་དོན་གནད་གཙོ་བོ་གོ་འབྱེད་ཀྱི་སྒང་ལ་ཡོད་ཚུལ་མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་དང་མདོ་སྨད་ས་གནས་རྒྱུན་ལས་གཉིས་ཀྱིས་བསྐྱར་དུ་དཔར་བསྐྲུན་བྱས་པའི་《གནམ་ས་གོ་འབྱེད》ཀྱི་སྔོན་གླེང་དུ་བྲིས་གནང་ཡོད་པ་དེ་དང་ན་ག་སངས་རྒྱས་བསྟན་དར་མཆོག་ནས་ཀྱང་དེ་རིང་གི་དཔེ་དེབ་དབུ་འབྱེད་མཛད་སྒོའི་བགྲོ་གླེང་དང་སྟབས་བསྟུན་ནས་དེ་འབྲེལ་གྱི་དགོངས་ཚུལ་བརྗོད་པ་དག་ཀྱང་དོན་ཐོག་ལ་འཁེལ་ཡོད་མེད་ད་དུང་ཐེ་ཚོམ་གྱི་གཞི་རུ་གྱུར་བ་ཁོ་ནའོ༎ བརྒྱ་བཤད་ཚིག་གི་རྩ་བ་དང་སྟོང་དཀྲུགས་འོ་མའི་མར་ལོ་ཞེས་པ་ལྟར་འདིར་དངོས་སུ་བཤད་འདོད་ཞིག་ནི། དེ་སྔོན་མཛངས་མ་འོད་ཟེར་ལགས་ཀྱི་རྒྱ་ཡིག་གི་ཟིན་བྲིས་སུ་《གནམ་ས་གོ་འབྱེད》་ཅེས་པའི་དེབ་མིང་རྒྱ་ཡིག་ཏུ་༼天翻地覆༽ཞེས་པར་རྩོམ་པ་པོ་རང་ཉིད་ཀྱིས་བསྒྱུར་བར་བཤད་པས། ད་ང་ཚོར་འཇུ་ས་ཞིག་རྙེད་ཡོད་པར་འདོད། ད་ང་ཚོས་༼天翻地覆༽ཞེས་པ་དོན་གང་འདྲ་ཞིག་ལ་འཇུག་གིན་ཡོད་མེད་བརྟག་ན་ད་གཟོད་རྩོམ་པ་པོས་དེབ་མིང་དེ་ལྟར་འདོགས་དགོས་པའི་རྒྱུ་མཚན་དང་དེའི་དོན་ཅི་ཞིག་སྟོན་གྱིན་ཡོད་མེད་རྟོགས་ཐུབ་པར་འདོད། སྤྱིར་༼天翻地覆༽ཞེས་པའི་དོན་ནི་འགྱུར་བའམ་འགྱུར་ལྡོག་ཆེས་ཆེ་བ་མཚོན་བྱེད་དུ་འགྲེལ་འདུག་ལ། དེ་ནི་འགྱུར་ལྡོག་ཆེ་བའི་དཔེ་རུ་འགོད་པར་བྱེད། གོ་སླ་བར་འགྲེལ་ན་གནམ་ས་བླ་འོག་བརྗེ་བའམ་འགྱུར་བ་ལྟ་བུའི་འགྱུར་ལྡོག་སྟེ། འགྱུར་ལྡོག་གམ་འགྱུར་བ་ཤུགས་ཆེན་པོ་ཞིག་ལ་གོ་བས། ང་རང་གི་བསམ་ཚུལ་ལྟར་ན་གནམ་ས་གོ་འབྱེད་ཅེས་པ་གནམ་སའི་མཚོན་དོན་ཆོས་སྲིད་དང་། བོད་དགྱ་གཉིས་ཡིན་ཚུལ་གྱི་འགྲེལ་བ་དེ་དག་ཟུར་དུ་གཡུག་ནས་འགྱུར་ལྡོག་ཆེན་པོ་ཞིག་གམ་གནམ་ས་བླ་འོག་བརྗེ་བའམ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཅིག་ལ་གོ་ན་འགྲིག་པར་འདོད་དོ༎ 

༢༠༡༠ལོའི་ཟླ་༥ཚེས་༣༠ཉིན་གྱི་ཕྱི་དྲོ་དྷ་སར་དྲ་ཁང་ནས་སྦྱར་བ་དགེའོ༎

མཐའ་མཇུག་གི་ཚེ་སྲོག




མཐའ་མཇུག་གི་ཚེ་སྲོག
སྤྲེལ་ནག་པ་བློ་གྲོས་དཔལ་བཟང་། 

བདེ་ལྡན་བུ་མོ་མྱོས་པའི་མཁུར་ཚོས་ཟེགས་མའི་མེ་ཏོག་ས་ལ་དྲུད། མཉེན་འཇམ་པདྨའི་མངལ་དུ་སྦྲུམ་པའི་ཟེའུ་འབྲུ་འདབ་མ་གཡོ་བས་འདར།། གསང་ལྕམ་མཆུ་སྒྲོ་འཛུམ་པའི་སྒེག་ཉམས་མྱོས་འཛིན་འོ་ཡིས་དལ་གྱིས་གཞིབ།། ངོ་མཚར་རྩེ་དགའི་ཡིད་ཀྱི་སྒྱུ་མ་སྐལ་བཟང་སྙིང་ལ་ཁོ་མོས་རྩེན།། ཀུན་གསལ་དགའ་མའི་འདྲེན་བྱེད་འོད་རླབས་མུན་པའི་དུས་འདིར་ཅི་ལ་ཟུམ།། ས་འཛིན་མཛེས་མའི་རྒྱན་སྤྲས་མེ་ཏོག་ཉམ་ཆུང་ཤུགས་ཀྱིས་ཅི་ལ་འཐོར།། མཉེན་འཇམ་རེག་བྱས་སྙིང་ལ་བསྣུན་པའི་ཆགས་ལྡན་བུ་མོ་ཅི་ལ་ངུ།། ཁྱེད་དང་འུ་གཉིས་སྒྱུ་མའི་གླིང་འདིར་ཚེ་ཡི་སྲོག་ཆུང་སུ་ཡིས་བྱིན།། ཞོགས་པའི་ཉི་ཟེར་དལ་གྱིས་འཛུམ་ཡང་རྟ་བདུན་སྒྱུ་མའི་རླུང་ལ་ཤོར།། མཚན་མོའི་ཟླ་གཞོན་མཁའ་ལམ་འགྲིམ་དུས་སྒྲ་གཅན་གདོང་གི་ཁ་ལ་འཐབ།། མཚོ་སྐྱེས་སྙིང་གི་མུ་ཏིག་འདར་ན་སྟེང་འཐུང་འདབ་མས་གར་བྱེད་ཀྱང༌།། སྣང་བ་གསོན་པའི་རྒྱུ་ལམ་འགག་དུས་དབུ་ཕྲེང་ཚོམས་བུའི་གསེར་ཡིག་ལྷུང༌།། གངས་དཀར་འདབ་མ་བརྩེགས་པའི་ལྷུན་པོ་དགུ་སྒྲིལ་ཉི་མའི་འོད་ཀྱིས་འཐུང།། སྐྱོ་གདུང་མཆི་མ་ས་ལ་ཟགས་པ་འདམ་བརྫིས་པདྨའི་ལྕེ་ཡིས་ལྡག། སེར་ཞག་ལོ་མ་ལྷུང་བའི་བེམ་རོ་དྲི་བཞོན་སྤར་མོས་མཁའ་ལ་གཏོར།། མཚར་སྡུག་གོས་ལྭ་དུས་ཀྱིས་བྱིལ་བས་ས་འཛིན་ལྗོན་པའི་སྐྲ་ལོ་འཛིངས།། ཤར་གྱིས་ཉལ་འགྲོའི་ལྦུ་བའི་རྐང་གདུབ་དྲི་བཞོན་ལད་མོའི་ཟློས་གར་གྱིས།། སྤང་སྤོས་གཡུ་ལོ་རལ་བའི་མེ་ཏོག་འདབ་མ་འདེགས་པའི་རླབས་གྱིས་བཤལ།། རྩྭ་ལྡུམ་རྩེ་མོའི་ཆུ་ཡི་རིལ་ཆུང་ཉི་ཟེར་འཇབ་པའི་གསང་སྟབས་ཀྱིས།། སྣང་སྟོང་འོད་ལྔ་ཚོན་དུ་སྡེབ་པའི་གཡས་འཁྱིལ་རི་མོ་སུ་ཡིས་བརྐུས།། དཔྱིད་ཀྱི་ན་ཆུང་མྱོས་པའི་རྡུལ་དམར་རང་བྱུང་རྣལ་མའི་ཟོལ་གྱིས་འཛུམ།། དབྱར་དུས་མཛེས་མའི་རྩེ་དགའི་འཕྲུལ་སྣང་དཀར་ཟླུམ་བརླ་ཡི་ལང་ཚོ་ངོམ།། སྟོན་ཀའི་མ་མའི་འོ་འཛིན་མེ་ཏོག་གཉིས་སྦྱོར་གསང་བའི་བསླུ་བྲིད་ཀྱིས།། དགུན་ཁའི་རྒན་མོའི་རུས་ཕྲེང་འཁོར་ལོ་གངས་འཁྱགས་སྦྲུམ་མའི་སྙིང་དུ་བཏབ།། རྟ་བདུན་རི་བོ་ཁྲོས་པའི་ཁ་རླངས་ལེགས་བྲིས་ཟ་བའི་གཤེད་དུ་འབར།། ཆུ་གཏེར་བདུད་མོ་འཁྲིགས་པའི་དཔུང་བས་ཉི་ཟླའི་རྣ་ལུང་ས་ལ་ཕབ།། གཤིན་རྗེ་ཕོ་ཉའི་རླུང་གི་རྩལ་འཆང་སྟོང་གསུམ་ཧྲུལ་བའི་མཚོན་དུ་ཆེ།། རྩེ་འཛུམ་ཕྱག་རྒྱ་དམ་དུ་སྣོལ་བ་ཁྱབ་འཇུག་རྐང་བའི་ཤུགས་ཀྱིས་མནན།། ཟེའུ་བཅུད་འོ་སྤྲི་མཆུ་ཡིས་འཛིན་པའི་དྲུག་ལྡན་རྐང་བའི་མཆོངས་རྩལ་གྱིས།། ཁ་བསགས་འདབ་མའི་སྐྱུར་རྩི་འཐུང་བ་མྱོས་འཆང་ར་ཡིག་འདར་ལྡན་པ།། གསེར་གྱི་སྦྲང་ཆུང་འདམ་བུའི་ཚལ་ན་པདྨ་འཚོལ་བའི་མིག་འཕྲུལ་གྱིས།། དགུང་ཁའི་ཉི་མོར་རེ་བས་ལྟ་བཞིན་སྐྱོ་བའི་མཆི་མ་གདོང་ལ་དྲུད།། ཁུ་བྱུག་གྲེ་འགྱུར་སྲིད་པའི་གྲོང་ན་གྱེས་བྲལ་གདུང་བའི་ཕལ་གཏམ་གྱིས།། རྨ་བྱ་སྒེག་མོའི་དངུལ་དཀར་སྒྲོ་མདོངས་རྒས་གཉེར་རི་མོའི་གདོང་ལ་བརྗེ།། ཁྱུང་ཆེན་འཛིངས་པའི་གློག་གི་གོམ་སྟབས་དོན་ཡོན་སྒྱུ་མའི་གསེར་ཐག་གིས།། སྙོམས་འཇུག་ཚེ་ཡི་ཕ་མཐའ་ཟད་པའི་གཟུགས་མེད་མིང་གི་ཁྲི་ལ་བཏགས།། རྒྱུ་སྐར་ལག་ཆུང་ས་ལ་ཟུག་པ་འཆི་བདག་འཛུམ་པའི་དཔང་རྟགས་སུ།། གཉུག་མའི་ལྗོན་པར་རྐང་སྟེགས་འཆའ་བའི་སྤྲེལ་ནག་འཁྱམས་པའི་མཚན་མོ་དེར།། མགྱོགས་འགྲོ་རལ་བའི་དཀྱིལ་འཁོར་འཚུབ་པ་གཏུམ་ཆེན་ཁྲོས་པའི་གཡབ་མོ་བཅས།། བྱེ་ཐང་ཉུལ་བའི་བྱང་གི་སྤྱང་ལྟོགས་ཚེ་མཇུག་བཀྲེས་པའི་སྙིང་གཏམ་བརྡོལ།། སྲིད་པའི་བལ་ཐག་དགུང་ནས་འཁེལ་བའི་ལྔ་ལེན་བུ་མོ་གདོང་ནག་མས།། ལྤགས་ཤུབ་མེ་ཏོག་སྒྲོམ་བུའི་ཁ་ཕྱེ་རུས་ཕྲེང་དཀར་བོའི་སེ་མོ་དོ།། སེན་ཞག་ལོ་མས་ཁྲག་གི་རྗེས་བཏབ་ཙིཏྟ་དམར་པོའི་བྲང་སྦྱོར་གྱིས།། ཤེས་འཛིན་ཕྲ་མོ་དམྱལ་ཕྲེང་དགྱེས་ཕྱིར་སྟོང་འཇུག་ལྷ་ཡི་གཉེན་དུ་བསུ།། ཟླ་ཤེལ་ཁུ་བ་འོ་ཡིས་ལེན་པའི་བརྩེ་ཆེན་ཁེངས་པའི་མཚར་སྡུག་གིས།། དྲན་ཤེས་རི་དྭགས་མིག་ཕྲེང་འཛིན་པའི་སྒེག་ཉམས་གར་གྱི་སྟངས་སྟབས་ཅན།། ཤལ་མ་ལ་ཡི་རྐང་འཐུང་ཚལ་ན་རྔ་ཡབ་རྒན་པོའི་གསང་མཚོན་གྱིས།། སྣང་སྲིད་མཆོད་པ་ཟས་སུ་རོལ་ཞིང་དུང་སེམས་དཀར་མོའི་བཞིན་ལ་འཕྱ།། ཆུང་ཆུང་བྱིས་པའི་དུས་ཀྱི་མེ་ཏོག་ཉལ་འགྲོ་སྒྱུ་མའི་རླབས་ཀྱིས་འཐུ།། བརྩེ་ལྡན་མཛའ་མོ་མྱོས་པའི་ཟུར་མིག་ནུབ་ཕྱོགས་གྲོང་ཚོམས་རི་ལ་ལྟ།། གངས་ཚོན་འདབ་མས་དབུ་སྐྲ་བྱུགས་རྣམས་གཡོ་མེད་ཏིང་འཛིན་མལ་དུ་ལྷུང༌།། འབྱུང་བ་ངེས་མེད་ཟོ་ཆུན་འཁོར་ལོས་འཕར་ལྡིང་སྲོག་རྩའི་སྙིང་ལ་བསྣུན།། གནམ་ལྕགས་འཁོར་ལོ་འབར་བའི་ཟེགས་མ་མི་རྟག་སྒྱུ་མའི་ཞལ་ལྕེ་ལས།། རྟག་བརྟན་གཡུང་དྲུང་རིས་སུ་འཛུམ་པའི་རྡོ་རྗེ་རྐེད་པ་ཐང་མར་བརྡལ།། འཇིགས་རུང་སྤྲིན་ནག་རུས་པའི་སོ་ཕྲེང་གཤིན་རྗེ་དམར་བོའི་རླུང་ཞགས་ཀྱིས།། བདེ་གཤེགས་ཕོ་བྲང་བྱེ་མར་འཐགས་པས་བཅོམ་ལྡན་རིག་པའི་སྣང་ཤེས་འགགས།། དེ་ལྟར་འབྱུང་བོའི་རྐང་བྲོ་བརྡུངས་ཤིང་སྲིན་བྱ་དགོད་པའི་དུར་ཁྲོད་ན།། ཕྱི་གཟུགས་སྒྱུ་མའི་ནང་ཁྲོད་སྟོན་པ་གསང་བ་བསྙིལ་བའི་སྤྲེལ་ནག་པའི།། ཁྲག་ཞག་འཁོལ་མ་ཁོང་ནས་འབབ་པའི་དྲག་ལྡན་སྙིང་རྩ་འཕར་ཤུགས་ཀྱིས།། མུན་ནག་ཕྱི་ལམ་བརྒྱུད་འགྲིམ་བྱེད་པའི་མཐའ་མཇུག་ཚེ་ཡི་གླུ་དབྱངས་བླངས།། 



*ཁོང་ལ་ཉེ་འཆར་བཅར་འདྲི་བྱས་པ་ཞིག་ལ་གཟིགས་འདོད་ཚེ་འདི་མནོན།